Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟངས་རི་བཙན་རྒོད་གསོལ་མཆོད་ཁམས་གསུམ་དབང་གི་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟངས་རི་བཙན་རྒོད་གསོལ་མཆོད་ཁམས་གསུམ་དབང་གི་ནོར་བུ།next

ཟངས་རི་བཙན་རྒོད་གསོལ་མཆོད་ཁམས་གསུམ་དབང་གི་ནོར་བུ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཟངས་རི་བཙན་རྒོད་གསོལ་མཆོད་ཁམས་གསུམ་དབང་གི་ནོར་བུ་བཞུགས་སོ༔

བཙན་གཏོར་གཡོན་གཅུས་བཞིའི་བསྐོར་བའི༔ མཚམས་སུ་རྟ་མདུང་ཞགས་པ་དང་༔ ཁྲབ་རྨོག་ཟངས་ཀྱི་བྱང་མིག་རྟེན༔ བསྒྲུབ་མཆོད་ལྷན་དུ་འདི་སྐད་དོ༔ ཙ༔ འདི་ནས་ལྷོ་ཕྱོགས་ནུབ་བལྟས་ཚུགས༔ ཧ་ཤིང་རི་ལ་ཉེ་བར་བརྟེན༔ ཟངས་རི་བཙན་རྒོད་སྐྱ་གཅིག་ལ༔ སྤྲུལ་བ་བཙན་སྡེ་འབུམ་ཕྲག་འགྱེད༔ ཀུན་ཀྱང་མི་དམར་རྟ་དམར་ཅན༔ རབ་བཀྲམ་མཐའ་ལ་དབང་མཛད་འཁོར༔ ཕྱག་ན་དར་མདུང་དམར་པོ་དང་༔ གཡོན་པས་ཞགས་དམར་དགྲ་སྐེ་བཅིངས༔ ཡ་ལད་དམར་པོ་སྐུ་ལ་བགོས༔ ཡ་ཚ་དམར་པོའི་སྲིད་གསུམ་བསྲེགས༔ འབྱུང་བ་ཀུན་ལ་ཁྱབ་པར་འཇུག༔ སྐྱེ་འགྲོ་ཀུན་གྱི་སྲོག་ལ་དབང་༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་གསུངས༔ བསྟན་པ་ཀུན་གྱི་བསྲུང་མ་མཆོག༔ རྣལ་འབྱོར་ཀུན་གྱི་མགོན་པོ་མཆོག༔ ཟབ་མོ་གཅོད་ཀྱི་བྱ་ར་བ༔ མ་ཅིག་ཇོ་མོའི་བཀའ་སྡོད་པ༔ ཐ་ཚིག་བསྒྲགས་ནས་འབོད་ལགས་ན༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ མཐོ་བ་མཁར་དང་གཞལ་ཡས་ནས༔ དམའ་བ་ཀ་ཆ་ཡན་ཆད་དང་༔ མཐོ་བ་དག་ཆེན་ཡེ་ཤེས་ནས༔ དམའ་བ་བཟའ་བཏུང་ཡན་ཆད་དང་༔ མཐོ་བ་ལྷ་མོའི་མཉམ་སྦྱར་ནས༔ དམའ་བ་དུད་འགྲོའི་སྤྱན་གཟིགས་ཡན༔ མ་ཚང་མེད་པའི་མཆོད་པ་ནི༔ ཏིང་འཛིན་རོལ་མོས་བྱིན་རླབས་སྤེལ༔ བཙན་རྒོད་འཁོར་དང་བཅས་པ་ལ༔ དམ་ཚིག་གསང་བའི་དཀོར་དུ་འབུལ༔ སྟོང་ཉིད་བསྒོམ་པའི་ཉམས་རྟོགས་སྤེལ༔ བྱང་ཆུབ་བསྒྲུབ་པའི་བར་ཆད་སོལ༔ རི་ཁྲོད་འགྲིམས་པའི་འཚོ་བ་སྦྱོར༔ ཟབ་དོན་བསྟན་པ་རྒྱས་པ་དང་༔ རྣལ་འབྱོར་ཕྲིན་ལས་ལྷུན་འགྲུབ་མཛོད༔ ཅེས་མཆོད༔ ཨོཾ་ཙ་བྷ་ག་ཡ་ས་མུ་ཏྲ་ཨེ་དཾ་བྷ་ལིངྟ་ཨ་མྲ་ཏ་ཁཱ་ཧི༔ ཅེས་བརྗོད་བསམ་དོན་ཐམས་ཅད་འགྲུབ༔ པུནྱེའི་མཚན་མིང་བཞེད་སྐོངས་སུ། །ག་གཱ་ཨ་བྷྱེ་དེ་ཡིས་སྨྲས། །སྒྲོ་བསྐུར་མཁན་ལ་མཆོད་པ་འབུལ། །དྲེགས་པ་ཀུན་ལ་སྡང་བ་ཡང་། །བསྔ་བཙན་མིན་ན་མཐོལ་ལོ་བཤགས། །སརྦ་མངྒ་ལཾ། །ལྟ་བ་དམན་པའི་གང་ཟག་གིས། །ཆོས་སྐུ་བདེ་གཤེགས་སྙིང་པོ་ནི། །ད་ལྟ་སྲིད་གསུམ་རུ་ཏྲར་སོང་། །ཟང་ཐལ་ཆོས་སྐུའི་རྟོགས་པ་ལ། །སྣང་སྲིད་དག་པ་རབ་འབྱམས་ཡིན། །ཐུགས་ལ་འགལ་ན་བཟོད་པར་གསོལ། །ཨེ་མ་ཧོ། ཧཱུྃ༔ མ་ཅིག་ལབ་གྱི་སྒྲོལ་མ་ཡིས༔ བཀའ་ཉན་དྲེགས་པ་ཀུན་གྱི་རྗེ༔ ཟངས་རི་བཙན་རྒོད་འཁོར་དང་བཅས༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས༔ ཟབ་དོན་གཅོད་ཀྱི་བསྟན་པ་སྲུང་༔ བསྒྲུབ་མཆོག་རྣལ་འབྱོར་བུ་བཞིན་སྐྱོང་༔ འཚོ་བ་སྦྱོར་ལ་རྐྱེན་ངན་སོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཀྱང་ཁ་ལོའི་ངོར་ག་གཱས་སོ། །


previousཟངས་རི་བཙན་རྒོད་གསོལ་མཆོད་ཁམས་གསུམ་དབང་གི་ནོར་བུ།next