Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་ཤྭ་བའི་དབུ་ཅན་གྱི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ།
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousགནོད་སྦྱིན་ཤྭ་བའི་དབུ་ཅན་གྱི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ།next

གནོད་སྦྱིན་ཤྭ་བའི་དབུ་ཅན་གྱི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ།

གནོད་སྦྱིན་ཤྭ་བའི་དབུ་ཅན་གྱི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གཏོར་མ་དམར་གྱི་བརྒྱན་པ་ལ༔ ཟུར་གསུམ་མཆོད་རྫས་དྲག་པོའི་བསྐོར༔ དེ་ནས་གདུང་ཤུགས་གུས་བསྐུལ་གྱིས༔ རྣམ་པ་ཀུན་ཏུ་འདི་ལྟར་བྱེད༔ ན་མོ༔ དུས་གསུམ་རྒྱལ་བའི་གསུང་དབང་ཕྱུག༔ཁྱབ་བདག་པདྨ་ཧེ་རུ་ཀ༔ རྟ་མཆོག་རོལ་བ་གདུལ་ཐབས་གར༔ མཛད་པ་རྨད་བྱུང་ལྷ་ཡི་བཙན༔ ཕྲ་མིན་གཟུགས་ཀྱིས་བསྟན་པ་སྐྱོངས༔ རྣལ་འབྱོར་བདག་གི་ལེའིུ་ལྷ༔ བརྩེ་བ་ཆེན་པོའི་ཐུགས་རྗེའི་དགོངས༔ རྒྱུན་གྱི་གཏོར་མ་ཆད་མདོ་བཞེས༔ ཐུགས་འགལ་ཉམས་ཆགས་བག་རྡུལ་གྱིས༔ ཡེ་ཤེས་དྲི་བྲལ་ཤེལ་སྒོང་ལ༔ གཤིས་ལ་ཞུགས་པ་མི་སྲིད་མོད༔ འོན་ཀྱང་རང་རྒྱུད་ནོངས་པ་བཤགས༔ ལྷ་ལ་རྣམ་རྟོག་མི་མངའ་ཡང་༔ རྟེན་འབྲེལ་དབང་གིས་ཕྱུག་པས་ན༔ ལས་ལ་སྲ་ལྟས་ཤེས་མིན་གྱིས༔ འབྲས་བུ་བསྐྱེད་པའི་ནུས་སོ་གཞོམ༔ ལྔ་བདོའི་རྒུད་པའི་ཉོན་མོངས་ཀྱིས༔ འཁྲུལ་བ་རང་བརྒྱུད་ཤོར་བའི་ཕྱིར༔ ལྷ་དང་དགོངས་སྤྱོད་མ་འདྲེས་པའི༔ ཉམས་ཆགས་ཞེན་སྣང་གོལ་སྒྲིབ་བཤགས༔ ཁ་ན་མ་ཐོ་སྨྲ་གཞན་གྱིས༔ རྣམ་པར་རྟོག་པ་སླངས་པ་ཡི༔ རྒྱུད་འཁྲུལ་རྟོག་པ་གདོན་དུ་ལྡང་༔ དེ་ཡི་ལྷ་ལ་སྙད་བཏགས་བཤགས༔ འཁོར་གྱི་དྲེགས་པ་ཐམས་ཅད་ཀྱང་༔ ལེགས་ཉེས་སྟངས་འཛིན་དམ་ཚིག་ཅན༔ ཐུགས་འགལ་རྟོག་སྒྲིབ་ཉེས་སྤྱོད་ཀུན༔ གནོང་འགྱོད་དྲག་པོའི་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པ་དབང་བཙན་ལ༔ ཆོས་ཅན་རྒྱུ་འབྲས་བཀའ་བཙན་པས༔ ཆོས་སྐྱོང་བསྲུང་མ་ཐུགས་དཀྱིལ་ཡངས༔ ཆོས་བཞིན་སྤྱོད་ལ་དགོངས་པར་མཛོད༔ ཁྱད་པར་དགྲ་ལ་དཔའ་རྟགས་འདི༔ སངས་རྒྱས་བསྟན་བའི་རྭ་བ་ཡིན༔ སྒྲུབ་པ་པོ་ལ་བརྩེ་བྱམས་དེ༔ བྱང་ཆུབ་སེམས་ཀྱིས་མངོན་རྟགས་ཡིན༔ ཕྲིན་ལས་རྣམ་བཞི་རྫོགས་པ་དེ༔ དབང་བཅུ་གྲུབ་པའི་སྤྱི་གཟུགས་ཡིན༔ འཁུ་ལྡོག་གདུག་རྩུབ་ཚ་བ་ན༔ གཞུང་ངན་སྐྱེ་བོའི་ཆ་ལུགས་ལགས༔ ཚར་གཅོད་རྗེས་འཛིན་གོ་ལྡོག་ན༔ གང་ཟག་ངན་པའི་ངང་ཚུལ་ལགས༔ དགྲ་ལ་རྦད་རྟགས་མ་ཡོད་ན༔ ལང་ཤོར་བསྟན་འཛིན་སྤྱི་ལ་གཟེ༔ རང་ལ་ཤོང་རྒྱ་མ་ཆེ་ན༔ ཆོས་ཉིད་མཉམ་པའི་དོན་ལ་གཟེ༔ ཡང་གཞན་ཚིག་གཞར་རྒྱུར་གྱུར་ན༔ཁྲེལ་དང་ངོ་ཚའི་གནས་སུ་གཟེ༔ ཀྱཻ༔ སྔོན་ཚེ་པདྨ་ཐོད་ཕྲེང་དང་༔ རྗེས་འཇུག་སུརྱ་ཀིརྟི་དང་༔ གྲུབ་ཐོབ་ག་གཱ་ཨ་བྷྱེ་ཡི༔སྟོང་ཉིད་གྲུབ་པའི་གཟི་བྱིན་གྱིས༔ བཀའ་བསྒོས་དམ་བཞག་གཡར་དམ་འདི༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཐོགས་མེད་ལྷར་དག་གཟི་བྱིན་དང་༔ དམ་ཚིག་དེ་ཡི་རྒྱུད་སྦྲེལ་བ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ བཟང་ངན་རྣམ་རྟོག་དབྱེ་བསལ་རྐྱེན༔ ཐམས་ཅད་ལྟག་ཤལ་རྒྱན་གྱི་བཀྲམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ བྱ་བྱེད་ཐམས་ཅད་ཕྱག་རྒྱར་བབས༔ ཡེ་ནས་དོན་མ་ཡིན་མེད་དམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཉམས་འདའ་བྲལ་བའི་དམ་ཚིག་བྱིན༔ རྫོང་དུ་རྡོ་རྗེའི་མཁར་གྱི་བཟུང་༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ སེམས་དང་སེམས་བྱུང་སྒྱུ་མའི་ངང་༔ དབུ་མ་ཆེན་པོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཐམས་ཅད་རྡོ་རྗེ་སེམས་དཔའི་བསྡུས༔ ཕྱག་རྒྱ་ཆེན་པོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ འཁོར་འདས་རང་གྲོལ་གཞི་སྣང་རྫོགས༔ ཤིན་ཏུ་རྣལ་འབྱོར་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ མི་ནུབ་རྒྱལ་མཚན་རྩེ་མོ་ན༔ ཁད་མཉམ་ཉི་ཟླ་བརྡལ་བའི་དམ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཀྱཻ༔ འཁོར་འདས་གཞི་ལམ་འབྲས་བུའི་ཆོས༔ ལུས་དང་སེམས་ལ་ལྷུན་གྱིས་གྲུབ༔ སེམས་དང་ཡེ་ཤེས་རང་སྣང་གཉིས༔ མཐའ་སྡུད་རྒྱལ་པོ་ང་རྒྱལ་རྒྱལ༔ ཆོས་ཅན་རང་ངོའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ལུས་དང་སྐུ་ཡི་ད་ལ་ན༔ ན་དཱ་ངག་གི་རང་སྒྲ་བརྟེན༔ འགྲོ་འོང་ཁྱབ་འཇུག་ཨ་ལི་ཀ༔ སྡོམ་པ་འཁོར་ལོའི་དབང་ཆགས་ཆགས༔ ཆོས་ཅན་བསྐྱོད་མའི་དམ་ཚིག་དེ༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཁྱབ་འཇུག་སྣང་དང་སྟོང་པ་ཉིད༔ ཐིག་ལེ་ཆེན་པོ་བཅུ་དྲུག་མགོན༔ མི་འབྱེད་གཏི་མུག་ལ་གཏི་མུག༔ བསྒྲགས་པ་རྣལ་འབྱོར་བདག་གི་སྟེ༔ བྲོ་བོར་ལྷ་ཁྱོད་གཡར་དམ་ལོངས༔ ཀྱཻ༔ དགོངས་ཤིག་དམ་ཅན་མཐུ་བོ་ཆེ༔ སྙིགས་མ་ལྔ་བརྡོའི་སེམས་ཅན་ཉིད༔ གསར་ངེས་ཆེ་བའི་དབང་ཕྱུག་གི༔ ལྷ་ལ་སྤངས་ལེན་བྱས་པ་བཤགས༔ རྣམ་རྟོག་ཆེ་བའི་བྱེད་ལས་ཀྱི༔ ཤ་ལྔ་བདུད་རྩི་དྭངས་མ་ལོན༔ ཡང་ན་ཁྱི་ཕག་བག་ཆགས་ཀྱིས༔ ཐ་མལ་ཆགས་ཞེན་སྐྱེ་བ་བཤགས༔ སེར་སྣའི་དབང་དུ་གྱུར་བ་ཡི༔ མཆོད་རྫས་རྒྱུ་ཆུང་ཕུད་ལྷག་ཉམས༔ ལེ་ལོ་ཆེ་བའི་གཞན་དབང་གིས༔ རྒྱུན་མཆོད་ཕྲིན་གཏོར་ཆགས་པ་བཤགས༔ འཆོལ་སྙོགས་སྤྱོད་དང་ཁ་ཚར་ཤོར༔ ཕོ་མོ་གྲངས་མ་འཁྱོལ་བ་དང་༔ མཚན་འཛིན་རང་དགར་སྤྱོད་པ་དང་༔ དམ་ཚིག་བསྲུང་མཚམས་ཉམས་པ་བཤགས༔ སྙིང་རྗེ་མེད་པའི་གཞན་དབང་དང་༔ སྒོས་ཀྱི་གནས་ལུགས་མ་འཚལ་བས༔ ཤྭ་བ་ཡུ་མོ་བསད་པ་དང་༔ རྔོན་བྱས་སྐྲོད་དང་ཤ་ཟོས་བཤགས༔ གཞན་ལ་མ་ཉེས་གལ་དུ་བཙུགས༔ རྐུས་གླེང་ན་ཟོས་རྣམ་རྟོག་བྱས༔ སྔོན་ལས་སྡུག་བསྔལ་མྱོང་བ་དེ༔ ལྷ་ལ་སྙད་བཏགས་སྤང་བ་བཤགས༔ བཟླས་བརྗོད་བསྙེན་གསོལ་མ་བྱས་པས༔ ཞུད་དང་འགྱངས་དང་གཡེལ་བ་ཡི༔ རང་གི་ཉེས་པ་མ་ཤེས་ཤིང་༔ ལྷ་ལ་མཐུ་མེད་སེམས་པ་བཤགས༔ ཡེ་ཤེས་ཏིང་འཛིན་དམན་པ་ཡི༔ མཆོད་གཏོར་བྱིན་གྱིས་མ་རློབས་དང་༔ ལྟ་བ་དམན་པའི་བྱེད་ལས་ཀྱིས༔ གཉའ་ནོན་ཚོལ་བ་མཐོལ་ལོ་བཤགས༔ བློ་དམན་འཁོར་འདས་རང་བརྒྱུད་བལྟས༔ དྲེགས་པ་འདྲེ་རུ་གོལ་བ་དང་༔ སྐྱེ་བརྒྱུད་དགོངས་པ་མ་ཤེས་པས༔ དེ་ལས་བརྙེས་པར་བྱས་པ་བཤགས༔ སངས་རྒྱས་སྐྱེ་བརྒྱུད་གནོད་སྦྱིན་ཀྱང་༔ རུ་ཏྲར་བརླན་པ་སྙིང་རྗེའི་གནས༔ ལྟ་བ་ངན་པས་བློ་བཅོས་ཏེ༔ འཁུ་འཁྲུགས་ཟ་བ་མཐོལ་ལོ་བཤགས༔ ཅོལ་ཆུང་ངག་འཁྱལ་བྲེ་མོ་ཡི༔ ཚིག་འཁྱལ་བག་མེད་མཐོལ་ལོ་བཤགས༔ དེ་ལྟར་བཤགས་བསྐང་བྱས་པ་ཡི༔ མི་འཁོན་ལྷ་ལ་ཕོག་པ་དང་༔ ལྷ་འཁོན་མི་ལ་གནོད་པ་དང་༔ བརྟེན་རྫས་མནོལ་དང་སྒྲུབ་རྫས་འགོངས༔ བསྐང་རྫས་འཆལ་དང་དམ་སྡོམ་རལ༔ དམེ་ཡུག་ནལ་དང་བང་གྲིབ་སོགས༔ འཁྲུགས་བཅོས་འཁོན་སྡུམ་རྨུགས་པ་བསངས༔ འཐིབ་པ་དྭངས་ནས་དངོས་གྲུབ་སྩོལ༔ དུས་གསུམ་དགེ་བའི་བཀྲ་ཤིས་མཆོག༔ རྟག་ཏུ་བདག་ལ་ཉེ་བར་མཛོད༔ སྔོན་གྱི་ཐུགས་དམ་མ་དོར་ཅིག༔ བཀའ་དང་དམ་ལས་མ་འདའ་ཞིག༔ འཁུ་ལྡོག་གདུག་རྩུབ་མ་ཆེ་ཞིག༔ བྲོ་བོར་ཐ་ཚིག་མ་དོར་ཞིག༔ མཐུ་རྩལ་དཔའ་རྟགས་མ་ཆུང་ཞིག༔ ཁ་མགོན་བྱམས་སྐྱོངས་མ་གཡེལ་ཞིག༔ བདག་གི་བྱ་བ་ཅི་ཉེས་ཀྱང་༔ བསམ་མེད་བུ་ཡི་སྤྱོད་པ་ལ༔ མ་བཞིན་ཁྲོ་འཁྲུགས་མི་མཛད་ཞུ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཀྱང་བླ་མ་འདུས་ཆུང་ནས་བསྐུལ་བ་དོན་ཡོད་ཕྱིར་དུས་མཐའི་སྔགས་པ་ག་གཱ་ཨ་བྷྱེ་ནས་བྲིས་པ་དུས་གསུམ་དགེ་བའི་འཁྲི་ཤིང་དུ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ཡང་ཅིག་བསྡུ་ན༔ ཀྱཻ༔ ལྷ་བཙན་ཆེན་པོ་དགོངས་སུ་གསོལ༔ མ་ཤེས་བག་མེད་ནོར་འཁྲུལ་དང་༔ དམ་ཅན་བསྲུང་མའི་ཐུགས་འགལ་ལས༔ མཐོལ་ལོ་བཤགས་སོ་དག་ཚངས་སྩོལ༔ ཨོཾ་དཱེ་ཝ་ཤུ་ལ་ས་མ་ཡཱ༔ སརྦ་ཤཱུདྡྷེ་ཤཱུདྡྷེ་ཡེ་སྭཱ་ཧཱ༔ཅེས་ཀྱང་བླ་མ་དམ་པ་ཤི་ལའི་གསུང་འཕྲོ་དོན་ཡོད་པའི་ཕྱིར་ག་གཱས་སོ། །


previousགནོད་སྦྱིན་ཤྭ་བའི་དབུ་ཅན་གྱི་ཕྲིན་བཅོལ་བསྡུས་པ་བསམ་དོན་ལྷུན་གྲུབ།next