Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་མཆོག་རབ་རྩལ་གྱི་མཆོད་ཕྲིན་དངོས་གྲུབ་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་མཆོག་རབ་རྩལ་གྱི་མཆོད་ཕྲིན་དངོས་གྲུབ་གཏེར་མཛོད།next

རྡོ་རྗེ་མཆོག་རབ་རྩལ་གྱི་མཆོད་ཕྲིན་དངོས་གྲུབ་གཏེར་མཛོད།

རྡོ་རྗེ་མཆོག་རབ་རྩལ་གྱི་མཆོད་ཕྲིན་དངོས་གྲུབ་གཏེར་མཛོད་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གཏོར་མ་ནོར་བུ་འབར་བའི་དབྱིབས༔ མདུན་དུ་ལྷ་གཡག་གཡས་སྦལ་བ༔ གཡོན་དུ་སྦལ་ལྕོང་རྒྱབ་ལོགས་སུ༔ དམར་གཏོར་སྦྲུལ་གྱིས་དཀྲིས་པ་ལ༔ བར་མཚམས་ཉེར་སྤྱོད་མཆོད་པས་བཀང་༔ རང་ཉིད་ཡི་དམ་ང་རྒྱལ་གྱིས༔ ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་མདུན༔ རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་སྟེང་༔ དབང་ཆན་ས་གཞི་ཡངས་པར་བརྡལ༔ ཤེལ་གྱི་སྐུ་མཁར་མཚན་ཉིད་རྒྱན༔ བཀོད་པ་ཕུན་སུ་ཚོགས་པའི་དབུས༔ དྲི་ཟ་ཀུན་གྱི་རྒྱལ་པོ་ལ༔ ནཱ་ག་ཀླུ་ཡི་གཉན་གཅིག་པུ༔ གཙུག་ལག་ཆོས་འཁོར་གཉེན་བསྲུང་བ༔ བཛྲ་ཛྭ་ལ་དྲག་པོ་རྩལ༔ སྐུ་མདོག་དཀར་སེར་འོད་དུ་འབར༔ ཟབ་བེར་དཀར་པོ་གསེར་རིས་ཅན༔ གསོལ་ཞིང་དབུ་ལ་ལ་ཐོད་བཅིངས༔ རིན་ཆེན་སྣ་ཚོགས་སྦྲུལ་ཆུ་བརྒྱན༔ ཞབས་ལ་སག་ལྷྭམ་ལྗང་ཁྲ་མནབ༔ གསེར་སྒ་ནོར་བུའི་བརྒྱན་ཆས་སྨེད༔ གློ་གོང་མཛེས་པའི་ཡོབ་ཆེན་ཅན༔ རྟ་མཆོག་ངང་དཀར་སྟེང་དུ་བསྟད༔ ཆིབས་སུ་བཅིབས་ནས་ཞི་མ་ཁྲོའི༔ གཟི་བྱིན་ལང་ཚོའི་སྒེག་པ་ཡིས༔ ཕྱག་གཡས་མདུང་དཀར་གཡོན་ནོར་བུ༔ མདུན་དུ་རྡོ་རྗེ་དཔའ་རབ་རྩལ༔ ལྷ་གཡག་དཀར་པོའི་གཟུགས་ཀྱིས་རྔམས༔ གཡས་སུ་དགེ་བསྙེན་སྨྱོ་ཁ་འབར༔ སྦལ་གདོང་སྦྲུལ་ལུས་བཤའ་གྲི་བསྣམས༔ རྒྱབ་དུ་ཀ་ལ་ཡཀྵ་འབར༔ སྡིག་གདོང་མགོ་དགུ་ཐོ་བ་བསྣམས༔ གཡོན་དུ་ཡུམ་ཆེན་གཡུ་སྒྲོན་མ༔ དཀར་གསལ་གཏེར་གྱི་བུམ་པ་འཛིན༔ མཐའ་བསྐོར་གཉན་དམག་བྱེ་བ་སྟོང་༔ དཔུང་བཞི་རུ་འདྲེན་དང་བཅས་གསལ༔ ཡང་འཁོར་རྒྱ་མཚོ་ཆུ་དཀྱིལ་དུ༔ ཀླུ་བརྒྱད་འཁོར་མང་བསམ་མི་ཁྱབ༔ མ་འདྲེས་ཡོངས་སུ་རྫོགས་པར་བསྒོམ༔ བདག་མདུན་ཐུགས་ལས་འོད་འཕྲོས་པས༔ འཇིག་རྟེན་གནས་དང་ཆོས་དབྱིངས་ནས༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལྱཱ་བཛྲ་ས་མ་ཡ་ཛ༔ དེ་ནས་སྤྱན་འདྲེན་ནི༔ ཧཱུྃ༔ ཀུན་ཁྱབ་ཆོས་དབྱིངས་ཡེ་ཤེས་སྐུ༔ རྣམ་པར་སྣང་མཛད་གངས་ཆེན་མཚོ༔ ཐབས་ཀྱིས་ཅིར་ཡང་སྣང་བའི་དཔལ༔ འཁོར་བཅས་དམ་ཚིག་དབང་གིས་བྱོན༔ འོད་དེ་གུང་རྒྱལ་གཤེགས་སུ་གསོལ༔ གཡུལ་ཕྱོགས་ ༼ གཤོག་དཔྱད། ༽གཤེགས་ཤིག་གཤེགས་སུ་གསོལ༔ ཐང་ལྷ་ཡར་བཞུད་གཤེགས་སུ་གསོལ༔ སྐུ་ལྷ་གཉན་པོ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཛྭ་ལ་ས་མ་ཡ་ཕེཾ་ཕེཾ༔བཞུགས་གསོལ་ནི༔ ཏྲཱཾཿ རིན་ཆེན་ཉི་ཟླ་པདྨ་དང་༔ བཞོན་དང་ཁྲི་རྐང་ཆེ་བརྗིད་མཛེས༔ ཏིང་འཛིན་རོལ་མོའི་གདན་བསྟབ་ཀྱི༔ སྐྱོབས་བྱེད་མགོན་དུ་བཞུགས་སུ་གསོལ༔ ཕྱག་འཚལ་ནི༔ ཧོ༔ དོན་ལ་ཡེ་ཤེས་ལྷ་ཡིན་ཀྱང་༔ རྣམ་འཕྲུལ་མ་ངེས་བསམ་མི་ཁྱབ༔ ཐབས་མཁས་འགྲོ་འདུལ་སྙིང་རྗེའི་བདག༔ བསྟན་སྲུང་རྒྱལ་པོ་ཁྱོད་ཕྱག་འཚལ༔ ན་མོ་པཱུ་རུ་ཤ་ཡ་ཧ༔ མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྣམ་ཐར་ལས་བྱུང་བའི༔ མཆོད་སྤྲིན་དག་པ་ཆེན་པོ་ནི༔ ཞིང་ཁམས་བཀོད་པ་ཡོངས་རྫོགས་ཀྱིས༔ རྡོ་རྗེ་མཆོག་རབ་འཁོར་བཅས་མཆོད༔ བཛྲ་དཱེ་ཝི་སརྦ་པཱུ་ཙ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧོ༔ སྣང་སྟོང་ཁྱབ་འཇུག་རྡོ་རྗེའི་སྐུ༔ གྲགས་སྟོང་རྒོད་གཤེ་རྡོ་རྗེའི་གསུང༔ རིག་སྟོང་སྙིང་རྗེ་རྡོ་རྗེའི་ཐུགས༔ རྡོ་རྗེ་མཆོག་རབ་འབར་ལ་བསྟོད༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཟབ་མོ་གཏེར་གྱི་གཉེར་ཁ་འཛིན༔ ཨོ་རྒྱན་པདྨའི་བཀའ་སྡོད་པ༔ ཐང་ལྷ་གཉན་པོ་ཁྱོད་ལ་བསྟོད༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་བཙུན༔ ཡར་བཞུད་ཁྲི་ཤོད་ཡུལ་གཞིའི་བདག༔ རྣལ་འབྱོར་ཀུན་གྱི་བསྲུང་སྐྱོབས་མགོན༔ དྲི་ཟའི་རྒྱལ་བོར་ཕྱག་འཚལ་བསྟོད༔ གཉན་རྣམས་ཀུན་གྱིས་མདུན་ན་འདུད༔ ཀླུ་རྣམས་མ་ལུས་གཡས་ན་འདུད༔ གནོད་སྦྱིན་དྲི་ཟ་རྒྱབ་ནས་འདུད༔ ལྷ་ཡི་སྡེ་ཚོགས་གཡོན་ན་འདུད༔ མི་དང་དམུ་བཙན་ཕྱོགས་ནས་འདུད༔ དཀོན་མཆོག་གསུམ་པོ་དབྱིངས་གཅིག་འདུད༔ མཐུ་རྩལ་དྲུག་ཤུལ་བསམ་མི་ཁྱབ༔ ནོར་གཏེར་བདག་པོ་ཁྱོད་ལ་བསྟོད༔ དེ་ནས་འཛབ་བཟླས་ནི༔ ཧཱུྃ༔ བདག་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་འཕྲོས་ཆོས་སྐྱོང་ལ་ཕོག་པས༔ ཐུགས་དམ་གཉན་པོ་བསྐུལ་བ་ཡིས༔ དྲེགས་པའི་སྐུ་ལས་འོད་འཕྲོས་པས༔ འཁོར་འདས་གཉིས་ཀྱི་དཔལ་ཡོན་ཏན༔ དབང་བྱིན་དངོས་གྲུབ་འོད་དམར་ཚུལ༔ བསྡུས་ཏེ་བདག་གནས་ཡོ་བྱད་ལ༔ མཚོ་ལ་ཁ་བ་བབས་པ་ལྟར༔ གཉིས་སུ་མེད་པར་ཐིམ་པར་བསམ༔ ཨོཾ་བཛྲ་ཛྭ་ལ་རཱ་ཛ་བྷྱོ་ནཱ་རཱ་ཙ་དུ་ཕུ་ས་མ་ཡ་ཛ་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞི་རྒྱས་དབང་དྲག་གང་ལ་ཡང་༔ ཏིང་འཛིན་འཕྲོ་འདུས་གཟེར་གྱིས་བསྒྱུར༔ འདི་ཡིས་མི་འགྲུབ་གང་ཡང་མེད༔ ཐེ་ཚོམ་མི་དགོས་རྡོ་རྗེའི་བཀའ༔ ས་མ་ཡཱ༔ གཉིས་པ་མཆོད་ཕྲིན་བསྐང་གསོལ་ལ༔ མདོས་དང་སྐུ་མཁར་རྒྱང་བུའམ༔ ཕོ་མོའི་གདོང་དང་མདངས་སྣ་ཚོགས༔ ཁྱད་པར་མཆོད་རྫས་ཕྱི་དང་ནང་༔ ཡོ་བྱད་རྣམ་པ་སྣ་ཚོགས་བཤམས༔ ཏིང་ངེ་འཛིན་གྱིས་དག་པར་སྦྱངས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་སྒྱུ་མ་ལྟ་བུའི་ངང་༔ འཛད་མེད་གཞན་འཕྲུལ་བཀོད་པ་ལྟར༔ འཇིག་རྟེན་འདས་དང་མ་འདས་ཀྱང་༔ ལྟག་ཤལ་འབྲེལ་བ་ངམ་པའི་ཆེ༔ ལྷ་རྫས་ཕྱི་ནང་གསང་བ་དང་༔ ངོ་བོ་དབྱེར་མེད་སྣང་བ་ནི༔ རིན་ཆེན་གཞལ་ཡས་གནས་ཕུན་ཚོགས༔ གདན་དང་བླ་བྲེ་ཁྲི་རྐང་མཛོད༔ དཔུང་ཚོགས་འཁོར་དང་རུ་འདྲེན་སྤྲིན༔ དབུ་རྒྱན་སྙན་ཆ་མགུལ་ཆུན་གདུབ༔ དར་གོས་རས་ཕྲུག་པཉྩ་ལི༔ སྲབ་འཇམ་ཡང་པའི་གོས་སྣ་ཚོགས༔ མི་དང་གཡག་རྒོད་ཤ་ཡི་གསུར༔ ནོར་སྣ་དཀོར་ཆ་བསམ་མི་ཁྱབ༔ བཟའ་བ་ཟས་སྣ་བཏུང་བའི་སྐོམ༔ རྐང་འགྲོ་ཁྱད་འཕགས་རིན་ཆེན་རིགས༔ བཞུ་དང་མི་བཞུའི་ཁམས་གྱུར་བ༔ བརྒྱ་སྤྱད་སྟོང་དུ་འཕེལ་བ་དང་༔ སྲིད་ཞིའི་གནས་ཀུན་ཡོངས་ཁྱབ་སྟེ༔ གང་འདོད་དེ་དངོས་འབྱུང་འགྱུར་གྱིས༔ ཕྱི་ལྟར་མཆོད་པ་འབུལ་བ་ནི༔ ཐང་ལྷ་ཡར་བཞུད་ཐུགས་དམ་བསྐངས༔ ནང་ལྟར་དག་གཙང་དམ་པ་ཡིས༔ དྲི་ཟའི་རྒྱལ་པོའི་ཐུགས་དམ་བསྐངས༔ གསང་བ་གཙང་དམེ་བྲལ་བ་ཡིས༔ རྡོ་རྗེ་འབར་བའི་ཐུགས་དམ་བསྐངས༔ ཐུགས་ཀྱི་དགྱེས་པ་བསྐྱེད་པའི་ཕྱིར༔ རིགས་ལྔའི་མཁའ་འགྲོའི་ཐུགས་དམ་བསྐངས༔ གསང་བའི་དམ་རྫས་ཡིན་པའི་ཕྱིར༔ ཤ་ཆེན་ལྔ་ཡི་ཐུགས་དམ་བསྐངས༔ མཐུན་པའི་དམ་རྫས་ཡིན་པའི་ཕྱིར༔ ཨ་མྲ་ཏ་ཡིས་ཐུགས་དམ་བསྐངས༔ བརྗིད་པའི་དམ་རྫས་ཡིན་པའི་ཕྱིར༔ དཔལ་གྱི་ཆས་བཅུའི་ཐུགས་དམ་བསྐངས༔ བཞོན་པའི་དམ་ཚིག་ཡིན་པའི་ཕྱིར༔ ཤུགས་འཆང་འབུམ་གྱིས་ཐུགས་དམ་བསྐངས༔ རྒྱན་གྱི་དམ་ཚིག་ཡིན་པའི་ཕྱིར༔ སྡོམ་སྡིག་སྦལ་ལྕོང་ཐུགས་དམ་བསྐངས༔ མཆོད་པའི་དམ་ཚིག་ཡིན་པའི་ཕྱིར༔ ཀླུ་ནོར་ཆ་དགུའི་ཐུགས་དམ་བསྐངས་༔ བརྟེན་པའི་དམ་ཚིག་ཡིན་པའི་ཕྱིར༔ རུ་མཚོན་དཀར་པོའི་ཐུགས་དམ་བསྐངས༔ དྲག་པོའི་དམ་རྫས་ཡིན་པའི་ཕྱིར༔ སྙིང་སྣ་བཅོ་བརྒྱད་ཐུགས་བསྐངས༔ བགོ་བའི་དམ་ཚིག་ཡིན་པའི་ཕྱིར༔ ཟ་འོག་བེར་ཕྱམ་ཐུགས་དམ་བསྐངས༔ དགྱེས་པའི་དམ་ཚིག་ཡིན་པའི་ཕྱིར༔ གླུ་བྲོ་གར་གྱིས་ཐུགས་དམ་བསྐངས༔ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ ནོར་གཡང་འཛད་མེད་ཆར་ལྟར་ཕོབ༔ རྟག་ཏུ་བྱམས་དང་བརྩེ་བས་སྐྱོངས༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ སངས་རྒྱས་བཅོམ་ལྡན་བསྟན་པ་སྲུང་༔ སྒྲུབ་མཆོག་རྣལ་འབྱོར་དབུ་འཕང་བསྟོད༔ གཉན་གྱིས་དལ་ཁ་བརྒྱད་ཅུ་སོགས༔ འཇིག་རྟེན་ཁམས་སུ་མ་བཏང་ཞིག༔ སྐྱེ་དགུ་བདེ་བའི་ཕྲིན་ལས་མཛོད༔ འདོད་པའི་དོན་ནི་ཐམས་ཅད་ཀུན༔ མ་ལུས་ཁྱེད་ཀྱིས་སྒྲུབ་པར་མཛོད༔ བདག་གི་ལུས་ལྷར་མངའ་གསོལ་ལོ༔ ས་གཉན་བརྐོས་དང་ཆུ་གཉན་དཀྲུགས༔ ཤིང་གཉན་བཅད་དང་རི་ཆེན་བཤིག༔ དུར་བཏབས་བྱ་བའི་གདོང་ཐུགས་སོགས༔ མ་ཤེས་ལས་ཀ་གང་བྱས་ཀྱང་༔ མ་བྱམས་བུ་ལ་འཁྲིལ་བ་ལྟར༔ ཐུགས་སྒམ་གཟུ་བོའི་བཀའ་ནན་མཛོད༔ འཇིག་རྟེན་དྲེགས་པ་བྲན་ཁོལ་གྱིས༔ ལས་ལ་དབང་བའི་དངོས་གྲུབ་སྩོལ༔ ཅེས་དང་བསྡུ་ན༔ ཀྱཻ༔ རྡོ་རྗེ་འབར་བའི་རྒྱལ་པོ་ལ༔ འདོད་ཡོན་ལྔ་ལྡན་དམ་རྫས་འབུལ༔ ཐུགས་དམ་བསྐང་ལ་འཁོན་འཁྲུགས་བྱང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་གྲངས་ལྡན་བསྐྱལ་པ་ན༔ གཉན་ནད་བཅོ་བརྒྱད་ལ་སོགས་པ༔ མི་མཐུན་བར་ཆད་ཐམས་ཅད་ཞི༔ ཞི་རྒྱས་དབང་དྲག་ཕྲིན་ལས་འགྲུབ༔ ས་མ་ཡཱ༔ ཅེས་པ་འདི་ཡང་ཡེ་ཤེས་ཀྱིས་བསྐུལ་ངོར་ག་གཱ་པས་སོ། །


previousརྡོ་རྗེ་མཆོག་རབ་རྩལ་གྱི་མཆོད་ཕྲིན་དངོས་གྲུབ་གཏེར་མཛོད།next