Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉན་ཆེན་ཐང་ལྷའི་གསོལ་མཆོད་དགྲ་ལས་རྣམ་རྒྱལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉན་ཆེན་ཐང་ལྷའི་གསོལ་མཆོད་དགྲ་ལས་རྣམ་རྒྱལ།next

གཉན་ཆེན་ཐང་ལྷའི་གསོལ་མཆོད་དགྲ་ལས་རྣམ་རྒྱལ།

གཉན་ཆེན་ཐང་ལྷའི་གསོལ་མཆོད་དགྲ་ལས་རྣམ་རྒྱལ་བཞུགས་སོ༔

བརྡ་ཡིག །ཨོཾ་པདྨ་ཀྲོ་དྷ་ཧྱ་གྷྲི་ཝ་ཧྲཱིཿ ཧཱུྃ༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ བཅོམ་ལྡན་དབང་ཆེན་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྤྱན་གསུམ་རབ་བསྒྲད་མཆེ་བ་གཙིགས༔ ཕྱག་གཡས་པད་མཚན་དབྱུག་ཏོ་འབར༔ གཡོན་པས་བྷནྡྷ་ཁྲག་བཀང་གསོལ༔ པད་ཉི་རུ་ཏྲའི་སྟེང་དུ་བརྗིད༔ དུས་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ མེ་དཔུང་འབར་བའི་ཀློང་ཡངས་སུ༔ ཁམས་གསུམ་ཟིལ་གནོན་གྱད་ཀྱི་ལྷ༔ སྣང་བ་དབང་སྡུད་སྲོག་དང་ལྡན༔ འཁོར་དུ་བདུད་བཙན་དམུ་བསེ་མོ༔ ཐེའུ་རང་གཟའ་དང་རྒྱུ་སྐར་དང་༔ ལྷ་ཀླུ་གཉན་སོགས་དྲེགས་པའི་ཚོགས༔ བསམ་ཀྱིས་མི་ཁྱབ་བལྟར་མི་བཟོད༔ ཁྱད་པར་ཡར་བཞུད་གཉན་གྱི་རྗེ༔ རྡོ་རྗེ་འབར་བ་དྲག་རྩལ་དང་༔ མཚོ་སྨན་རྒྱལ་མོ་གཡུ་སྒྲོན་སོགས༔ འཁོར་དང་ཡང་འཁོར་བཅས་པ་ཀུན༔ དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ རྡོ་རྗེ་འབར་བ་རྩལ་ས་པ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛ༔ ཏིཥྛ་ཧོ༔ ཨརྒྷཾ་སོགས་ནས་ཤབྟ་པཱུ་ཙ་ཧོ༔ མ་ཧཱ་ཨ་མྲ་ཏ་རཀྟ་བ་ལིངྟ་དྷརྨཱ་དྷརྟུ་ཨ་ལ་ལ་ཧོ༔ དམ་ཉམས་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་རཾ་ཁཱ་ཧི༔ སངས་རྒྱས་བསྟན་པ་སྐྱོང་བའི་ལྷ༔ ཆོས་རྒྱལ་བོད་ཀྱི་ཡུལ་ལྷ་གཉན༔ དམ་ཉམས་སྒྲོལ་བའི་བཤན་པ་པོ༔ མཐུ་རྩལ་ཅན་ལ་བསྟོད་པར་བགྱི༔ ཧཱུྃ་ཧྲཱི༔ བཅོམ་ལྡན་པདྨ་འབྱུང་གནས་ཀྱི༔ དམ་ཚིག་ལ་གནས་མཐུ་བོ་ཆེ༔ དྲི་ཟའི་རྒྱལ་པོ་འཁོར་དང་བཅས༔ འདིར་བྱོན་བཅོལ་པའི་ཕྲིན་ལས་མཛོད༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ རྒྱལ་བསྟན་སྤྱི་དང་ཁྱད་པར་དུ༔ འོད་གསལ་རྡོ་རྗེ་སྙིང་པོ་དང་༔ དེར་འཛིན་སྐྱེས་བུའི་སྐུ་ཚེ་བརྟན༔ མཛད་ཕྲིན་ནམ་མཁའི་མཐར་འབྱམས་ཀླས༔ ཡོངས་ལ་གནོད་པའི་དགྲ་བགེགས་སྒྲོལ༔ མངོན་སུམ་ལྐོག་གྱུར་ཇི་སྙེད་ཀྱིས༔ བདུད་སྡེའི་དཔུང་ཚོགས་ཆོམས་ལ་ཕོབ༔ སྐྱེ་འགྲོའི་སྣང་སེམས་དབང་དུ་བསྡུས༔ ཅི་འདོད་ནོར་གྱི་སིདྡྷི་སྩོལ༔ བདག་དང་དམ་ཚིག་གཅིག་ཏུ་བཞུགས༔ བྱང་ཆུབ་བསྒྲུབ་པའི་བར་ཆད་སོལ༔ མདོར་ན་ཕྲིན་ལས་གང་བཅོལ་ཀུན༔ ཐོགས་མེད་མྱུར་དུ་འགྲུབ་བར་མཛོད༔ སྔོན་གྱི་རྒྱལ་བའི་བཀའ་མ་བཅག༔ རྗེས་འཇུག་རྣལ་འབྱོར་དམ་ཚིག་ལས༔ མ་འདའ་བཅོལ་བའི་ཕྲིན་ལས་མཛོད༔ ས་མ་ཡ༔ ཨེ་དནྟེ་ན་ར་ཀན༔ གུ་ཧྱ༔ ཞེས་པའང་ཁྲག་འཐུང་ནམ་མཁའི་རྡོ་རྗེས་བརྡ་རིས་ལས་ཕབ་པའོ། །མངྒ་ལཾ། །


previousགཉན་ཆེན་ཐང་ལྷའི་གསོལ་མཆོད་དགྲ་ལས་རྣམ་རྒྱལ།next