Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོལ་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་བསྡུས།next

གསོལ་བསྡུས།

གསོལ་བསྡུས་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཙང་སྦྱར་གཏོར་མ་སྐྱེམས་ཕུད་དང་༔ བརྟེན་བསྒྲུབ་མཆོད་བསྐང་མཐུན་པའི་རྫས༔ ལེགས་ལྡན་ཚོགས་བདག་ཕྱག་ཞལ་བཞི༔ མ་ནིང་སྔགས་བསྲུང་རེ་མ་ཏི༔ ལྷ་ཆེན་དབང་ཕྱུག་གཟའ་རྣམ་སྲས༔ དུར་ཁྲོད་མ་མོ་ཞིང་སྐྱོངས་རྒྱལ༔ ཕུར་སྲུང་སྡེ་དཔོན་བསྟན་མ་སྐྱོང་༔ སྨན་བཙུན་ཚེ་རིང་རྒྱལ་པོ་དང་༔ རྡོར་ལེགས་བྲག་བཙན་ཙིའུ་དམར༔ ཐང་ལྷ་བདུད་བཙན་ཀླུ་གསུམ་དང་༔ སྲོག་བདག་བཞི་དང་གནོད་སྦྱིན་དམར༔ ཡ་བ་སྐྱ་གཅིག་གཡུ་སྒྲོན་མ༔ གངས་བཙན་གོང་བཙན་ཟངས་རི་དམར༔ དམག་ཟོར་བག་ཙེ་སྨྱོ་ཁ་དང་༔ རྡོ་རྗེ་གཤོག་རྒོད་སྲོག་སྒྲུབ་མ༔ ཤ་ཟ་ཧོར་མོ་དབང་གི་རྒྱལ༔ གཞི་བདག་གནས་བདག་འགོ་བའི་ལྷ༔ སྐྱེས་ལྷ་སྤར་སྨེ་ཚེས་གྲངས་དང་༔སྲོག་ལུས་དབང་ཐང་བརྟགས་ཆགས་ལྷ༔ མ་ལུས་འཁོར་དང་བཅས་པ་མཆོད༔མི་མཐུན་རྐྱེན་ངན་བར་ཆད་སོལ༔ མཐུན་རྐྱེན་འདི་ཕྱིའི་བདེ་ལེགས་སྩོལ༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ དམ་ལ་མ་འདའ་ས་མ་ཡཱ༔ ཨ་དྷརྨཱ་པ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ༔ཡོ་ག་ཀ་ཡ་དཱེ་ཝ་མཎྜ་དཱེ་ཝ་བྷ་ལིང་ཏ་པཱུ་ཛ་ཁཱ་ཧི༔ ཅེས་ཤེས་རབ་བློ་འཕེལ་གྱིས་བསྐུལ་ངོར་ག་གཱས་སོ། །ཧཱུྃ་ཛ༔ དྲང་སྲོང་གཟའ་མཆོག་གནོད་སྦྱིན་མེ་རུ་རྩེ༔ ཡིད་བཞིན་དབང་རྒྱལ་དབང་གི་འཁོར་ལོའི་བསྒྱུར༔ དམ་ཚིག་དབང་གིས་འདིར་གཤེགས་མཆོད་འབུལ་བཞེས༔ ཐུགས་དམ་གཉན་བསྐང་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་ཀྱང་བྷིག་ཐོའི་བསྐུལ་ངོར་ག་གཱས་སོ། །ཧཱུྃཿ ཛ༔ གཟའ་ཀླུ་གཤིན་རྗེ་བཙན་མ་མོ༔ གནོད་སྦྱིན་དམར་ནག་དབང་ཕྱུག་ཆེ༔ ཤ་ཟ་ཧོར་མོ་དབང་གི་རྒྱལ༔ གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད༔ ཅེས་ཀྱང་ག་གཱས་སོ། །སྙིང་ཐིག་གསོལ་བསྡུས་ནི༔ བྷྱོ༔ མ་མགོན་ལྕམ་དྲལ་ངའི་ནུས་མ༔ རྡོ་རྗེ་ལེགས་པ་གཟའ་བདུད་རྒྱལ༔ ཕུར་བསྲུང་བཅུ་གཉིས་གཡུ་ཡི་སྒྲོན༔ ཚེ་རིང་མཆེད་ལྔ་ཙིའུ་དམར༔ འཁོར་དང་བཅས་པ་ཐམས་ཅད་ལ༔ བདུད་རྩི་སྐྱེམས་གཏོར་མཐུན་རྫས་འབུལ༔ མི་མཐུན་རྐྱེན་སོལ་རྣལ་འབྱོར་གྱིས༔ གང་བཅོལ་ཕྲིན་ལས་ལྷུན་གྲུབ་མཛོད༔ ཅེས་ཀྱང་ག་གཱས་སོ། །བརྡ་ཡིག །མ་གཟའི་བསྐང་བསྡུས་ནི༔ ཧཱུྃ༔ ཀུན་བཟང་མཁའ་འགྲོ་སྡེ་ལྔ་ནི༔ བསྟན་བསྲུང་ཟོལ་གྱི་གདུལ་དཀའ་འདུལ༔ རྣལ་འབྱོར་ཅན་གྱི་སྐྱོང་མ་ཆེ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ མ་མ་ཧྲིཾ་ཧྲིཾ་མ་ཧཱ་པཱུ་ཙ་བྷ་ལིངྟ་ཁཱ་ཧི༔ ཞེས་དང་༔ བརྡ་ཡིག །རཱ༔ དགེ་བསྙེན་ཆེན་པོ་རཱ་ཧུ་ལ༔ གདོང་བཞི་གཟའ་བརྒྱད་རྒྱུ་སྐར་སྡེ༔ མ་ལུས་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད༔ རཱ་ཧུ་ལ་པཱུ་ཛ་བྷ་ལིངྟ་ཁ་རཾ་ཁཱ་ཧི༔ ཅེས་ཀྱང་བླ་མ་དམ་པའི་ངོར་ག་གཱ་ནས་སོ། །རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཚོགས་བདག་དམ་ཅན་སྐྱེས་བུ་དང་༔ འདོད་ཁམས་བདག་མོ་རེ་མ་ཏི༔ དུར་ཁྲོད་མ་མོ་ལྕམ་དྲལ་འཁོར༔ ཨ་ཕྱི་ཆོས་གྱི་སྒྲོན་མ་སོགས༔ མཆོད་འོས་བཀའ་སྡོད་སྤྲུལ་པར་བཅས༔ མ་ལུས་ལུས་པ་མེད་པ་ལ༔ ཕྱི་ནང་གསང་བ་ཡང་གསང་གི༔ མཆོད་པ་དམ་པ་འདི་འབུལ་ལོ༔ བདག་གི་འདོད་དོན་སྒྲུབ་དུ་གསོལ༔ ག་གཱས་སོ། །ཀྱཻ༔ གནོད་སྦྱིན་དམར་ནག་གདོང་བཅུ་བ༔ རྡོ་རྗེ་ལེགས་པ་དབང་ཕྱུག་རྒྱལ༔ མ་མགོན་ལྕམ་དྲལ་ཚེ་རིང་མ༔ ཀུན་དགའ་གཞོན་ནུ་ཙིའུ་དམར༔ ཤ་ཟ་ཧོར་མོ་དབང་གི་རྒྱལ༔ མ་ལུས་འཁོར་དང་བཅས་རྣམས་དགོངས༔ བདག་ཅག་གདུང་བ་ཞི་བྱེད་པ༔ སྲིད་ཀྱི་དོ་ར་མཛེས་པ་རུ༔ དབང་ཐང་འདབ་བརྒྱ་གཡོ་བ་ཡི༔ ཚལ་ཆེན་རྣམ་པར་བཞད་པར་མཛོད༔ ཞེས་སམ་ཡང་ན༔ འདོད་དགུའི་དངོས་གྲུབ་ཆར་ལྟར་ཕོབ༔ བཀྲ་ཤིས་བདེ་ལེགས་ལྷུན་གྲུབ་མཛོད༔ ཅེས་ཀྱང་ག་གཱས་སོ། །ཀྱཻ༔ དཀོར་སྲུང་དབང་གི་རྒྱལ་པོ་དང་༔ ལྷ་གཟའ་ཤན་གསུམ་ཧོར་མོ་སོགས༔ གསང་སྔགས་རྙིང་མའི་བསྟན་སྐྱོང་ཀུན༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐངས༔ རྐྱེན་སོལ་བསམ་དོན་ལྷུན་གྲུབ་མཛོད༔ རྟག་ཏུ་མི་འབྲལ་ཕྲིན་ལས་བསྒྲུབ༔ སརྦ་དྷརྨ་པཱ་ལ་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ ཅེས་ཀྱང་རྒྱལ་ཁོའི་ངོར་ག་གཱས་སོ། །རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༔ ཁྱིམ་ལྷ་ཕུག་ལྷ་ཐབ་ལྷ་དང་༔ ཕ་ལྷ་མ་ལྷ་ཞིང་ལྷ་གཉན༔ སྒོ་ལྷ་ཕྱུག་ལྷ་ནོར་གཡང་ལྷ༔ དགྲ་ལྷ་ཡུལ་ལྷ་ཟས་ཀྱི་ལྷ༔ ཁྱད་པར་བརྟེན་བསྒྲུབ་མཆོད་བསྐང་ཡུལ༔ དབེན་གནས་གཙུག་ལག་ཆོས་འཁོར་སྐྱོངས༔ སློབ་དཔོན་གཉན་པོའི་སྲུང་མ་དང་༔ སྐྱེས་ལྷ་སྲོག་ལྷ་ལེའུའི་ལྷ༔ ལུས་ལྷ་གྲོགས་ལྷ་མཚུན་ལྷ་སོགས༔ འགོ་ཞིང་སྡོང་གྲོགས་སྲུང་སྐྱོབ་མགོན༔ མ་ལུས་ལུས་པ་མེད་པ་ལ༔ གཙང་སྦྱར་བདུད་རྩི་དམ་རྫས་མཆོད་གཏོར་འབུལ༔ ༼ བསང་མཆོད་མཆན། ༽ འཁུ་ལྡོག་གདུག་རྩུབ་འཁྲེན་གཟེར་མ་སྐྱེན་པར༔ རྟག་ཏུ་བྱམས་དང་བརྩེ་བས་བདག་སྐྱོངས་ཞིང་༔ ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་བསྒྲུབས༔ སརྦ་དཱེ་ཝ་ས་མ་ཡ་བཛྲ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ༔ ཅེས་ཀྱང་དབོན་ཚང་སྦྲ་ཆུང་གི་འདོད་སྨོན་བཞིན་ག་གཱ་ཨ་བྷྱེས་སོ། །འདི་ནི་གསོལ་བསྡུས་ཀྱང་ཉན་པ་ཡིན་ནོ། །དགེའོ། །ཧཱུྃ༔ སྨན་གྱི་དྲང་སྲོང་རིག་འཛིན་དང་༔ གྲུབ་པ་ཀུན་མཆོག་ལྷ་མོ་བརྒྱད༔ གཞན་ཡང་ཚེ་རིགས་བསྲུང་མའི་ཚོགས༔ མཆོད་པ་དམ་པ་འདི་བཞེས་ལ༔ འགྲོ་ཀུན་རྒྱུ་འབྲས་ད་སེལ་ཞིང་༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ མ་ཧཱ་བྷེ་ཥ་ཛྱེ་བྷ་ལིང་ཏ་ཁཱ་ཧི༔ ཤྲི་བས་སོ། །ཀྱེ༔ ཞིང་བློན་ཆེན་པོ་ལ་སོགས་པའི༔ བདུད་རྩི་སྨན་གྱི་བསྲུང་མ་རྣམས༔ མཆོད་སྦྱིན་སྐྱེམས་གཏོར་འདི་བཞེས་ལ༔ འགྲོ་བའི་ནད་རིམས་ཞི་བར་མཛོད༔ ཅེས་ཀྱང་ག་གཱས་སོ། །༈ ཧོ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། སངས་རྒྱས་བསྟན་པའི་བསྲུང་མ། མགོན་ཆེན་སྡེ་ལྔ་ལ་སོགས་ལྷ་དམག་བྱེ་བ་དུང་ཕྱུར། དྲེགས་པའི་སྡེ་དཔོན་སུམ་ཅུ། བོད་སྐྱོང་བསྟན་མ་བཅུ་གཉིས། རྗེ་ཡི་མགུར་ལྷ་བཅུ་གསུམ། དཔལ་མགོན་བདུན་ཅུ་རྩ་ལྔ། རྫོགས་ཆེན་བརྒྱུད་པའི་བཀའ་སྲུང་། སྙིང་ཐིག་བརྒྱུད་པའི་ཆོས་སྐྱོངས། རྒྱ་རོང་བརྒྱུད་པའི་བསྟན་སྐྱོང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྲུང་མ། སྟེང་ལྷུན་གྲུབ་རྡོ་རྗེ་བྲག་གི་བསྲུང་མ། ཀཿཐོག་རྡོ་རྗེ་གདན་གྱི་བསྲུང་མ། ཕུག་ཁང་བླ་རབས་བརྒྱུད་ཀྱི་བསྲུང་མ། བདུད་འཇོམས་བླ་རབས་བརྒྱུད་ཀྱི་བསྲུང་མ། ཞེས་པའི་བར་དུ་གང་འདོད་ཀྱི་ལྷ་བཙུད། གཉན་པོ་རྣམས་ཀྱིས་རྣལ་འབྱོར་པ་འདི་ཚང་གི་མི་རབས་མི་བརྒྱུད་ཀྱི་བར་དུ་མགོན་སྐྱབས་སྡོང་གྲོགས་མཛོད་ཅིག བྱམས་བརྩེའི་ཐུགས་རྗེས་སྐྱོངས་ཤིག་ནད་དང་གནོད་པ་བར་ཆད་མི་མཐུན་པའི་ཕྱོགས་ལས་བསྲུང་ཤིག དགྲ་གདོན་འཇིགས་པ་ཆེན་པོའི་གཡང་ས་ཐམས་ཅད་ལས་སྐྱོབས་ཤིག གང་གཉེར་བའི་དོན་ཐམས་ཅད་འགྲུབ་པའི་གྲོགས་སུ་མཛོད་ཅིག རྒྱུ་ནོར་ལོངས་སྤྱོད་གཡང་གི་རུ་མ་མཛོད་ཅིག རྟག་ཏུ་དགའ་སྐྱིད་ཀྱི་དཔལ་དམ་པ་དང་སྤྲོད་ཅིག རུ་ང་ཕྲག་དོག་འཁྲེན་གཟེར་མ་རྐྱེན་གར་འགྲོའི་ཕྱོགས་ཀྱི་ལམ་ལྷ་མཛོད། ཚེ་ཡི་དམུ་ཐག་མཛོད། སྲོག་གི་ཀ་གདན་མཛོད། བྱད་བཟློག་གི་གུར་ཁང་མཛོད། རྐྱེན་བཟློག་གི་ཆུ་ལོན་མཛོད་ཅིག མདོར་ན་ཆོས་སྲིད་དཔལ་ཡོན་ཐམས་ཅད་ཡར་ངོས་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བར་མཛོད་ཅིག ཚུལ་ཁྲིམས་ངོར་ག་གཱས་སོ། །


previousགསོལ་བསྡུས།next