Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུལ་ལྷ་སྤྱིའི་གསེར་སྐྱེམས།
   
   
   
   
   
   
   
   
   
   
   
   
   


 
previousཡུལ་ལྷ་སྤྱིའི་གསེར་སྐྱེམས།next

ཡུལ་ལྷ་སྤྱིའི་གསེར་སྐྱེམས།

ཡུལ་ལྷ་སྤྱིའི་གསེར་སྐྱེམས་བཞུགས་སོ༔

ཀྱཻ༔ ཡུལ་འདིའི་གཞི་བདག་གནས་བདག་རིགས༔ ལྷ་ཀླུ་གཉན་དང་སྡེ་བརྒྱད་ཚོགས༔ དཀར་ནག་སྐྱོངས་བའི་མཐུ་བོ་ཆེ༔ དཔོན་གཡོག་སྨན་བཙུན་སླས་བྲན་སྲས༔མ་ལུས་ལུས་པ་མེད་པ་ལ༔ གཙང་སྦྱར་བདུད་རྩི་གསེར་སྐྱེམས་ཆང་༔ གུས་ཤིང་དངས་བའི་ཡི་རང་གིས༔ རྣལ་འབྱོར་མཆོད་པ་དམ་པ་འབུལ༔ འགལ་རྐྱེན་དགྲ་ཇག་ཆོམ་རྐུན་དང་༔ མི་ནད་ཕྱུག་གི་གོད་ཁ་བཟློག༔ ཁ་ཆར་བུ་ཡུག་རི་ཁྱི་སོགས༔ བརྟན་གཡོས་འཇིགས་པ་མཐའ་དག་སོལ༔ རུ་ང་ཕྲག་དོག་མ་མཛད་པར༔ བྱམས་བརྩེ་གདུང་བས་རྟག་དུ་སྐྱོངས༔ ཅེས་ཀྱང་ཨ་བྷྱེའི་ངོར་ག་གཱས་སོ། །ཡུལ་ལྷ་སྤྱིའི་བསང་བསྡུས་ནི༔ ཀྱཻ༔ ཡུལ་ཕྱོགས་འདིར་གནས་ལྷ་ཀླུ་གཉན༔ སྡེ་བརྒྱད་ཆེ་ཕྲ་ཐམས་ཅད་ལ༔ ཡེ་ཤེས་རྒྱན་གྱིས་བསངས་མཆོད་འབུལ༔ རང་གི་ཡུལ་ཕྱོགས་བདེ་བར་སྐྱོངས༔ དགྲ་ཟིན་མ་བརྗེ་འདུལ་སྐྱོངས་བྱམས༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ མི་ལ་ལྷ་མེད་མགོན་པོ་བྲལ༔ ལྷ་ཡི་མི་དོར་ཡིད་ཆད་ཁྲེལ༔ དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས༔ དྲེགས་པའི་གདུང་གིས་འདུལ་བའི་གཟུགས༔ ཐུགས་བསྐྱེད་མཐུ་རྩལ་ཆུད་མ་གསན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཀྱང་རྣལ་འབྱོར་ག་གཱས་སོ། ། ཀྱེ༔ ཡུལ་འདིའི་གཞི་བདག་འཁོར་བཅས་ལ༔ བདུད་རྩི་གསེར་སྐྱེམས་བསངས་གཏོར་འབུལ༔ རུ་ང་ཕྲག་དོག་གདུག་རྩུབ་སྤོངས༔ བྱམས་སྐྱོང་འདོད་དོན་ལྷུན་གྲུབ་མཛོད༔ ཅེས་ཀྱང་ག་གཱས་སོ། །དགེའོ། །ཧོ༔ གཟོད་ནས་སྤྲོས་བྲལ་ཆོས་སྐུར་བྱང་ཆུབ་ཀྱང་༔ ཐུགས་རྗེའི་གདུལ་ཐབས་ཡེ་ཤེས་འཇིག་རྟེན་ཚུལ༔ མ་ངེས་ཆོ་རོལ་ཅིར་ཡང་སྤྲུལ་པའི་སྐུ༔ བཀའ་སྲུང་ཆོས་སྐྱོང་གཉན་པོ་ཁྱེད་རྣམས་ཀྱིས༔ ལུང་རྟོགས་གཉིས་ལྡན་སངས་རྒྱས་བསྟན་པ་སྐྱོངས༔ བཤད་བསྒྲུབས་ཆོས་སྡེའི་དབུ་འཕང་དགུང་ལ་བསྟོད༔ དགེ་འདུན་འདུས་ཚོགས་གང་ན་འདུག་ཀྱང་རུང་༔ ཐུགས་མཐུན་ཁྲིམས་གཙང་བསླབ་འདོད་རབ་བྱུང་ཐོབ༔ དོན་འགྲུབ་རྙེད་དང་བཀུར་སྟི་ཕུ་དུད་བཅས༔ ཆོས་ཚུགས་རྒྱལ་མཚན་སྲིད་གསུམ་དག་པོ་ཡིས༔ ཕྱག་དང་མོས་གུས་བསྔགས་པའི་མེ་ཏོག་དང་༔ ཕྱོགས་བཅུའི་རྒྱལ་བའི་ཞིང་དུ་གྲགས་འབར་མཛོད༔ སྡོམ་དང་བསླབ་པ་དམ་ཚིག་བཅས་པ་ཀུན༔ མ་ཉམས་མི་དམའ་མ་འདྲེས་མ་སྦགས་པའི༔ སེམས་ལ་དབང་ཐོབ་དྲན་ཤེས་ཞི་གནས་དང་༔ ཤེས་རབ་ལྷག་མཐོང་ཟུང་འཇུག་བསྐུལ་མ་མཛོད༔ འདོད་ལྷའི་མདའ་ལྔ་ལ་སོགས་བར་ཆད་བདུད༔ དམ་སྲི་རྒྱལ་འགོངས་བདུད་བགེགས་ལོག་འདྲེན་རིགས༔ ཆོས་དང་སྲིད་ལ་གནོད་བྱེད་དགྲ་བགེགས་དཔུང་༔ མ་ལུས་ཐལ་བའི་རྡུལ་ཕྲན་བཞིན་དུ་མཛོད༔ མདོར་ན་ཞི་རྒྱས་དབང་དྲག་རབ་འབྱམས་པའི༔ ཕྲིན་ལས་གང་འདོད་གང་བསྒྲུབས་ཐམས་ཅད་ཀུན༔ བར་ཆད་ཉེ་བར་འཚེ་བས་མི་བརྫི་བར༔ ཡོངས་སུ་འགྲུབ་པའི་མཐུན་རྐྱེན་ཁྱེད་ཀྱིས་བསྒྲུབས༔ ཁྱད་པར་མཆོག་བསྒྲུབ་དངོས་པོ་ཕྲ་མོར་བཅས༔ བདེ་སྟོང་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས༔ ཕྱག་རྒྱ་འོད་གསལ་ཟུང་འཇུག་མཐར་ཕྱིན་གྱི༔ དངོས་གྲུབ་ཆེན་པོར་རེ་སྨོན་ལྷུན་གྲུབ་མཛོད༔ ཡེ་ནས་རང་བྱིན་རློབས་པའི་ཡེ་ཤེས་སེམས༔ མ་བཅོས་བདེ་བར་གཤེགས་པའི་རྨད་བྱུང་ཁམས༔ བྱང་ཆུབ་ཡོན་ཏན་མངོན་གྱུར་སངས་རྒྱས་ཀྱི༔ ཕྲིན་ལས་དམ་པས་འགྲོ་ཁམས་བསྟོངས་ནུས་པའི༔ དུས་རྣམས་ཀུན་ཏུ་ཁྱེད་ལ་རེ་ལྟོས་འཆའ༔ རྒྱལ་དང་རིག་འཛིན་དམ་པའི་བཀའ་དམ་བཞིན༔ ཡལ་གམ་ལེན་པའི་བདག་དེ་ཉིད་ལགས་ན༔ ཐུགས་བསྐྱེད་དམ་བཅའ་མ་འདའ་ས་མ་ཡཱ༔ ཅེས་ཀྱང་བསླབ་གསུམ་འཛིན་པ་ཤེས་རབ་པས་བསྐུལ་བཞིན་ག་གཱས་སོ། །


previousཡུལ་ལྷ་སྤྱིའི་གསེར་སྐྱེམས།next