Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསང་བསྡུས་དགེ་ལེགས་འབྱུང་གནས།
   
   
   
   
   
   
   
   


 
previousབསང་བསྡུས་དགེ་ལེགས་འབྱུང་གནས།next

བསང་བསྡུས་དགེ་ལེགས་འབྱུང་གནས།

བསང་བསྡུས་དགེ་ལེགས་འབྱུང་གནས་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །བསང་རྫས་སྣ་ཚོགས་ཚང་བྱས་ལ༔ རང་ཉིད་ཡི་དམ་གསལ་བའི་ངང་༔ ཧོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་དོན་དུ་བྱང་སེམས་བསྐྱེད༔ གནས་སྐབས་མཐར་ཐུགས་ཚོགས་རྫོགས་ཕྱིར༔ མཆོད་སྦྱིན་རྒྱ་མཚོའི་དགོངས་པར་འཛུམ༔ བྷྲཱུྃ༔ ལས་རིན་ཆེན་སྣོད་ནང་དུ༔ མཆོད་བསྲེགས་གཙང་སྦྱར་འདོད་ཡོན་ཚོགས༔ ཟག་མེད་ཏིང་ངེ་འཛིན་གྱིས་བརླབས༔ འཁོར་འདས་གྱ་ནོམ་ལོངས་སྤྱོད་གྱུར༔ ཨོཾ་ཨཱཿཧཱུྃ༔ རཾ༔ ཞལ་ཕྱག་མཚན་བྲལ་གོས་དཀར་མོའི༔ མཁའ་ཀློང་བདེ་སྤྲིན་ལྷ་མོ་ནི༔ ཀུན་མཆོག་དཔལ་ལྡན་བླ་མ་དང་༔ རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་དང་༔ རྩ་བ་གསུམ་གྱི་ལྷ་ལ་འབུལ༔ སྐྱབས་མཆོག་རིན་ཆེན་རྣམ་གསུམ་དང་༔ སྐུ་གསུམ་ཀློང་བཞུགས་ལྷ་ཡི་ཚོགས༔ བསོད་ནམས་ཡེ་ཤེས་ཞིང་རབ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ བཀའ་གཏེར་གསར་རྙིང་སྲུང་མ་དང་༔ འགོ་ཞིང་སྐྱོབས་དང་གནས་ཡུལ་གཞིའི༔ ཁ་མགོན་སྡོང་གྲོགས་བྱེད་པ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ཕོ་གདོན་མོ་གདོན་ཀླུ་གདོན་དང་༔ གཟའ་གདོན་སྡེ་བརྒྱད་ལ་སོགས་པའི༔ སྣང་སྲིད་དཀར་ནག་ལྷ་འདྲེ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ལན་ཆགས་བདག་པོ་བདག་མོ་དང་༔ ཕ་མ་རིགས་དྲུག་སྙིང་རྗེའི་མགྲོན༔ སྲིད་པ་བར་མའི་འགྲོ་བ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ཁས་ཞན་དབང་ཆུང་ཉམ་ཐག་པའི༔ ལྷག་མའི་མགྲོན་དུ་གྱུར་པ་དང་༔ ནད་ཡམས་དལ་གྱིས་བདག་པོ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ༈ གཞན་ཡང་འཁོར་འདས་གཉིས་ཆར་གྱི༔ མཆོད་འོས་བརྔན་འོས་མགྲོན་རིགས་ལ༔ འདོད་ཡོན་མ་ཚང་མེད་པ་འདིའི༔ བདུད་རྩི་བསང་གི་མཆོད་པ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་༔ འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་བསྒྲུབས༔ ལན་ཆགས་བུ་ལོན་དཀོར་སྒྲིབ་བྱང་༔ སོ་སོའི་སྡུག་བསྔལ་ཀུན་བྲལ་ཤོག༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ བསང་འདིས་མཐར་ཐུག་སྐུ་གཉིས་ཀྱི༔ གོ་འཕང་བདེ་བླག་ཐོབ་པར་ཤོག༔ ཅེས་ཀྱང་པདྨ་མ་ཏིའི་ངོར་ག་གཱས་སོ། །༈ ཡང་ན༔ དགྲ་ལྷ་གཉན་པོ་འཁོར་དང་བཅས༔ རྣལ་འབྱོར་བདག་གི་བརྟེན་བསྒྲུབས་དང་༔ མཆོད་བསྐང་འབྲེལ་བའི་མགོན་པོ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ཞེས་བཏགས་ཀྱང་ཆོག༔ ཡང་རྗེས་སུ༔ དེ་ལྟར་བསང་ཞིང་བརྔན་པའི་མཐུས༔ རྣལ་འབྱོར་རྒུད་པའི་རླུང་རྟ་བསྟོད༔ འཁོར་འདས་ཕྱྭ་གཡང་བདག་ལ་སྩོལ༔ བསྡུ་ལྡང་སོགས༔ འཁོར་གསུམ་དམིགས་པའི་དངོས་པོ་ཀུན༔ དམིགས་མེད་ཆོས་དབྱིངས་ངང་དུ་བཞག༔ གནས་སྐབས་མཐར་ཐུག་སྨོན་གནས་ཀྱི༔ རེ་འབྲས་ཡིད་བཞིན་ལྷུན་གྲུབ་པའི༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག༔ ཅེས་པ་འདི་དག་ཀྱང་རྡོ་རྗེའི་མཆེད་ཀྱི་དངས་མ་བླ་མ་ཨོ་མུག་དང་ཐེག་མཆོག་གཉིས་ཀྱི་གསུང་བསྐུལ་ངོར་ག་གཱས་སོ། །དགེའོ། །ཉོན་མོངས་ཤེས་བྱའི་སྒྲིབ་པས་དྲི་མའི་བག༔ ཀུན་བརྟགས་གཟུང་དང་འཛིན་པའི་རྣམ་རྟོག་ཀུན༔ རང་བྱུང་ཡེ་ཤེས་ཆེན་པོའི་ཀློང་དུ་དག༔ བསང་དང་བསང་བྱ་དབྱེར་མེད་ངང་དུ་གྲོལ༔ ཨ་ལ་ལ་ཧོ༔ བཛྲ་ཤུདྡྷོ་ཨཱ༔ ཀིས་ཧིས་ཧིས༔ ག་གཱས་སོ། །ཁ་དོག་རབ་དཀར་ཀཻ་ལ་ཤ་རིར་ཟླ་གཞོན་འབུམ་འཁྱུད་བརྟན་པ་འཕྲོགས། །དབང་རྒྱལ་འོད་འབར་སྒྲུབ་མཆོག་བུ་ལ་འདོད་རྒུའི་དངོས་གྲུབ་མཆོག་སྟེར་དང་། །མངོན་ཤེས་རིགས་གསུམ་ཆགས་ཐོགས་མེད་མཚོན་མེ་ལོང་བསྣམས་པས་སྒེག་ཚུལ་ཅན། །གཡུ་སྒྲོན་མཆེད་ལྔའི་མཚན་སྙན་གདུགས་དཀར་སྲིད་རྩེར་གཡོ་གང་དེ་ལ་འདུད། །ཚུར་རོལ་ཕ་རོལ་མཐའ་ལས་འདས་པས་ཡེ་ཤེས་སྒྱུ་འཕྲུལ་མཚུངས་པ་མེད། །ཆེ་བཙན་རྒྱལ་པོའི་ཟོལ་དུ་མཛད་ཅིང་འབྲས་ཆོས་ལྔ་ཡི་རང་མདངས་འཁོར། །ཚད་མེད་བདེ་ཆེན་རུ་འདྲེན་དཔུང་ཚོགས་ཡན་ལག་བཞི་ཡི་དབུས་ན་རྔམས༔ ཆོས་སྐྱོང་ཆེན་པོ་ལི་བྱིན་བེ་དཀར་དགྱེས་སྡེ་སྤྲུལ་པའི་ཚོགས་ལ་འདུད༔ ཤྲཱི་ག་གཱས་སོ། །


previousབསང་བསྡུས་དགེ་ལེགས་འབྱུང་གནས།next