Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
མ་ཅིག་ཌཱཀྐིའི་རྒྱུན་ཁྱེར་མཁའ་སྤྱོད་རིག་འཛིན་ཞིང་བསྒྲོད།
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousམ་ཅིག་ཌཱཀྐིའི་རྒྱུན་ཁྱེར་མཁའ་སྤྱོད་རིག་འཛིན་ཞིང་བསྒྲོད།next

མ་ཅིག་ཌཱཀྐིའི་རྒྱུན་ཁྱེར་མཁའ་སྤྱོད་རིག་འཛིན་ཞིང་བསྒྲོད།

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཌཱཀྐིའི་རྒྱུན་ཁྱེར་མཁའ་སྤྱོད་རིག་འཛིན་ཞིང་བསྒྲོད་བཞུགས་སོ༔

ན་མོ་ཌཱཀྐི་ནི་ཡེ་བྷྱ༔ མ་དང་ཌཱཀྐིའི་ཚོགས་ལ་གུས་བཏུད་ནས༔ སྤྲོས་མེད་རྣལ་འབྱོར་རྒྱུན་གྱི་ཁྱེར་བདེ་ནི༔ དཀྱིལ་འཁོར་གཏོར་མ་བསྐྱེད་རིམ་མང་མི་དགོས༔ འཇུག་པ་བདེ་ཕྱིར་སྤྲོས་བྲལ་གཉུག་མའི་ངང་༔ སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྐྱེད་པ་ནི༔ ན་མོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ གཞན་དོན་བྱང་ཆུབ་མཆོག་སེམས་བསྐྱེད༔ ལན་གསུམ་བྱ༔ ཨཱ༔ འཁོར་འདས་མཉམ་ཉིད་དག་པ་ཆོས་སྐུའི་ཀློང་༔ རང་རྩལ་འགགས་མེད་སྙིང་རྗེ་སྤྲུལ་པའི་ལྷ༔ མ་ཅིག་ལབ་ཀྱི་སྒྲོལ་མ་སྐུ་མདོག་དཀར༔ ཞི་འཛུམ་ལང་ཚོ་རབ་མཛེས་བཅུ་དྲུག་ཚུལ༔ གནག་སྣུམ་དབུ་སྐྲ་ཚར་གྱི་ལན་བུ་གཡོ༔ རིན་ཆེན་རྩེ་བྲན་དར་སྣ་ལྔ་ཡིས་བརྒྱན༔ ཞལ་གཅིག་ཕྱག་གཉིས་གཡས་པས་ཅང་ཏེའུ་འཁྲོལ༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ དར་དཀར་རལ་ཀ་གསོལ་ཞིང་རུས་པས་བརྒྱན༔ དྲིལ་གཡེར་སྙན་པའི་སྒྲ་སྒྲོགས་འོད་ལྔའི་ཀློང་༔ བདེ་སྟོང་གཡོ་མེད་གར་གྱི་རྣམ་རོལ་གྱིས༔ ཆགས་བྲལ་པདྨ་ཟླ་བའི་གདན་ལ་བཞུགས༔ རང་བཞིན་མ་གྲུབ་གསལ་འཚེར་འོད་ཟེར་འབར༔ སྣང་སྟོང་དབྱེར་མེད་སྐུ་གསུམ་ཌཱཀྐིའི་ལྷ༔ མ་དག་གཟུང་འཛིན་འཁྲུལ་རྟོག་དབྱིངས་སུ་ཡལ༔ དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་ཤར༔ ཅེས་བརྗོད་སྐྱེ་མེད་རྡོ་རྗེའི་བཟླས་པ་ནི༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ༔ ཅེས་བཟླས༔ དེ་ནས་རྩ་བའི་བསྙེན་པ་དངོས་ནི༔ ཨོཾ་བཾཿཧཿརིཿནིཿསཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་ཡེངས་མེད་རྩེ་གཅིག་ངང་ནས་བཟླས༔ གཏད་མེད་བློ་འདས་ཆོས་སྐུའི་ངང་ལ་བཞག༔ རྟོག་ཚོགས་ཡེ་ཤེས་ལྷ་ཡིས་དཀྱིལ་འཁོར་བསྒོམ༔ མ་དང་ཌཱཀྐིའི་ཡང་སྙིང་འདི་བཟླས་པས༔ སྣང་བ་བརྡ་དང་རྟེན་འབྲེལ་ཆོས་སྐུར་འཆར༔ མ་ཅིག་ཌཱཀྐིའི་དངོས་ཉམས་རྨི་ལམ་དུ༔ བླང་དོར་ལུང་སྟོན་བློ་གྲོས་ཐོགས་མེད་རྒྱས༔ སྣང་སྲིད་ལྷ་འདྲེ་མ་ལུས་བྲན་དུ་ཁོལ༔ ནམ་ཞིག་མཁའ་སྤྱོད་རིག་འཛིན་ཞིང་དུ་བསྒྲོད༔ ཨྠི༔ རྒྱ་རྒྱ་རྒྱ༔ ས་མ་ཡཱ༔ དེ་ལྟར་ཁོ་བོ་ནམ་མཁའི་མིང་ཅན་གྱིས། །ཆོས་ཉིད་ནམ་མཁའི་ཀློང་མཛོད་ཟབ་མོ་ནས། །རྟེན་འབྲེལ་ཕྱོགས་མེད་བསྒྲིགས་པའི་དགོས་ཆེད་དུ། །རིག་རྩལ་མཁའ་འགྲོའི་བརྡ་རིས་ལས་ཕབ་པས། །དགེ་བས་འགྲོ་དོན་ནམ་མཁའ་མཉམ་པར་ཤོག །ཅེས་གསུངས་སོ། །དགེའོ། །དགེའོ། །དགེའོ། །


previousམ་ཅིག་ཌཱཀྐིའི་རྒྱུན་ཁྱེར་མཁའ་སྤྱོད་རིག་འཛིན་ཞིང་བསྒྲོད།next