Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་འགུགས་རྡོ་རྗེའི་ལྕགས་ཀྱུ།
   
   
   
   


 
previousབླ་འགུགས་རྡོ་རྗེའི་ལྕགས་ཀྱུ།next

བླ་འགུགས་རྡོ་རྗེའི་ལྕགས་ཀྱུ།

དགོངས་གཏེར་རྡོ་རྗེའི་གན་མཛོད་ལས༔ བླ་འགུགས་རྡོ་རྗེའི་ལྕགས་ཀྱུ་བཞུགས༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །ཐོག་མར་རང་ཉིད་ལྷ་རུ་གསལ༔ དེ་ཡི་བསྙེན་པ་ཅི་འགྲུབ་མཐར༔ ལས་ལ་སྦྱར་བའི་རིམ་པ་ནི༔ བཅའ་ཤོམས་ལ་སོགས་མེད་ཀྱང་རུང་༔ རང་ཉིད་ཡི་དམ་གྱི་ཐུགས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུ་མཐའ་ཡས་མུ་མེད་པར་འཕྲོས་པས༔ དུས་བཞི་ཕྱོགས་བཅུའི་ཁམས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་འཆི་བ་མེད་པའི་ཚེ་བཅུད༔ རྡོ་རྗེ་ལྟ་བུའི་གཟི་བྱིན༔ གཡུང་དྲུང་ལྟ་བུའི་མངའ་དབང་ཐམས་ཅད་བསྡུས་ཏེ་སྲོག་མི་ཤིགས་པའི་གའུར་བརྟན་པར་བསམ་ལ༔ ཨ་ཨཱཿཧཱུྃ་སྭཱ་ཧཱ༔ བྷྲཱུྃ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨཱ་ཡུཿ ཥེ་ཧཱུྃ་ཨཱ༔ ཅི་འགྲུབ་མཐར༔ སླར་ཡང་འོད་ཟེར་མར་འཕྲོས༔ ཁམས་གསུམ་སྣོད་བཅུད་ཀྱི་དཔལ་ཡོན་དང་༔ ཁྱད་པར་དུ་རང་གི་བླ་འཁྱམས་པ་དང་༔ རྐྱེན་གྱིས་ཡར་བ་དང་༔ བྱད་དུ་བཀུགས་པ༔ ལྷ་འདྲེའི་འཕྲོགས་པ་ལ་སོགས་པ་ཐམས་ཅད་བཀུགས་ནས་གནས་ལྔར་བླ་དྭགས་རླུང་ཁ་དོག་ལྔའི་མིང་གཟུགས༔ སྤྱི་བོ་ན་མིང་ཡིག་ཐིག་ལེའི་བརྒྱན་པ༔ མགྲིན་པ་ན་རུས་ཡིག་ཐིག་ལེའི་བརྒྱན་པ༔ སྙིང་ཀ་ན་སྲོག་ཡིག་ཐིག་ལེའི་བརྒྱན་པ༔ ལྟེ་བ་ན་བླ་ཟོག་ཐིག་ལེའི་བརྒྱན་པ༔ མདོམས་ན་ལུས་ཁམས་ཀྱི་རང་བཞིན་རླུང་དབྱིབས་མདོག་མ་གྲོགས་ཀྱི་མཚན་པ་ཐིག་ལེའི་བརྒྱན་པ༔ ཡང་མགོ་བོ་ན་རླུང་གི་ཐིག་ལེ་དམར་པོའི་དབུས་སུ་ཁམས་བྱང་སེམས་རྟ་སྦྲུལ་དམར་པོ༔ ལག་གཡས་ན་འབྲུག་ལྗང་གུ༔ གཡོན་ན་ལུག་སེར་པོ༔ ༼ མཁལ་གཡས་སུ་སྟག་ཡོས་ལྗང་གུ༔ ༽མཁལ་གཡོན་ན་བྱ་སྤྲེལ་ནག་པོ༔ རྐང་གཡོན་དུ་ཁྱི་སྔོན་པོ༔ ཕོ་མོའི་དབང་པོ་ལ་བྱི་ཕག་དཀར་པོ༔ རྐང་བ་གཡས་སུ་གླང་སེར་པོ་རྣམས་ཀྱི་སྙིང་གར་མི་ཤིགས་སུམ་བརྩེགས་ཀྱི་ཧེ་རུ་ཀ༔ སྙིང་ཀ་ལ་ཆེ་མཆོག༔ མཁལ་གཡས་སུ་ཡང་དག༔ མགོ་བོ་ལ་འཇམ་དཔལ༔ རྩིབ་གཡོན་ན་རྟ་མཆོག༔ མདོམས་ཀྱི་དབང་པོ་ལ་ཕུར་པ་ཕྲིན་ལས༔ ལག་གཡས་སུ་སྣ་ཚོགས་ཧེ་རུ༔ གཡོན་ན་རིག་འཛིན་རྡོ་རྗེ༔ རྐང་གཡོན་གསང་བདག༔ གཡས་སུ་སྟོབས་ལྡན་རྣམས་རྡོ་རྗེ་དྲིལ་བུ་འཛིན་པ༔ ཐུགས་ཀར་རླུང་གི་གཉུག་མ་ཐིག་ལེ་རང་མདོག་གི་སྙིང་པོ་ཧཱུྃ་རེའི་བརྒྱན་པ༔ འཁོར་ལོ་ལྔའི་ཐིག་ལེའི་དབུས་སུ་དཔའ་བོ་དཀར་དམར་མཐིང་སེར་ལྗང་གུ་གྲི་ཐོད་འཛིན་པའི་ཐུགས་ཀར་ཧཱུྃ་ར་ཙ་ཧྲཱི་ཡ༔ ཀུན་ཀྱང་ཡུམ་གྲི་ཐོད་འཛིན་པ་རང་མདོག་གིས་འཁྱུད་པའི་ཐུགས་ཀར་བཾ་ཧ་རི་ནི་སཿམཚན་པ་ཅན༔ དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ་རྣམས་གསལ་བ་ལ་ཐིམ་པས་རྟག་པ་རྒྱུན་གྱི་འཁོར་ལོའི་མངའ་ཐང་ཕུན་སུམ་ཚོགས་པ་རྫོགས་པར་བསམ་ལ༔ རྩ་སྔགས་མཐར༔ ཁམས་གསུམ་སྐྱེ་རྒུའི་བླ་ཡིད་ཝ་ཤཾ་ཀུ་རུ་ཧོ༔ ཞེས་མཐར༔ ཨ༔ ཕྱི་ལྟར་འབྱུང་བ་སྣ་ཚོགས་ཁམས༔ ནང་ལྟར་ཕུང་ལྔའི་སྟོང་པའི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་མངོན་རྫོགས་ཧེ་རུ་ཀ༔ ཡང་གསང་མཁའ་འགྲོ་སངས་རྒྱས་དཔལ༔ མཆོག་གསང་རྡོ་རྗེ་ཀུན་བཟང་གཙོ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ དབུས་ཀྱིས་ཕྱོགས་སུ་ཡར་བའི་བླ༔ སྟོང་ཆའི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ ཚངས་པའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ༼ ཧཱུྃ༔ ཕྱི་ལྟར་འབྱུང་བ་ཤིང་གི་ཁམས༔ ནང་ལྟར་ཟིན་ཞེས་རྩ་ཡི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་ཡང་དག་ཧེ་རུ་ཀ༔ ཡང་གསང་མཁའ་འགྲོ་རྡོ་རྗེ་དཔལ༔ མཆོག་གསང་རྡོ་རྗེ་སེམས་དཔའ་སྟེ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ཤར་གྱི་ཕྱོགས་སུ་ཡར་བའི་བླ༔ རྩ་ཡི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ དྲི་ཟའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ བརྡ་ཆད་སླར་ཁ་བསྐང་ངོ་། ༽ ཧཱུྃ༔ ཕྱི་ལྟར་འབྱུང་བ་མེ་ཡི་ཁམས༔ ནང་ལྟར་ལི་ཡན་ཚེ་ཡི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་གཤིན་རྗེའི་གཤེད་པོ་སྟེ༔ ཡང་གསང་མཁའ་འགྲོ་རིན་ཆེན་དཔལ༔ མཆོག་གསང་རྡོ་རྗེ་རིན་ཆེན་མཛོད༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ལྷོ་ཡི་ཕྱོགས་སུ་ཡར་བའི་བླ༔ དྲོད་ཀྱི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ གཤིན་རྗེའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་ལྕགས་ཀྱི་ཁམས༔ ནང་ལྟར་དྭ་ཞེས་རུས་པ་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་རྟ་ཡི་རྒྱལ་པོ་འབར༔ ཡང་གསང་མཁའ་འགྲོ་པདྨ་དཔལ༔ མཆོག་ཏུ་རྡོ་རྗེ་ཆགས་མཆོག་ཚོགས༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ནུབ་ཀྱི་ཕྱོགས་སུ་ཡར་བའི་བླ༔ སྲ་བའི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ ཆུ་བདག་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་ཆུ་ཡི་ཁམས༔ ནང་ལྟར་ཁམ་ཞེས་སྤར་ཁའི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་ཐལ་འབྱིན་རྡོ་རྗེ་ཞེས༔ བླ་མེད་ལས་ཀྱི་མཁའ་འགྲོ་ལ༔ མཆོག་གསང་རྡོ་རྗེ་དོན་ཡོད་རྩལ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ བྱང་གི་ཕྱོགས་སུ་ཡར་བའི་བླ༔ ཁྲག་གི་ཁམས་ལ་བརྟེན་པའི་བླ༔ རྣམ་ཤེས་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ གནོད་འཛིན་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་རླུང་གི་ཁམས༔ ནང་ལྟར་ཟོན་ཏེ་དབུགས་ཀྱི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་བི་ཤྭ་ཧེ་རུ་ཀ༔ ཡང་གསང་སྣ་ཚོགས་མཁའ་འགྲོའི་དཔལ༔ ཤིན་ཏུ་ཡིད་མི་འཁྲུགས་པའི་ངང་༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ཤར་ལྷོ་ཕྱོགས་སུ་ཡར་བའི་བླ༔ དབུགས་ཀྱི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ མེ་ལྷའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་ས་ཡི་ཁམས༔ ནང་ལྟར་ཁོན་ཏེ་ཤ་ཡི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་བླ་མ་རིག་འཛིན་སྐུ༔ ཡང་གསང་དམ་ཚིག་མཁའ་འགྲོ་མ༔ མཆོག་ཏུ་མགོན་པོ་སྤྱན་རས་གཟིགས༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ལྷོ་ནུབ་ཕྱོགས་སུ་ཡར་བའི་བླ༔ ཤ་ཆེན་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ སྲིན་པོའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་འབྱུང་བ་ནམ་མཁའི་ཁམས༔ ནང་དུ་ཁེན་གནམ་ཤེས་པའི་ལྷ༔ དྭངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་དྲེགས་པ་ཀུན་འདུལ་སྐུ༔ ཡང་གསང་ཤ་ཟ་མཁའ་འགྲོ་མ༔ མཆོག་ཏུ་རྡོ་རྗེ་རྣམ་སྣང་དཔལ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ ནུབ་བྱང་ཕྱོགས་སུ་ཡར་བའི་བླ༔ སེམས་ཀྱི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ རླུང་ལྷའི་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་རི་ཡི་དབང་པོའི་ཁམས༔ ནང་ལྟར་གིང་འཁོར་སྙིང་གི་ལྷ༔ དངས་མ་བདུད་རྩི་བླ་ཡི་རྟེན༔ གསང་བ་སྟོབས་ལྡན་འབར་བའི་སྐུ༔ ཡང་གསང་ལས་ཀྱི་མཁའ་འགྲོ་མ༔ མཆོག་ཏུ་མི་བསྐྱོད་རྡོ་རྗེ་སྟེ༔ ཁྱོད་བཞེངས་རང་བཞིན་ཤུགས་མངའ་བས༔ ཐུགས་རྗེ་ཆེན་པོའི་ས་མ་ཏིས༔ བྱང་ཤར་ཕྱོགས་སུ་ཡར་བའི་བླ༔ སྲོག་གི་ཁམས་ལ་བརྟེན་པའི་བླ༔ ཤེས་པ་གནས་བརྟེན་ཆགས་པའི་བླ༔ དོན་ལ་ཉམས་པ་མེད་ནའང་༔ གནས་སྐབས་ཟག་བཅས་མ་གྲོལ་ལ༔ བསྐུལ་ཞིང་གསོལ་ལོ་ལྷག་པའི་ལྷ༔ དབང་ལྡན་ལག་ནས་ད་ཕྲོགས་ལ༔ སོར་ཆུད་གོང་འཕེལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཕྱི་ལྟར་བླ་ཡི་མིང་གཟུགས་ལ༔ གདན་ནི་འབྱུང་བ་ཆེན་པོ་དགུ༔ རང་བཞིན་བྱང་ཆུབ་དྭངས་མའི་ཁམས༔ གཟུགས་ལ་ལོ་སྐོར་བཅུ་གཉིས་ཤར༔ ཕྱག་རྒྱ་སྤར་ཁའི་རྟགས་བརྒྱད་དོ༔ འཕོ་བའི་བྱེད་པས་སྨེ་བ་སྲིད༔ གཡོ་གནས་དུས་ཀྱི་ལོ་ཟླ་སྟེ༔ སེལ་དུ་རྟེན་འབྲེལ་སྲིད་པ་བྱུང་༔ ངོ་བོ་རང་སེམས་དུག་ལྟར་སྐྱེས༔ སྐྱོབས་མཛད་ལྷ་ལ་དེ་སྙེད་གྲངས༔ ངེས་པར་སངས་རྒྱས་དཀྱིལ་འཁོར་ཆེ༔ སྲོག་ལ་ཡི་གེ་ལྔ་ལས་ཆགས༔ གནས་ལུགས་རང་གྲོལ་ཡེ་ཤེས་ལྔ༔ ཆོས་ཅན་ཆོས་ཉིད་འདི་དག་གིས༔ བདེན་པ་ཆེན་པོའི་བླ་ཁུག་ཅིག༔ བླ་རྟེན་གཟུགས་དང་དབྱེར་མེད་བསྟིམ༔ སྤར་སྨེ་ཚེས་ལྷས་མགོན་པོ་མཛོད༔ རྒྱལ་བ་རིགས་ལྔས་བྱིན་གྱིས་རློབས༔ དཔའ་བོ་མཁའ་འགྲོའི་རྒྱ་ཡིས་ཐོབ༔ ཨོཾ་བཛྲ་ཎ་ཨཾ་ཀུ་ཤ་ཛ་ཛ༔ དེ་ནས་རབས་བྱུང་བཤད་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ རྒྱལ་པོ་ཆེན་པོ་ཟས་གཙང་གི༔ བླ་ཚེའི་ལྗོན་པ་ཉམས་པ་ན༔ ཐབས་མཁྱེན་བཅོམ་ལྡན་འཁོར་བཅས་ཀྱིས༔ གསང་སྔགས་ཆོ་ག་བཀྲོལ་མཛད་དེ༔ དུས་མ་ཡིན་པའི་འཆི་བ་བཟློག༔ ཡང་སྔོན་བདེ་བ་ཅན་གྱི་ཞིང་༔ རྒྱལ་པོ་ཆེན་པོ་དབང་པོའི་དཔལ༔ བླ་ཚེའི་ལྗོན་པ་ཉམས་པ་ན༔ ཐབས་མཁྱེན་བྲམ་ཟེའུ་རྒྱ་མཚོའི་རྡུལ༔ གསང་སྔགས་ཆོ་ག་བཀྲོལ་མཛད་དེ༔ དུས་མ་ཡིན་པའི་འཆི་བ་བཟློག༔ དེ་འོག་བེ་ཏའི་སྤོར་ཐང་རྒྱལ༔ བདེ་སྤྱོད་བཟང་པོ་ཞེས་བྱ་བའི༔ བླ་ཚེའི་ལྗོན་པ་ཉམས་པ་ན༔ ཐབས་མཁྱེན་འཕགས་པ་ཀླུ་སྒྲིབ་ཀྱིས༔ གསངས་སྔགས་ཆོ་ག་བཀྲོལ་མཛད་དེ༔ དུས་མ་ཡིན་པའི་འཆི་བ་བཟློག༔ དེ་རྗེས་བྲག་དམར་བསམ་ཡས་སུ༔ ཁྲི་སྲོང་ལྷ་ཡི་མེ་ཏོག་གི༔ བླ་ཚེའི་ལྗོན་པ་ཉམས་པ་ན༔ ཐབས་མཁྱེན་པདྨ་འབྱུང་གནས་ཀྱི༔ གསང་སྔགས་ཆོ་ག་བཀྲོལ་མཛད་དེ༔ དུས་མ་ཡིན་པའི་འཆི་བ་བཟློག༔ ད་ལྟ་རྣལ་འབྱོར་བདག་གིས་ཀྱང་༔ དཔོན་སློབ་འཁོར་དང་བཅས་པ་ཡི༔ སུ་ཞིག་བླ་ཚེ་ཉམས་པ་དང་༔ ཐབས་མཁས་གསང་སྔགས་རྗེས་བསྒྲུབ་སྟེ༔ མཐུ་སྟོབས་མགོན་པོ་ཁྱེད་གསོལ་ན༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ བླ་ཚེ་ལྕགས་ཀྱི་ལྗོན་པ་ལ༔ མངོན་མཐོའི་དཔལ་གྱི་ཡལ་ག་རྒྱས༔ ངེས་ལེགས་དཔྱིད་པོའི་འབྲུར་ཆགས་ནས༔ རང་གཞན་ཀུན་གྱི་ཕོངས་པ་སེལ༔ བདེ་སྐྱིད་བཅུད་ཀྱིས་འཚོ་བ་ཡིས༔ བཀྲ་ཤིས་ཡར་གྱི་ཟླ་རྒྱས་ཤོག༔ དེ་ནས་བརྟན་པར་རྒྱས་གདབས་པ༔ ཧཱུྃ༔ དོན་གྱི་རྡོ་རྗེ་གཉུག་མ་རྩེ་གཅིག་བླ༔ འཕོ་བའི་སྒྲིབ་པས་མ་སྨད་ཕྱག་རྒྱ་ཆེ༔ དེ་རིང་རྣལ་འབྱོར་བླ་འདི་ལྕགས་ལས་སྲ༔ ཡས་དབབ་རང་བཞིན་གཅིག་པའི་བརྟན་བྱིན་ཕོབ༔ བྷྲཱུྃ༔ རྫས་ཀྱི་རྡོ་རྗེ་མི་ཤིགས་རྩེ་ལྔའི་བླ༔ ནམ་མཁའ་ཇི་སྲིད་གཞིར་བཞེངས་སྐྱོབས་པའི་གཟུགས༔ ངོ་བོ་གཅིག་པའི་གསེར་འགྱུར་རྩིའི་ཐེབས་ཤིང་༔ དེ་རིང་རྣལ་འབྱོར་བླ་འདི་ལྕགས་ལས་སྲ༔ བྷྲཱུྃ༔ རྟགས་ཀྱི་རྡོ་རྗེ་རྩེ་བརྒྱ་རྣོ་ལ་གཟེངས༔ རྐྱེན་གྱིས་མི་ཤིགས་གསང་སྔགས་ཡ་ལད་བཙན༔ ཏིང་འཛིན་ཕྱག་རྒྱ་རྫས་སྔགས་ཞུན་ཐར་གཏམས༔ དེ་རིང་རྣལ་འབྱོར་བླ་འདི་ལྕགས་ལས་སྲ༔ ཨོཾ༔ འབྲས་བུའི་རྡོ་རྗེ་རྩེ་གསུམ་བསྲུང་བཀོད་ལས༔ བླ་རྐུན་བགེགས་ཀྱི་སྤྱི་ནས་སྟོང་དུ་འགས༔ དེ་ཡང་སྟོབས་ཤུགས་གྲོགས་སུ་དགུགས་པའི་མཐུས༔ དེ་རིང་རྣལ་འབྱོར་བླ་འདི་ལྕགས་ལས་སྲ༔ ཨོཾ་ཙཀྲ་བཛྲ་ཝརྟི་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྗོད་མཐར༔ དཀྱིལ་འཁོར་གང་ཡིན་གྱི་བཀྲ་ཤིས་བརྗོད་ལ་ཏིང་ངེ་འཛིན་ལྟ་བུའི་ངང་དུ་མཉམ་པར་བཞག་གོ༔ དེ་ལྟར་བླ་འགུགས་ཆོ་ག་གསལ་བ་འདི༔ ཡོན་ཏན་ཀུན་ལྡན་ཁྲེལ་བའི་བཀའ་བཀྱོན་གྱི༔ སྣ་ལ་འགྱོད་བཅས་ག་གཱས་གཅོས་གཏམ་བཤད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ ཡང་བསྡུ་ན༔ ཧཱུྃ༔ རྣལ་འབྱོར་བླ་གནས་འཕོ་ཡུལ་སུམ་ཅུ་ལ༔ བརྟེན་པའི་བླ་ནི་རྣམ་ཤེས་འཁོར་བའི་གནས༔ ཆད་ཉམས་ཡར་ཟབ་བརྐུས་དང་འཕྲོགས་པ་ཀུན༔ ཡེ་ཤེས་ལྷ་ཡི་ཐུགས་རྗེས་འདིར་ཁུག་ཅིག༔ འཇིག་རྟེན་སྲུང་མའི་སྟོབས་ཀྱིས་འདིར་ཁུག་ཅིག༔ གསང་སྔགས་རིག་སྔགས་བདེན་པས་འདིར་ཁུག་ཅིག༔ རྟེན་འབྲེལ་བསླུ་མེད་བདེན་པས་འདིར་ཁུག་ཅིག༔ ཁམས་ལྔ་རྫས་ཀྱི་རྟེན་ལ་དབྱེར་མེད་བསྟིམ༔ འཕོ་མེད་རྡོ་རྗེའི་ཕྱག་རྒྱས་ཆིངས་སུ་བཅིང་༔ འཆི་མེད་ཚེ་ཡི་དབང་མཆོག་ཐོབ་ནས་ཀྱང་༔ མི་བསྐྱོད་ཡེ་ཤེས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཀྱང་བྲེལ་ཚུབ་གཅིག་གི་ངང་ནས། །གཉོམ་གཏམ་ཞིག་ལ་སྐྲག་ནས། །སྡིགས་འདོད་ཞིག་ཏུ་མཐོང་སྟེ། །སྦ་གསང་མེད་པར་ཐོལ་བྱུང་། །སྙནངག་མེད་པའི་དྭོ་ཧ། །ངོ་ཚ་མེད་པའི་ག་གཱས། །ངལ་བ་མེད་པས་བྲིས་སོ། །


previousབླ་འགུགས་རྡོ་རྗེའི་ལྕགས་ཀྱུ།next