Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་དཔྱད་རིན་ཆེན་བང་མཛོད་ཅེས་བྱ་བ་ལ་ཤིན་ཏུ་མང་ཡང་འདིར་རྨི་ལམ་དུ་ཤར་བ་མདོར་བསྡུས།
   
   
   


 
previousས་དཔྱད་རིན་ཆེན་བང་མཛོད་ཅེས་བྱ་བ་ལ་ཤིན་ཏུ་མང་ཡང་འདིར་རྨི་ལམ་དུ་ཤར་བ་མདོར་བསྡུས།next

ས་དཔྱད་རིན་ཆེན་བང་མཛོད་ཅེས་བྱ་བ་ལ་ཤིན་ཏུ་མང་ཡང་འདིར་རྨི་ལམ་དུ་ཤར་བ་མདོར་བསྡུས།

ས་དཔྱད་རིན་ཆེན་བང་མཛོད་ཅེས་བྱ་བ་ལ་ཤིན་ཏུ་མང་ཡང་འདིར་རྨི་ལམ་དུ་ཤར་བ་མདོར་བསྡུས་བཞུགས། །

དེ་ལ་མ་ཧཱ་ཙི་ནས་མཁན་པོ་ཞིག་དང་། ཡང་གཞན་དུ་བུད་མེད་ཞིག་གིས་དྲི་ལེན་དུ་ན་རེ། ཨེ་ཨེ། རྟེན་འབྲེལ་ས་ཡི་དཔྱད་པ་ལ། །ཐོག་མར་དགེ་བ་མིང་དུ་གཙོ། །བར་དུ་དགེ་བ་རྟེན་འབྲེལ་གཙོ། །ཐ་མར་དགེ་བ་དབྱིབས་སུ་གཙོ། །དེ་ནས་ཕན་ཆད་བཏང་སྙོམས་དང་། །རོ་སྙོམས་འཁུ་འཁྲིག་སྤངས་བར་བྱ། །ལྟ་བ་རྟོགས་པའི་དག་ཆེན་གྱིས། །ཁྲུས་ཀྱི་གདབས་ཐིག་སྣོད་བཅུད་བཅས། །བལྟའ་ལོག་སྤངས་ལ་གཏེར་དུ་སྦ། །ཡང་ན་བདུད་རྩི་ཚོགས་སུ་ཕུལ། །དེ་ལ་སོགས་པ་འདོན་ཆ་ལས། །གསལ་ཕྱིར་འདིར་ནི་མ་སྤྲོས་སོ། །ང་ནི་ཀུན་གྱི་ཚ་བོ་རུ། །བྱ་བ་ལ་ནི་སྔ་མོར་རུ། །དྲི་བ་དྲི་ལེན་འདི་ལྟར་རོ། །ཨེ་ཨེ་ཧ་ཤང་ཆེན་པོ། །ས་ལ་རྣམ་པ་དུ་ཡོད། །གང་ལ་གང་ཞིག་འཚམ་མོ། །དབྱིབས་ཀྱི་རྣམ་པ་གང་འདྲ། །རྟེན་འབྲེལ་བརྟགས་ཐབས་དུ་ཞིག །དགེ་དང་ཤེས་མི་རྟགས་གང་། །ཞེས་སུ་སྨྲས་ལ་ལན་དུ། །ཨཻ། ང་ནི་མ་ཧཱ་དཎྜི་རབ་འབྱམས། །བསྟན་པ་འདི་ལ་མ་ཡེངས་ཉོན་ཅིག །རྟེན་འབྲེལ་བརྟགས་ཐབས་ཐོག་མར་གཙོ། །ཚིག་དང་བརྡ་ཡི་རྟེན་འབྲེལ་དང་། །མིང་དང་མཚན་མའི་རྟེན་འབྲེལ་བརྟགས། །དེ་ནི་རྟེན་འབྲེལ་བརྟགས་ཐབས་སོ། །གཉིས་པ་ས་དཔལ་འདི་ལྟ་སྟེ། ཨཻ། ཕྱོགས་མཚམས་བརྟགས་དང་ཆུ་དཔལ་དང་། །ནམ་མཁའ་དག་ལ་བརྟགས་པ་དང་། །ཉི་མ་ཟླ་བ་ལ་ནི་བརྟགས། །རྩི་ཤིང་ནགས་ཚལ་དག་ལ་བརྟགས། །བྲག་དང་རྡོ་དང་རླུང་ལ་བརྟགས། །དང་པོ་ཕྱོགས་ལ་བརྟགས་པ་ནི། །ཤར་ཕྱོགས་པདྨ་རྒྱས་འདྲ་དགོས། །མི་འཆི་ཚེ་ཡི་རྫིའུ་ལགས། །ལྷོ་ཕྱོགས་རིན་ཆེན་བསྒྲིགས་འདྲ་དགོས། །མི་འཛད་ནོར་གྱི་རྫིའུ་ལགས། །ནུབ་ཕྱོགས་གློ་སྒོ་འདན་འདྲ་དགོས། །དགྲ་འདྲེའི་མི་ཚུགས་རྫིའུ་ལགས། །བྱང་ཕྱོགས་ཀྱང་ ༼ གྱང་དཔྱད། ༽ལོགས་བྲིས་འདྲ་དགོས། །ཤི་གཤེད་རྨེག་མེད་རྫིའུ་ལགས། །ཤར་ལྷོ་ཉིད་དང་བྱང་ཤར་ཏེ། །མཚམས་གཉིས་གཞོལ་ཉམས་ཡོད་པས་ནི། །སྲོག་ལ་ཉེ་ཞོ་མེད་པ་དང་། །ཁྱད་པར་དུ་ནི་ཡོན་ཏན་ལྡན། །ཡང་ཤར་ཕྱོགས་རྒྱ་སྟག་ཁྲ་བོ་ལ། །ལྷོ་ཕྱོགས་གཡུ་འབྲུག་སྔོན་མོ་དང་། །ནུབ་ཕྱོགས་བྱ་དང་བྱང་རུས་སྦལ། །དེ་དག་རེ་རེ་ཐམས་ཅད་ལ། །སྟག་ལ་སད་མདའ་མ་ཕོག་དགོས། །གཡུ་འབྲུག་རོ་ཁུར་མ་ཡིན་དགོས། །རྨ་བྱ་ལ་སོགས་དེ་དང་འདྲ། །པདྨ་ཤར་གྱི་དབྱིབས་སུ་ཡིན། །འདབ་མ་ཉམས་ན་ཚེ་ལ་འགོངས། །གཡུ་འབྲུག་ཆུ་བོ་འབབས་པའི་ཀླུང་། །དེ་ལ་རྒྱུན་གྱི་མ་ཆད་དགོས། །རྨ་བྱ་རྙི་ལ་མ་ཐོགས་དགོས། །རུས་སྦལ་ཤིང་གཟུགས་མ་སོང་དགོས། །ས་མཆེ་གནམ་བཅས་ལྡེབས་ཏེ་གཅིག །པདྨ་འཁོར་ལོ་རྩིབས་བཞི་བརྒྱད། །གང་ལ་གྲྭ་ཆག་ལོ་ལྷ་དེར། །གནས་པ་དག་ལ་མ་དགོས་སོ། །ཡང་། གྱད་ཀྱི་མགོ་བོ་མ་ནོན་དགོས། །རྒྱབ་རིའི་མགོ་ཡི་ཕ་ཝཾ་ཡིན། །དཔུང་པ་དགྲ་ཡིས་མ་བཅག་དགོས། །གཡས་ཀྱི་བྲག་ཤིང་ལམ་གྱིས་བཅད། །གྲི་ཆུང་སྙིང་ལ་མ་ཟུག་དགོས། །ཤར་ལམ་གྲུབ་གསུམ་བསྟན་པ་ལ། །ལྟག་པ་གྲི་ཡིས་མ་བཅད་དགོས། །རྒྱབ་ཀྱི་ལམ་ནི་གྲུ་གསུམ་དང་། །བྲག་གི་རྩེ་མོ་གཟེངས་བ་ཡིན། །འཕར་བས་རྒྱུག་འཛང་མ་ཉེ་དགོས། །ཚེ་སྲོག་རྐུ་བའི་རྟགས་གཟུགས་ལ། །ནུབ་ཀྱི་མཐོང་མཚམས་འཇབ་ ༼ འཇམ་དཔྱད། ༽ པ་འདྲ། །ཤར་དབང་བོ་ཁྲོས་པའི་རྡོ་རྗེའི་གཟུགས། །ལྷོ་གཤིན་རྗེའི་ལག་གི་བེ་ཅོན་དང་། །ནུབ་ཆུ་ལྷ་ངུས་པའི་མཆི་མ་དང་། །བྱང་གནོད་སྦྱིན་ཤི་བའི་གཡང་གཞི་ལྔ། །དེ་བྲག་དང་གྲོག་ཤུལ་དབྱིབས་ལ་ཟེར། །ཤར་ལྷོ་མེ་ལྷ་ཁྲོས་པའི་མེ་དབལ་གཏོང་། །ལྷོ་ནུབ་སྲིན་པོ་ཁྲོས་པའི་སྤར་རྗེས་དང་། །ནུབ་བྱང་རླུང་ལྷ་ཁྲོས་པའི་བ་དན་གཡུག །བྱང་ཤར་དབང་ལྡན་ཁྲོས་པའི་ཐན་གཟུགས་དང་། །སྟེང་ཕྱོགས་ལྷ་ཁམས་ཁྲོས་པའི་ཐུན་གཡུག་དང་། །འོག་ཀླུ་ཁམས་ཁྲོས་པའི་རྒྱ་མཚོ་མེ་རིའི་གཟུགས། །དེ་རྣམ་ཐམས་ཅད་མ་ཡོད་དགོས། །ཤར་དབང་པོ་དགའ་བས་རྡོ་ལེབ་དཀར། །དེ་བསྒྲིགས་ལེགས་མི་རབས་ཚེ་རིང་དགེ །ལྷོ་གཤིན་རྗེ་བྲོས་པས་རི་བོ་གྱེད། །དེ་མི་རབས་རྒྱུད་དུ་ནད་མེད་བདེ། །ནུབ་ཆུ་ལྷ་དགའ་བས་གྲོགས་གདན་འཐུགས། །དེ་ལོངས་སྤྱོད་ནོར་ལ་ཕུན་སུམ་ཚོགས། །བྱང་གནོད་སྦྱིན་དགའ་བས་བཞིན་འཛུམ་བསྟན། །དེ་བདུད་བགེགས་ཞི་བས་ཕུན་སུམ་ཚོགས། །ཤར་ལྷོ་ནས་རིམ་བཞིན་གཡས་བསྐོར་དུ། །མིག་ལ་ཁྲག་ཆུ་མ་འཁྱིལ་དགོས། །དེ་ཤར་ཕྱོགས་དམར་པོའི་ཆུ་འགོའི་སྒྲོན། །ལྕེ་ལ་བདུད་རྩི་བབས་པ་དགོས། །ཆུ་མདོ་མིག་གི་དགྲ་རུ་ལྡང་། །སྙིང་ལ་ཆུ་བོ་མ་བསགས་དགོས། །ལྷོ་ནས་འཁོད་པས་ཆུ་འགོ་ལགས། །གཡུ་འབྲུག་རོ་ཁུར་རྐེད་པ་བཅད། །དེ་དག་ཐམས་ཅད་སྔ་མ་ལྟར། །ནུབ་ཕྱོགས་སྲིན་མོ་འཁྲུགས་པས་ཁྲག་ཆར་དེ། །མཚེའུ་དམར་པོ་ཆལ་ཆོལ་དགྲམ་ལ་ཟེར། །བྱང་ཕྱོགས་གནོད་སྦྱིན་ཤ་རིར་མ་བརྩིགས་དགོས། །དེ་ལ་ཀླུ་བདུད་སྦལ་ཁྱུང་འཁྲུགས་པས་དབྱེ། །ཤར་སྲོག་རྟེན་སྦ་དཀར་སྨྱུག་མ་དང་། །ལྷོ་གཡང་འཕེལ་དཔག་བསམ་ལྗོན་པ་དང་། །ནུབ་འདོད་འཇོ་བཀྲ་ཤིས་རི་བྲག་དང་། །བྱང་མི་མཐུན་སྐྱོབས་པས་ཡོལ་བ་འཇམ། །བདུད་རྩི་བུམ་ཆུ་བསྒྲེང་བ་སྟེང་དགོས། །གནམ་ཆུ་བོ་བོ་འདྲ་ཤར་ན་ཡོད། །མ་རྨོས་ལོ་ཐོག་འཁྲུངས་བ་ལྷོ་ན་ཡོད། །རྩི་ཤིང་ལྷུན་གྲུབ་རྒྱས་པ་དགོས། །ཁམས་གསུམ་དབང་སྡུད་དབང་གི་ཕྱོགས། །དམར་ཞིང་འཐུག་ན་རབ་ཏུ་བཟང་། །རྒྱབ་རི་ཅུང་ཟད་འདུད་པ་ལ། །རྡོ་རྗེ་བྲག་རི་བརྗིད་པ་དགོས། །སྡུག་བསྔལ་ཞི་བ་དབང་པོའི་ཕྱོགས། །དཀར་ཞིང་དྭངས་ན་རབ་ཏུ་ཞི། །བསོད་ནམས་རྒྱས་པ་ལྷོ་ཡི་ཕྱོགས། །དགོས་འདོད་འབྱུང་བ་སེར་པོའི་དགེ །དགྲ་བགེགས་ཚར་གཅོད་དྲག་པོའི་སར། །ཅུང་ཟད་གནག་ལ་རབ་ཏུ་བསྔགས། །སྔགས་ནག་ཕུར་དབལ་མ་ཟུག་དགོས། །ཉི་ཟླའི་ཉམས་སད་མ་བྱས་དགོས། །འབྲེང་གྱོང་སྣུམ་ལ་ཟུག་པ་དགོས། །ལྷོ་ལྗོན་ཤིང་ལོ་འབྲས་མ་ཉམས་དགོས། །བྲག་ནག་རྩེ་རྣོན་བྱང་ནས་ཟུག །ཉི་ཟླ་ལན་གཉིས་ཤར་ནུབ་པ། །ལས་སྣེ་ཆུར་ཟུག་ཤར་ནས་ཟླུམ། །ལམ་ཤར་ལམ་ཚེ་ལམ་འགྲིམས་ས་ལ། །དེ་ལ་མདའ་མོ་མ་ཟུག་དགོས། །ལྷོ་ལམ་གྲོགས་ཀྱི་འགྲིམས་སྒོ་ལ། །གྲོགས་ལ་ཁ་ཕུང་མ་རལ་དགོས། །ནུབ་ཕྱོགས་དགྲ་ཡི་རྒྱུ་ལམ་ལ། །སྣ་ནས་ཆོད་ན་སྐྱོན་པ་མེད། །བྱང་ཕྱོགས་གཤེད་པོའི་དྲང་དུ་ཤར། །དེ་ཡང་ཕྱོགས་གཞན་ཁ་སྨས་ཡོད། །མཐོ་ལ་དམའ་འམ་དམའ་འམ་མཐོ། །རྒྱབ་རི་གནམ་ལ་བཅོལ་བའོ། །རྟེན་ཕུར་ས་ལ་བརྟེན་རྩ་བརྟན། །ཁྲི་དྲུག་གཡོ་འགུལ་མ་བྱས་གལ། །རླུང་གིས་དངངས་བསླངས་རྣ་བར་གཟེན། །ཆུ་ཡི་སྒྲོན་མ་མིག་ཏུ་འཛེར། །ནམ་མཁའི་སྒྲོན་མས་གྱོད་ཕུང་བསྐྱེད། །དེ་རྣམས་བསྡུས་ནས་བསྟན་པའོ། །དེའི་ཚེ་གྲོང་ཁྱེར་དེའི་རྒྱབ་ན་བྲག་ནར་ནང་ཞིག་ཡོད་པས། །དེ་ཅི་ཡིན་དྲིས་ཚེ། །ཧ་ཤང་ན་རེ། །བྲག་འདི་རྔོན་པའི་རྒྱབ་ཀྱི་དུག་མདའ་ཡིན་ཟེར། །བདག་གིས་བླ་མའི་རྒྱབ་ཀྱི་ཆོས་བརྩིགས་ཡིན་ནམ་སྨྲས། །ཁོ་ན་རེ། ཧ་ཧ། ས་ལ་ནོར་བ་ཤིན་ཏུ་མང་བས་བལྟ་ཞིབ་དགོས་ཏེ། བླ་མའི་རྒྱབ་ཀྱི་གླེགས་བམ་དང་། །རྔོན་པའི་རྒྱབ་ཀྱི་དུག་མདའ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྔོན་པའི་རྒྱབ་ཀྱི་དུག་མདའ་དང་། །ཡར་མི་འགྲོ་བའི་གཉའ་ཤིང་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །བན་དྷེའི་རྒྱབ་ཀྱི་ཆོས་གོས་དང་། །སྡིག་ཅན་རྒྱབ་ཀྱི་ཤ་བརྩིགས་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྒྱབ་རི་རིན་ཆེན་སྤུང་བ་དང་། །མི་ཐེག་ཁུར་གྱིས་ནོན་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཁྱུ་མཆོག་གླང་ཆེན་མཁལ་ཁུག་དང་། །མི་རྒན་ལྟོག་པའི་ལྟོ་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྒྱབ་རི་གནམ་གྱིས་བྱས་པ་དང་། །གནམ་སའི་ཁ་ཞབས་ལྷུང་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྒྱབ་རི་གནམ་གྱིས་བྱས་པ་དང་། །གནམ་གྱི་འཇུ་ཐག་ཆད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །གནམ་གྱི་འཁོར་ལོ་རྩིབས་བརྒྱད་དང་། །གནམ་མཆེ་ས་རུ་ཟུག་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ས་ཡི་པདྨ་འདབ་བརྒྱད་དང་། །ས་མཆེ་གནམ་དུ་ཟུག་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །དགྲ་བླའི་བ་དན་ཕྱར་བ་དང་། །རྣོན་པོའི་སོ་འོག་ཚུད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །མ་ཧཱ་ཀཱ་ལའི་བིང་ཆེན་དང་། །སྤྲང་པོའི་དབྱུག་ཏོ་ཕྱར་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །བཙུན་མོའི་བྲང་གི་བདུད་རྩི་དང་། །སྲིན་མོའི་ཁྲག་གི་ཁ་ཕྲུ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །སྤྱི་གཙུག་བུམ་པའི་ཁྲུས་ཆུ་དང་། །མྱ་ངན་མཆི་མ་འཛགས་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ལྕེ་ཐོག་བདུད་རྩི་བླུགས་པ་དང་། །བདུད་མོའི་མོ་མཚན་བསྒྲད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །སྔགས་པས་དར་ནག་ཕྱར་བ་དང་། །བསེན་མོའི་རེ་སྒྱེ་ཕྱར་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཕྱུགས་མང་སླས་སུ་འདུ་བ་དང་། །ཕ་ནོར་དགྲ་ཡིས་བཅོམ་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཕྱུགས་མང་རྩེད་འཇོ་བྱེད་པ་དང་། །མང་པོ་འཐབ་འཛིང་བྱེད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །འབྲི་བརྒྱ་གཡག་གིས་བསྐོར་བ་དང་། །དཀོར་ནོར་ཁྱི་ཡིས་བརྟོལ་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །མི་ནུབ་རྒྱལ་མཚན་ཕྱར་པ་དང་། །ཟོ་སྟོང་གནམ་དུ་བཏགས་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །རྨ་བྱའི་གདུགས་ཆེན་ཕུབ་པ་དང་། །བཙན་པོའི་སྦར་ཞབས་ཚུད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ས་མདོའི་སྟག་མོ་ཁེར་སྡོད་དང་། །མི་གཅིག་དཔའ་མེད་དཔུང་རྒྱུག་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཆེ་བཙུན་གུས་འདུད་བྱེད་པ་དང་། །གྱོད་ངན་ཀྱལ་འུར་བྱེད་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །གསེར་ཉ་གཡུ་ཉ་ཁ་སྤྱོད་དང་། །མི་རོ་རྟ་རོ་བསྣོལ་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །གཡུ་འབྲུག་གྱེན་དུ་འགྲོ་བ་དང་། །སྦྲུལ་ནག་ཐུར་དུ་རྒྱུག་པ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ནེ་ལེའི་ཁ་ནས་ནོར་སྐྱུག་དང་། །གཅན་གཟན་ཁ་ནས་མི་རོ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །བུ་མོ་སྦྲུམ་མའི་ལྟོ་བ་དང་། །དམུ་ཆུ་སྐྲང་པ་རྡོལ་བ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །བཙུན་མོའི་པང་གི་བུ་ཆུང་དང་། །ཐན་གྱི་མི་རོ་སྒོ་སྐྱེལ་གཉིས། །འདྲ་སྟེ་འདྲ་སྟེ་ནོར་ར་རེ། །ཞེས་སོགས་འབྱུང་ལྔ་ཉི་ཟླ་གཟའ་སྐར་སླས་གཟུགས་ལོ་སྨེ་སྤར་ཁ་ཕོ་མོ་རྒན་གཞོན་བྱིས་པ་སྐུ་གསུང་ཐུགས་རྟེན་ཡུལ་མཁར་ཕུང་སྲིའི་བྲུབ་གནས་རྣལ་འབྱོར་ཉམས་ལེན་གྱི་གནས་སོགས་རྒྱ་ཆེར་བཤད་དོ། །དེ་ཡང་གཟུགས་དང་རྫས་ལ་དཔྱད་པ་དང་། །དེ་དག་ཡོད་ཕྱོགས་སུ་ལ་བཟང་། །ཉེས་སམ་ཐམས་ཅད་གསལ་བར་སྟོན། ཀུན་ཀྱང་རྒྱས་པར་བཤད་པ་ལ། །བརྡ་ཡིག །ཡི་གེའི་རྣམ་པར་གང་ ༼ ཆོས་སྨྲ་བའི་གང་ཟག་དང་ལོ་ཙྭ་བ་སོགས་ལ་བཟང་། ༽སྣང་བ། །བླ་མའི་རྒྱབ་ཀྱི་གླེགས་བམ་ཡིན། །མེ་མདའི་རྣམ་པར་གང་ཤར་བ། །རྔོན་པའི་རྒྱབ་ཀྱི་དུག་མདའ་ཡིན། ༼ རྔོན་པ་དང་ཆོམ་རྐུན་གྱི་རྒྱབ་རི། ༽དྲང་པོ་དབྱུག་པ་འདྲ་ན་གཉའ་ཤིང་ཡིན། །༼ ལྟག་ཆོད་ཡིན། ༽དམར་སེར་ཚལ་བུ་བརྩེགས་པའི་བྲག་ནི་ཆོས་གོས་ཡིན། །༼ འདུལ་བ་འཛིན་པ་ལ་བཟང་། ༽དམར་ནག་རད་རོད་བརྩེགས་པ་ཤ་རྩིགས་ཡིན། །༼ བསྟན་པའི་དམར་ལས་མཁན་ལ་བཟང་གཞན་ལ་ངན། ༽ཡིད་འོང་ལྷུན་བརྗིད་ཆེ་ན་རིན་ཆེན་སྤུང་བ་དང་། །༼ ཀུན་ལ་བཟང་བའི་རི་ཡིན་ཁྱད་པར་བུམ་གཏེར་སྦ་ས་ཡིན། ༽ མདོག་མི་སྡུག་ཅིང་འཕྲེད་ལམ་དོད་པའི་བྲག་ནི་ཁུར་ཆེན་ཡིན། །༼ དབུལ་པོའི་བླ་རི་ཡིན་པས་གཞན་ལ་ངན། ༽ གླང་ཆེན་རྒྱགས་པའི་མཁལ་མ་དང་འདྲ་འཇམ་ཞིང་སྣུམ་ལ་མི་དགའ་མེད། །༼ ཀུན་ལ་བཟང་ཁྱད་པར་ནོར་ལྡན་ལ་བཟང་། ༽མི་རྒན་ལྟོག་བ་སྟོང་ལ་ཁ་དོག་བཙའ། །༼ ཀུན་ལ་ངན་སྤངས། ༽གཞུང་ཆེན་ན་དམར་བདོལ་ ༼ རྡོལ་དཔྱད། ༽ ལ་ས་ལྟེ་ནོར་བུ་འདྲ། །༼ ཀུན་ལ་བཟང་ཁྱད་པར་ཡུལ་ཁམས་ལ་དབང་བསྒྱུར་བའི་མི་ལ་བཟང་། །༽ དེ་ལ་གནམ་གྱི་རྒྱབ་རི་བྱས་ཤིང་ཡོན་ཏན་ཀུན་ནས་རྒྱས། །རི་རབ་ཕྱོགས་ནས་མདའ་ལྟོང་ཆེ་ཞིང་གནམ་ས་སྟེང་འོག་བསྒྱུར་འདྲ་ནི། །༼ ཀུན་ལ་ངན། ༽ བཙན་པོ་གནམ་གྱི་ཁ་ཞབས་ལྷུང་བ་ཞེས་བྱའོ། །ས་ནག་བྲ་རལ་ཐང་ཆེན་དཀྱིལ་ནི་གནམ་གྱི་འཇུ་ཐག་ཆད་པ་ཡིན། །༼ དབུལ་པོའི་བླ་ས། ༽ཕྱོགས་མཚམས་ཀུན་ནས་འཚམ་པར་གནམ་ལ་ཙཀྲ་རྩིབས་བརྒྱད་ལེགས་པར་ཤར། །༼ དགོན་ཆེན་དང་རྣལ་འབྱོར་ཉམས་ལེན་གྱི་བསྟི་གནས། ༽ ཕྱོགས་གཅིག་ཕྱོགས་གཉིས་མཚམས་བཞི་ལ་སོགས་གང་རུང་ནས། །གཅན་གཟན་ངར་མའི་མཆེ་བ་འདྲ་བའི་གནམ་མཆེ་ངན། །༼ སྤྱིར་ཀུན་ལ་ངན། ཁྱད་པར་ལོ་གང་གི་སྟེང་ཡིན་ན་དེ་ལ་ངན། ༽ཕྱོགས་མཚམས་ཀུན་ནས་འཇམ་མཉེན་ཡིད་འོང་པདྨའི་འདབ་མ་རྒྱས་འདྲ་བཟང་། །༼ རྣལ་འབྱོར་བ་སོགས་ལ་ལེགས། ༽ ཕྱོགས་མཚམས་དག་ནས་རི་རྩེ་རྣོན་པོའི་གནམ་སྔོན་ཕིག་འདྲ་གོང་མར་ངན། །༼ འགོ་བའི་ལྷ་དང་རང་མི་མི་ཆེན་སོགས་ལ་ངན། ༽རྒྱབ་རི་དགྲ་ལྷའི་བ་དན་ཕྱར་བ་ལྟ་བུའི་རི་རྒྱུད་མཛེས། །༼ དམག་དཔོན་སོགས་ལ་བཟང་། ༽ལྷོ་ནུབ་ཕྱོགས་ན་རི་ནག་ཁྲོ་བོ་གནམ་གྱི་རྗེས་འགྲོ་རལ་གྲི་ལྟ་བུའི་བྲག་ཤར་ཕྱར། །༼ གོང་དུ་ཤོར་བའི་དགྲ་རི་ཡིན་པས་ཀུན་གྱིས་སྤངས། ༽མགོན་པོ་ལྟ་བུའི་རི་རབ་ཆེ་བརྗིད་སྣུམ་བག་ལྡན་ལ་ཡིད་དུ་འོང་། །༼ ལྷ་སྲུང་གི་བླ་རི་ཞེས་བྱ་སྟེ་གྲགས་པ་འཕེལ་བས་བཟང་། ༽ གཡས་ན་རི་རྒྱུད་བིང་ཆེན་ལྟ་བུ་རྩེ་མོ་ཡིད་བཞིན་ནོར་འདྲའི་བརྒྱན། །བྲག་རལ་དང་ནི་ས་ནག་རི་བོ་གཡས་ན་གྲོག་ཤུལ་ཕྲག་གོང་བལྟ། །༼ སྤྲང་པོའི་བླ་རི་ཞེས་བྱ་སྟེག་གཞན་གྱིས་མིན། ༽སྤྲང་བོ་མུ་ཏོའི་དབྱུག་པ་ཕྱར་བ་ཞེས་བྱའོ། །མདུན་ན་མོ་རི་ཕྲ་ཞིང་མཉེན་ལ་ཆུ་མིག་ཡིད་འོང་བྲང་ནས་འབབས། །༼ སྔགས་འཆང་གི་ཡུམ་སོགས་ལ་ལེགས། ༽དེ་ལྡོག་རི་ནག་སྲིན་མོ་ཁྲོས་འདྲའི་ཁ་ནས་ཆུ་ངན་བོ། །༼ འདྲེ་མོའི་བླ་རི་ཞེས་བྱ་སྟེ་བུད་མེད་འདྲེ་རིགས་ཅན་དང་རྔོན་པ་ལ་བཟང་། དེ་མིན་ངན། ༽སྐབས་སྐབས་དུས་སུ་ཆར་བ་འབེབས་སླ་རིན་ཆེན་སྤྲིན་ཚོགས་ལྷག་པར་རྒྱས། །༼ ཡོན་ཏན་ཅན་གྱི་བླ་རི་ཞེས་བྱ་སྟེ་སློབ་མ་དད་དམ་ཅན་སོགས་ལ་བཟང་། ༽སྙན་པའི་འབྲུག་སྒྲ་གཞན་ལས་ཆེས་ལྷག་དུས་དང་དུས་སུ་རབ་ཏུ་སྒྲོགས། །རྒྱབ་ཀྱི་རི་ལ་ཆུ་མིག་རྡོལ་ལམ་མིག་གི་ཐད་ན་སྒྲོན་མ་ཅན། །༼ ཀུན་གྱིས་སྤང་། ༽ཞལ་གྱི་ཐད་ན་བཞིན་མཛེས་བུ་མོ་འདྲ་བའི་བྷཉྫ་བདུད་རྩིའི་བཀང་བ་འདྲ་བའི་མཚོའུ་འཁྱིལ་བ་བཟང་། ༼ འདོད་པ་དོན་དུ་གཉེར་བ་ཀུན་ལ་བཟང་། ༽ མདུན་ན་མོ་མཚན་བསྒྲུད་པ་ལྟ་བུའི་གྲོག་ཤུལ་ནང་དུ་སྐབས་འགར་ཆུ་ཕྲན་རྒྱུག ༼ བཙུན་པ་ལ་ངན། ཁྱིམ་ཐབ་མ་རྙེད་པའི་སྐྱེ་བོ་ལ་ལེགས། ༽ སྔགས་པའི་དར་ནག་བསེན་མོའི་རེ་སྒྱེ་ཕོ་རི་མོ་རིའི་བྱེ་བྲག་འབྱེད། །༼ འདི་གཉིས་སྔགས་པ་ལ་བཟང་ངན་ཕྱོགས་གང་གནས་ཀྱིས་ཤེས། གཞན་ལ་ངན། ༽ མེ་ལྷ་དང་གཤིན་རྗེའི་ཕྱོགས་ན་ནགས་ཚལ་གནག་ཕྱུགས་འདུ་བ་དང་། །༼ བཟང་། ༽དགྲ་ཡིས་དེད་འདྲ་དུམ་ཆོད་དུམ་ཆོད་ཕྱིར་ཕྱོགས་པ། །༼ ངན། ༽རྩི་ཤིང་སྣ་ཚོགས་ཕྱུགས་རྣམས་རྩེ་ལྟར་རྒྱས་པ་དང་། །༼ བཟང་། ༽རྒྱ་བོད་ཧོར་འཇང་སོགས་འཐགས་འཐབ་བྱེད་པ། །༼ འདི་ངན་པའི་ས་སྟེ་དེ་དབུས་མནན་པ་བྱས་ན་བཟང་། ༽འབྲི་བརྒྱ་ལྟ་བུའི་གད་ནག་དེས་ས་མདུན་གྱི་ནེའུ་སེང་དབུས་ན་མཛེས། །༼ བཟང་། ༽ མདུན་རིའི་ལྟོ་བ་རལ་བ་ལྟ་བུའི་གྲོག་སྐམ་གད་ནག་མི་མཛེས་པ། །༼ ངན། ༽ས་རི་བྲག་རི་གྲོག་སྐམ་ཟོ་སྟོང་ཁ་བལྟས་པ། །༼ འདི་གང་བ་སྟོང་པའི་རི་ཡིན་པས་ཀུན་གྱིས་སྤང་། ༽ ཕྱོགས་ཕྱོགས་དག་ན་རྒྱལ་མཚན་ལྟ་བུའི་ལྷུན་པོ་མཛེས་ཤིང་རབ་མཐོ་བ། །༼ འདི་གཞན་གྱིས་མི་ཐུབ་པའི་རི་ཞེས་བྱ་སྟེ། ལྷ་བསང་དང་རླུང་རྟའི་ཀ་འཛུགས་བྱས་ན་ལེགས། དེ་སོགས་གཞན་ལའང་ལེགས། ༽ རྒྱབ་རིའི་རྩེ་མོར་གཡའ་སྔོན་རྨ་བྱའི་གདུགས་ཕུབ་དང་། །༼ འདི་བླ་ཆེན་སོགས་ལ་ཤིན་ཏུ་བཀྲ་ཤིས་པའི་རི་བཟང་ཞེས་བྱའོ། ༽ གཅན་གཟན་ཁྲོ་བོའི་སྡེར་མོ་འདྲ་བའི་རྫ་བྲག་ཉིལ། །༼ མནན་གནས། ༽ ལུང་ཆེན་སུམ་མདོར་རྒྱ་སྟག་འདྲ་བའི་བྲག་དེའུ་དང་། །༼ བུ་ཚ་སྟག་ལོ་བར་བཟང་། ༽ ཆུ་མེད་རྩ་མེད་ལུང་མདར་རྐང་ཐང་ལྟ་བུའི་ཕ་བོང་གཅིག ། ༼ འདི་ཐེའུ་རང་སྒྲུབ་པ་ལ་བཟང་གཞན་ལ་ངན། ༽དྲི་ཟ་མེ་ལྷ་གཤིན་རྗེའི་ཕྱོགས་ནས་རྒྱ་ནག་ ༼ ཤིང་སྡོང་། ༽ ཧོར་དང་ ༼ དེའུ། ༽ཁ་ཆེ་ ༼ ཕ་བོང་། ༽སོགས། །ཆེ་བཙུན་འཕྱོར་བོའི་བདག་ལ་འདུད་དེ་འདུད་པའི་ཚུལ་དུ་འདུག ། ༼ བླ་མ་མི་དཔོན་སོགས་ལ་བཟང་། ༽ སྤྱོད་ངན་གྱལ་འུར་བྱེད་པ་འདྲ་བའི་རྡོ་ཤིང་ས་འབུར་གང་རུང་ལ། །༼ འདིར་མནན་པ་རྒྱབ་ན་དགྲ་བོ་ནང་ངན་ཕུང་ཞིག་དུ་འགྲོ་གཞན་ལ་ངན་པས་སྤང་། ༽ སྲིན་པོ་རླུང་ལྷ་ཀླུ་དབང་དག་གིས་དབྱེན་ལྕེ་འདོགས་ཤིང་ཕྲ་མ་འཕེན། །༼ རླུང་སྒྲོན། ༽ མདུན་ཐང་གསེར་སྒང་གསེར་ཉ་འདྲ་དང་མཚོ་ཆེན་གཡུ་ཉ་འཁྱིལ། །༼ བཀྲ་ཤིས་པའི་ས་ཆུ་སྟེ་བཟང་། ༽ མི་རོ་ལྟ་བུའི་ས་སྒང་དང་ནི་རྟ་རོ་འདྲ་བའི་འཕྲང་གི་འཕྲེད། །༼ འདི་བར་མནན་གནས། ༽ གཡའ་སྔོན་ཡིད་འོང་གཡུ་འབྲུག་མཁའ་ལ་འཕྱོ་བ་དང་། །༼ བཟང་། ༽ བྲག་ནག་རི་ནག་རེ་འབྱམས་ཐུར་དུ་རྒྱུག་འདྲ་ཡོད། །༼ འདིའི་སྣ་འོག་མནན་གནས། ༽ ནཻ་ལེའི་ཁ་ནས་ནོར་བུ་སྐྱུག་འདྲའི་རི་སྣར་བྲག་དཀར་རྒྱུག ། ༼ འདི་གནོད་སྦྱིན་ནོར་རི་ཞེས་བྱ་སྟེ་བུམ་གཏེར་སོགས་སྦས་ན་བཟང་། ༽ ཡང་ན་བྲག་དཀར་ཁ་ནས་ཆུ་མིག་བོ་དེ་མདུན་རིར་ཡིན། །རི་དམར་བྲག་དམར་ཁ་ནས་ཤིང་སྐམ་སྐྱེས་པ་དང་། །བྲག་དམར་མི་རོ་འདྲ་བ་རི་ཆེན་ཁ་རུ་ཆུབ། །༼ གཡུལ་མདོས་སོགས་འཕང་ན་ལེགས་ཏེ་ཀུན་གསོད་སྲིན་པོའི་རི་ཞེས་བྱའོ། ༽ ས་མིག་གང་དུ་བུ་མོ་སྦྲུམ་མའི་ལྟོ་ལྟར་འབུར་ལ་གཤོང་། །༼ དུར་ས་སོགས་ཕལ་ཆེར་ལ་མཁོ། ༽ ཡ་ཡོ་མེད་པར་འཇམ་དང་བརྒྱག་དང་རོ་དང་བརླན། །དེ་ལྡོག་བྲག་རལ་རྡོ་གསོག་ཤིང་ཚེར་འོག་ཆུ་རྡོལ། །༼ འདི་ངན་ཡང་ཀླུ་བཙན་ལ་གཏད་རྒྱབ་བྱེད་ན་འདི་འོག་མཆོག །མདུན་གྱི་མོ་རི་བཟང་བོའི་བང་གི་བྲག་དཀར་བུ་ཆུང་འདྲ་བ་དང་། །༼ རྨིང་པོ་བུ་མེད་སོགས་ལ་ལེགས། ༽ བྲག་ནག་དཀྱིལ་སྐྱེས་སྟོང་ཟླུམ་དང་ནི་རི་ནག་དབང་གི་བྲག་འདི་སོགས། །ངན་རིགས་བཟང་རིགས་རིག་པས་བརྟགས་ནས་ཞིབ་ཏུ་སྤང་བླང་བྱ་དགོས་སོ། །ཁ་དོག་ལ་སོགས་མིག་ཏུ་མི་མཛེས་སྐྲག་སྔངས་སྐྱེ་བའི་གནས། །དེ་ནས་རྣམ་པར་འཕྲུལ་བས་དཔྱད་ན་འཇིག་རྟེན་ཀུན་རྫོབ་ཆོས་རྣམས་ལ། །བསམ་གྱིས་མི་ཁྱབ་མང་པོ་ནམ་མཁའི་མཐའ་དང་མཉམ་པ་ཡོད། །འོན་ཀྱང་ས་དཔྱད་རིན་ཆེན་བང་མཛོད་འདི་ནི་རྒྱ་ནག་མཁས་པའི་ལུགས། །ཡུལ་གྲུ་སོ་སོའི་ལུགས་ནི་བསམ་འདས་གཅིག་ཏུ་བརྒལ་བའི་བློ་གྲོས་ངལ། །དེས་ན་འདི་ཙམ་མཐོང་བའི་མོད་ལ་རྣོ་རིག་འཕེལ་བ་འཇམ་དཔལ་གྱི། །ཐུགས་རྗེའི་འོད་དམར་སེམས་ཅན་ཁམས་ལ་རྣམ་པར་ཤར་བར་རིག་པར་བྱ། །མཆོག་ཏུ་མི་འགྱུར་འོད་གསལ་བདེ་ཆེན་སྟོང་བ་ཉིད་ཀྱི་རང་གདངས་ནི། །སྙིང་རྗེ་ཆེན་པོའི་ཡོངས་སུ་གང་བའི་གང་ཟག་དཔའ་བོ་དམ་པ་ལ། །བདེ་སྡུག་སྣ་ཚོགས་དཔག་ཏུ་མེད་པའི་བསྟི་གནས་དེ་ནི་ཡོངས་སུ་ཟད། །འགྲོ་བ་གང་ལ་སྡུག་བསྔལ་རྣམ་པ་དུ་མའི་གདུང་བར་གྱུར་བ་ལ། །ལས་དང་ལས་ཀྱི་འབྲས་བུ་ཡང་ནི་ཆུད་མི་ཟ་བར་སྨིན་ཕྱིར་རོ། །ཅི་སྟེ་བདེན་པ་མཐོང་ན་དངོས་པོའི་རྟག་འཛིན་ཐམས་ཅད་རྣམ་པར་གཞིག །ཅི་བྱས་ཐམས་ཅད་བཀྲ་ཤིས་དམ་པ་ཟག་པ་མེད་པའི་རྒྱུ་རུ་འགྱུར། །དེ་ཕྱིར་འདི་ནི་འཇིག་རྟེན་མཐུན་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་མཆོག་ཡིན། །༼ འདིའི་མ་ཡིག་ཤིན་ཏུ་མི་དག་པས་དཔྱད་འཚལ། ༽ ན་མོ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་ཁྱད་པར་དུ་མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དགོངས་སུ་གསོལ། རྒྱུ་འབྱོར་བ་ཡོན་གྱི་བདག་པོ་འདིའི་སེམས་ཅན་འདིའི་སེམས་ཅན་འདི་རྣམས་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བཏང་བ་འདི་ཐུགས་དགྱེས་པ་ཆེན་པོའི་དེང་དུ་བཞེས་ནས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་སྐྱོབས་པར་མཛད་དུ་གསོལ། སྡུག་བསྔལ་བའི་སེམས་ཅན་ཁྱེད་རྣམས་སྲོག་འདོན་ཅིང་ཚེ་ཐར་ལ་བཏང་བ་ཡིན་པས་དགའ་བ་བླ་ལྷག་དུ་བསྐྱེད་ལ་ན་སྒབ་དང་ཤི་སྒབ་ཐམས་ཅད་ཆོད་པར་གྱིས་ཤིག མི་འཇིགས་སྐྱབས་ཀྱི་སྦྱིན་པ་འདི་ཡིས་མཐུས། ཕ་མའི་གཙོ་བྱས་བདག་སོགས་འགྲོ་ཀུན་གྱི། །གནས་སྐབས་མཐར་ཐུག་རྒུད་པའི་རྐྱེན་སེལ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ག་གཱས་སོ། །༈ ཨེ་ཝཾ་བླ་མེད་རྒྱུད་སྡེ་རྒྱ་མཚོའི་གཏེར། །བརྟན་མཁས་བདག་ཉིད་མ་ཧཱ་གུ་རུ་གཙོའི། །ཟབ་ཅིང་ཡངས་མཆོག་མཛོད་གསུམ་བཀའི་ཕ་ཕོག །ཇི་བཞིན་རྟོགས་གྲོལ་གྲུབ་པའི་སྐལ་ཐོབ་ཤོག །ཤྲི་བས་སོ། །


previousས་དཔྱད་རིན་ཆེན་བང་མཛོད་ཅེས་བྱ་བ་ལ་ཤིན་ཏུ་མང་ཡང་འདིར་རྨི་ལམ་དུ་ཤར་བ་མདོར་བསྡུས།next