Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
ཆོས་ཉིད་དོན་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་ཉིད་དོན་གསལ།next

ཆོས་ཉིད་དོན་གསལ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཆོས་ཉིད་བར་དོའི་ཉམས་ལེན༔ ལྟ་བའི་ཡང་སྙིང་༔ ཆོས་ཉིད་དོན་གསལ་ཞེས་བྱ་བ་བཞུགས༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རང་བཞིན་བསམ་གཏན་བར་དོའི་གདམས་པ་ལས༔ སྐྱེ་གནས་སྦྱོང་བྱེད་བསྐྱེད་པའི་སྒོམ་ཁོག་དང་༔ འཆི་སྲིད་སྦྱོང་ལ་ཟབ་ལམ་འཕོ་བ་དང་༔ འོད་གསལ་སྟོང་སྣང་ཟིན་པའི་སྲོག་རྩོལ་ཐིག༔ གཞི་གནས་དོན་གྱི་རང་ཞལ་ཁྲེགས་ཆོད་ཀྱི༔ མ་བུ་དབྱེར་མེད་ཀ་དག་དབྱིངས་ལ་རོལ༔ ལྷུན་གྲུབ་ཐོད་རྒལ་གཞི་སྣང་ཉམས་སུ་ལེན༔ ཁྱད་པར་འཇིགས་སྐྲག་གཡང་ས་གཅོད་པ་དང་༔ སྲེད་པས་སྐྱེ་བའི་ཉིང་མཚམས་སྦྱོར་བ་གཅོད༔ སྙེམས་བྱེད་རྣམ་རྟོག་གཡོ་བའི་ཁ་རྒྱལ་རླུང་༔ ཕུང་བོ་ཕྱི་མ་དོན་གཉེར་ཟབ་མོའི་གཅོད༔ ས་མ་ཡཱ༔ བརྡ་ཡིག །འདིར་ནི་ཀུན་ལས་ཁྱད་པར་མཆོག་གི་ལམ༔ རྩོལ་མེད་ལེ་ལོ་ཅན་གྱི་ངོ་སྐལ་དུ༔ འོད་གསལ་རྫོགས་ཆེན་ཏནྟྲ་ལས་བཏུས་ནས༔ སྣང་བ་ཡུལ་དང་རིག་པ་རང་སྣང་གི༔ བློ་ཅན་གང་ལའང་ཤིན་ཏུ་འབྱོར་བའི་ཚུལ༔ བལྟས་པ་ཙམ་གྱིས་འོད་གསལ་རང་འཁྲུངས་པ༔ དོན་དམ་མཐར་ཐུག་ལྟ་བའི་ཡང་སྙིང་མཆོག༔ ཆོས་ཉིད་དོན་གསལ་ཆེན་པོ་བསྟན་པར་བྱ༔ འདི་ལའང་ནང་གསེས་བར་དོ་དྲུག་གི་དུས༔ ཕན་པའི་གདམས་པ་སོ་སོར་སྦྱོར་ཡོད་ཀྱང་༔ གཙོ་བོའི་དབང་གིས་འོད་གསལ་བར་དོ་རུ༔ བཞག་པ་ཡིན་པས་འགྲེས་འདི་ཤིན་ཏུ་གཅེས༔ ས་མ་ཡཱ༔ ལམ་ལ་སྐད་ཅིག་གཅིག་གིས་རྫོགས་པའི་ཕྱིར༔ དེ་དང་བསྟུན་ཏེ་རྣམ་པར་བཤད་པ་ནི༔ གཅུས་དཀྲུགས་གབ་པ་བཤིག་བསྡེབ་མངོན་དུ་བྱུང་༔ སྔོན་ཆད་མེད་པའི་ཨུ་དུམ་ཝ་རའོ༔ ས་མ་ཡཱ༔

འདིར་ལམ་ཐམས་ཅད་ཀྱི་མཐར་ཐུག་གི་སྐྱེལ་སོ་ནི་འོད་གསལ་རྡོ་རྗེ་སྙིང་པོ་ཀུན་ལས་ཕུལ་དུ་ཕྱིན་པ་འདི་ཡིན་ཏེ༔ སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས༔ སྔར་བཤད་གཞན་གྱིས་བསྟན་པ་མེད་པ་ཡི༔ ཐོས་བསམ་བསྒོམ་པར་རག་ལུས་མེད་པའི་དོན༔ རང་རིག་ཆོས་སྐུ་བཅར་ཕོག་བསྟན་པ་ཡི༔ ཚེགས་ཆུང་དོན་ཆེ་གོ་བར་སླ་བའི་ཆོས༔ བསྟན་པ་ཙམ་གྱི་བློ་དམན་ཀུན་གྱི་རྟོགས༔ ཆོས་རྣམས་ཀུན་གྱི་སྙིང་པོའི་དོན་ཆེན་ཡིན༔ འཁོར་འདས་ཐེག་པ་ཀུན་གྱི་རྩ་བ་ཡིན༔ ཞེས་སོ༔ དེ་བཤད་པ་ལ་སྐྱེ་འཕགས་ཀྱི་ལམ་གསུམ་དུ་ལྟ་བས་གཏན་ལ་ཕབ་པ་དང་༔ འཕགས་ལམ་བར་བ་ལ་བསྒོམ་པས་ཉམས་སུ་ལེན་པ༔ མཐར་ཕྱིན་དུ་འབྲས་བུ་བཙན་ས་འཛིན་པ་གསུམ་དུ་བཤད་དེ༔ བདེ་བའི་འཁོར་ལོ་དང་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་དང་༔ སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་རྣམས་དང་དགོངས་པ་བཀའ་བསྒྲོས་དང་བཞི་ལས༔ དད་ལྡན་འགྱུར་མེད་ལས་ཅན་གྱིས༔ ལུང་ལྡན་རྡོ་རྗེ་སློབ་དཔོན་ལ༔ ཡིད་འཐད་ཕོངས་མེད་དབུལ་བ་ནི༔ ཚོགས་ཀྱི་ལམ་ཞེས་བསྟན་པ་ཡིན༔ བླ་མས་གང་ལ་གནང་སྦྱིན་པ༔ ཡིད་གཉིས་ཐེ་ཚོམ་བློ་སྤངས་ཏེ༔ མཁའ་འགྲོ་མཆོད་ཅིང་དོན་ཞུས་ཚེ༔ སྦྱོར་བའི་ལམ་ཞེས་བསྟན་པ་ཡིན༔ ད་ཡང་འདུས་པའི་འཁོར་རྣམས་ཉོན༔ ངེས་པའི་བཅུད་ལྡན་སློབ་དཔོན་གྱིས༔ ཡང་དག་གདམས་པ་ལུང་བསྟན་ནས༔ སྣོད་ལྡན་ཡིད་ཆེས་དོན་རྟོགས་ཕྱིར༔ མཐོང་བའི་ལམ་ནི་ཡིན་པར་གསུང་༔ དེ་དོན་གོ་ན་རྒྱུན་དུ་ནི༔ ངེས་དོན་ཆོས་སྐུར་སྤོང་བ་མེད༔ རང་རིག་ཡེ་ཤེས་གདངས་ཐེབ་པའི༔ བསྒོམ་པའི་ལམ་ནི་ཡིན་པར་གསུངས༔ ཡང་དག་ངེས་པའི་གདམས་ངག་ནི༔ རང་གི་ཐུགས་ལ་དོན་གསལ་བ༔ འགྱུར་མེད་གདངས་ཆུད་ཡེ་ཤེས་ཀློང་༔ མཐར་ཕྱིན་ལམ་དུ་བཤད་པ་ཡིན༔ ཞེས་དང་༔ ཐིག་ལེ་ཀུན་གསལ་ལས༔ སྒྲ་མཐུན་དོན་དཔག་ལམ་ལྔ་བཤད༔ བླ་མའི་བསྙེན་བཀུར་ཡོངས་རྫོགས་ནས༔ དམ་པའི་དྲུང་ན་འདུག་པ་ནི༔ ཚོགས་ཀྱི་ལམ་དུ་ང་ཡིས་བཤད༔ བླ་མས་གདམས་ངག་དོན་བཤད་དེ༔ གདམས་ངག་རྣམ་གཉིས་རྒྱུད་ལ་སྦྱོར༔ སྦྱོར་བའི་ལམ་དུ་ང་ཡིས་བཤད༔ ངོ་སྤྲད་རྣམ་པ་བཞིའི་སྒོ་ནས༔ ཚེ་འདིར་ངེས་པའི་བདེན་མཐོང་བ༔ མཐོང་བའི་ལམ་ཞེས་ང་ཡིས་བཤད༔ བསྒོམ་དུ་མེད་པའི་བསྒོམ་པ་དང་༔ བསྒོམ་དུ་ཡོད་པའི་མེད་པ་ཡི༔ བསྒོམ་པའི་ལམ་དུ་ང་ཡིས་བཤད༔ སངས་རྒྱས་དགོངས་པ་གདངས་ཆེན་བཞི༔ མི་གནས་ཚུལ་གྱིས་མཐར་ཕྱིན་པ༔ མཐར་ཕྱིན་ལམ་དུ་ང་ཡིས་བཤད༔ ཅེས་པ་ལྟར༔

དང་པོ་ཚོགས་ལམ་དུ་བླ་མ་བརྟེན་པ༔ སྦྱོར་ལམ་དུ་གདམས་ངག་འཚོལ་བ༔ མཐོང་ལམ་དུ་ཡེ་ཤེས་རང་རིག་པའི་མངོན་སུམ་དུ་བྱ་བ་དང་གསུམ་ལས༔ དང་པོ་ནི༔ རང་བཞིན་གྱི་བར་དོར་བབས་ཚུལ་སྔར་བཤད་པ་དེས་ཀྱང་ཅུང་ཟད་འཐེར་ཏེ༔ ཕྱི་ཆོས་ཅན་ལྟ་བས་ལྟ་བ་ནང་ཆོས་ཉིད་ལྟ་བས་ལྟ་བ་ཙམ་སོང་ཟིན་ཡང་༔ ངེས་དོན་འདུས་པ་ལས༔ སྐྱེ་ཤི་གཉིས་ཀྱི་བར་དོར་ནི༔ ཆོས་སྐུ་ངོ་སྤྲོད་མ་ཤེས་ན༔ མ་རིག་གཏི་མུག་སངས་དུས་མེད༔ སྒྲོན་མེ་མེད་པའི་མུན་ཁུང་འདྲ༔ ཞེས་གསུངས་པས་ན༔ ད་དུང་རྫོགས་པ་ཆེན་པོའི་ཁྱད་ཆོས་བླ་ན་མེད་པ་གསང་བ་རང་རིག་ལྟ་བས་ལྟ་བ་རྒྱས་པར་གཏན་ལ་མ་ཕབ་པས་སྐྱེ་གནས་ཀྱི་བར་དོར་འདི་དག་གཏན་ལ་དབབ་ཅིང་ངོ་སྤྲོད་པར་བྱ༔ དེ་ཡང་བླ་མའི་བྱིན་རླབས་དང་༔ རང་གི་མོས་གུས་ལས་འཕྲོ་རྣམས་གོང་འཛོམ་དགོས་པས་ན༔ སྔར་མི་གཞི་ངན་པ་ཞིག་ཡིན་ན་ཡང་འཆོས་པ་གལ་ཆེའོ༔ བླ་མ་ལ་སྐྱོན་དུ་མི་བལྟ་བར་ཡོན་ཏན་ལ་སེམས་དགོས་པ་ནི༔ བདེ་བ་འཁོར་ལོའི་རྒྱུད་ལས༔ རྒས་པས་ཉམ་ཆུང་བརྟེན་པ་བཞིན༔ བླ་མ་མཁས་པ་དོན་ལྡན་ལ༔ རྟག་ཏུ་བསྙེན་ཅིང་གུས་བྱས་ན༔ འབྲས་བུ་ཆོས་སྐུ་མྱུར་དུ་སྟོན༔ ཞེས་དང་༔ རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ དང་པོ་དད་པས་སྔོན་སོང་ནས༔ ལུས་སྲོག་མི་ལྟ་གཏོང་ཕོད་ཅན༔ འཁོར་འདས་གཅིག་ཏུ་བསྟན་པ་ལ༔ སྐྲག་ཅིང་འཇིགས་པ་མེད་པ་ཡི༔ ཐེ་ཚོམ་མེད་པར་དུས་ཚོད་ཟིན༔ རྟོགས་པར་བྱ་བའི་ཐབས་སུ་བསྟན༔ གླང་ཆེན་མི་ལྡོག་དགྲ་འཇོམས་ལྟར༔ བླ་མ་རྡོ་རྗེ་སློབ་དཔོན་གྱི༔ སྤྱོད་པ་མི་བརྟགས་ཆོས་ལ་བརྟགས༔ ཞེས་སོ༔ དེ་ལྟ་བུའི་བླ་མ་སྟེ་མཉེས་པ་གསུམ་དང་ལྡན་པའི་སྒོ་ནས་བརྟེན་པར་བྱས་ནས་དགོངས་སྤྱོད་ཚུལ་བཞིན་བསླབས་དགོས་སོ༔

གཉིས་པ་སྦྱོར་ལམ་ནི༔ གང་གཏན་ལ་ཕབ་པའི་གཞི་ངོས་བཟུང་བ་དང་༔ ཇི་ལྟར་ཕབ་པའི་ཚུལ་ལོ༔ དང་པོ་ནི༔ དེ་ནས་གཏན་ལ་ཕབ་པ་ལ༔ ཀ་དག་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་གཏན་ལ་ཕབ་པ་དང་༔ སྣང་ཆ་སྐུ་དང་ཡེ་ཤེས་དེ་ད་ལྟ་སེམས་ཅན་ལ་ཇི་ལྟར་བཞུགས་པ༔ གཏན་ལ་ཕབ་པ་གཉིས་སུ་ཡོད་པ་ལས་འདི་དང་པོ་སྟེ་ཁྲེགས་ཆོད་ཀྱི་གཞིའོ༔

གཉིས་པ་ལ་རྒྱུ་ལས་མ་བྱུང་བའི་འབྲས་བུ་རང་ལ་གནས་པར༔ དེ་སེམས་ལས་མ་བྱུང་བའི་སངས་རྒྱས་ཡེ་ནས་ཡིན་པར༔ དེ་ལུང་ལས་མ་བྱུང་བའི་གདམས་ངག་གི་རྟོགས་པར་བཤད་པ་གསུམ་སྟེ༔ ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ སེམས་ལས་མ་བྱུང་སངས་རྒྱས་དང་༔ རྒྱུ་ལས་མ་བྱུང་འབྲས་བུ་དང་༔ ལུང་ལས་མ་བྱུང་གདམས་ངག་དང་༔ ཁྱད་ཕར་འཕགས་པའི་མན་ངག་རྣམས༔ ཞེས་བསྡུས་པའི་དོན་གྱི་ངེས་པ་བཟུང་སྟེ༔ གཞན་ལས་གཞི་ལམ་འབྲས་གསུམ་དུ་བཞག་ཀྱང་འདིར་གསུམ་པོ་གཏན་ལ་དབབ་བྱ་དང་འབེབས་བྱེད་དུ་བྱས་ནས༔ ཁྱད་འཕགས་ཀྱི་གདམས་ངག་ནི་བསྒོམ་པའི་ལམ་དུ་བསྟན་ན་འཐད་པར་ཁོ་བོས་མཐོང་ངོ་༔

དེ་ལ་གསུམ་པོའི་ཕྱོགས་སོ་སོ་ནས་བཤད་པ་དང་༔ གནད་བསྡུས་ཏེ་སྤྲོས་བྲལ་གྱི་མཛུབ་ཚུགས་སུ་བསྟན་པ་གཉིས་ལས༔ དང་པོ་ལ་གསུམ་གྱི་རྒྱུ་ལས་མ་བྱུང་བས་འབྲས་བུ་ནི་རྒྱུ་ལས་མི་བྱུང་ཚུལ་དང་༔ འབྲས་བུ་རང་གི་ངོ་བོ་གནས་ལུགས་གཏན་ལ་ཕབ་པ་གཉིས་ལས༔ དང་པོ་ནི༔ ཆོས་སྐུ་རྒྱུ་རྐྱེན་ལ་མི་གནས་པ་དཔེའི་སྒོ་ནས་གཞལ༔ རྒྱུ་རྐྱེན་མི་འཐད་པར་དོན་གྱི་སྒོ་ནས་གཞལ་པའོ༔ དང་པོ་ནི༔ ཆོས་སྐུ་རྒྱུ་ལ་གནས་པ་མ་ཡིན་པའི་དཔེ་ནི༔ དཔེར་ན་ནོར་བུ་རིན་པོ་ཆེ་རྒྱུ་རྐྱེན་གྱིས་བསྐྱེད་མི་དགོས་པར་རྒྱ་མཚོར་གནས་པ་ལྟར༔ ཆོས་སྐུ་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་པར་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར་ནི༔ མདོ་ལས༔ བདེ་གཤེགས་སྙིང་བོས་འགྲོ་བ་ཡོངས་ལ་ཁྱབ༔ ཞེས་དང་༔ ངེས་དོན་འདུས་པ་ལས༔ རྒྱུ་རྐྱེན་མེད་པའི་མཐུན་དཔེ་ནི༔ ནོར་བུ་རིན་ཆེན་ཀུན་ལྡན་བཞིན༔ ཆོས་སྐུ་རྒྱུ་ལ་རག་མ་ལུས༔ རྐྱེན་ལ་མི་ལྟོས་སྨོས་ཅི་དགོས༔ ཞེས་དང་༔ ནམ་མཁའ་ཀློང་ཡངས་ཆེན་པོའི་རྒྱུད་ལས༔ རང་བྱུང་སྙིང་པོ་ཆོས་སྐུ་ང་༔ སངས་རྒྱས་རྣམས་ཀྱིས་ང་མ་མཛད༔ སེམས་ཅན་རྣམས་ཀྱིས་ང་མ་བཅོས༔ འབྱུང་བ་ལྔ་ལ་རག་མ་ལུས༔ ད་ཡང་འདུས་པའི་སྙིང་པོ་ཉོན༔ ཐིག་ལེ་ཆོས་སྐུའི་གཞི་ཉིད་ནས༔ རྒྱུ་རྐྱེན་གཉིས་ལས་འདས་པ་དང་༔ གཉེན་པོ་ཅིས་ཀྱང་མི་ཚུགས་དང་༔ དུས་གསུམ་མི་འགྱུར་ཡང་དག་ཡོད༔ ཅེས་དང་༔ མུ་ཏིག་ཕྲེང་བ་ལས༔ སྟོང་བས་ཁྱབ་དང་གསལ་བས་ཁྱབ༔ ཞེས་པའོ༔

གཉིས་པ་ནི༔ དེ་ལྟ་བུའི་གཞི་རྒྱུད་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དེ་ཉིད་ཡེ་ནས་ཡོད་པ་མ་ཡིན་པར་འཕྲལ་དང་སླད་ནས་རྒྱུ་ཚོགས་གཉིས་ཀྱིས་བསྐྱེད་པར་འདོད་པ་ནི་ཤིན་ཏུའང་མི་རིག་སྟེ་ཆོས་སྐུ་འཇིག་པར་འགྱུར་བས་སོ༔ ཅིས་ཕྱིར་དཔེར་ན་རྒྱུ་རྐྱེན་འདུས་པས་བྱས་པའི་འབྲས་བུ་ནི་མེད་པ་ཞིག་ནས་ཡོད་པར་འགྱུར་བའམ༔ མཐར་ཡོད་པའི་རྒྱུ་འབྲས་ལྡོག་པའི་མེད་པར་འགྱུར་བ་བཞིན་དུ༔ དེ་ལྟ་ན་སྔར་མེད་པས་ཆོས་སྐུ་རྒྱུས་རྐྱེན་གྱིས་བྱས་པས་འཇིག་པ་དང་༔ རྒྱུ་རྐྱེན་ལྡོག་པས་དེ་ཡང་ཟད་པར་འགྱུར་ན་མི་རུང་བའི་ཕྱིར་རོ༔ ལར་ཕྱི་ནང་གནས་དོན་ལུས་གསུམ་གྱི་ཆོས་ཐམས་ཅད་བག་ཆགས་མ་རིག་པས་རྒྱུ་བྱས་པས༔ རྐྱེན་བཞིའི་དམིགས་པ་མ་དག་པས་བྱུང་བ་ཡིན་པར་ཕྱིར་ན་སླར་ཡང་དེ་དག་དང་མཚུངས་བར་ལྡན་པའི་ཡེ་ཤེས་ཀྱི་ཚོགས་དམིགས་པ་མེད་པ་ལ་བློ་བཞག་པ་དང་༔ བསོད་ནམས་ཀྱི་ཚོགས་བདག་གཞན་མཚན་འཛིན་ལ་གཡེངས་པ་ནི་སངས་རྒྱས་ཐོབ་པ་ལ་དངོས་རྒྱུར་མི་འགྱུར་ཏེ༔ ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ རྒྱུ་ནི་འདུས་བྱས་མི་རྟག་པས༔ གཉེན་པོས་འཇིག་ཕྱིར་རྐྱེན་ཁར་འགྲོ༔ དེ་ཕྱིར་རྐྱེན་གྱིས་མ་བསྐྱེད་པའི་༔ རང་བྱུང་ཆོས་སྐུ་འགྱུར་མེད་དེ༔ ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན༔ ཕྱི་ནང་ཀུན་གྱི་བག་ཆགས་ཀྱི༔ རྒྱུ་རྐྱེན་ངན་པས་བསྐྱེད་པས་ན༔ རང་གིས་རང་བསླུས་འཛིན་པ་ཡི༔ འཁྲུལ་བ་ཡིན་པར་ཐེ་ཚོམ་བྲལ༔ དེ་ཕྱིར་འཁོར་འདས་མ་རེག་པས༔ ངེས་དོན་ཆོས་སྐུ་སྙིང་བོའི་དོན༔ རྒྱུ་ལས་མ་བྱུང་རང་བྱུང་སྐུ༔ རྐྱེན་གྱིས་མ་བསྐྱེད་འབྲས་བུ་ཡིན༔ ཞེས་དང་༔ དྲང་དོན་སངས་རྒྱས་རྒྱུ་རྐྱེན་ནི༔ ཐབས་དང་ཤེས་རབ་ཡིན་ཞེས་ཟེར༔ ཇི་སྲིད་ཐབས་ནི་བརྟེན་གྱི་བར༔ ཆང་དང་དུག་འདྲེས་འཆི་བ་འདྲ༔ དེ་ཕྱིར་རང་བྱུང་ཐབས་མི་དགོས༔ ཞེས་སོ༔

གཉིས་པ་འབྲས་བུ་རང་གི་ངོ་བོས་གནས་ལུགས་གཏན་ལ་དབབ་བ་ནི༔ མདོ་རྒྱས་བསྡུས་གསུམ་ལས༔ དང་པོ་ནི༔ དེ་ལྟ་བུའི་གཞི་དེ་སྟོང་གསལ་ཟུང་འཇུག་ཏུ་བསྟན་པ་ནི༔ གཞི་ནི་སྤྲོས་པ་ཐམས་ཅད་དང་བྲལ་པའི་བེམ་སྟོང་ངམ་སེམས་གསལ་རིག་ཙམ་གང་གིས་ཕྱོགས་སུ་མ་ལྷུང་བ་སྟེ༔ ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལས༔ སྟོང་གསལ་རིག་པ་བཤད་ཀྱི་ཉོན༔ གཞི་ཉིད་སྟོང་པ་གསལ་བ་སྟེ༔ དེ་ཉིད་མ་རྟོགས་འཁྲུལ་བ་ཡིན༔ དེས་ན་སྟོང་གསལ་ངོ་ཡི་བཟུང་༔ ཞེས་སོ༔

གཉིས་པ་ལ༔ གནས་ལུགས་རང་དུ་ངོ་སྤྲོད་པས་ཕྱི་འབྱམས་གཤིས་ཤོར་གྱི་མུན་པ་བསལ༔ དེའི་ཟུར་གསུམ་རྒྱས་པར་བཀྲལ་བས་སྐུ་གསུམ་ལ་ངེས་པ་སྦྱིན་པ་གཉིས་ལས༔ དང་པོ་ནི༔ དེ་ཡང་ཁ་ཕྱིར་བལྟས་ཏེ་ག་ཤེད་ན་ཅི་ཡང་མི་མཐོང་བ་ཞིག་མ་ཡིན་པར་སེམས་ཀྱི་གནས་ལུགས་རང་བཞིན་གྱི་བབས་སུ་ལྷུན་གྱིས་གྲུབ་པ་ནི༔ རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས༔ ཡིན་ནི་ད་ལྟའི་ཤེས་པ་ལ༔ དེ་དོན་ཀུན་ལ་གནས་པའི་ཕྱིར༔ འཆར་ནུབ་འབྲལ་པ་མེད་པའི་མཆོག༔ ལ་བཟློས་སྤངས་ལེན་ངོ་ཤེས་པའི༔ སྐྱོན་མེད་ཐམས་ཅད་མེད་པར་དག༔ དེ་ཕྱིར་དུས་འདིར་འབྲས་བུ་གྲུབ༔ རང་གི་སེམས་ཉིད་ཡིན་པ་དེ༔ གང་དང་འདྲ་མེད་ངེས་པའོ༔ ཞེས་སོ༔

གཉིས་པ་ལ༔ སོ་སོར་བཤད༔ དོན་བསྡུས་པ་གཉིས་ལས༔ དང་པོ་ལ་གསུམ་གྱི་ངོ་བོ་སྟོང་པར་བཤད་པའི༔ ཆོས་སྐུ་རྒྱུ་ལས་མ་བྱུང་བར་རང་ལ་ཡོད་པར༔ རང་བཞིན་གསལ་བར་བཤད་པས༔ ལོངས་སྐུ་རྒྱུ་ལས་མ་བྱུང་བར་རང་ལ་ཡོད་པར༔ ཐུགས་རྗེ་ཀུན་ཁྱབ་ཏུ་བཤད་པས༔ སྤྲུལ་སྐུ་རྒྱུ་ལས་མ་བྱུང་བར་རང་ལས་ཡོད་པར་ངེས་པ་སྦྱིན་པའོ༔

དང་པོ་ནི༔ དེ་ཡང་སྤྲོས་པའི་གྲྭ་ཟུར་ཐམས་ཅད་ལས་འདས་པའི་རང་གི་རིག་པ་འདི་ལས་བཟང་ངན་གྱི་དབང་དུ་མ་སོང་བའི་དབང་གིས་སངས་རྒྱས་ལ་བཟང་པོར་ཡོད་པ༔ དམྱལ་སོགས་ལ་ངན་པར་ཡོད་པ་མ་ཡིན་པར་མཉམ་པ་ཉིད་ཕྱལ་བ་ཡེ་གནས་ཆེན་པོ་ཡིན་ཏེ༔ དེ་ལྟར་གནས་པ་ནི་ཀ་དག་སྤྲོས་བྲལ་གྱི་ཆོས་སྐུར་ཤེས་པར་བྱའོ༔ ནམ་མཁའ་ཀློང་ཡངས་ལས༔ ཐོག་མ་མ་ཡིན་ཐ་མ་མིན༔ ད་ལྟའི་ཤེས་པ་འདི་ཉིད་ལས༔ བཟང་པོར་སོང་པ་གང་ཡང་མེད༔ ཅེས་དང་༔ ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས༔ སངས་རྒྱས་སྙིང་པོ་ཆོས་སྐུ་ནི༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ རང་བྱུང་ཡེ་ཤེས་ངོ་བོ་ཡོད༔ ཀུན་ཏུ་ཁྱབ་པའི་ནམ་མཁའི་འདྲ༔ ཞེས་དང་༔ ནམ་མཁའ་འབྲུག་སྒྲོག་གི་རྒྱུད་ལས༔ ཆོས་རྣམས་སེམས་ཀྱི་འཁྲུལ་སེམས་ཡིན༔ བྱར་མེད་བློ་འདས་ཆོས་རྣམས་མེད༔ སེམས་མེད་ཀ་དག་ཀློང་དུ་གྱུར༔ ཞེས་སོ༔ དེས་ན་ཀ་དག་ངོ་བོ་ཉིད་ཀྱི་ལྡོག་ཆ་ནས༔ སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི༔ སྟོང་པ་ལྷུན་གྲུབ་ཆེན་པོ༔ རྒྱུ་མེད་པ༔ རྐྱེན་མེད་པ༔ འཕོ་འགྱུར་མེད་པ༔ དངོས་པོ་ཅིར་ཡང་མེད་པ༔ དཔེས་མཚོན་དུ་མེད་པ༔ གཅིག་པུ་ཟླ་མེད་པ༔ ཁ་དོག་མེད་པ༔ དབྱིབས་མེད་པ༔ ཕྱོགས་མེད་པ༔ ཕྱི་ནང་མེད་པ་ཞིག་ཡིན་པས་ན༔ ནམ་མཁའ་འབར་པའི་རྒྱུད་ལས༔ རང་བཞིན་སྟོང་པ་ལྷུན་གྲུབ་ཡིན༔ རང་བཞིན་རྒྱུ་རྐྱེན་མེད་པ་ཡིན༔ རང་བཞིན་འཕོ་འགྱུར་མེད་པ་ཡིན༔ རང་བཞིན་ཅིར་ཡང་མེད་པ་ཡིན༔ རང་བཞིན་དངོས་པོ་མེད་པ་ཡིན༔ སེམས་ལ་དཔེ་མེད་ཟླ་མེད་གྲུབ་པ་མེད༔ སྟོང་གསལ་དངོས་མེད་ཁ་དོག་དབྱིབས་ཀྱང་མེད༔ སྐྱེ་མེད་ཀ་དག་ཕྱོགས་དང་མུ་མཐའ་མེད༔ དངོས་མེད་ཟང་ཀ་གཏད་མེད་གཏིང་མཐའ་ཡས༔ ཞེས་སོ༔

གཉིས་པ༔ ལོངས་སྐུ་རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་གཏིང་གསལ་གྱི་ཚུལ་ལ༔ སྐུ་དང་ཡེ་ཤེས་འོད་དང་ཐིག་ལེ་ལ་སོགས་པ་ཡོན་ཏན་ཐམས་ཅད་ཡེ་ནས་སེམས་ཉིད་ལ་ལྷུན་གྲུབ་ཏུ་ཡོད་པ་ཡིན་པས་ན་རྒྱུ་ཚོགས་གཉིས་ཀྱིས་བསྐྱེད་མི་དགོས་ཏེ༔ ངེས་དོན་འདུས་པ་ལས༔ སྐྱེ་མེད་རང་བྱུང་དོན་རྟོགས་པས༔ ཚོགས་གཉིས་བསགས་ལས་ཁྱད་པར་འཕགས༔ དེ་ཕྱིར་ཚོགས་བསགས་རྩེད་མོ་འདྲ༔ དྲང་དོན་ཚོགས་བསགས་གཡེང་བས་ཕུང་༔ གཟུགས་སྐུ་ཚོགས་གཉིས་ལས་མ་བྱུང་༔ དེ་ཕྱིར་ཆོས་སྐུ་རྟོགས་གྱུར་ན༔ ཚོགས་མ་བསགས་པར་གཟུགས་སྐུ་རྫོགས༔ དེ་ཕྱིར་རྒྱུ་མེད་འབྲས་བུ་ཡོད༔ ད་ཡང་འདུས་པའི་འཁོར་རྣམས་ཉོན༔ ངོ་བོ་གཅིག་ལ་ཐ་དད་མེད༔ བྱད་དང་མེ་ལོང་གཟུགས་བརྙན་བཞིན༔ ཆོས་སྐུའི་རང་རྩལ་གཟུགས་སྐུ་གཉིས༔ ཚོགས་མ་བསགས་པར་ཤུགས་ལ་ཡོད༔ སྐུ་གསུམ་འགྲོ་དོན་ཐ་དད་ཀྱང་༔ དེ་ཕྱིར་ཆོས་སྐུའི་རང་རྩལ་ནི༔ མཐོང་སྣང་སྣ་ཚོགས་ཅིར་ཡང་འཆར༔ དེ་ཙམ་ཉིད་ན་རྒྱུ་རྐྱེན་བྲལ༔ ཞེས་དང་༔ རང་ཤར་ཆེན་པོ་ལས༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ ཡང་དག་སངས་རྒྱས་དགོངས་པ་ནི༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ ཞེས་སོ༔

གསུམ་པ་ནི༔ སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་ནི༔ དེ་ལྟ་བུའི་ཟུང་འཇུག་གི་བདག་ཉིད་རིག་པ་བྱང་ཆུབ་སེམས་ཀུན་ལ་ཁྱབ་པའི་ཕྱིར་ཤེས་རིག་གི་རང་རྩལ་ཤེས་རབ་ཀྱི་རྩལ་བཞི་དང་བཅས་པའང་ལྷུན་གྱིས་གྲུབ་པ་ཡིན་ཏེ༔ ཐལ་འགྱུར་ལས༔ ཐོག་མའི་ངོ་བོ་རང་བཞིན་དང་༔ ཐུགས་རྗེ་རྣམ་པ་གསུམ་དུ་གནས༔ ཞེས་སོ༔

གཉིས་པ་ལ༔ རྒྱུད་སྡེ་ཆུ་བོ་གཅིག་འདྲེས་སུ་དགོངས་པ་བླངས་པས༔ གང་དུ་གནས་པའི་རྩ་བའི་དཀྱིལ་འཁོར་ངོས་བཟུང་བས༔ རྒྱུ་མཚན་གྱི་སྒོ་ནས་ཆོས་རྗེས་སུ་འབྲང་བས་རྒྱུ་ལས་མ་བྱུང་བས་འབྲས་བུ་ལ་ངེས་པ་སྦྱིན་པའོ༔

དང་པོ་ནི༔ དོན་གྱི་གནད་བསྡུས་ན༔ ངོ་བོ་སྟོང་པས་འཁོར་འདས་གང་དུའང་ཕྱོགས་སུ་མ་ལྷུང་༔ རང་བཞིན་གསལ་བའི་ཡེ་ཤེས་ཀྱི་གདངས་མ་འགགས༔ ཐུགས་རྗེ་ཀུན་ཁྱབ་ཀྱི་སྣང་སྟོང་དབྱིངས་ཡེ་ཟུང་འཇུག་གི་བདག་ཉིད་ཆེན་པོ་བསྟན་པས༔ དོན་སྒྲུབ་བྱེད་དུ༔ ཕྱི་མཚན་ཉིད་ཐེག་པ་ལས༔ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་༔ མཚན་མ་མེད་པ༔ སྨོན་པ་མེད་པ་གསུམ་དང་༔ བཀའ་ཐ་མའི་དགོངས་འགྲེལ་ལས༔ ཆོས་ཉིད་ཀྱི་རིགས་པ༔ ལྟོས་པའི་རིགས་པ༔ བྱ་བ་བྱེད་པའི་རིགས་པ་གསུམ༔ སྒྱུ་འཕྲུལ་ལས༔ རྒྱུ་གཅིག་པ༔ ཡིག་འབྲུ༔ བྱིན་རླབས༔ མངོན་སུམ་བཞི་རྣམས་དང་༔ ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ལས༔ ཡིད་ཆེས་པ་ཡི་གཏན་ཚིག་ནི༔ རང་སེམས་སྐྱེ་མེད་གཏན་ཚིག་གི༔ ལྷུན་གྱིས་གྲུབ་པར་ཡིད་ཆེས་བྱ༔ རོལ་བ་འགགས་མེད་གཏན་ཚིག་གིས༔ གང་ཡང་མི་འགག་ཡིད་ཆེས་བྱ༔ མཚན་ཉིད་གཉིས་མེད་གཏན་ཚིག་གིས༔ ཆོས་རྣམས་གཅིག་པར་ཡིད་ཆེས་བྱ༔ ངོ་བོ་བློ་བྲལ་གཏན་ཚིག་གིས༔ རྩོལ་བ་མེད་པར་ཡིད་ཆེས་བྱ༔ ཞེས་སོགས་དང་༔ ཐིག་ལེ་ཀུན་གསལ་ལས༔ ང་ཡི་དོན་གྱི་ཕྱོགས་རེ་ནས༔ ཐེག་བརྒྱད་རང་བཞིན་སོ་སོར་སྣང་༔ ཐམས་ཅད་ང་ཡི་དབང་དུ་འདུས༔ ཞེས་སོགས་ཀྱི་བསྟན་པའི་མཐར་ཐུག་པའོ༔ དེ་ལྟ་བུའི་རྒྱུད་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་ཡེ་ནས་གནས་ཀྱང་མ་མཐོང་བ་ཡིན་པས་ཐེག་པ་སོ་སོའི་ཟུར་རེ་བསྟན་པས་རིམ་གྱི་གོ་བས་རྣམ་གཅོད་མཐར་ཐུག་བསྟན་པར་མ་བཞག་ཀྱང་འདིར་ཡོངས་སུ་གབ་སྦས་མེད་པར་ཡོངས་གཅོད་དུ་བཞག་པའི་ཁྱད་ཙམ་དུ་བས་སོ༔ རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས༔ ང་ཡི་རྒྱུད་ཆེན་ངེས་དོན་འདིས༔ རྩ་བ་རང་བྱུང་ཡེ་ཤེས་དོན༔ ཀུན་ལ་ཡོད་ཀྱང་རྟོགས་དཀའ་བ༔ དོན་གྱི་གནས་ལུགས་ངོ་བོ་ནི༔ ད་ལྟའི་ཤེས་པ་སོ་མ་ལ༔ ཅི་ཡང་མ་བསམ་མ་འགགས་པ༔ དེར་ནི་དོན་གྱི་སྙིང་པོ་བསྡུས༔ དེ་དོན་རྟོགས་ཐབས་ལུང་ལྡན་གྱིས༔ ངེས་དོན་མ་ནོར་བསྟན་པས་གོ༔ ཞེས་སོ༔

གཉིས་པ་ཡེ་ཤེས་ལུས་ལ་གནས་པའི་ཚུལ་བསྟན་པ་ནི༔ གོང་དུ་བསྟན་པའི་ཡེ་ཤེས་དེ་ཉིད་ལུས་ལ་ཅི་ལྟར་གནས་ན༔ ཙིཏྟ་རིན་པོ་ཆེ་མཆོག་གི་གུར་ནང་ན་ཡེ་ཤེས་སུམ་བརྩེགས་ཀྱི་ཚུལ་དུ་གནས་སོ༔ དགོངས་པ་བཀའ་བསྒྲོས་ལས༔ ད་ལྟའི་ལུས་སེམས་འདི་ཉིད་ལ༔ ཆོས་སྐུ་གཞི་ལྡན་ཡོད་པའི་ཕྱིར༔ འབྱུང་བ་ལྔ་ཡི་དྭངས་མ་ནི༔ སྙིང་ཀ་ཆོས་ཀྱི་འཁོར་ལོ་ན༔ རྟེན་བཅས་གཟུགས་ཀྱི་ནང་ནས་ནི༔ ཙིཏྟ་རིན་ཆེན་གཞལ་ཡས་ཁང་༔ གུར་ཕུབ་འདྲ་བའི་ནང་ཤེད་ན༔ ཆོས་སྐུ་བཞི་ལྡན་ཡོད་པ་སྟེ༔ ཞེས་དང་༔ ཐལ་འགྱུར་ལས༔ སྙིང་ནང་ཡེ་ཤེས་ཆེན་པོར་གནས༔ ཞེས་སོ༔ རྒྱུ་མཚན་དེ་ལྟ་བུའི་སངས་རྒྱས་རྒྱུས་མ་བསྐྱེད་པར་རང་ལ་གནས་པ་ཞེས་བྱའོ༔

གསུམ་པ་ནི༔ འོ་ན་རྒྱུ་མེད་པའི་འབྲས་བུ་སྲིད་དམ༔ སྲིད་ན་མུ་སྟེགས་པ་དང་ཁྱད་པར་མེད་དེ་རྟག་པར་ལྟ་བའི་ཕྱིར་ཞེ་ན༔ སྐལ་མེད་དག་ལ་ཡིན་ཡང་༔ གཞི་ནི་དཔེའི་སྒོ་ནས་བསྟན་ན༔ ནམ་མཁའ་ལ་རྒྱུ་མེད་པས་རྐྱེན་གྱིས་འཇིག་པ་མེད་པ་ལྟར༔ ཆོས་སྐུ་འགྱུར་བར་མི་རུང་བའི་གཏན་ཚིག་གིས་རྐྱེན་ལ་མ་རེག་པར་ཡོད་པ་ཡིན་ཏེ༔ བདེ་བའི་འཁོར་ལོའི་རྒྱུད་ལས༔ ནམ་མཁའ་སྟོང་བ་རྒྱུས་མ་བསྐྱེད༔ རིག་པ་སྟོང་ལ་རྒྱུས་མ་བསྐྱེད༔ ནམ་མཁའ་འབྱུང་བའི་རྐྱེན་མི་ཚུགས༔ དེ་བཞིན་ཆོས་སྐུ་འགྱུར་མེད་ཕྱིར༔ དེ་ཕྱིར་རྐྱེན་ལས་མ་སྐྱེས་པའི༔ འབྲས་བུ་ངེས་པར་ཡོད་པའོ༔ ཞེས་སོ༔ ལོངས་སྐུ་དང་སྤྲུལ་སྐུའི་ཡེ་ཤེས་ཀྱང་རྒྱུ་ལ་མ་ལྟོས་པར་ཡོད་པ་སྟེ༔ རིག་པའི་གསལ་ཆ་མ་འགགས་པའི་མདངས་ཡེ་ཤེས་ལྔ་དང་༔ ཡུལ་སོ་སོར་རྟོགས་པའི་ཤེས་རབ་ཐུགས་རྗེ་ཕྱོགས་མེད་དུ་རིག་པའི་སྙིང་པོར་ཤར་བས་ན་རྒྱུ་མེད་པར་ཡོད་ཚུལ་མེད་ན་མི་རུང་བར་འགྱུར་ཏེ༔ རྐྱེན་གདུལ་བྱའི་ལས་སྨོན་དང་སངས་རྒྱས་ཀྱི་ཐུགས་རྗེ་འཕྲད་ནས་འབྱུང་བར་འདོད་པ་ནི་ཆོས་སྐུ་འགྱུར་བར་མི་རུང་བས་གཏན་ཚིག་གིས་མི་འགྲུབ་པ་སྟེ༔ དེའི་ཕྱིར་ན༔ རྒྱ་མཚོའི་གསེར་ལ་རྒྱུ་མེད་བཞིན་ཡོད་པ་དང་༔ དེ་ལ་གཡའ་ཡིས་མི་གོས་པའི་དཔེར་བྱས་ནས་མཚོན་ཏེ༔ བདུད་རྩི་རྒྱ་མཚོ་ལས༔ རྒྱ་མཚོའི་གསེར་ལ་རྒྱུ་མེད་ལྟར༔ རིག་པ་རང་གྲོལ་རྒྱུས་མ་བསྐྱེད༔ གསེར་དེ་གཡའ་ཡིས་མི་གོས་ལྟར༔ ཆོས་སྐུ་རྐྱེན་གྱིས་མི་འགྱུར་བས༔ དེ་ཕྱིར་རྒྱུ་ལས་མ་བྱུང་བས༔ གཟུགས་སྐུ་ངེས་པར་ཡོད་པའོ༔ ཞེས་སོ༔ དེ་ལྟ་བུའི་རྒྱུ་ལས་མ་བྱུང་བའི་འབྲས་བུ་ནི་སྔར་ཡང་ནས་ཡང་དུ་བཤད་ཀྱང་དེང་སང་གླན་ཀ་ཚོལ་བ་མང་དུས་དེར་གཟི་བརྗིད་ངོམ་པ་ཞེས་བྱའོ༔

གསུམ་པ་དོན་བསྡུ་བ་ནི༔ འདི་དག་ལ་ནི་རྫོགས་པ་ཆེན་པོའི་རྒྱུད་ཀྱི་གནད་འདུས་པ་ཡིན་པས་བཟུང་བར་འོས་པ་སྟེ༔ ཡེ་ཤེས་མཁའ་མཉམ་ལས༔ ངེས་པ་བཞི་ཡི་ཁྱད་འཕགས་པ༔ ཁྱོད་ལ་ལེགས་པར་ངས་བསྟན་གྱི༔ ཡིད་ལ་ཟུངས་ལ་ངེས་པར་འཆོང་༔ ཞེས་སོ༔

གཉིས་པ་སེམས་ལས་མ་བྱུང་བའི་སངས་རྒྱས་བཤད་པ་ལ༔ མདོར་བསྟན་པ༔ རྒྱས་པར་བཤད་པ༔ དོན་བསྡུ་པའོ༔ དང་པོ་ནི༔ ཐེག་པ་ཐུན་མོང་ལས་སེམས་ལ་སངས་རྒྱས་ཞེས་བཏགས་པ་དང་ཕྱག་ཆེན་དང་འདིར་སེམས་ཉིད་དང་ད་ལྟའི་ཐ་མལ་གྱི་ཤེས་པ་ཞེས་བྱ་བ་དག་ཚིག་མཐུན་ཡང་དོན་གྱིས་མི་མཚུངས་ཏེ༔ འདི་ནི་རང་བྱུང་གི་ཡེ་ཤེས་ལ་བརྗོད་པ་དང་༔ གཞན་ནི་གཞན་བྱུང་གི་ཤེས་པ་ལ་འདོད་པས་དེ་ལྟ་ན༔ སེམས་ནི་གཞི་ལས་ལོག་པར་གོལ་བ་ཡིན་པས་ངོ་བོ་ཉིད་ཀྱི་འཁྲུལ་བ་དེ་ལ་སྟེགས་འཆའ་ན་ནམ་ཡང་སངས་རྒྱས་དུས་མེད་པ་ཞིག་སྟེ༔ རང་བྱུང་གི་ཡེ་ཤེས་ནི་སེམས་མེད་པ་ཡེ་རིག་དོན་དམ་པའི་ངོ་བོ་སྐུའི་དཀྱིལ་འཁོར་དུ་བཞུགས་པའོ༔ དེ་སྐད་དུ་ཡང་༔ རང་བྱུང་བདེ་བ་འཁོར་ལོ་ལས༔ སེམས་ནི་འཁྲུལ་པ་ཡིན་པའི་ཕྱིར༔ ཆོས་ཀུན་གོལ་སེམས་ཡིན་པས་ན༔ ཡང་དག་ཉིད་ནི་སེམས་དང་བྲལ༔ སེམས་མེད་རང་བྱུང་རིག་པའི་སྐུ༔ ཞེས་སོ༔

གཉིས་པ་ནི་སེམས་སངས་རྒྱས་ཡིན་པར་མི་རུང་བར་བསྟན༔ སེམས་ཀྱི་ཕྱོགས་ལས་བཙལ་བས་རྙེད་པར་བསྟན༔ སེམས་དང་ཡེ་ཤེས་ཕྱེད་པ་བྱེ་བྲག་ཏུ་བསྟན༔ དེ་ཉིད་སངས་རྒྱས་དང་གྲུབ་ཐོབ་ཀུན་གྱི་དགོངས་ཀློང་དུ་བཤད་དོ༔ དང་པོ་ནི་སེམས་སུ་སྣང་བ་ཉིད་ནི་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པར་བྱེད་པའི་དྲི་མ་སྟེ༔ ཇི་ལྟར་ན་ཐུགས་རྗེ་ལྟར་ཤར་བའི་སྒོ་ལོག་པར་གོལ་བས་དྲང་པོ་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པར་ཤར་པ་བསྒྲིབ་པས་ཕྱིར་སྤྲིན་དང་འདྲའོ༔ རང་བྱུང་གི་ཡེ་ཤེས་ནི་དེ་དང་མི་གཅིག་སྟེ་སེམས་དང་བྲལ་བའི་ཕྱིར་རོ༔ དེའི་ཕྱིར་རྒྱུད་ལས༔ དེ་ཕྱིར་ཆོས་ཀུན་རྩ་བ་ནི༔ ཆོས་སྐུ་རང་གི་སེམས་ཀྱིས་སྒྲིབ༔ སེམས་ནི་དོན་མེད་འཁྲུལ་བའི་ཕྱིར༔ ཆོས་སྐུའི་གོལ་ས་སེམས་ཡིན་ནོ༔ རང་བྱུང་ཆོས་ཉིད་སེམས་དང་བྲལ༔ ཞེས་སོ༔ གལ་ཏེ་ངེས་དོན་སེམས་ཡིན་ན་མི་རུང་སྟེ༔ སེམས་ནི་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕྱིར༔ ཆོས་སྐུ་རྒྱུ་རྐྱེན་ལས་སྐྱེས་པར་འགྱུར་བས་སྐྱེ་བ་མེད་པ་དང་འགལ་ཏེ༔ ཀུན་བྱེད་ལས༔ སེམས་ཉིད་སྐྱེ་བ་མེད་པར་ཀུན་སྟོན་ཡང་༔ སྐྱེ་མེད་སྔོན་དུ་ཀུན་གྱིས་རྟོགས་པ་མེད༔ ཅེས་དང་༔ ངེས་དོན་འདུས་པ་ལས༔ སྣ་ཚོགས་སེམས་ནི་གཞན་དབང་ཅན༔ རང་གི་སེམས་ཞེས་དེ་ལ་བྱས༔ སྐྱོན་གྱི་རྩ་བ་སེམས་ཡིན་པས༔ དེ་ཕྱིར་སེམས་ཀྱི་སངས་མི་རྒྱ༔ སེམས་ནི་རྒྱུ་རྐྱེན་སྐྱེས་པའི་ཕྱིར༔ ངེས་དོན་མ་ཡིན་འཁྲུལ་བའི་བློ༔ ཞེས་སོ༔ ཡང་སེམས་ནི་ཡུལ་སྣ་ཚོགས་སུ་མེད་ལ་ཡོད་པར་ཞེན་པའི་རྟོག་པ་སྣ་ཚོགས་པ་ཞིག་སྟེ༔ དུ་མ་སྐྱེ་འགགས་གི་རང་བཞིན་ཅན་དང་༔ ཡོད་མེད་རྟག་ཆད་དུ་འཛིན་པའི་བློ་ཡིན་པས་ན་ཆོས་སྐུར་འདོད་ན༔ དུ་མའི་མཐའ་ལ་ལྟུང་བ་དང་སྐྱེ་འགགས་ཀྱི་མཐའ་དང་རྟག་ཆད་འཛིན་པས་མཐའ་ལ་རྟོགས་པས་ཀྱང་མི་རུང་སྟེ༔ དེ་ཉིད་ལས༔ སེམས་ནི་འཁོར་བའི་རྩ་བ་སྟེ༔ ཡུལ་ནི་སྣ་ཚོགས་སྣང་བ་ལ༔ སེམས་ཀྱི་རྟོག་པ་སྣ་ཚོགས་ཞེན༔ དེ་ཕྱིར་སེམས་ནི་འཁོར་བའི་རྒྱུ༔ རྟག་ཆད་འཛིན་པ་སེམས་ཡིན་པས༔ ལྟ་བའི་གོལ་བ་སེམས་ལས་བྱུང་༔ ཞེས་སོ༔ ཡང་སེམས་ལས་བྱུང་བས་རྣམ་རྟོག་ཆགས་སྡང་རྨོངས་གསུམ་ཐམས་ཅད་ཀྱི་གཞིར་གྱུར་པ་དང་༔ འཁོར་བ་དང་མྱང་འདས་ཀྱི་འབྲས་བུ་ཐམས་ཅད་རེ་དོགས་སེམས་ཀྱིས་བྱས་ཏེ་མཉམ་པ་ཉིད་དང་འགལ་བ་དང་༔ ཆོས་སྐུ་ཉོན་མོངས་ཅན་དུ་འགྱུར་བའི་སྐྱོན་གྱིས་མི་རུང་སྟེ༔ དེ་ཉིད་ལས༔ སེམས་ལས་བྱུང་བས་རྣམ་རྟོག་གིས༔ ཆགས་སྡང་ཐམས་ཅད་སྐྱེད་པར་བྱེད༔ འཁོར་འདས་རེ་དོགས་སེམས་ཀྱིས་བྱས༔ དེ་ཕྱིར་འཁོར་བའི་རྒྱུར་སེམས་གོལ༔ ཞེས་སོ༔ ཡང་སེམས་ཀྱི་སྲེད་པས་སྐྱེ་བ་འཕེན་པས་སྡུག་བསྔལ་གྱི་རྒྱུར་གྱུར་པ་དང་༔ སེམས་ཀྱི་སྐྱེ་བ་གྲངས་མེད་པ་གློ་བུར་བར་མེད་ལ་ཡོད་པར་བཟུང་ནས་བྱས་པས་ན༔ ཆོས་སྐུ་དང་གཅིག་ན་ཆོས་ཀུན་འབྱུང་དུ་འགྱུར་བ་དང་༔ གློ་བུར་བས་འཁྲུལ་པར་འགྱུར་བས་མི་རུང་སྟེ༔ དེ་ཉིད་ལས༔ སེམས་ཀྱིས་བྱས་པ་རྟོགས་པ་ཡི༔ སྐྱེ་བ་བརྒྱུད་པ་གྲངས་མེད་ཀྱང་༔ སེམས་འདིས་བྱས་ཕྱིར་སྡུག་བསྔལ་རྒྱུ༔ དེ་ཕྱིར་སེམས་ནི་གློ་བུར་འཁྲུལ༔ ཞེས་སོ༔

གཉིས་པ་ནི༔ འོན་ཀྱང་སེམས་ཀྱི་ཕྱོགས་ལས་བཙལ་ན་རྙེད་པ་ཡིན་ཏེ༔ དཔེར་ན་གླང་པོ་ཆེ་ཞིག་བོར་པ་ལ༔ དེའི་རྗེས་ལ་མ་བརྟེན་རྙེད་པ་མེད་ན་ཡང་༔ རྗེས་ལས་དེད་པས་རྙེད་པ་བཞིན༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་གྱི་རྗེས་ལྟ་བུ་ལས་དེད་པས་རང་བྱུང་གི་ཡེ་ཤེས་སེམས་མེད་པ༔ གཟུང་འཛིན་མེད་པ༔ སྤྲོས་བྲལ་བདེ་བ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཡེ་ནས་འབྲལ་པ་མེད་པར་གནས་པ་ཉིད་རྙེད་པར་འགྱུར་ཡང་༔ རྗེས་དེ་གླང་བོ་ལ་ནོར་ན་བཞད་གད་ཀྱི་གནས་སུ་འགྱུར་བ་ལྟར༔ སེམས་ནི་རང་རིག་འོད་གསལ་བའི་དགོངས་པའོ་ཞེས་མི་བྱ་བ་ཁོ་ན་ཡེ་ཤེས་འཁོར་ལོའི་རྒྱུད་དང་བདེ་བ་འཁོར་ལོའི་རྒྱུད་གཉིས་མཐུན་པར༔ དེ་ཉིད་བཙལ་པའི་མཐུན་དཔེ་ནི༔ རྗེས་བཙལ་བས་ནི་གླང་པོ་རྙེད༔ སེམས་ཀྱི་ཕྱོགས་ནས་དོན་བཙལ་བས༔ རང་རིག་རྒྱལ་པོ་ཡེ་ཤེས་རྙེད༔ དེ་རྙེད་སེམས་ཀྱི་འཛིན་པ་བྲལ༔ འཛིན་བྲལ་སེམས་མེད་རང་རིག་སྐུ༔ དེ་དོན་འབྲལ་མེད་བྱང་ཆུབ་ཀློང་༔ སེམས་བྲལ་ཏིང་འཛིན་རྒྱུན་དུ་གནས༔ ཞེས་སོ༔

དོན་གསུམ་པ་སེམས་དང་ཡེ་ཤེས་ཕྱེད་པ་བྱེ་བྲག་ཏུ་བཤད་པ་ནི༔ སེམས་དང་ཡེ་ཤེས་ཕྱེད་པ་འདི་ཨ་ཏིའི་ཁྱད་ཆོས་སུ་བཤད༔ དེ་ལྟར་ཕྱེད་པ་དངོས་བཤད༔ དེའི་ཡོན་ཏན་གྱི་སྒོ་ནས་བཤད་པ་གསུམ༔ དང་པོ་ནི༔ ཐེག་པ་འོག་མ་བརྒྱད་པོ་ཐམས་ཅད་ཀྱིས་སེམས་ཆོས་སྐུ་ཡིན་པས༔ དེ་ཉིད་སེམས་ཀྱི་དམིགས་པ་ལུས་ཀྱི་ཚོགས་བསགས་སོགས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པས་སེམས་གནས་སུ་གྱུར་ནས་སངས་རྒྱས་པར་འདོད་པ་དང་༔ བསྐྱེད་རྫོགས་ཁྱད་པར་ཅན་དུ་བློས་བཅོས་པས་འཛིན་སྟངས་དོན་མཐུན་པའི་སྒོ་ནས་ཕྲིན་ལས་རྣམ་བཞི་སྤྱོད་ཅིང་འབྲས་བུ་ཡང་དག་པར་ཐོབ་པར་འདོད་པ་ནི་ཀུན་བཏགས་འབའ་ཞིག་པ་སྟེ༔ མ་རིག་པའི་རྩ་བ་ཅན་འཁོར་བའི་སེམས་ཀྱི་ལས་སྣ་ཚོགས་པ་དེ་དག་གི་འབྲས་བུ་མྱུར་དུ་མི་ཐོབ་པར་འབྱང་ ༼ འགྱང་དཔྱད། ༽ བར་འགྱུར་བ་ནི་འདུ་བྱེད་ཀྱི་ལས་སྣ་ཚོགས་པ་དེ་ལ་སྣོན་མ་ཙམ་དུའང་འགྱུར་ཉེན་ཆེ་བས་ན༔ ཐམས་ཅད་ཀྱང་སེམས་ལས་མ་བྱུང་བའི་སངས་རྒྱས་མ་ཡིན་ཏེ༔ དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ མ་རིག་ཆོས་ནི་བདེན་གཉིས་སུ༔ བློ་ཡི་ནན་ཏན་སེམས་ཀྱིས་བརྟགས༔ ཚོགས་བསགས་སྒྲིབ་སྦྱང་ཀུན་བརྟགས་པས༔ སེམས་བྲལ་རང་བྱུང་ཆོས་ཀྱི་སྐུ༔ སེམས་ལས་མ་བྱུང་སངས་རྒྱས་འདི༔ ཐེག་པ་ཀུན་ལས་ཁྱད་པར་འཕགས༔ ཕྱི་ནང་གསང་སྔགས་བསྐྱེད་རྫོགས་ནི༔ ཏིང་འཛིན་གསུམ་གྱི་ལྷར་བསྒོམ་ནས༔ ཕྲིན་ལས་རྣམ་བཞིའི་ལོངས་སྤྱོད་ཀུན༔ འབྲས་བུ་མི་ཐོབ་ཀུན་བརྟགས་པས༔ ཡིད་སྨོན་ཀུན་བརྟགས་དཀྱིལ་འཁོར་ཀུན༔ དྲང་དོན་ཡིན་ཕྱིར་འཁྲུལ་བའི་སེམས༔ གསལ་བརྟན་ཏིང་འཛིན་གོམས་གྱུར་ཡང་༔ སེམས་ལས་མ་བྱུང་སངས་རྒྱས་མིན༔ ཞེས་སོ༔

གཉིས་པ་ཕྱེད་པ་དངོས་ནི་མན་ངག་ཁྱད་པར་ཅན་དེ་ཉིད་གསལ་རྒྱན་ལྟར་དང་༔ འདིར་ཅུང་ཟད་ཙམ་བྱེད་ན༔ ངོ་བོ་དང་༔ གནས་ཀྱི་སོགས་དང་༔ དུས་གསུམ་གྱི་རྟོག་པས་ཁྱད་པར་ཕྱེད་པའོ༔ དང་པོ་ངོ་བོའི་ཁྱད་པར་ནི་སེམས་ཀྱི་ངོ་བོ་མ་རིག་པ་འཁྲུལ་པའི་རྟོག་པ་དང་༔ རིག་པའི་ངོ་བོ་ཆོས་སྐུའི་ཆ་ལས་ཤེས་རིག་གི་ལྡོག་པ་ལ་བཤད་དེ༔ ཐལ་འགྱུར་ལས༔ སེམས་ཞེས་བྱ་བ་འཁྲུལ་རྟོག་ལ༔ ངོ་བོ་འཇུག་ཅིང་ཁྱབ་པ་ལ༔ དྲན་བསམ་རྣམས་ཀྱི་གཞི་མའོ༔ ཡེ་ཤེས་རྟོགས་པ་མ་ཡིན་ཏེ༔ ངོ་བོ་རང་གསལ་སྙིང་པོའི་དོན༔ ཞེས་དང་༔ འཁོར་ལོའི་རྒྱུད་ལས༔ སེམས་ནི་མ་རིག་མུན་པ་ཡིན༔ སངས་རྒྱས་སེམས་བྲལ་ཡེ་ཤེས་སྐུ༔ ཞེས་སོ༔ ཡང་སེམས་ཀྱི་ངོ་བོ་ནི་རྟག་ཆད་གཉིས་འཛིན་རིག་པའི་ངོ་བོ་གཉིས་མེད་ཆོས་སྐུ་སྟེ༔ སྒྲོན་མ་སྣང་བ་ལས༔ རྟག་ཆད་འཛིན་པ་མ་རིག་པ༔ དེ་ལས་མ་བྱུང་སྒྲོ་སྐུར་བྲལ༔ རྟག་ཆད་སེམས་མེད་ཆོས་ཀྱི་སྐུ༔ སེམས་ལས་མ་བྱུང་སངས་རྒྱས་ཡིན༔ ཞེས་དང་༔ དོན་འདུས་ལས༔ ད་ལྟའི་ཆོས་སྐུ་འདི་ལས་ནི༔ འདུས་མ་བྱས་ཕྱིར་རྟག་ཆད་མེད༔ ཅེས་སོ༔ ཡང་སེམས་ནི་བྱིང་རྒོད་སྣ་ཚོགས་པས་བྲི་གང་ཅན༔ རིག་པ་ནི་དེ་དག་དང་བྲལ་བ་སྟེ༔ ཡོན་ཏན་ཀུན་འབྱུང་ལས༔ ཕྱོགས་མེད་ཆོས་སྐུ་རང་གསལ་བས༔ བྱིང་རྨུག་བྱ་བའི་མིང་ཡང་མེད༔ དངོས་པོ་མེད་པའི་གསལ་དོན་གྱི༔ བཏང་སྙོམས་རྟིང་པོའི་མུན་པ་སེལ༔ ཞེས་དང་༔ ཡེ་ཤེས་ནམ་མཁའ་དང་མཉམ་པར༔ སངས་ནི་བྱིང་རྨུག་རྒོད་པ་སངས༔ རྒྱས་ནི་ཆོས་སྐུ་གསར་བ་རྒྱས༔ དེ་ཕྱིར་སེམས་ལས་མ་བྱུང་བས༔ ཡེ་ཤེས་རང་སངས་རྒྱས་པ་ཡིན༔ ཞེས་སོ༔ ཡང་སེམས་ནི་འཁྲུལ་བའི་ཡུལ་ལ་སོ་སོར་མིང་བརྟགས་དོན་བཟུང་དངོས་པོར་བལྟས་ཤིང་འཛིན་པ་ཞིག་ལ༔ རིག་པ་ནི་འཛིན་པ་ཐམས་ཅད་དང་བྲལ་ཞིང་གཡོ་འགུལ་མེད་པའི་ཡེ་ཤེས་ངང་གི་རྒྱས་པ་སྟེ༔ དེ་ཉིད་ལས༔ སངས་ནི་འཁྲུལ་པར་འཛིན་པས་སངས༔ རྒྱས་ནི་ཆོས་སྐུ་མི་གཡོ་རྒྱས༔ དེ་ཕྱིར་སེམས་ལས་མ་བྱུང་བས༔ ཡེ་ཤེས་རང་སངས་རྒྱས་པ་ཡིན༔ ཞེས་སོ༔ ཡང་སེམས་ནི་དུས་གསུམ་གྱི་ཆ་སྐྱེ་འགགས་གནས་པར་སྣང་བའི་རང་བཞིན༔ ཡེ་ཤེས་སྐྱེ་བ་མེད་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་ཉིད་ཏེ༔ ནམ་མཁའ་མཉམ་པ་ལས༔ སེམས་ལ་དུས་གསུམ་ཡོད་པས་ན༔ དེ་ལ་སྔ་ཕྱི་ད་ལྟ་བྱུང་༔ སེམས་ལ་འཕོ་འགྱུར་ཡོད་པས་ན༔ དེ་ཕྱིར་ལུས་ལ་སྐྱེ་འཆི་བྱུང་༔ ཞེས་དང་༔ སྐྱེ་མེད་རང་བྱུང་ཡེ་ནས་གནས༔ དེ་ཉིད་ལམ་གྱི་ཡེ་ཤེས་གནས༔ ཐོག་མཐའ་ཆོད་ན་དུས་གསུམ་གཅིག༔ ཆོས་སྐུ་གཅིག་ཕྱིར་འཕོ་འགྱུར་མེད༔ དོན་ལ་འགྱུར་མེད་སྡུག་བསྔལ་བྲལ༔ སྔ་ཕྱི་མེད་པའི་རང་བྱུང་སྐུ༔ སེམས་ལས་མ་བྱུང་ཆོས་སྐུའོ༔ ཞེས་སོ༔ སེམས་ལ་བདེ་སྡུག་བར་གསུམ་ཡོད་པ་དང་༔ ཡེ་ཤེས་ལ་དེ་དག་མེད་པའི་ཁྱད་པར་ཡང་ཡོད་སྟེ༔ ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས༔ བརྗོད་མེད་རང་གི་ངོ་བོ་ལ༔ ཚོར་བ་བདེ་སྡུག་གང་ཡང་མེད༔ དེ་ཕྱིར་ཆོས་ཉིད་བདེན་པའི་ངང་༔ སེམས་ལས་མ་བྱུང་སངས་རྒྱས་ཡིན༔ ཞེས་སོ༔ ཡང་སེམས་ནི་ཕྱིའི་ཡུལ་ལ་འདི་དང་འདིའོ་སྙམ་དུ་གཟུང་འཛིན་གཉིས་སུ་རྟོག་པའི་རྣམ་རྟོག༔ རིག་པ་ནི་གཟུང་འཛིན་དང་བྲལ་བ་སྟེ༔ ནམ་མཁའ་ཀློང་ཡངས་ལས༔ ད་ལྟའི་ཤེས་པ་འདི་ཉིད་ལས༔ གཟུང་འཛིན་མེད་པའི་བྱང་ཆུབ་སེམས༔ ཞེས་སོ༔ སེམས་ནི་ཡུལ་འདོད་པ་དང་མི་འདོད་པ་ལ་དགག་སྒྲུབ་སྣ་ཚོགས་སུ་འཛིན་པའི་བློ་ལ༔ ཡེ་ཤེས་ནི་ཆགས་སྡང་དགག་སྒྲུབ་ལས་འདས་པ་སྟེ༔ འཁྲུལ་པའི་རྟོག་པ་ཆགས་སྡང་ཡུལ༔ དགག་སྒྲུབ་རྣམ་རྟོག་བྲལ་པའོ༔ ཞེས་སོ༔ ཡང་སེམས་ནི་ཡུལ་ལ་ལྟོས་ནས་འཕྲལ་བྱུང་ཡིན་ལ༔ རིག་པ་རང་བྱུང་རྒྱུ་རྐྱེན་ལས་འདས་པ་ཡེ་ཤར་ཡེ་གདལ་ཆེན་པོ་དང་གཅིག༔ སེམས་ནི་ཡུལ་ཡོད་མེད་བཟང་ངན་ཡིན་མིན་གྱིས་མཐའ་རྣམ་པར་འབྱེད་པ་དང་༔ ཡེ་ཤེས་ནི་མཐའ་དང་བྲལ་བའོ༔ གཞན་ཡང་ཤན་དབྱེ༔ འབྱེད་པ་མེད་པ༔ འཛིན་པ་མེད་པ༔ རང་གསལ་བ༔ རྒྱ་མ་ཆད་པ༔ ལྷུན་གྱིས་གྲུབ་པ་རིག་པའི་མཚན་ཉིད་ལྔ༔ ཡེ་ཤར་ཡེ་གདལ༔ སྟོང་པ་འགྱུར་མེད༔ ཡོན་ཏན་འབྱུང་བ༔ དྲི་མ་མེད་པ༔ ཟང་ཐལ་ཐོགས་པ་མེད་པ༔ མཚན་མའི་ཆོས་དང་བྲལ་བའི་སྟོང་པ༔ སྤྲོས་པའི་མཐའ་བྲལ་བའི་ཆོས་སྐུའི་ཁྱད་པར་བདུན་ལྡན་སོགས་ཀྱང་སྤྲོས་བྲལ་དོན་གསལ་ལས་པདྨ་ཀ་ར་ངས་བཤད་པ་ལྟར་ཤེས་པར་གྱིས་ཤིག༔

གཉིས་པ་གནས་སོགས་ཀྱི་དབྱེ་བ་ནི༔ འོད་གསལ་གནད་ཡིག་ལས་ཤེས་པར་བྱའོ༔ གསུམ་པ་དུས་གསུམ་གྱི་ཤེས་པ་དང་ཕྱེས་ནས་ངོ་སྤྲོད་པས༔ སེམས་ལས་མ་བྱུང་བའི་སངས་རྒྱས་རང་ངོ་འཕྲོད་པ་སྟེ༔ སྤྲོས་བྲལ་དོན་གསལ་ལས༔ དུས་གསུམ་ཕྱེ་ལ་ངོ་སྤྲད་པ༔ གང་ཟག་གཅིག་གི་ཤེས་རྒྱུད་ལ༔ བསམ་གྱི་མི་ཁྱབ་གྲངས་མེད་ཀྱང་༔ ཤེས་པ་བཞི་རུ་འདུས་པའོ༔ དུས་གསུམ་དག་གི་ཤེས་པ་དང་༔ དུས་མེད་རྟོག་པའི་ཤེས་པའོ༔ ཞེས་སོ༔ དེ་དག་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཤེས་པ་གསུམ་ནི་འཁོར་བའི་ཆོས་སོ༔ དེ་གསུམ་གྱི་རང་བཞིན་མཉམ་ཉིད་བདག་མེད་པ་འཛིན་པ་གྲོལ་བ༔ མ་བྱས་པ་མ་བཅོས་པ་མ་བསྒྱུར་བ་ཡེ་གནས་པ་སྤྲོས་བྲལ་གྱི་ངོ་བོ་མ་འགགས་པས་འོད་གསལ་བ༔ དེ་ཉིད་ལ་ངོ་སྤྲད་པར་བྱ་སྟེ༔ དེ་ཡང་རྣམ་རྟོག་མེད་པར་རང་ཤེས་རང་གནས་པས་ཝལ་པོ༔ གཟུང་འཛིན་མེད་པས་ཧད་དེ་བ༔ འགགས་པ་མེད་པས་སལ་ལེ་བ༔ རྒྱུ་རྐྱེན་མེད་པས་རང་བྱུང་བ་ཉིད་དེ༔ དེ་ཉིད་ལས༔ བདག་འཛིན་གྲོལ་བ་དུས་གསུམ་དག༔ ཧད་དེ་ཝལ་ལེ་སལ་ལེ་བ༔ དེ་ལས་རང་བྱུང་ཡེ་ཤེས་ཏེ༔ རྒྱུ་རྐྱེན་མེད་པའི་རང་བྱུང་ཡིན༔ ཞེས་སོ༔ ཁྱད་པར་ད་ལྟའི་ཤེས་པའི་གནས་ལུགས་སྣང་སྟོང་ཟུང་འཇུག་བརྗོད་དང་བྲལ་བ་ལ་ངོ་སྤྲད་དེ་ཆོས་སྐུ་བཞི་ལྡན་གྱི་དགོངས་པ་ཞེས་བྱའོ༔ སྟོང་པ༔ གསལ༔ ཟུང་འཇུག་གི་རྩལ་གཉིས་སྟེ་བཞི་ཚོགས་པའོ༔ ཡོན་ཏན་ཀུན་འབྱུང་ལས༔ ད་ལྟའི་ཤེས་པ་འདི་ཉིད་ལ༔ ཡིད་ཆེས་གདེངས་ལྡན་མ་རིག་སངས༔ ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ་༔ དཔེར་ན་མིག་གི་འབྲས་བུ་བཞིན༔ ཧྲིག་གེ་བ་ལ་དྲན་པས་ཟིན༔ ཡེ་རེ་བ་ལ་ཤེས་པ་དལ༔ རང་རིག་ཞེན་མེད་གདེང་གི་གསལ༔ སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན༔ སེང་ངེ་བ་ལ་མཐའ་དབུས་མེད༔ གང་གི་མནོ་བསམ་མ་བཏང་ཕྱིར༔ བྱིང་རྨུགས་སྤྲོས་པ་གང་ཡང་མེད༔ ཉི་མ་གཟའ་བྲལ་ལྷང་ངེ་བཞིན༔ སལ་ལེ་པ་ལ་འགྱུ་བ་མེད༔ བདེ་ལ་མི་རྟོག་རྒྱུན་དུ་གནས༔ དེ་ཕྱིར་རང་བྱུང་འགྱུར་བ་མེད༔ གཡའ་མེད་མེ་ལོང་བྱད་བལྟ་བཞིན༔ ཝ་ལེ་བ་ལ་དངོས་པོ་མེད༔ དེ་ཙམ་ཉིད་ན་ཆོས་ཀྱི་དབྱིངས༔ ཞེས་སོ༔

ཞར་ལ་སེམས་དང་ཡེ་ཤེས་ཀྱི་རྣམ་གྲངས་བཤད་པ་དང་༔ ངེས་ཚིག་བཤད་པ་ནི༔ སེམས་ཀྱི་གྲངས་ནི་ཚོགས་བརྒྱད་དང་༔ ཡེ་ཤེས་ལ་གསུམ་ལྡོག་པས་དབྱེ་བའོ༔ དགོངས་པ་འདུས་པའི་རྒྱུད་ལས༔ སེམས་ནི་རྣམ་ཤེས་ཚོགས་བརྒྱད་དེ༔ འགགས་མེད་ནམ་མཁའི་ཆོ་འཕྲུལ་འདྲ༔ ཞེས་དང་༔ ཐལ་འགྱུར་ལས༔ གཞི་ལ་གནས་པའི་ཡེ་ཤེས་དང་༔ མཚན་ཉིད་འཛིན་དང་ཡུལ་ཁྱབ་བོ༔ ཞེས་འབྱུང་བ་ལྟར་རོ༔

སེམས་ཀྱི་ངེས་ཚིག་ནི༔ ཡུལ་ལ་གཟུང་འཛིན་དང་བཅས་པར་སེམས་པ་དང་༔ ཡེ་ཤེས་ཀྱི་ངེས་ཚིག་ནི་ཡེ་ནས་གཞི་ལ་གནས་པའི་ཆ་ནས་བཞག་པ་སྟེ༔ དོན་དུ་གཟུང་འཛིན་མེད་པའི་ཤེས་པ་ཡུལ་མེད་རང་གསལ་ཆེན་པོ༔ གཞི་མེད་རྩ་བ་དང་བྲལ་བའོ༔ ངེས་ཚིག་བསམ་པས་དྲན་ཡུལ་སྐྱེ༔ གང་ལ་སེམས་དང་གང་གིས་སེམས༔ གང་སེམས་པ་དང་གང་ཕྱིར་སེམས༔ ཞེས་དང་༔ ངེས་ཚིག་ཡེ་ནས་གནས་པའི་དོན༔ དེ་ལྟར་གནས་པའི་ཡེ་ཤེས་སོ༔ ཞེས་སོ༔

དེ་ལྟར་སེམས་དང་ཡེ་ཤེས་ཕྱེད་པའི་ཡོན་ཏན་ནི༔ ཡེ་ཤེས་ཀྱི་ངོ་བོ་ཅི་ལྟ་བ་བཞིན་དུ་མཐོང་བས་དེ་ཕྱིན་ཆད་མ་བརྗེད་མ་ཡེངས་ཙམ་ནས་མ་རིག་པའི་སྐྱོན་ཐམས་ཅད་ཀྱིས་གོས་པར་མི་འགྱུར་བར་གཞི་ནས་དག་པ་དང་༔ དེའི་རྩ་བ་ཅན་གྱི་ཉོན་མོངས་གཞི་ནས་གྲོལ་བ་དང་༔ ལས་ངན་པ་བསགས་པའི་རྒྱུ་དང་༔ བག་ཆགས་དང་འབྲས་བུ་ངན་པ་དག་གིས་ཀྱང་མི་གོས་པར་ད་ལྟ་ཉིད་ནས་སངས་རྒྱས་ཀྱི་ས་ལ་གནས་པའང་ཡིན་ཏེ༔ རྫོགས་ཆེན་གྱི་ངེས་དོན་ཐམས་ཅད་འདུས་པའི་སྙིང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས༔ ཀུན་བཟང་རྟོགས་པ་ངེས་པའི་དོན༔ ནམ་མཁའི་མཐོངས་སུ་ཉི་ཤར་འདྲ༔ གདོད་ནས་མ་རིག་སྐྱོན་མ་གོས༔ ལུང་ལ་མ་བརྟེན་རིག་ཅིང་རྟོགས༔ སངས་མ་རྒྱས་པའི་རིག་པ་ལས༔ རང་བྱུང་ཡེ་ཤེས་དེ་ལ་བྱ༔ ཞེས་དང་༔ བདེ་བའི་འཁོར་ལོ་ལས༔ ངོས་ཟིན་དོན་ལ་གནས་ཐབས་ནི༔ མར་མེ་མུན་སེལ་སྣང་བ་བཞིན༔ སྐད་ཅིག་གཅིག་གི་ཏིང་འཛིན་གྱིས༔ བག་ཆགས་ལས་ཀྱི་མ་རེག་པས༔ དོན་ཉིད་ཡེ་ཤེས་དྲན་པ་ཡིན༔ ཉོན་མོངས་ལས་ཀྱིས་གོས་པ་མེད༔ དེ་བས་གདམས་ངག་དྲན་པས་ནི༔ སྒྱུ་མ་སངས་ནས་འཁྲུལ་བྲལ་ནས༔ མཚན་འཛིན་རྟོག་བྲལ་དོན་ཤེས་པས༔ སྤྲོས་བྲལ་དོན་གྱི་སྙིང་པོར་གནས༔ ཞེས་དང་༔ ཡེ་ཤེས་གཏིང་རྫོགས་ལས༔ ཡེ་ཤེས་རྟོགས་ནས་མཉམ་པའི་དོན་ཉིད་ལ༔ རྒྱུན་དུ་མ་བརྗེད་རིག་པའི་གསལ་ཐེབ་ནས༔ བག་ཆགས་ཉོན་མོངས་རྟོག་པའི་སྐྱོན་གྱིས་ཀྱང་༔ དེ་ལ་རྡུལ་ཙམ་མི་སྒྲིབ་ཡེ་ཤེས་གསལ༔ ཞེས་དང་༔ རི་བོ་བརྩེགས་པའི་རྒྱུད་ལས༔ སེམས་རིག་ཕྱེད་པས་ཡེ་ཤེས་དོན་རྟོགས་ན༔ སེམས་དང་སེམས་བྱུང་ཉོན་མོངས་ཐམས་ཅད་ཀྱང་༔ དེ་མ་ཐག་ཏུ་བག་ཆགས་ལས་ཉོན་བཅས༔ མིང་མཐར་མི་གནས་ཐོད་རྒལ་རང་སར་གྲོལ༔ ཞེས་སོ༔

བཞི་པ་དེ་ཉིད་སངས་རྒྱས་དང་གྲུབ་ཐོབ་ཐམས་ཅད་ཀྱི་དགོངས་ཀློང་དུ་བཤད་པ་ནི༔ དེ་ལྟ་བུའི་ཡེ་ཤེས་འདི་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ཡིན་ཏེ༔ མདོ་ལས་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་བྱ་ལ༔ སྔགས་སུ་གཞི་རྒྱུད་བདེན་པ་དབྱེར་མེད་ཅེས་བྱ་ཞིང་༔ ཕྱག་རྫོགས་དབུ་མ་ལ་སོགས་མིང་ཅི་ལྟར་བརྗོད་ཀྱང་༔ དོན་དུ་སེམས་མེད་པའི་ཡེ་ཤེས་ཉག་གཅིག་ལ་ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར་ནའོ༔ འདིར་སྤྲོས་གཅོད་རྒྱས་པར་མཐུན་སྒྲུབ་དང་བཅས་པ་ཡོད་ཀྱང་དེ་ཙམ་གྱིས་མ་འཐེར་བ་མེད་དོ༔ ཀུན་བྱེད་ལས༔ ང་ཡི་རང་བཞིན་འདི་ལ་ནི༔ སྐུ་འདུས་གསུང་འདུས་དགོངས་པ་འདུས༔ ཞེས་དང་༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་བརྟོལ་ཉག་གཅིག་དགོངས་དོན་གཅིག༔ ཅེས་དང་༔ གཞན་ལས་ཀྱང་༔ སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་༔ རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད༔ ད་ལྟ་བཞུགས་དང་སླད་ནས་འབྱོན་པའང་༔ རྟོག་མེད་མཉམ་པ་ཉིད་ཀྱིས་གྲུབ་པའོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དགོངས་པའི་དོན་ནི་ང་ལ་འདུ༔ ཞེས་དང་༔ མཚན་བརྗོད་ལས༔ སངས་རྒྱས་ཀུན་གྱི་ཐུགས་ཆེ་བ༔ སངས་རྒྱས་ཀུན་གྱི་བསྟན་པ་གཅིག༔ རྣམ་པར་ཤེས་པས་ཆོས་ཉིད་འདས༔ ཡེ་ཤེས་གཉིས་མེད་ཚུལ་འཆང་པ༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ དུས་གསུམ་སངས་རྒྱས་ལས་བྱེད་པ༔ སངས་རྒྱས་ཐོག་མ་ཐ་མ་མེད༔ ལ་སོགས་པས་བསྟན་པའོ༔

གསུམ་པ་དོན་བསྡུ་བ་ནི༔ ད་ལྟའི་རིག་པ་བཞི་ཆ་གསུམ་བྲལ་ཆེན་པོ་སེམས་ལས་འདས་པ་འདི་ཡིན་ཏེ༔ ཡེ་ཤེས་ཀློང་རྒྱུད་ལས༔ དུས་གསུམ་གཅིག་པའི་ཆོས་སྐུ་ལ༔ རང་ལ་རང་དུ་ཆོས་སྐུར་ཤེས༔ ད་ལྟའི་རིག་པ་འདི་ཡིན་ཏེ༔ དུས་རྣམས་ཀུན་ཏུ་འདུ་འབྲལ་མེད༔ སེམས་ལས་མ་བྱུང་སངས་རྒྱས་ནི༔ རང་བྱུང་ཀུན་ཏུ་བཟང་པོ་བྱ༔ ཞེས་སོ༔

གསུམ་པ་ལུང་ལས་མ་བྱུང་བའི་མན་ངག་བཤད་པ་ནི༔ ལུང་ལས་མ་བྱུང་པའི་མན་ངག་གཞི་ལ་ལྷུན་གྱིས་གྲུབ་པར་བཤད༔ ལུང་ལས་མན་ངག་གི་ལམ་ནས་རྟོགས་ཚུལ་བཤད་པ་གཉིས་ལས༔ དང་པོ་ལ་ཡེ་ནས་གཞི་ལ་གྲུབ་ཚུལ༔ སྔོན་གྱི་སངས་རྒྱས་ཀྱིས་རྟོགས་ཚུལ་ལོ༔

དང་པོ་ནི་ལུང་ལ་མ་བརྟེན་པའི་གདམས་ངག་གི་ངོ་བོ་སྟོང་ཞིང་འོད་གསལ་བདག་མེད་པའི་དོན་སྐུ་གསུམ་ལྷུན་གྲུབ་ཀྱི་སངས་རྒྱས་ནི་ཡེ་ནས་རང་ལ་ཡོད་པའི་ཕྱིར་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཆོས་སྐུ་དམ་པས་ཕྱག་གི་ཡེ་རྒྱས་ཐེབ་པ་ཡིན་ཏེ༔ རྒྱུ་ཚོགས་གཉིས་ལས་འབྲས་བུ་གསར་དུ་བཅོས་མི་དགོས་ན་དབང་པོ་ཡང་རབ་ཀྱི་དེ་རྟོགས་པར་རུང་ཏུ་གནས་པས་ན་ལུང་ལས་མ་བྱུང་བའི་མན་ངག་གཞི་ན་ཡོད་པ་ཡིན་ལ༔ གཞི་དེ་ངོ་བོ་ཡེ་ནས་དག་ཅིང་སྒྲིབ་བྱེད་མ་རིག་པས་མིང་ཙམ་ཡང་མེད་པས་ཀྱང་རྟོགས་སུ་རུང་བར་སྐྱེས་པ་དང་༔ རྟོགས་ཕྱིན་ཆད་གྲོལ་བ་ཡང་རྡོ་རྗེའི་དམ་བཅའ་བཞི་དང་ལྡན་པའི་གནད་ཀྱི་སྟེ༔ ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རང་བྱུང་ངོ་བོ་རྟོགས་ལས་བྱུང་༔ འདུས་མ་བྱས་ཀྱི་ནམ་མཁའ་འདྲ༔ གང་ཡང་མེད་པའི་སྔོན་རོལ་དུ༔ རང་བྱུང་ངོ་བོ་ཉིད་ཀྱི་སྐུ༔ ལུང་ལས་མ་བརྟེན་གདམས་ངག་ཆོས༔ རང་གི་རིག་པས་རང་རྟོགས་ཕྱིར༔ འཁྲུལ་མ་མྱོང་ལ་རྟོགས་མ་མྱོང་༔ དེ་ཚེ་འཁོར་འདས་འབྱུང་བ་མེད༔ གཞི་ཤེས་རང་བྱུང་རིག་པ་ལ༔ གཞི་ནས་མ་རིག་མེད་པའི་ཕྱིར༔ རྐྱེན་གྱི་སྔོན་འཁྲུལ་མ་མྱོང་བས༔ ལུང་ལྡན་ཀུན་གྱི་བསྟན་མི་དགོས༔ དེ་ཕྱིར་ལུང་ལས་མ་བྱུང་ཆོས༔ ཡ་མཚན་རྨད་དུ་བྱུང་བའི་བཀའ༔ སངས་རྒྱས་ཐམས་ཅད་དེ་ལས་སྐྱེས༔ ཞེས་སོ༔ འོན་ཀྱང་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་བདག་མེད་པ་དེ་མཚན་ཉིད་པས་ཀྱང་འདོད་པ་དང་༔ གཞི་རྒྱུད་ཟུང་འཇུག་སྐུ་དང་ཡེ་ཤེས་དབྱིངས་སུ་འདུ་འབྲལ་མེད་པ་སྔགས་སུ་འདོད་པའི་ཕྱིར༔ དེ་དག་གི་རང་ངོ་ལ་མ་རིག་པ་མེད་པས་ན་མི་མཐོང་བས་ཁྱད་མེད་པར་རིགས་སོ༔ ལྟ་ཞིག་ན་ནི་ཁྱོད་ཁོ་ནས་ཁྱད་ཆོས་སུ་མ་ཐལ་ལོ་སྙམ་ན༔ ཡོད་དེ་མཚན་ཉིད་པས་ཆོས་ཉིད་ཀྱི་གནས་ལུགས་ཡོངས་གཅོད་དུ་བསྟན་མ་བྱུང་ལ༔ རྡོ་རྗེ་ཐེག་པའི་གནས་འགྱུར་འདོད་པ་དང་གཉིས་ཀས་ཀྱང་དྲི་བཅས་དྲི་མེད་ཀྱི་གཞི་ཞེས་བརྗོད་པས་ན་འཁོར་འདས་གཞི་མཐུན་པས་སེམས་ལ་ལམ་དངོས་སུ་བཟུང་བས་སྤྲོས་བྲལ་མཛུབ་བཙུག་གི་ཚུལ་དུ་དྲི་བྲལ་ཀུན་ཏུ་བཟང་པོ་མ་མཐོང་བའི་ཕྱིར་དང་༔ གལ་ཏེ་ཆོས་སྐུ་འདུས་མ་བྱས་ཡིན་པའི་ཕྱིར་ཐབས་ཤེས་རྒྱུ་རྐྱེན་ལ་ལྟོས་དགོས་པ་མི་འཐད་པ་དང་༔ དེ་ལྟ་ན་སྔགས་དང་མཚན་ཉིད་གཞི་ལ་མ་གྲུབ་ཤིང་ལུང་སྤང་བྱར་ཡང་འགྱུར་བ་དང་༔ གྲོལ་བ་ཐམས་ཅད་ཀྱང་སོ་སོ་རང་རིག་རྟོགས་པས་གྲོལ་ན་གྲོལ་ཚུལ་གཞན་པོ་མ་ཤེས་པས་ཀྱང་གནོད་པ་མེད་ལ་འཐད་པ་དང་བཅས་པའོ༔ ཡང་གལ་ཏེ་དབྱིངས་ཡེ་འདུ་འབྲལ་མེད་པའི་ཆོས་སྐུ་རང་ལ་ཡོད་པ་ཡེ་ཤེས་རང་རིག་གི་ཚུལ་དུ་མཐོང་ནས་གྲོལ་ན་ནི་ལུང་ལས་མ་བྱུང་བས་མན་ངག་ཡིན་པར་འུབ་ཆུབ་པས་དེ་ལྟར་འོག་མ་ན་གབ་པ་གོང་མས་གསལ་བར་ཤིན་ཏུའང་ཁས་བླང་བར་བྱའོ༔

གཉིས་པ་སྔོན་གྱི་སངས་རྒྱས་ཀྱིས་རྟོགས་ཚུལ་ནི༔ དེ་ཡང་ཆོས་སྐུ་ཀུན་ཏུ་བཟང་པོ་ནི༔ སྟོན་བྱེད་སློབ་དཔོན་མེད་པར་ཁྱད་ཆོས་དྲུག་གིས་སངས་རྒྱས་པས་ན་སྔོན་གྱི་རྟོགས་ཚུལ་ལོ༔ ཇི་ལྟར་ན་གཞིའི་ཆོས་སྐུ་ཀུན་ཏུ་བཟང་པོ་རྒྱུ་ལས་མ་བྱུང་བས་སངས་རྒྱས་ཡིན་པའི་གནད་ཀྱིས་ཡེ་ནས་སྣང་སྟོང་ཟུང་འཇུག་ཆེན་པོར་ལྷུན་གྱིས་གྲུབ་པས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་པ་ལ༔ སེམས་ལས་མ་བྱུང་པས་རང་རིག་པའི་ཡེ་ཤེས་བརྗོད་པ་དང་བྲལ་བའི་ལུང་ངམ་སྟོན་བྱེད་ཀྱི་སློབ་དཔོན་གཞན་མེད་པར་གཉིས་འཛིན་དང་བྲལ་བར༔ རང་གི་སེམས་ཉིད་ཀྱི་སྣང་ལྡོག་དེ་ལྟར་ཡེ་ནས་རང་ཤར་ཆེན་པོ་དབྱིངས་སེམས་ཉིད་འོད་གསལ་གྱི་ངོར་སྣང་བ་ཡིན་པར་ཤེས་པའི་འབྱེད་བྱེད་ཀྱི་ཤེས་རབ་ཆེན་པོ་སྐྱེས་ནས་གྲོལ་བ་ཡིན་ན༔ རང་སྣང་བ་ཡིན་པར་ཤེས་པས་གཟུང་བ་ཡུལ་མེད་དུ་རྟོགས༔ རང་ཤར་བ་ཡིན་པས་འཛིན་པ་རང་ཞིར་གྲོལ་ཏེ༔ མ་རིག་པ་གཞི་ནས་སངས་བས་རང་གྲོལ་བ་ཡིན་ཏེ༔ སྟོན་པ་ཀུན་ཏུ་བཟང་པོའི་དེ་ལྟར་རྟོགས་ནས་སངས་རྒྱས་པའོ༔ ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ རང་བྱུང་ཀུན་ཏུ་བཟང་པོ་ལ༔ ཡུལ་མེད་འཛིན་པ་མེད་པའི་ཕྱིར༔ དུས་དེ་ཉིད་ནས་མ་རིག་སངས༔ དེ་ཕྱིར་ལུང་ལས་མ་བྱུང་བས༔ ངེས་དོན་སྙིང་པོའི་ཆོས་ཞེས་བྱ༔ ཀུན་བཟང་སློབ་དཔོན་མེད་པའི་ཕྱིར༔ ཕྱི་ནང་ཆོས་ཀུན་བཤད་ལུང་མེད༔ དེ་ཕྱིར་གཞན་ལ་མ་བརྟེན་པའི༔ རང་གི་རིག་པས་ཤེས་པའི་ཕྱིར༔ ལུང་ལ་མ་བརྟེན་མན་ངག་ཆོས༔ རྒྱལ་བ་རྣམས་ཀྱི་རྟོགས་ཚུལ་ཡིན༔ ལུང་ལ་མ་བརྟེན་ཆོས་སྐུ་ལ༔ འཁོར་བ་བཙལ་གྱིས་མ་རྙེད་པས༔ སངས་རྒྱས་ཀུན་ཏུ་བཟང་པོ་བྱ༔ བག་ཆགས་ཀུན་གྱིས་མ་གོས་ཕྱིར༔ རྟོག་པ་མེད་ཕྱིར་ཡེ་ཤེས་རྒྱས༔ ལུང་ལ་མ་བརྟེན་གདམས་ངག་ཡིན༔ ཞེས་སོ༔

གཉིས་པ་དེ་ཉིད་ལམ་རྣལ་འབྱོར་བས་རྟོགས་ཚུལ་ལས་ཀྱང་ལུང་ལས་མ་བྱུང་བའི་མན་ངག་ཡིན་ཏེ༔ མཚན་ཉིད་པས་ནི་རྟགས་དང་གཏན་ཚིགས་ལ་བརྟེན་ནས་རྣམ་གཅོད་ཀྱི་གོ་ཡུལ་ཙམ་ལས་རང་གནས་ཀྱི་ཡེ་ཤེས་རང་ལ་བརྟེན་ནས་ཡོངས་གཅོད་དུ་གཏན་ལ་ཕབ་པ་མེད་པ་དང་༔ དེ་ནས་དང་པོ་རྟོག་པས་བཟོས་པའི་སྤྲོས་བྲལ་ལ་བློ་བཞག་ནས་དེའི་བག་ཆགས་གོམས་པས་མཐར་གནས་ལུགས་མཐོང་བས་ལམ་དུ་རེ་སྨོན་འདེབས་ན༔ འདིར་ནི་བླ་མའི་བརྡ་ཙམ་སྦྱར་བས་རྐྱེན་བྱས་ཏེ༔ ནང་རང་གནས་ཀྱི་ཡེ་ཤེས་ཉིད་ཀྱིས་མཚན་དཔེ་གདམས་པར་ཤར་བ་ལས་ལམ་བྱེད་ཅོག་བཞག་རང་མལ་དུ་འགོད་པས་ཁྱད་པར་ཡོངས་སུ་གཅོད་པ་ཞེས་བྱ་བས་ན་རྟོགས་པའང་དངོས་དང་གཟུགས་བརྙན་དུ་ཁྱད་ཆེ་བས་དམན་པ་ལ་དགག་སྒྲ་སྦྱར་ནས༔ ལུང་གིས་གཏན་ལ་མི་ཕབ་སྟེ་དད་པས་རྗེས་སུ་འགྲོ་བ་ཡིན་ཟེར་གྱི་བླ་མའི་ཞལ་ལུང་ཙམ་དང་༔ རྡོ་རྗེ་འཆང་གི་རྒྱུད་དུ་བསྟན་པ་དག་ཀྱང་མཐོང་མ་དགོས་ཞེས་པ་དོན་དུ་ངེས་པ་མེད་པ་དང་༔ ཡང་ཨ་ཏི་རང་མ་གཏོགས་པའི་ལུང་གཞན་ལས་མ་བྱུང་བའི་སྤྲོས་བྲལ་མཛུབ་བཙུག་ལ་གོ་ཡང་རུང་བའོ༔ རྒྱ་མཚོ་ཀློང་གསལ་ལས༔ དཔེར་ན་མུན་ནག་རྫས་སྟོར་ལ༔ ལག་ནོམ་བཙལ་བས་རྙེད་པར་དཀའ༔ སྣང་གསལ་སྒྲོན་མེ་ལ་བརྟེན་ནས༔ བཙལ་བས་རྙེད་པར་ཐེ་ཚོམ་མེད༔ དེ་བཞིན་མ་རིག་མུན་ནག་ཏུ༔ ཆོས་ཉིད་ནོར་བུ་སྟོར་བ་དེ༔ ཐ་སྙད་ཚིག་གིས་རྙེད་པར་དཀའ༔ མ་ནོར་བླ་མའི་ཞལ་དྲིན་གྱི༔ རིན་ཆེན་བརྡ་ཡིས་རྙེད་པར་འགྱུར་ཞེས་སོ༔ ༜ དེ་ཡང་ཀུན་མཁྱེན་གྱིས་སྔར་གྲོལ་བ་དང་ད་འོངས་ཐམས་ཅད་དུ་ལམ་འདིས་གྲོལ་པ་ཁྱད་ཆོས་དྲུག་གི་ཀུན་ཏུ་བཟང་པོ་བཞིན་གྲོལ་བར་གསུངས་པས་ན་ལུང་ལས་མ་བྱུང་བའི་མན་ངག་ཞེས་བྱ་སྟེ༔ ༜ ཡེ་ཤེས་ཀློང་གི་རྒྱུད་ལས༔ གདོད་ནས་མ་རིག་སྐྱོན་མ་གོ༔ ལུང་ལ་མ་བརྟེན་རིག་ཅིང་རྟོགས༔ སངས་མ་རྒྱས་པའི་རིག་པ་ལ༔ རང་བྱུང་ཡེ་ཤེས་དེ་ལ་བྱ༔ ཞེས་སོ༔

སྐབས་འདིར་རྒྱུད་སྡེ་གཞན་ལས་སྟོང་ཐུན་ཅུང་ཟད་བླང་ན༔ འཇམ་དཔལ་གྱི་རྒྱུད་ཐུན་མོང་པ་ལས༔ སངས་རྒྱས་ཐོག་མ་ཐ་མ་མེད༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས༔ ཞེས་གསུངས་ཏེ༔ ཡེ་ནས་མ་འཁྲུལ་མ་མྱོང་བ་སྤྲོས་བྲལ་གཞིའི་སང༵ས་རྒྱས༵་ཉིད་སྔར་མེད་པ་ལས་དུས་རེ་ཞིག་ན་འབྱུང་པ་དང་༔ བྱེད་རྩོལ་གྱིས་བསླད་ནས་བསྒྲུབ་ནས་གྲུབ་པ་མིན་པར་ཐོ༵ག་མ༵་ནས་སངས་རྒྱས་སུ་ཡོད་པ་དང་༔ ཐ༵་མ༵་འདི་ཙམ་ནས་རྒྱུད་ཆད་པ་མེ༵ད་པས་ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་ལ༔ ད༵ང་པོ༵འི་དུས་ནས་མ་རིག་པ་གཞི་ལ་མ་གྲུབ་པས་སང༵ས་པ་དང་༔ སྐུ་དང་ཡེ་ཤེས་ཡོན་ཏན་གྱི་ངང་མ་བཙལ་ལྷུན་གྱིས་གྲུབ་པར་རྒྱས༵་ཤིང་༔ སྐྱེད་བྱེད་རྒྱུ༵་རྐྱེན་གྱི་དངོས་པོ་ཚོགས་གཉིས་སོགས་གང་ཡང་དགོས་པ་མེ༵ད་པ༵འི་རང་བྱུང་བ༔ ངོ༵་བོ༵་སྤྲོས་པ་དང་བྲལ་བའི་སྟོང༵་པ༵་ཆོས༵་ཀྱི་སྐུ༵་དང་འདུ་འབྲལ་མེད་པར་ར༵ང་བཞི༵ན་འོད་གས༵ལ་ཡེ༷་ཤེས༷་ཀྱི་སྣང་ཆ་མ་འགགས་པས་རང་གསལ་བ༵་ལོང༵ས་སྤྱོད་རྫོགས་པའི་སྐུ༵༔ ཐུགས༵་རྗེ༵་ཇི་ལྟ་ཇི་སྙེད་དབྱེར་མེད་མཁྱེན་པའི་ཡེ་ཤེས་མི༷ག་གཅི༷ག་སྤྲུལ༵་བའི་སྐུའི༵་འཁོར་འདས་ཀུན༵་ལ་ཁྱབ༵་པའི་རྩལ་ཉིད་རྩོགས་པའི་བག་ཆགས་དང་བདག་གཞན་དུ་འཛིན་པའི་མ་རིག་པ་དང་༔ དེའི་རྒྱུ་ལས་བྱུང་བའི་ལས་དང་ཉོན་མོངས་ཀྱིས་དྲི༷་མ༷་ཀུན་གྱི་གོས་པ་མེ༷ད་པ༔ འབྲས་ཆོས་ཀྱི་ཡོན་ཏན་ཐམས་ཅད་པའི་རྟེན་དུ་གྱུར་བས་ཡེ༷་ཤེས༷་ངོ་བོ་སྐུར་གནས་པའི་ཆ་ནས་ལུས༷་ཅ༷ན་དུ་བླ་དག་སྦྱར་བ་དེ་ནི་རྒྱུ༵་ལ༵ས་མ༵་བྱུང༵་བ༵ས་འབྲས༵་བུ༵་རང་ལ་ཡོད་པའི་དེ༷་བཞི༷ན་གཤེ༷གས་པ་ཞེས་བྱའོ༔

ཡང་༔ རྣམ་པར་ཤེས་པ་ཆོས་ཉིད་འདས༔ ཡེ་ཤེས་གཉིས་མེད་ཚུལ་འཆང་པ༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ དུས་གསུམ་སངས་རྒྱས་ལས་བྱེད་པ༔ ཞེས་གསུངས་པས༔ སྣང་ལུགས་རྣ༷མ་པ༷ར་ཤེས༷་པ༷་ཚོགས་བརྒྱད་ཀྱི་གནས་ལུགས་ཆོས༷་ཉིད༷་ནི༔ ཕྱོགས་སམ་སྤྲོས་པའི་གྲྭ་ཟུར་ཐམས་ཅད་ལས་འདས༷་པ་དབྱིངས་དང་ཡེ༷་ཤེས༷་སྣང་སྟོང་གཉིས༷་མེ༷ད་མཉམ་པ་ཉིད་ཀྱི་ཚུལ༷་འཆ༷ང་པ༷་རང་རིག་པའི་ཡེ་ཤེས་ལ༔ བློའི་ཡུལ་ལ་རྣམ༷་པར༷་རྟོག༷་པའི་གཟུང་འཛིན་ངང་གིས་མེ༷ད་ཅིང་ཡོན་ཏན་ལྷུན༷་གྱིས༷་གྲུབ༷་པར་རྫོགས་པའོ༔ བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་ཡོད་པའི་གནད་ཀྱིས་དེ་ཐོག་མ་ནས་ཡེ་སངས་རྒྱས་པ་དང་ད་ལྟའང་ཉམས་པ་མེད་པ་དང་༔ ཐ་མ་མངོན་དུ་འགྱུར་རུང་བའི་ལས་ཀྱང་བྱེད༔ རང་ངོར་དུས་གསུམ་སངས་རྒྱས་སྔར་བྱོན་པ་ཐུབ་པའི་དབང་པོ༔ ད་ལྟ་དགེ་བའི་བཤེས་གཉེན༔ མ་འོངས་པ་ན་ཚོགས་སྦྱོར་སྤྲུལ་སྐུ༔ མཐོང་བསྒོམ་དུ་ལོངས་སྐུ༔ དེ་ཡན་ཆད་ཆོས་སྐུའི་སྣང་བ་འགོག་མེད་དུ་སྣང་བའང་དེའི་དབྱིངས་ཀྱི་གཟུགས་བརྙན་ཡིན་པ་དང་༔ གཞན་ཡང་དུས༷་གསུམ༷་གྱི་སང༷ས་རྒྱས་འབྱུང་བ་ཐམས་ཅད་ཀྱང་འདི་ཉིད་ལ་རང་ས་ཟིན་པའི་སྟོབས་ལས་ཡིན་པས་ན༔ ལ༷ས་བྱེད༷་པ༷་ཞེས་སེམས༵་ལ༵ས་མ༵༵་བྱུང༵་བ༵འི་དུས་གསུམ་གྱི་སངས༵་རྒྱས༵་བསྟན་པ་དང་༔ ཡང་ཤེས་རབ་ཆེན་པོའི་སྐད་ཅིག་ལ༔ ཆོས་ཀུན་ཁོང་དུ་ཆུད་པར་འཆང་༔ ཞེས་དང་རྒྱུད་དཀྲུགས་པས་དབང་གི༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ ཞེས་བསྡུས་ཏེ་འཆད་ན༔ གཞི་ལས་གཞི་སྣང་ཤར་བ་ལ་ཤེས༷་ར༷བ་ཆེན༷་པོ༷འི་སྐད༷་ཅི༷ག་དེ་མ་ཐག་པ་ལ༷་ར༵ང་ངོ༵ར་རང་སྣང༵་བ༵ས་ཆོ༷ས་ལྷུན་གྲུབ་སྒོ་བརྒྱད་པོ་དེ་དག་ཀུན༷་གཞན་དུ་མ་བཟུང་བར་རང་སྣང་ཡིན་པར་ཤེས་ནས་གྲོལ་འཁྲུལ་གང་དུ་ཡང་ལུང་མ་བསྟན་པའི་གཞི༵་ལ༵ས་འཕ༵གས་ཏེ་གྲོལ་གཞི་རུ་སོང་བ༵་དང་༔ རང་སྣང་དེ་ཡང་དབྱིངས་ལ་ཡོན་ཏན་ལྷུན་གྱིས་གྲུབ་པར་ཡོད་པ་ཉིད་ཤར་པ་ཡིན་པ་ཁོང༷་དུ་ཆུད༷་པ༷འི་ཤེས་རབ་ཀྱི་རྩལ་འཆ༷ང་གིས་སྐད༷་ཅིི༷ག་གཅི༷ག་གི༷་འགྱུ་བ་རང་ཐོག་ཏུ་ཆོད་བྱེ༵་བྲག༵་ཕྱེད༵་པའི་རྟོགས་པ་སྐྱེས༔ བྱེ་བྲག་ཕྱེད༵་པས་ཐོ༵ག་ཏུ༵་སྐད༷་ཅི༷ག་གཅི༷ག་གི༷ས་ཤེས་རབ་སྐུར་སྨིན་ནས་ཡེ་ཤེས་ཆོས་ཀྱི་སྐུ་དང་དབྱེར་མེད་མངོན་པར་རྫོགས༷་པར་གྲོལ༵་བ༵་ཐོབ་སྟེ་གཞ༵ན་གྱིས་བསྟན་པས་ལུང༵་ལ༵ས་མ༵་བྱུང༵་བ༵ས་དཔལ་རང་བྱུང་གི་སང༷ས་རྒྱས༷་རང་ཐོག་ཏུ་ར༵ང་ས༵ར་ཟིན་ནས་ཕྱིན་ཆད་འཁྲུལ་མི་ཤེས་པར་གནས༵་པ༵་ནི༔ ལུང་ལས་མ་བྱུང་བའི་མན་ངག་གོ༔ ཁྱད་ཆོས་དྲུག་གི་གྲོལ་བ་འདི་སྔ་ཕྱིར་སངས་རྒྱས་པ་ཐམས་ཅད་ལ་ཡོད་པ་ཡིན་ནོ༔

ད་ནི་དེ་དག་གི་གནད་བསྡུས་ཏེ་སངས་རྒྱས་མཛུབ་བཙུག་ཏུ་བཤད་པ་ནི༔ རང་གི་ད་ལྟར་གྱི་རིག་པ་བསམ་དུ་མེད་པ༔ འདུས་མ་བྱས་པ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ༔ རྣམ་རྟོག་གི་གཡོ་བ་མེད་པ༔ ངོ་བོ་འགྱུར་བ་མེད་པ༔ རང་བཞིན་སྐྱེ་བ་མེད་པ༔ ངག་གིས་བརྗོད་དུ་མེད་པ༔ རྒྱུ་རྐྱེན་གྱིས་སྒྲུབ་དུ་མེད་པ་སྟེ༔ གཡོ་རྩོལ་དང་དགག་སྒྲུབ་དང་༔ ཡིད་དཔྱོད་དྲན་རྟོག༔ ཆགས་འཛིན་ཞེན་པ༔ འབད་རྩོལ་བཅས་བཅོས་ཐམས་ཅད་སངས་ཤིང་༔ སྤྲོས་བྲལ་གྱི་ངང་རྒྱས༔ རིག་ཡིད་ཀྱི་སེམས་པ་མེད་པར༔ འགྱུར་མེད་ཀྱི་བདེ་ཆེན་དུ༔ གཞི་གནས་བྱར་མེད་ཀྱི་ཡེ་ཤེས་རྒྱས་པ་སྟེ༔ སལ་ལེ་སང་ངེ་ཝལ་ལེ་རིག་གེ་རྗེན་ནེ་ཡེ་རེ་བས་མཚན་ཉིད་དྲུག་དང་སངས་རྒྱས་ཀྱི་ཡོན་ཏན་བརྒྱད་ལྡན་འདི་སྤྲོས་བྲལ་མཛུབ་ཀྱི་བཙུག་པ་ཡིན་པར༔ སྣང་སྲིད་ཁ་སྦྱོར་བདུད་རྩིའི་ཐིག་པ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས༔ སངས་རྒྱས་ཡེ་ནས་སེམས་ལ་གྲུབ༔ གྲུབ་ཟིན་དོན་ལས་མ་ཡེངས་པ༔ གཞན་ནས་སངས་རྒྱས་བཙལ་མི་དགོས༔ ཆོས་རྣམས་ཐམས་ཅད་སེམས་ལ་འདུས༔ ཞེས་དང་༔ སྣང་སྲིད་སེམས་ལ་འདུས་པས་སངས་རྒྱས་མཛུབ་བཙུག་ཡིན༔ ཞེས་སོགས་སངས་རྒྱས་མཛུབ་བཙུག་གི་ལེའུ་ལས་གསུངས་པ་ལྟ་བུའོ༔

གསུམ་པ་མཐོང་ལམ་དུ་ཡེ་ཤེས་རང་རིག་མངོན་དུ་གྱུར་པ་ནི༔ བླ་མས་བསྟན་པ་ལྟར་ཆོས་སྐུ་མངོན་སུམ་དུ་མཐོང་བ་ཡིན་ནོ༔

གཉིས་པ་བསྒོམ་ལམ་དུ་ལམ་བསྒོམ་པས་ཉམས་སུ་བླང་བ་ལ༔ དེ་ཉིད་བར་དོ་གང་གི་ཉམས་ལེན་ཡིན་པ་དང་༔ ཉམས་སུ་ལེན་པ་དངོས༔ དེའི་དགོས་པའམ་ཡོན་ཏན་གསུམ་ལས༔ དང་པོ་ནི༔ ལར་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་འདི་ནི་བར་དོ་དང་པོ་གཞི་དབྱིངས་ནམ་མཁའ་ལྟ་བུར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཀ་དག་གི་རང་བཞིན་གང་གི་ཡང་ཕྱོགས་སུ་མ་ལྷུང་བ་ཞིག་སྐད་ཅིག་གསུམ་ལ་འཆར་བ་དེ་ནི་འཁོར་འདས་བར་དོ་ཟེར་བས་ན་དེ་ཉིད་དང་རྗེས་སུ་མཐུན་པས༔ འོད་གསལ་དཔེ་དོན་གང་རུང་ནི་ཁྲེགས་ཆོད་ཀྱི་སྐྱོང་བས་སྟོངས་ཐེབ་སྟེ་དེ་དུས་འོད་གསལ་ཡང་དག་པར་ཤར་བ་ལ་སྔར་ལྟར་ཉོན་ཤེས་ཕྲ་བ་ཙམ་ཡང་མེད་པའི་རང་ངོ་ཤེས་པ་དང་མཉམ་དུ་ཀ་དག་གི་ས་ལ་བྱང་ཆུབ་པ་དང་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རང་མདངས་འགགས་པ་མེད་པ་བར་དོ་གཉིས་པ་ཕན་ཆད་ལ་འཆར་བ་དེ་ཐོད་རྒལ་བསྒོམ་སྟོབས་ཀྱི་རང་ངོ་ཤེས་པས་འཇུག་པ་གཉིས་ལྡན་གྱི་སྒོ་ནས་གྲོལ་བ་ཐོབ་པར་འགྱུར་བས་དེ་གཉིས་ཁོ་ན་འོད་གསལ་སྣང་སྟོང་གི་ངོ་ཏི་ཟངས་མས་ཉམས་ལེན་ཡིན་ཏེ༔ འཇམ་དཔལ་ཡང་ཏི་ནག་པོའི་རྒྱུད་ལས༔ ངེས་དོན་རྟོགས་པའི་རྣལ་འབྱོར་པས༔ ལན་གཅིག་སྐྱེ་འཆིའི་བདུད་བྱུང་ཚེ༔ ཡེ་ཤེས་ཆོས་སྐུ་གཟུགས་བརྙན་ནི༔ ལོངས་སྤྱོད་རྫོགས་དང་སྤྲུལ་པ་འབྱུང་༔ ཞེས་སོ༔

གཉིས་པ་ལམ་ཉམས་སུ་ལེན་པ་ལ༔ ལེན་དགོས་པའི་རྒྱུ་མཚན་དང་༔ ཇི་ལྟར་ལེན་པའི་ཐབས་དང་༔ དགོངས་པའི་ངོ་བོ་གསུམ་ལས༔ དང་པོ་ནི༔ ད་ལྟ་དལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་རང་མགོ་ཆོས་ཀྱིས་འདོན་དགོས་ཀྱི༔ གཞན་སུས་ཀྱང་སངས་རྒྱས་སུ་བཙན་ཐབས་བྱེད་རྒྱུ་དཀོན་ལ༔ དེ་ཡང་ཐོས་པའི་ཤེས་རབ་ནི༔ རང་གང་ཉམས་སུ་བླང་རྒྱུ་དེ་ལ་ངེས་པར་ཐབས་མི་སྡུག་པ་ཞིག་དགོས་ཀྱི༔ དེ་ལས་མང་མི་དགོས་དེ་མི་ཚེ་ཡུད་ཙམ་དུ་གནས་ཤིང་དེ་ལ་སྤྲོས་རྒྱ་བསྐྱེད་ཆེས་པས་འཆི་བདག་གི་སླེབ་ན་ཅི་ཡང་མི་ཕན་པའི་སྟེང་དུ་བློ་ལྷག་རི་ཙམ་ཡོད་པའི་ཕྱིར་རོ༔ བསམ་པའི་ཤེས་རབ་ཀྱང་དེ་ལས་གལ་ཆེ་བར་རང་རྒྱུད་ལ་སྦྱོར་དགོས་ཤིང་༔ འབྱོར་བར་ཡང་འགྱུར་ན་ཧ་ཅང་སྤྲོས་པ་ཆེ་ན་མདས་བརྒྱབ་པའི་དུག་སོ་ལ་ཡོད་དམ་སྒྲོ་ལ་ཡོད་བསམ་གྱིས་བསྡད་ཀྱང་མི་ཕན་པར་དུག་གིས་ཟིན་ནས་འཆི་བར་དཔེ་བཞག་པར་མཛད༔ བསྒོམ་པའི་ཤེས་རབ་ནི་དེ་གཉིས་ལས་མཆོག་ཏུ་གྱུར་པ་ཡིན་ཏེ༔ དཔེར་ན་ཟས་ཡོད་ཀྱང་མ་ཟོས་ན་ལྟོག་ཕུང་མི་སེལ་བ་དང་༔ ཟོས་ན་སེལ་བ་འདྲ་བས་ན་ཤིན་ཏུ་གལ་ཆེ༔ དུས་ངན་གྱི་མཐའ་མ་ལ་བཤད་བསྒྲུབ་གཉིས་ལས༔ བཤད་པ་ལ་གཙོ་བོར་འདོད་པ་འདི༔ བལྟ་སྣང་གྲགས་འདོད་ཀྱི་བདུད་ཀྱིས་ཟིན་པ་དང་འབྲས་བུ་སངས་རྒྱས་ཐོབ་པའི་གེགས་སུ་དེ་ལས་ཆེ་བ་མེད་པར་ངེས་ཏེ༔ བསྒོམ་པའི་ཐབས་སུ་མིན་ན་མདོ་རྒྱུད་མན་ངག་དོན་མེད་པ་དང་བཅས་པར་འགྱུར་ཏེ་སྨྲ་ལ་དགའ་བས་ཤུན་པ་མི་བསྡུ་བར་མཉམ་པར་བཞག་པའི་སྙིང་པོ་ཚོལ་བ་འདི་གནད་གལ་པོ་ཆེ་ཡིན་ནོ༔ ཕལ་ཆེན་ལས༔ ཇི་ལྟར་འོན་པ་རོལ་མོ་མཁན༔ གཞན་དག་དེ་ཡིས་དགའ་བྱེད་ཅིང་༔ རང་ཉིད་ཀྱིས་ནི་མི་ཐོས་ལྟར༔ མ་བསྒོམ་ཆོས་ཀྱང་དེ་དང་འདྲ༔ ཇི་ལྟར་སྐོམ་པས་གདུང་པ་ཡིས༔ ཆུ་ནི་མཐོང་དང་ཐོས་ཙམ་གྱིས༔ སྐོམ་པའི་གདུང་བ་མི་སེལ་ལྟར༔ མ་བསྒོམ་ཆོས་ཀྱང་དེ་དང་འདྲ༔ ཇི་ལྟར་མཉེན་པ་མཁས་པ་ཞིག༔ གཞན་དག་དེ་ཡིས་སྒྲོལ་བྱེད་ཀྱང་༔ རང་ཉིད་དེར་ནི་འཆི་བ་ལྟར༔ མ་བསྒོམ་ཆོས་ཀྱང་དེ་དང་འདྲ༔ ཞེས་སོ༔ ཁྱད་པར་དུ་ཡང་རྟོག་གེའི་བློ་ལས་འདས་པ་དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་ཐོས་བསམ་གྱི་ཡུལ་མ་ཡིན་པའི་ཕྱིར་གཞོན་ནུ་མ་ཡི་བདེ་བ་དམ་པ་ལྟ་བུའི་དབང་ཕྱུག་དམ་པ་ཉམས་སུ་མྱོང་བ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་ནི་བསྒོམ་པ་ཡིན་པའི་ཕྱིར་ཡང་བསྒོམ་དགོས་པ་དང་༔ དེ་ལྟ་ནའང་སྤང་བྱ་ཉོན་མོངས་ཀྱི་བློ་མགོ་གནོན་པ་སེམས་ཀྱི་བསྒོམ་པ་དང་༔ དྲུང་ནས་འབྱིན་པ་མུན་པའི་སྨག་ལ་སྒྲོན་མེ་ལྟ་བུའི་ཡེ་ཤེས་རང་བྱུང་གི་ངང་དུ་འབྱམས་ཀླས་པའི་བསྒོམ་པ་གཉིས་སུ་ཡོད་པའི་མཆོག་ཡེ་ཤེས་ཀྱི་ངང་ལ་རྟོན་པ་ཉིད་ཡིན་གྱི་གཞན་ཐོས་བསམ་བཟང་འཁྲུལ་གསེར་སྒྲོག་གིས་འཁོར་བར་བཅིང་བའང་སེམས་སེམས་བྱུང་གི་བློ་དང་རྫས་མི་འགལ་ཞིང་སྣོན་མར་གྱུར་པ་དང་༔ ཡང་དེ་ལྟ་ན་དམིགས་གཏད་སེམས་ཀྱི་བསྒོམ་པའང་སེམས་དང་འཛིན་སྟངས་འགལ་ཡང་བློ་རྫས་སུ་མི་འགལ་བས་ན་ཕན་པ་ཆུང་ཞིང་༔ རྫོགས་པ་ཆེན་པོའི་ལམ་མྱུར་བའང་འདི་ནས་འགྲུབ་བོ༔ ཇི་སྐད་དུ༔ ཐོས་དང་བསམ་དང་བསྒོམ་པས་ནི༔ དེ་ཡི་དོན་ཉིད་ཤེས་མི་འགྱུར༔ སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན༔ ལུང་དང་རིག་པའི་སྤྱོད་ཡུལ་མིན༔ ཞེས་དང་༔ བསམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས༔ བསམ་དང་བསྒོམ་པས་གཏན་ལ་དབབ་དུ་མེད༔ ཅེས་དང་༔ སྤྲོས་གཅོད་སྡེ་ལྔ་ལས༔ ཡིད་ཀྱི་བཙོན་བཟུང་བསྒོམ་པ་དེ༔ དྲན་པ་བཞི་འགྱུར་བསྒོམ་པས་ཡིན༔ ཡིད་དཔྱོད་བློས་བསྒོམ་རྩོལ་བ་དང་༔ བསྒོམ་ཡུལ་སྒོམ་མཁན་རྩོལ་བ་དང་༔ བཅས་བཅོས་ཡིད་སྨོན་བསྒོམ་པ་དང་༔ དེ་དག་སེམས་ཀྱི་རྩོལ་བ་སྟེ༔ བསམ་དུ་མེད་པའི་དོན་མ་རྟོགས༔ ཞེས་སོ༔

གཉིས་པ་ཇི་ལྟར་ལེན་པའི་ཐབས་ལ༔ བཞག་ཐབས་ཀྱི་སྒོ་ནས་ཡེ་ཤེས་མངོན་དུ་འཆར་བའི་མན་ངག༔ ཏིང་འཛིན་གྱི་སྒོ་ནས་སྐུ་གསུམ་དུ་བཙན་ས་འཛིན་པའི་གདམས་ངག༔ དགོངས་སྤྱོད་ཀློང་དུ་སྐྱོལ་བའི་སྒོ་ནས་འོད་གསལ་མ་བུ་སྤྲད་པ༔ གྲོལ་ཚུལ་གྱི་སྒོ་ནས་སྣང་སྤྱོད་ཡེ་ཤེས་ཀྱི་གྲོགས་སུ་འཁྱེར་བའི་མན་ངག༔ ཟིལ་གནོན་གྱི་སྒོ་ནས་ལྟ་བསྒོམ་སྤྱོད་པ་ཉམས་བྱུང་གི་བདུད་གཅོད་པའི་མན་ངག་གོ༔

དང་པོ་ནི༔ དེ་ལ་ཡེ་ཤེས་ཀྱི་ངོ་བོ་བློས་བསྒོམ་དམིགས་ཀྱི་ཡུལ་དུ་མ་གྱུར་བས་ཅི་ཙམ་དུ་རྩོལ་བས་བསྒོམ་ཀྱང་ཕན་པ་མེད་པས་མ་བསྒོམ་པ་ཁོ་ན་གནད་ཡིན་ཏེ༔ སྣང་སེམས་ཐམས་ཅད་ཅོག་གིས་བཞག་པའི་སྤྲོས་བྲལ་ཡེ་ཤེས་ཆེན་པོའི་གཤིས་མཉམ་པ་ཉིད་ལ་རྣལ་འབྱོར་གྱི་བློ་ཡང་ཐོག་ཏུ་ཕོག་པ་ཞེས་བྱ་སྟེ༔ དོན་དུ་ཡེ་ཤེས་ཀྱི་གནས་ལུགས་ཀྱི་སྟེང་དུ་སླེབ་པ་ཡིན་ནོ༔ དེ་བས་བསྒོམ་དུ་མེད་པའི་བཞག་ཐབས་ལ་བརྩོན་པར་བྱ་སྟེ༔ ཡེ་ཤེས་གཏིང་རྫོགས་ལས༔ དེ་ལྟར་བསྒོམ་ཆེན་སེམས་ལ་དངོས་མེད་ན༔ མི་གནས་མི་རྟོགས་འཇོག་པ་རྣལ་འབྱོར་ཡིན༔ རྣལ་འབྱོར་ཅི་ཡང་ཡིད་ལ་མ་བསྒོམ་ན༔ ཡང་དག་ལྟ་བས་དོན་དང་མཐུན་པར་འགྲུབ༔ ཞེས་སོ༔

དེ་ལྟ་བུའི་བཞག་ཐབས་དེ་ལ༔ མདོ་དང་རྒྱས་པ༔ གནད་བསྡུས་གསུམ་ལས༔ དང་པོ་ནི༔ འདས་པའི་རྣམ་པར་རྟོག་གི་རྗེས་སུ་མི་འབྲང་༔ མ་འོངས་པའི་སྔོན་མི་བསུ༔ ད་ལྟ་བ་ལ་བློས་མི་དཔྱོད་པར་བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས་ཆེན་པོའི་སྤྲོས་བྲལ་དབྱིངས་ཀྱི་བདེ་ཆེན་རིག་པ་ཡེ་ཤེས་བླ་མས་ངོ་སྤྲད་པ་དེ་ཉིད་ཀྱི་ངང་ལ་བཞག་པ་ནི༔ རིག་པ་ ༼ རིག་པ་ཅོག་བཞག །༽སྐྱེ་མེད་དུ་བཞག་པ་ཞེས་བྱ་བ་དང་༔ རིག་པ་དེའི་ངང་ལ་བཞག་གོ་སྙམ་ནས་ངོ་ལ་བལྟ་བ་ངང་ལ་བསྒོམ་པ་ཡིན་སྙམ་དུ་ཀུན་སྦྱོར་གྱི་དཀྲིས་པ་འོག་ཏུ་འགྱུ་བ་དང་༔ ཕྱིའི་ཡུལ་ལ་མངོན་དུ་རྒྱུ་བ་ཐམས་ཅད་རང་སར་བཞག་སྟེ་བསྒོམ་པའི་ཆ་ནས་ཡིད་འགྱུ་བ་མེད་པར་བཞག་པ་ ༼ སྣང་བ་ཅེར་བཞག །༽ ཞེས་བྱ་བ་དང་༔ སེམས་དང་ཡེ་ཤེས་ཕྱེད་པའི་གནད་ཀྱིས་ཚོགས་བརྒྱད་དང་གཟུང་འཛིན་རྩེ་གཅིག་གི་སེམས་གནས་ཙམ་དུའང་ལྟོས་མི་འཆའ་བར་དྭངས་ཕྱིན་པས་སེམས་ཉིད་ཟང་ཐལ་རྗེན་པའི་རིག་ཆ་གཅེར་བུ་བསམ་གཞིག་དམིགས་འཛིན་གྱི་མིང་དང་བྲལ་དེ་བཞག་པས༔ སེམས་མིང་མེད་དུ་ ༼ རྒྱ་མཚོ་ཅོག་བཞག །༽བཞག་པ་ཞེས་བྱའོ༔ སྣང་སྲིད་ཁ་སྦྱོར་བདུད་རྩིའི་བཅུད་ཐིག་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས༔ རིག་པ་སྐྱེ་བ་མེད་པའི་ངང་དུ་ ༼ རིག་པ་ཅོག་བཞག །༽ཞོག༔ ཡིད་ནི་འགྱུ་བ་མེད་པའི་ངང་ལ་ ༼ སྣང་བ་ཅེར་བཞག །༽ཞོག་སེམས་ནི་མིང་མེད་འཛིན་བྲལ་ངང་ ༼ རྒྱ་མཚོ་ཅོག་བཞག །༽ དུ་ཞོག༔ ངང་བཞག་ཐབས་ཀྱིས་དྲིལ་ན་གསུམ་པོར་འདུས༔ ཞེས་སོ༔ རྒྱས་པར་བཤད་པ་ནི༔ སྤྱིར་ལྟ་བ་རི་བོ་ཅོག་བཞག༔ བསྒོམ་པ་རྒྱ་མཚོ་ཅོག་བཞག༔ སྤྱོད་པ་སྣང་བ་ཅེར་བཞག༔ འབྲས་བུ་རིག་པ་ཅོག་བཞག་བཞི་སྟེ༔

དང་པོ་ནི༔ ལྟ་བས་ཐབས་སུ་རི་བོ་ཅོག་བཞག་ལ༔ ཕྱི་ལྟར་ན་ལུས་མི་འགུལ་རི་བོ་ཅོག་བཞག་ཅེས་ཆོས་བདུན་ནམ༔ སྐུ་གསུམ་གྱི་བཞུགས་སྟངས་ལས་མི་གཡོ་བས་ལུས་དྲང་བས་རྩ་དྲང་༔ རྩས་རླུང་༔ དེས་ཐིག་ལེ་དྲང་ཞིང་བརྟན་པ༔ དེས་ཐིག་ལེ་དེ་ལ་བརྟེན་པའི་སེམས་དྲང་༔ དེས་ཡེ་ཤེས་ཀྱི་རྩལ་གཞི་ལ་ཐིམ་ནས་འགྱུ་བ་རང་སར་དག་པའི་ཆོས་ཉིད་མ་ལས་གསལ་བས་ན་རི་བོ་ཅོག་བཞག་དུ་ཟབ་ལ༔ ཡང་རིག་པ་བླ་མས་ངོ་སྤྲད་པ་དེ་ལ་གནས་ནས་བསྒོམ་པ་ན་སྣང་སེམས་ཀྱི་དམིགས་པས་མི་བསྒུལ་བར་བརྟན་པོར་གནས་པའི་ཆ་ནས་ཀྱང་རི་བོ་ཅོག་བཞག་དུ་འགྱུར་བ་དང་༔ ཡང་ན་དེ་ཉིད་ལས༔ མཆོག་རབ་རྩེ་ནས་བལྟས་པས་རི་ཕྲན་ཐམས་ཅད་མཐོང་༔ རྒྱ་མཚོ་ཆེན་པོར་བལྟས་པས་ཆུ་ཕྲན་ཐམས་ཅད་མཐོང་༔ ཞེས་པ་ལྟར་ལྟ་བས་ཐག་ཆོད་དེ་རི་རབ་ཀྱི་རྩེ་ནས་རི་ཕྲན་མཐོང་བ་ལྟར་ཐེག་པ་འོག་མ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་འདུས་པར་ཐག་ཆོད་པས་གཅིག་ཤེས་ཀུན་གྲོལ་གྱི་ངང་ལ་གནས་པས་ཀྱང་ལྟ་བ་རི་བོ་ཅོག་བཞག་ཅེས་བྱའོ༔ འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས༔ ང་ལ་སྒོམ་པར་བྱེད་པ་རྣམས༔ སྒོམ་པར་མ་བྱེད་གཡོ་མེད་ངང་ལ་ཞོག༔ ཞེས་དབུས་མ་ལས་དགོངས་པ་བཟུང་ན་རྒྱུ་འབྲས་ངོ་བོ་ཉིད་དུ་ཡོད་པས་ཐོག་མཐའི་གཉིས་ཀྱི་གནད་དེར་འདུས་ལ་ཅོག་བཞག་འདི་གཞུང་གི་ཅོག་བཞག་བཞི་པོ་ཐམས་ཅད་ཀྱི་སྤྱི་ཆིངས་སུ་ཐིམ་པས༔ གནས་ལུགས་ཐམས་ཅད་འགྱུར་མེད་ངང་དུ་ཞོག༔ ཞེས་པས་འདིར་གསུམ་དུ་བཞག་པས་ཆོག་གོ༔

གཉིས་པ་རྒྱ་མཚོ་ཅོག་བཞག་ལ་སོགས་པ་ནི་བསྡུས་དོན་ལྡོག་པའི་གོ་རིམ་ཏེ༔ དང་པོ་ལ༔ ཕྱི་ལྟར་ན་མིག་གི་དབང་པོ་ན་ཡེ་ཤེས་ཀྱི་རྩ་དར་དཀར་སྣལ་མ་དང་ཕྲ་ལ་འཁྲིལ་གཉིས་ཡོད་པས༔ མར་སྣ་ཡེ་ཤེས་ཀྱི་དཀྱིལ་འཁོར་གསེར་གྱི་རྩ་ཆེན་དུ་རིག་པའི་ཡེ་ཤེས་བཞུགས་པ་ལས་ལམ་བྱུང་ནས་ཡུལ་ལ་འཆར་བའི་མིག་ཕྱེས་ཏེ་མ་འགུལ་བས་རིག་པའི་འོད་གསལ་གཡོ་བ་མེད་པས་ཀྱང་རྒྱ་མཚོ་ཅོག་བཞག་ཞེས་བྱ་ལ༔ ཁྱད་པར་དུ་ཤེས་པ་དྭངས་བ་རྒྱ་མཚོ་ལྟ་བུའི་ངང་ལ་རྟོག་པའི་རྦ་རླབས་རང་སར་དྭངས་ནས་མ་བསྒུལ་པར་གནས་པས་ཀྱང་རྒྱ་མཚོ་ཅོག་བཞག་ལ༔ རིག་པ་སྤྲོས་པ་དང་བྲལ་བའི་ངང་དྭངས་འོད་གསལ་གྱི་ཆ་ལ་རང་བཞིན་བབ་ཀྱི་བསམ་གཏན་འདུ་འབྲལ་མེད་པའི་ངང་དུ་ཕོག་པ་ནི་ཏིང་ངེ་འཛིན་གྱི་རླན་གྱིས་བརླན་པས་ན་རྒྱ་མཚོ་ཅོག་བཞག་དེའི་ངོ་བོ་བླ་ན་མེད་པའོ༔ འདིར་དབུས་མ་ལས་བཟུང་བས་གཞན་གཉིས་རྒྱུ་འབྲས་སུ་ལྡན་པས༔ དེ་ཉིད་ལས༔ སེམས་ལ་མིང་འདོག་མེད་པ་ཡི༔ ཆགས་འཛིན་སྤྲོས་པ་བརྟགས་ཞེན་མེད་པའི་ངང་ལ་བཞག༔ བརྟགས་སྣང་རྣམ་རྟོག་ཐམས་ཅད་ཀྱང་གཉིས་མེད་ངང་དུ་ཐམས་ཅད་ཞོག༔ སྤྲོས་པ་ཐམས་ཅད་ཐག་ཆོད་ངང་དུ་ཞོག༔ ཡིད་དཔྱོད་སེམས་ཀྱི་དྲན་རིག་རྣམས༔ རང་དྭངས་ཆེན་པོའི་ངང་ལ་ཞོག༔ རྟོག་ཚོགས་སེམས་ཀྱི་ཆོ་འཕྲུལ་རྣམས༔ རང་སང་ཆེན་པོའི་ངང་ལ་ཞོག༔ འགྱུ་བ་རིག་པ་རྟོགས་པ་རྣམས༔ གསལ་དྭངས་ཆེན་པོའི་ངང་ལ་ཞོག༔ ཞེས་རྒྱུད་དཀྲུགས་སྡེབས་སུ་ཡོད་དོ༔ རིན་པོ་ཆེའི་བཅུད་ཐིག་ལས༔ མཁའ་གསལ་དཔེ་ནི་ནམ་མཁའ་ལ༔ འཆར་སྒོ་གསལ་བྱེད་མིག་བསྐྱོད་བགྲད༔ ཆོས་དབྱིངས་གསལ་ཁྱབ་དྭངས་པ་ལ༔ རིག་པ་གཏིང་གསལ་ཆེན་པོར་ཞོག༔ མ་བཅོས་སྤྲོས་བྲལ་ཀློང་ཡངས་སུ༔ འགྱུ་བ་དྭངས་སངས་ཆེན་པོར་བཞག༔ ཅེས་སོ༔

གསུམ་པ་སྣང་བ་ཅེར་བཞག་ནི༔ ཕྱི་དཀར་དམར་སྣ་ཚོགས་པས་ཆོས་ཡིད་ཀྱི་རྟོག་པས་སྒྲ་དོན་བསྲེས་ནས་འདྲེས་འཛིན་གྱི་འདི་དང་འདིའོ་ལ་སོགས་པ་ངོ་བོ་དང་༔ དེའི་ཁྱད་པར་ལ་རགས་ཕྲའི་ཚུལ་དུ་འཛིན་ཅིང་འགྱུ་བས་རྣམ་རྟོག་སློང་བྱེད་ཐམས་ཅད་ལ་དེར་འཛིན་ཡུལ་རྗེས་སུ་མི་འབྲང་༔ ཡུལ་མི་དགག༔ མི་བསྒྲུབ༔ སེམས་ཀྱིས་མི་བཟུང་བར༔ ཡུལ་སེམས་སྤྲོས་བྲལ་དུ་རྟོགས་པའི་གདེང་གིས་འགྲོ་བས་སྣང་ལ་རང་བཞིན་མེད་པར་གསལ་ལ་དེར་འཛིན་དང་བྲལ་བར་ཆོས་ཅན་སྤྱི་དང་དུམ་བུ་ལ་བསླབས་པས་ཅེར་ས་འམ་སྣང་ས་དེར་ཅེར་གྱིས་བཞག་པ་སྟེ་རྩལ་ཕྱི་ཤར་ལ་བསླབ་པའི་ཕྱོགས་སུ་ངེས་སོ་༡༔ རྡོ་རྗེ་དང་ཤེས་རབ་ཀྱི་མིག་གི་བསླབ་པས་ཅེར་བཞག་ཟེར་ལ་༢༔ ངོ་བོ་ལས་རིག་པ་སྣང་བ་ཅེར་འཛིན་ཤར་གྲོལ་དུ་ཡོད་པ་རྟོགས་འབྲས་ལས་༣སྔ་མ་གཞིར་བཟུང་ནས༔ རྒྱུ་འབྲས་ཕྱི་མ་གཉིས་སོ༔ དེ་ཉིད་ལས༔ གནས་ལུགས་འགྱུར་མེད་ངང་ལ་ཞོག༔ སྣང་བ་སོར་བཞག་ངང་ལ་ཞོག༔ དེ་གཉིས་དབྱེ་བསལ་མེད་པར་ཞོག༔ གནས་ལུགས་དངོས་པོ་མེད་པར་ཞོག༔ སྣང་བ་དགག་སྒྲུབ་མེད་པར་ཞོག༔ དེ་གཉིས་རྩིས་ལས་འདས་པར་ཞོག༔ ཕྱི་ཡི་དཀར་དམར་ཡུལ་རྣམས་ཀུན༔ སྣང་ལ་རང་བཞིན་མེད་པར་ཞོག༔ ཞེས་དང་༔ ཡིད་ལ་འགྱུ་བ་མེད་པ་ཡི༔ གཡོས་པ་མེད་པའི་ངང་ལ་ཞོག༔ བར་གྱི་གཉིས་སྣང་རང་བཞིན་ཀུན༔ སྤྲོས་པ་ཐག་ཆོད་ངང་ལ་ཞོག༔ རྟོག་ཚོགས་བློ་ལ་སྣང་བའི་ཡུལ་སྣང་རྣམས༔ སྣང་ལ་རང་བཞིན་མེད་པའི་ངང་དུ་ཞོག༔ ཞེས་དང་༔ རིན་ཆེན་བཅུད་ཐིག་ལས༔ སྣང་ཡུལ་མེ་ལོང་ལྟར་གནས་ལ༔ རྐྱེན་སྣང་སྐྱེ་མེད་རང་གྲོལ་བཞག༔ ཅེས་སོ༔ འདི་ནི་སྣང་ཤེས་དབྱེར་མེད་རོ་མཉམ་དུ་དག་པར་བྱེད་པའི་ལྟ་བས་ཟིན་པ་གལ་ཆེ་ཡི་རང་གར་བློས་མི་གཏད་དོ༔ ཞེས་པདྨ་ངས་སྨྲའོ༔

དོན་བཞི་པ་རིག་པ་ཅོག་བཞག་ནི༔ རིག་པ་སྐྱེ་མེད་དང་༔ ལྟ་བསྒོམ་ལྷུན་རྫོགས་སུ་བཞག་པ་སྟེ་གཉིས་ལས༔ དང་པོ་ལ་དངོས་དང་དེའི་ཁྱད་འདོན་གཉིས་ལས་དང་པོ་ནི༔ སེམས་རྣམ་རྟོག་གི་རླུང་གིས་མི་གཡོ་བ་རི་བོ་ཅོག་བཞག་དང་༔ རྨུགས་འཐིབ་སྐྱོན་དང་བྲལ་བ་རྒྱ་མཚོ་ཅོག་བཞག༔ སྣང་བའི་རྗེས་སུ་མ་ཤོར་བ་ཅེར་བཞག་མཉམ་པ་གསུམ་གྱི་གྲུབ་པའི་འབྲས་བུ་ནི་རིག་པ་ཟང་ཐལ་རྗེན་ལ་བུད་དེ་འཆར་བ་དེ་ལས་མི་གཡོ་བར་རྒྱལ་པོ་གདན་ས་ཟིན་ཏེ་མི་འགྱུར་བ་ལྟར༔ རྩལ་གཞི་ལ་ཐིམ་སེམས་རིག་ནང་འཕྲད་དུ་འཁོར་འདས་རྒྱབ་གྱེས༔ བློན་པོ་བཙོན་དུ་བཟུང་ནས་མི་འགྱུར་བ་ལྟར༔ སེམས་ཡིད་ཀྱི་རྣམ་ཤེས་འགྱུ་བ་རྒྱུན་ཆད་པས་རིག་པ་ལ་རང་དབང་བསྒྱུར༔ རིག་པ་རང་ས་ཟིན་པ་དང་དམངས་ཆམ་ལ་འབེབས་སྟེ་མི་འགྱུར་བ་ལྟར་དུ༔ སྒོ་ལྔའི་འཆར་གཞི་སེམས་ཡིན་པས་དེ་ཉིད་དག་པའི་སྟོབས་ཀྱིས་སྒོ་ལྔ་མཚན་གཞི་མེད་པས་འཁོར་བ་སྟོངས་པའོ༔ ཅིའི་ཕྱིར་ན་རིག་པ་ཡེ་སངས་རྒྱས་པའི་སྟེང་དུ་བཞག་པས་རིག་པ་ཅོག་བཞག་ཟེར་རོ༔ དེ་སྐད་དུ་སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས༔ དེ་ནི་རྒྱལ་པོ་གདན་ལ་བཞུགས་ཤིང་གདན་ཐོག་ཏུ་བཏང་བའི་ཐབས་སོ༔ དེའི་རིག་པ་ནི་རྒྱལ་པོ་དང་འདྲ་སྟེ་རང་ས་ཟིན་པའོ༔ བློན་པོ་ནི་སེམས་སྟེ༔ ལུས་དང་མ་བྲལ་བར་དབུགས་ཡོད་དེ༔ རིག་པ་ལ་རྟ་ཡོད་པས་བློན་པོ་ལྟ་བུའོ༔ བཙོན་དུ་ཟིན་པ་དང་འདྲ་སྟེ༔ རྟོག་པའི་རླུང་ཡོད་ལ་རྒྱུ་མི་ནུས་པས་སོ༔ སྒོ་ལྔ་འབངས་དང་འདྲ་བས་ལས་བྱེད་པ་ཡིན་ནོ༔ དུས་དེར་གསལ་ལ་རྟོག་པ་མེད་དོ༔ དེ་ནི་འབངས་ཆམ་ལ་འདེབས་པ་ལྟ་བུའོ༔ ཞེས་དང་༔ རིན་པོ་ཆེའི་བཅུད་ཐིག་ལས༔ ཀ་དག་དོན་གྱི་ཆོས་ཉིད་ལ༔ སེམས་ཀྱི་འཛིན་པ་མེད་པར་བཞག༔ ངང་དྭངས་ཀུན་ཁྱབ་ཟང་ཐལ་ལ༔ ཆོས་སྐུ་གཅེར་བུ་གློད་དེ་བཞག༔ ཅེས་སོ༔

ཡང་ཐོད་རྒལ་དང་སྦྱར་ན་ཤེས་རབ་རང་བྱུང་སྒྲོན་མའི་ངོ་བོ་རིག་པ་རྣམ་དག་ཆེན་པོ་ནི་རྒྱལ་པོ་དང་འདྲ་ལ༔ དབྱིངས་རྣམ་པར་དག་པ་ནི་གདན༔ བློན་པོ་ནི་སེམས་དང་༔ སྒོ་ལྔ་ཡུལ་དང་བཅས་པ་འབངས་འདྲ་ན༔ སེམས་ཀྱི་འཁྲུལ་སྣང་༔ སྒོ་ལྔའི་ཡུལ་དང་ཤེས་པ་ཐམས་ཅད་དག་སྣང་མཐོང་དུས་འགགས་པ་ལའང་སྦྱར་ན༔ དེ་ཉིད་ལས༔ རྒྱལ་པོ་གདན་ལ་བཞག་པ་དང་༔ བློན་པོ་བཙོན་དུ་བཟུང་བ་དང་༔ དམངས་རྣམས་ཆམ་ལ་ཤུགས་ཀྱིས་ཕབས་སོ༔ རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཤིག༔ རྒྱལ་པོ་ནི་རང་རིག་དག་པ་ཆོས་ཀྱི་སྐུའོ༔ གདན་ནི་རང་བཞིན་རྣམ་པར་དག་པ་ནམ་མཁའི་ཡུལ་དུ་སྣང་བ་འདིའོ༔ དོན་དུ་དབྱིངས་ཀྱི་ཐིག་ལེ་ཡུལ་དུ་སྣང་བ་འདིའོ༔ ཞེས་སོགས་ནས༔ རྣམ་རྟོག་ཆོམ་པའོ་སོགས་སྦྱར་ཏེ་གསུངས་སོ༔ ཞེས་སོ༔ འདིར་ནི་རིག་པ་སྐྱེ་མེད་འཛིན་མྱང་གང་ཡང་མེད་པ་ཐིག་ལེ་ཉག་གཅིག་གི་བདེ་ཀློང་དུ་འཁྱིལ་པ་ལ་བྱ་ཡི༔ ཆེད་དུ་དགག་ནས་བཟུང་བ་དང་འདི་དང་འདིའོ་རུ་ངོས་བཟུང་དུ་ཡོད་ན་རྣམ་པར་རྟོག་པ་ལས་མ་འདས་པས་རྩོལ་བློ་དམིགས་འཛིན་གང་ཡང་མེད་པར་སེམས་ཀྱི་ཤུན་པ་དང་བྲལ་དུས་ཀྱི་གསལ་སྟོང་རིག་པ་བརྗོད་བསམ་ལས་འདས་པའི་རང་ཐོག་ཏུ་སླེབ་པ་ནི༔ ཡུལ་དང་ཡུལ་ཅན་དབྱེར་མེད་པའི་ཡེ་ཤེས་རང་རིག་གི་བསྒོམ་པ་ཡིན་པར་ཤེས་དགོས་སོ༔ སྔ་མ་ལས༔ རིག་པ་སྐྱེ་བ་མེད་པ་ཡི༔ མྱང་པ་མེད་པའི་ངང་ལ་ཞོག༔ ཞེས་དང་༔ སྙིང་པོ་ཆོས་སྐུའི་རང་བཞིན་ནི༔ མི་སྣང་རང་བཞིན་མེད་པའི་ངང་ལ་ཞོག༔ ཡིད་དཔྱོད་སེམས་ཀྱི་དྲན་རིག་རྣམས༔ རང་དྭངས་ཆེན་པོའི་ངང་ལ་ཞོག༔ ཞེས་སོ༔

གཉིས་པ་དེའི་ཁྱད་པར་འདོན་པ་ནི༔ དེང་སང་རིག་པ་ཅོག་བཞག་ཟེར་ཞིང་སེམས་གསལ་རིག་ཙམ་ལམ་དུ་བྱེད་པས་གཟུགས་ཁམས་ཀྱི་གོལ་ས་ལྡང་༔ ཀུན་གཞི་རྟོག་མེད་ལམ་དུ་བྱེད་པས་གཟུགས་མེད༔ བདེ་གསལ་གྱི་རྟོག་པ་ལམ་དུ་བྱེད་པས་འདོད་པར་འཁོར་བས་ན༔ གཞན་སེལ་གྱི་ཤེས་རབ་མཆོག་གི་དེ་དག་བཅད་དེ་ཁྱད་འདོན་དགོས་པ་ལ༔ སྣང་ཡང་མ་མཐོང་བ་༡༔ ཀུན་ལ་ཁྱབ་ཀྱང་ངོས་བཟུང་མེད་པ་༢༔ དངོས་གཞིར་གྲུབ་པ་མེད་པ་༣༔ མ་ཕྱེ་པ་༤༔ མི་སྣང་པ་༥༔ མ་བྱས་པ་༦༔ མ་བཙལ་བ་༧༔ མ་སྤང་པ་༨༔ མ་བསྒྲུབ་པ་༩༔ མ་བརྟགས་པ་༡༠༔ མ་མཚོན་པ་༡༡༔ མ་ཤེས་པ་༡༢༔ སུས་ཀྱང་མ་བསྐྱེད་པར་རྫོགས་པ་༡༣༔ སྐྱེ་བ་མེད་པ་༡༤༔ མ་རྟོགས་པ་༡༥སྟེ་སྤྲོས་པ་ཐམས་ཅད་དང་བྲ་བའི་ངང་ལ་བཞག་པར་བྱ་བར་གསུངས་པ་ལྟར་ལ་བཟླ་ཞིང་བཞག་པར་བྱའོ༔ དེ་ཉིད་ལས༔ སྐྱེ་བ་མེད་པའི་ངང་དུ་ཞོག༔ སྨྲ་བསམ་བརྗོད་མེད་ངང་དུ་ཞོག༔ འགགས་མེད་ཆོས་སྐུའི་ངང་དུ་ཞོག༔ ཅེས་པས་སྐྱེ་མེད་ཀྱི་ངང་དུ་བཞག་པས་ལུས་སྣང་བའི་གྲོང་ཁྱེར་འདོད་ཁམས་ཀྱི་སེམས་དང་༔ སྨྲ་བསམ་མེད་པའི་ངང་དུ་བཞག་པས་ངག་ཕྱེད་སྣང་གཟུགས་ཁམས་ཀྱི༔ འགགས་པ་མེད་པའི་སེམས་མི་སྣང་བ་གཟུགས་མེད་ཀྱི་སེམས་ཀྱི་བསྒོམས་པའི་ཕྱོགས་སུ་མི་གོལ་བར་ཁྱད་པར་འདོན་པའོ༔ འདི་དག་གི་གནད་ནི༔ གཟུགས་མེད་ལ་རྟོག་མེད་གཏི་མུག་མཚུངས་ལྡན་གྱི་རྟིང་བ་དེ་རྒྱ་མཚོ་ཅོག་བཞག་ ༼ མིང་མེད་འགགས་མེད། ༽ གིས་སྦྱོང་༔ གཟུགས་ཁམས་ཡུལ་ལ་ཆགས་པ་ ༼ ཡིད་འགྱུ་མེད་ཀྱི་ ༽ སྣང་བ་ཅེར་བཞག་གིས་སྦྱོང་༔ འདོད་ཁམས་སེམས་རགས་པར་རྩེན་པ་སེམས་རིག་ ༼ རིག་པ་སྐྱེ་མེད་ ༽ ཁྱད་ཕྱེ་ནས་རིག་པ་ཅོག་བཞག་གིས་སྦྱོང་ངོ་༔ ༼ ཡང་གོ་ལྡོག་ཏུ་ ༽ ཡང་སྐྱེ་མེད་ཀྱི་གཟུགས་མེད་པས་ ༼ རིག་པ་ཅོག་བཞག་ ༽ སེམས་ལས་འཕགས༔ བརྗོད་མེད་དམ་འགྱུ་མེད་ ༼ སྣང་བ་ཅེར་བཞག །༽ ཀྱི་གཟུགས་ཁམས༔ འགགས་མེད་ཀྱི་ ༼ རྒྱ་མཚོ་ཅོག་བཞག་ ༽ འདོད་ཁམས་ཀྱི་སེམས་རྙོགས་པ་ལས་འཕགས་པའི༔ འདི་དག་གི་གནད་ཀྱང་གཟུགས་མེད་ལ་འཛིན་པ་ཕྱོགས་གཅིག་ཡོད་མིན་མེད་མིན་ནོ་བསམ་ནས་བསྒོམ་པའི་འཛིན་པ་ཡོད་པ་དང་༔ གཟུགས་ཁམས་ཡུལ་ཆགས་པའི་བདེ་བ༔འདོད་ཁམས་རྣམ་རྟོག་དག་གི་ཁྱད་པར་འདོན་ནོ༔

གཉིས་པ་ལྟ་བསྒོམ་ལྷུན་རྫོགས་སུ་བཞག་པའི་ཡོན་ཏན་རང་གནས་མངོན་སུམ་དུ་བྱེད་པ་ནི༔ རང་གནས་ཀྱི་རིག་པ་ངོ་བོ་ལྟ་བསྒོམ་སྤྱོད་འབྲས་བཞི་ལས་འདས་ཤིང་༔ རང་བཞིན་གྱི་གཞིའི་ཡོན་ཏན་རྫོགས་པར་ལྷུན་གྱིས་གྲུབ་པས་ན༔ བལྟས་པས་ནི་མི་མཐོང་སྟེ་མཐོང་བའི་ཡུལ་མེད་པའི་ཕྱིར་དང་༔ བསྒོམ་པས་མི་མཐོང་སྟེ་བློ་རྫས་འགལ་བའི་ཕྱིར་དང་༔ བསྒོམ་བྱའོ་ཆོས་མ་གྲུབ་པའི་ཕྱིར་རོ༔ སྤྱད་བྱའི་ཡུལ་དང་བྲལ་བའི་ཕྱིར་དང་༔ རྩོལ་བས་སྤྱད་ཀྱང་འཆིང་བའི་ཕྱིར་སྤྱད་པར་མི་བྱ་ལ༔ ཡེ་ནས་སངས་རྒྱས་པའི་ཆོས་ཉིད་རང་གི་ངོ་བོ་ལ་སྐྱེད་བསྲིང་དུ་མེད་པའི་ཐོབ་རྒྱུའི་འབྲས་བུ་ལོག་ནས་མི་འབྱུང་བས་རྒྱུ་མཚན་དེ་དག་གི་གོ་རིམ་ལྟར་ལྟ་བསྒོམ་སྤྱོད་འབྲས་ཀྱི་རྩོལ་བ་གང་གིས་ཀྱང་མ་དཀྲུགས་པར་བཞག་པས་བལྟར་མེད་ཀྱི་ལྟ་བ་མཆོག༔ བསྒོམས་མེད་ཀྱི་བསྒོམ་པ་མཆོག༔ སྤྱོད་མེད་ཀྱི་སྤྱོད་པའི་མཆོག༔ སྒྲུབ་དུ་མེད་པའི་འབྲས་བུ་མཆོག་རང་ལ་ལྷུན་གྱིས་གྲུབ་པའི་གཤིས་སུ་ཕྱིན་ཏེ་ལྟ་བསྒོམ་སྤྱོད་འབྲས་ཐམས་ཅད་དང་མཇལ་བ་ནི་རང་ཡིན་པས་གཞན་དུ་ཚོལ་ཕྱིན་པས་མི་རྙེད་ཀྱང་ཚུར་རང་ངོ་ཤེས་པས་མ་བཙལ་བར་རྙེད་པ་དང་འདྲ་བས་ན༔ ཁྱུང་ཆེན་ལས༔ རང་གམ་བཞག་ནས་གཞན་ལ་རྒྱང་དུ་ཚོལ༔ བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན༔ ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད༔ ཅེས་དང་༔ ཡེ་ཤེས་ཀློང་གི་རྒྱུད་ལས༔ ང་ལ་བལྟས་པས་མཐོང་བའི་ཡུལ་མེད་ཀྱི༔ མ་བལྟས་བཞག་པས་ལྟ་བ་ཉིད་དང་མཇལ༔ བསྒོམ་པར་མ་བྱེད་གཡོ་མེད་ཞོག༔ འགྱུ་མེད་ངང་ལ་བཞག་པས་བསྒོམ་པ་ཉིད་དང་མཇལ༔ སྤྱོད་པར་བྱ་བྱེད་བྱར་མེད་ངང་ལ་ཞོག༔ བྱར་མེད་ངང་ལ་བཞག་པས་སྤྱོད་པ་ཉིད་དང་མཇལ༔ ང་ལ་ཐོབ་པར་འདོད་པ་རྣམས༔ ཐོབ་རྒྱུ་མེད་ཀྱི་རང་སར་ངང་ལ་ཞོག༔ བཞག་ཏུ་མེད་པའི་འབྲས་བུ་ཆེན་པོ་ཐོབ༔ ཐོབ་ཏུ་མེད་པས་ཐོབ་པའི་དོན་དང་མཇལ༔ ཞེས་སོ༔

གནད་བསྡུས་ཏེ་ཡོན་ཏན་བཤད་པ་ནི༔ བཞག་ཐབས་བཞི་ཡི་གནད་བསྡུས་པ་དང་༔ ཡོན་ཏན་ལས༔ དང་པོ་ནི༔ རིག་པ་རྗེན་པའི་ ༼ རིག་པ་ཅོག་བཞག །༽ ངང་དུ་བཞག་པས་སེམས་ཡུལ་ ༼ སྣང་བ་དང་རྒྱ་མཚོ། ༽ དང་བཅས་དབྱིངས་སུ་གྲོལ་ཏེ་བྱིང་རྒོད་སོགས་ཀྱི་སྐྱོན་མ་བྱུང་བར་བརྟན་པོར་ ༼ རི་བོ། ༽ གནས་པ་གཅིག་པུ་ལ་བཞི་པོ་རྫོགས་པ་ཡིན་པར༔ ཡི་གེ་མེད་པའི་རྒྱུད་མཆོག་ལས༔ རྩ་བའི་དགོངས་པ་ཆེན་པོ་ནི༔ གྲངས་ནི་བཞི་ཡིས་གཏན་ལ་ཕབ་པར་འགྱུར༔ ཞེས་དང་༔ ཐད་ཀ་གྲོགས་སུ་ཤེས་ན་ཅོག་བཞག་གཅིག་གི་ངང་༔ ཞེས་སོ༔ གཉིས་པ་ཡོན་ཏན་ནི༔ སྐྱེ་བ་མེད་པའི་ཅོག་བཞག་གི་དུས་དེ་ཉིད་ནས་ ༼ ལྷག་མཐོང་གི་ཤེས་རབ་དེའི་ ༽ གཏི་མུག་རྩད་ནས་ཆོད༔ སྟེང་ལྷའི་སྲིད་པ་ཟིལ་གྱིས་གནོན༔ ཀུན་གྱི་གཞི་མཚན་ཉིད་པ་དག་པའི་འབྲས་བུ་གཟུགས་མེད་པའི་ཁམས་སུ་མི་སྐྱེ་བས་ཕྱགས་མས་བཏབ་སྟེ༔ ངོ་བོ་སྟོང་པ་ཉིད་ཆོས་སྐུའི་སྣང་བ་ལམ་བྱེད་དང་༔ སྣང་བ་ཅེར་བཞག་གི་འགྱུ་མེད་བསམ་བྲལ་དགག་སྒྲུབ་བྲལ་བར་བཞག་པས་བར་མིའི་སྲིད་པ་ཟིལ་གྱིས་གནོན༔ འདོད་ཆགས་རྩད་ནས་ཆོད༔ གཟུགས་ཁམས་ཕྱགས་མས་བཏབ༔ རང་བཞིན་གསལ་བའི་ཡེ་ཤེས་ཀྱི་རང་སྣང་ལོངས་སྐུའི་ལམ་བྱེད༔ སེམས་མིང་མེད་སྤྲོས་བྲལ་གཏིང་གསལ་རྣམ་རྟོག་རང་སངས་ཆེན་པོར་རྒྱ་མཚོ་ལྟར་ཅོག་གིས་བཞག་པས༔ འོག་དམྱལ་བའི་སྲིད་པ་ཟིལ་གྱིས་གནོན༔ ཞེ་སྡང་རྩད་ནས་བཅད༔ འདོད་ཁམས་ཕྱགས་མས་བཏབ་པས་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་ལམ་དུ་བྱེད་པའི་ཀུན་ཏུ་འོད་སྤྲུལ་སྐུའི་ས༔ པདྨ་ཅན་ལོངས་སྤྱོད༔ འཁོར་ལོ་ཚོགས་ཆེན་ཆོས་སྐུའི་རང་སར་ནོན༔ སྐུ་གསུམ་ཐོབ་ཏུ་མེད་པར་རང་སར་གྲོལ་བ་ད་ལྟ་མཉམ་བཞག་ཐུན་གཅིག་ལའང་ཡེ་ཤེས་བླ་མའི་ས་ལ་ཕྱིན་པར་བཤད་པ་དང་འདྲ་བར་བསྟན་ནོ༔ སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ལས༔ ཐམས་ཅད་གཅིག་ཏུ་དྲིལ་བའི་བཞག་ཐབས་རྣམ་གསུམ་འདི༔ ཐོབ་ཏུ་མེད་པའི་སྐུ་གསུམ་འདིས༔ སྲིད་གསུམ་ཟིལ་གནོན་ས་གསུམ་གནོན༔ དུག་གསུམ་རྩད་ཆོད་ཁམས་གསུམ་ཕྱགས་མས་བཏབས༔ ངོ་བོ་རང་བཞིན་ཐུགས་རྗེའི་སྣང་བའོ༔ ཞེས་པའོ༔ ཡང་རི་བོ་ཅོག་བཞག་གི་སྐུ་ཐོབ་པ་ནི་དབྱེར་མེད་རྡོ་རྗེ་ལྟ་བུའི་དོན་དམ་སྤྲོས་བྲལ་དབྱིངས་དང་༔ ཀུན་རྫོབ་བདེ་བ་མངོན་བྱང་སྣང་ཆའི་ཟུང་འཇུག་ཏུ་བཞག་པའི་ཐོབ་པ་ཡིན་ནོ༔

གཉིས་པ་ཏིང་ངེ་འཛིན་གྱི་སྒོ་ནས་སྐུ་གསུམ་དུ་བཙན་ས་འཛིན་པའི་མན་ངག་ལ་གསུམ་ལས་དང་པོ༔ རང་གནས་ཆོས་སྐུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན༔ ཚོགས་དྲུག་གི་ཡུལ་གང་ལའང་འཛིན་པའི་བཟོ་རྒྱ་མི་བསྐྱེད་པར་ཕྱི་ནང་བར་མེད་ཧར་སངས་ཀ་དག་ཆེན་པོའི་ངང་ལས་རྟོག་བྲལ་དུ་བཞག་པའི་ཆོས་སྐུ་ལ་བཙན་ས་ཟིན་པ་སྟེ༔ ཀློང་དྲུག་པ་ལས༔ མདོར་ན་ལུས་ངག་རང་སོ་ལ༔ ཡིད་འབྱུང་ཆ་རྣམས་ཕྱིར་མ་ཤོར༔ དབང་པོའི་ཡུལ་རྣམས་དྲུག་ལ་ཡང་༔ ཤེས་བཞིན་དཔྱོད་པའི་ཡིད་མ་འགྱུའི༔ རང་སྣང་མི་རྟོག་ཆེན་པོ་ལ༔ གསལ་ལ་རྟོག་མེད་ཉམས་སྐྱེས་པའོ༔ ཞེས་སོ༔

གཉིས་པ་ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་ནི༔ ལུས་སྐྱིལ་ཀྲུང་མིག་ཕྱིའི་བར་སྣང་ལ་ཧྲིག་གེར་བལྟས་ནས་བཞག་པའི་གནད་ཀྱིས་ནང་སེམས་ཉིད་སྤྲོ་བསྡུ་བྲལ་བར་དྭངས་སང་ཕྱེད་པའི་གསང་བ་ཆོས་ཉིད་དོན་གྱི་ནམ་མཁའ་གསལ་སྟོང་དག་པར་འཆར་བའི་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུའི་ངང་དུ་བཙན་ས་ཟིན་པའི་རྣལ་འབྱོར་ཏེ༔ དེ་ཉིད་ལས༔ སྣང་བ་རྒྱས་འདེབས་ཏིང་འཛིན་ནི༔ ལུས་དང་ཡུལ་དང་རིག་པ་ཡི༔ རང་སྣང་དག་པའི་ཚད་རྣམས་བཟུང་༔ ཞེས་སོ༔

གསུམ་པ་ཐོག་ཆེན་ཡུལ་འབེབས་ཀྱི་ཏིང་ངེ་འཛིན་ནི༔ རྣམ་རྟོག་གི་སྤྲོས་པ་ཤར་བ་ན་དེ་ཡི་ངོ་ལ་མི་བལྟ༔ ངང་ལ་མི་བསྐྱང་བར་གང་ཤར་བཅར་ཕོག་ཏུ་རང་སང་དུ་བཏང་ནས་ཡེ་ཤེས་ཀྱི་ཐོག་ཏུ་ལྷོད་པའམ་རང་ངོས་བཟུང་བ་ནི་རིག་སྟོང་དབྱེར་མེད་སྤྲུལ་པ་སྐུའི་རྣལ་འབྱོར་ཞེས་བྱ་བར་གྱུར་ཏོ༔ དེ་ཉིད་ལས༔ ཐོག་བབས་ཆེན་པོའི་ཏིང་འཛིན་ནི༔ ལུས་ནི་ཐ་མལ་ལྟ་བུ་ལ༔ ངག་ནི་སྨྲ་བརྗོད་ཚིག་དང་བྲལ༔ སེམས་ནི་དམ་དུ་མ་བཅིང་བས༔ རང་ཤར་ངང་ལ་མ་ཡེངས་བའོ༔ ཞེས་སོ༔ དེ་དག་གི་ཚུལ་ཡང་༔ དེ་ཉིད་ལས༔ ཏིང་ངེ་འཛིན་འདི་སུས་བཟུང་བ༔ སྐུ་གསུམ་ལའང་མངོན་པར་དགའ༔ ཞེས་སོ༔ འདིར་ཐོག་བབས་དང་རྒྱས་འདེབས་གཉིས་འགའ་ཞིག་གི་བརྗོད་ཚུལ་དང་ཅུང་ཟད་བསྣོལ་ཡང་༔ སྣང་བ་ལོངས་སྐུ་ཡིན་པ་དང་༔ གཟིགས་སྟངས་གླང་ཆེན་ཡིན་པ་དང་༔ མཐོང་སྣང་ཡེ་གདངས་ལས་གཙོ་བོར་བཟུང་བས་ཀྱང་འགལ་བ་མེད་པར་གནས་སོ༔

གསུམ་པ་དགོངས་སྤྱོད་དུ་སྐྱོལ་པས་སྒོ་ནས་འོད་གསལ་མ་བུ་སྤྲད་པའི་མན་ངག་ལ༔ སྤྲོས་པ་བསྡུ་བ་དང་༔ ངང་ལ་སྐྱེས་བ༔ ཡུལ་མེད་དུ་བསྐྱང་བ་གསུམ༔ དང་པོ་ནི༔ ལྟ་བས་གཏན་ལ་ཕབ་པའི་དོན་བཞིན་སྟོང་ཉིད་ཆེན་པོ་བསྡུ་བའམ་རྟོགས་པའི་ཡིན་ལུགས་ཤེས་བཞིན་པས་ངང་ཚུགས་མ་ཤོར་བས་གདངས་རང་ཤུགས་ཀྱིས་གོམས་པར་གནས་པ་དང་༔ ཡུལ་མེད་བཞིན་དུ་བློས་ཡུལ་སྣ་ཚོགས་སུ་བརྟགས་པའི་བློ་ཆོས་ཙམ་ཡང་མིང་མེད་སྤྲོས་བྲལ་རྣམ་གྲངས་བའི་དོན་དམ་གྱི་གཟེབ་ཏུ་མི་འཛུད་པར་བློ་ཡིས་དཔྱད་རྟོག་གི་ལ་བརྒལ་ཏེ་འཛིན་པ་ཐམས་ཅད་དང་བྲལ་བའི་བློ་འདས་ཆེན་པོར་ཧར་སངས་ཡན་པ་དང་༔ ཡང་ན་ཕྱིའི་ཆོས་ཐམས་ཅད་རང་ས་ནས་ཡེ་གྲོལ་མཉམ་པ་ཉིད་དུ་བསྡུ་ཞིང་ཕྱིར་མི་རྟོགས་མི་དགག་མི་གྲུབ་མི་ཞེན་པར་གནས་པ་དང་༔ ནང་བློའི་རང་བཞིན་ཡོད་པར་སྲིན་བུའི་ཁ་ཆུས་རང་འཆིང་བ་ལྟར་སྣ་ཚོགས་སུ་ཞེན་པས་མིང་བརྟགས་དོན་བཟུང་དངོས་པོར་བལྟས་པས་མ་མཉམ་པ་ཉིད་མིང་གདགས་བྱ་འདོགས་བྱེད་གདགས་ཡུལ་གསུམ་ཀའི་འཛིན་པས་མ་བསླད་པར་ཡེ་གྲོལ་ཆེན་པོ་བསྟན་དུ་མེད་པའི་སར་ཐག་ཆོད་པར་གདེངས་ཀྱིས་རང་ཤུགས་ཀྱིས་བསྡུ་པ་སྟེ༔ ནམ་མཁའ་འབར་བ་ལས༔ སྣང་བའི་ཆོས་ཀུན་སྟོང་པར་བསྡུ༔ བློའི་བརྟགས་ཆོས་ཀུན་བློ་འདས་བསྡུ༔ ཡང་ན་ཆོས་ཀུན་རང་སར་གྲོལ་བར་བསྡུ༔ མིང་བརྟགས་བསྟན་དུ་མེད་པར་བསྡུ༔ ཞེས་སོ༔ ཡང་ན་དེ་གཉིས་ཀྱི་གནད་བསྡུས་ཏེ་ཕྱི་སྣང་བ་ཐམས་ཅད་དགག་སྒྲུབ་བཟང་ངན་མེད་པར་ཅེར་སའམ་སྣང་ས་དེ་ནས་ཡུལ་གྱི་སྤྲོས་པ་རང་ཆོད་དེ་བློ་ལ་མི་ཆགས་པ་དང་༔ ནང་བརྟགས་ཆགས་སེམས་ཀྱི་ཚོགས་པའང་ཅེར་སའམ་སྣང་ས་དེ་ནས་བློ་མ་ཡིན་པར་སྤྲོས་པ་རང་ཆོད་དེ་ཡུལ་ལ་མི་རྟོག༔ སྣང་སེམས་གཞི་ནས་སངས་བས་རིག་པ་མཚོན་བརྗོད་མེད་པའི་ཡེ་ཤེས་ཀྱི་གཉེན་པོ་ཡེ་ལྷག་པའི་མ་བསྡུས་པར་རང་འདུས་པ་ཞེས་བྱ་སྟེ༔ གནད་ཕྱི་ནང་གི་དམིགས་འཛིན་ཐམས་ཅད་མི་སྤྲོ༔ བར་མི་བཅད་པར་རང་བྱུང་ངོ་ཤེས་པའི་རང་འདུས་སོ༔ དེ་ལས༔ ཡང་ན་སྣ་ཚོགས་ཆོས་རྣམས་ཀུན༔ བཟང་ངན་དགག་སྒྲུབ་མེད་པར་བསྡུས༔ བརྟགས་ཆགས་མཚོན་བརྗོད་བྲལ་བར་བསྡུ༔ ཞེས་སོ༔ ༼ འདི་ཅུང་ཟད་ཟུར་ཕྱིན་དུ་ཡོད་པས་སླད་ཞུ་དག་དགོས། ༽

གཉིས་པ་ནི་དགོངས་པའི་ངོ་བོའི་ཕུག་གང་ལ་སྐྱོལ་ན༔ ཆོས་རྣམས་ཀྱི་གྲུབ་མཐའ་མེད་པ་ཐེག་པའི་ཕུག་ཏུ་བསྐྱལ་བའི་ངང་དུ་གདེངས་འཆོས་པ་དང་༔ བློ་དང་རྣམ་རྟོག་ཟད་པ་ཆོས་ཉིད་ཀྱི་ཕུག་ཏུ་སྐྱོལ་བ་དང་༔ ཡུད་རིག་སེམས་ཀྱི་ཆགས་སྡང་དགག་སྒྲུབ་མེད་པ་ངང་དྭངས་ཀྱི༔ ཐེག་པ་བློའི་བཅོས་ཀྱི་འཇུག་སྒོ་མེད་པ་ཡང་ཏི་རྫོགས་པ་ཆེན་པོའི་ཕུག་ཏུ་སྐྱེལ་ཞིང་༔ གང་ལའང་རེ་སྨོན་ཡིད་གཉིས་བཅས་བཅོས་དགག་སྒྲུབ་དང་བྲལ་བར་སྐྱོང་དུ་མེད་པའི་སྐྱོང་བ་ཆེན་པོར་བྱའོ༔

གསུམ་པ་ནི༔ རང་བྱུང་གི་ངོ་བ་སྐྱོང་བ༔ དེ་བསྒོམ་དུ་མེད་པའི་བསྒོམ་པར་བསྟན་པའོ༔ དང་པོ་ནི༔ རང་བབས་ཀྱི་རིག་པ་རྗེན་ནེ་བཞག་པ་ལས༔ ཕྱིར་མི་བསམ༔ ནང་དུ་མི་བསྡུ༔ བར་དུ་མི་རྟོག་པར་རང་ངོ་ལ་བལྟས་པས་ཟང་ཐལ་རང་གསལ་དུ་རྗེན་རྗེན༔ བདེན་གསུམ་དང་བྲལ་བའི་ཀ་དག༔ རང་བྱུུང་རང་ཤར་གྱི་ཡེ་ཤེས༔ ལྟ་བ་དང་བསྒོམ་པས་མ་བསླད༔ རྣམ་རྟོག་དང་བཟོ་བཅོས་སུ་མ་སོང་བར༔ གཟུང་འཛིན་གྱི་སྤྲོས་པ་མེད་པ༔ སེམས་ཡིད་ཀྱི་རྟོག་པ་མེད་པ༔ རང་གནས་ལ་འཛིན་པ་མེད་པ༔ མཉམ་པ་ལ་བར་མེད་པ༔ རང་བཞིན་བབས་ཀྱི་གནས་ལུགས༔ སྣང་བས་མ་བསྒྱུར་བར་དྲན་པ་འགགས་མེད༔ དྭངས་ཤིང་གསལ་བ་རྒྱ་མཚོ་ལྟ་བུ༔ མཐའ་ཡིས་མ་རེག་པ་ནམ་མཁའ་ལྟ་བུ་སལ་ལེ༔ སང་ངེ༔ ཝལ་ལེ༔ རིག་གེ༔ རྗེན་ནེ༔ ཧད་དེ་ཁྱད་པར་བཞི་ལྡན་གྱི་ཆོས་སྐུ་ངོས་བཟུང་བའི་ཐོག་ཏུ་གཞིའི་འོད་གསལ་ཡེ་ནས་དེ་ལྟ་བུར་གནས་པ་ལ་བུའི་འོད་གསལ་རིག་པའི་ངང་ལས་བསྐྱོད་པས་འདྲེ་ས་དང་འདྲེ་མཁན་མེད་པར་ཆོས་ཟད་རང་ས་ཟིན་པ་དུས་གསུམ་ཡིད་ཀྱིས་འབྲེལ་ཐག་ཆོད་པའི་རང་བཞིན་བར་མེད་ཀྱི་གསམ་གཏན་རྐྱེན་ཁ་ན་མེད་པ་ཞེས་བྱ་བར༔ ལྟ་བ་ཡེ་ཤེས་གཏིང་རྫོགས་ལས༔ ཨ་ཏི་རྫོགས་ཆེན་ཆོས་སྐུ་བདེན་གཉིས་བྲལ༔ ངོ་བོ་ཉིད་ཀྱི་རང་བྱུང་རང་ཤར་བས༔ ཡོད་མེད་དབུས་ཀྱི་ཡེ་ཤེས་མཐའ་གསུམ་བྲལ༔ ཡུལ་ལ་སྤངས་སྡུད་གཉིས་པོ་གདོད་ནས་མེད༔ དཔེར་ན་ནམ་མཁའི་ངང་དུ་ཤེས་པར་བྱ༔ ཅི་བཞིན་མ་ནོར་རང་སེམས་རྟོག་པ་ཡི༔ ལུས་ངག་མ་སྐྱེས་རྟོག་པའི་གཞི་མེད་ཕྱིར༔ སྐྱིལ་ཀྲུང་དྲང་འདུག་སྨྲ་བཅད་ཁ་ན་མེད༔ དེ་ཕྱིར་སེམས་ཀྱང་དངོས་མེད་རྟག་ཆད་བྲལ༔ རྟོག་སྤངས་མི་རྟོག་བསྒོམ་པས་ཁར་མི་འོང་༔ རྣལ་འབྱོར་དམིགས་པའི་སེམས་ཀྱིས་བསྒོམ་མི་དགོས༔ ཞེས་དང་༔ ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ལས༔ རྣམ་པར་མི་རྟོག་སལ་ལེ་བ༔ ས་ལེ་བ་ལ་རྟོག་པ་མེད༔ དེ་ནི་རང་བྱུང་ཡེ་ཤེས་ཡིན༔ མིང་དུ་མི་ཐོག་ཉམས་མྱོང་ཞིང་༔ འཁུར་བ་ཆུ་ཡི་ཅི་བཞིན་དུ༔ ཡེ་ཤེས་སྣང་བས་དོན་ལ་ཕེབས༔ ཞེས་སོ༔ དེའི་དུས་སུ་འཆར་རམ་གནས་ཀྱང་གང་ལྟར་ཡང་ཟང་ཐལ་གྱི་ཡེ་ཤེས་རྗེན་ལ་བུད་པའི་མི་རྟོག་སྤྲོས་བྲལ་ཆེན་པོའི་ངང་མ་བརྗེད་པས༔ ཤར་བ་ལ་བསྐྱང་ན་རིག་པ་བཞེངས་པ་དང་འདྲ་བས་ཐད་ཀ་ན་རིག་པ་མ་གཏོགས་མེད་པ་ངོས་ཟིན་དུས་བཟང་ངན་བདེ་ཆེན་དུ་རང་གྲོལ་བའི་ཆོས་སྐུ་འཆར་ཏེ༔ ཀུན་བྱེད་ལས༔ དོན་ནི་ཀུན་དོན་སྐྱེ་བ་མེད་ཤེས་ན༔ རྣམ་རྟོག་མཚན་མ་དེ་བཞིན་རིག་ཤེས་ན༔ དྲན་བསམ་ཡིད་ལ་འགྱུར་བ་མ་ལུས་པ༔ སྐྱེ་བ་མེད་པའི་ངང་ལས་མ་ཡེངས་ན༔ གང་ལྟར་བསམ་ཡང་བསྒོམ་པ་ཡིན་ཤེས་ན༔ མ་བསྒོམ་གང་ལྟར་བཞག་ཀྱང་ཡེངས་པ་མེད༔ ཅེས་དང་༔ ལྟ་བའི་སྙིང་པོ་ལས༔ རྣམ་རྟོག་མཚན་མ་སྐྱེས་པའི་ཚེ༔ ཆོས་སྐུ་རྟོག་པ་མེད་པའི་ངང་༔ འབྱུང་བའི་ཡོན་ཏན་ལྔ་སྤྱོད་ཚེ༔ ལོངས་སྤྱོད་རྫོགས་པ་སྐུ་ཡི་ངང་༔ འགྲོ་དྲུག་གཟུགས་སུ་སྣང་བའི་ཚེ༔ སྤྲུལ་སྐུ་ཐུབ་པ་ཆེན་པོའི་ངང་༔ སྡུག་བསྔལ་སྣ་ཚོགས་སྐྱེས་པའི་ཚེ༔ ཡེ་ཤེས་བདེ་བ་ཆེན་པོའི་ངང་༔ རྐྱེན་གྱིས་ཆགས་སྡང་སྐྱེས་པའི་ཚེ༔ རང་བྱུང་ཡེ་ཤེས་ཤར་པ་ཡིན༔ ཞེས་དང་༔ ལྟ་བ་ལ་ཤན་རིན་ཆེན་སྒྲོན་མེ་ལས༔ ལོག་པའི་རྒྱུད་ལས་གྲོལ་བའི་བདེ་ཆེན་དོན༔ འཁྲུལ་ཞེན་གྲོལ་ཚེ་བདག་གཞན་ཡོད་མ་ཡིན༔ ཞེས་དང་༔ ལྟ་བ་ལ་ཐལ་ལས༔ གང་ཡང་ཆེད་དུ་མི་བསྒྲུབ་པས༔ དེས་ན་ལྟོས་པ་དགག་མི་སྤྱོད༔ དེ་ནི་མིང་གི་ལྷུན་གྲུབ་སྟེ༔ དེ་ཡི་མཚན་ནི་རྫོགས་ཆེན་ཡིན༔ གསང་བའི་མཚན་དུ་ཡང་ཏི་ལགས༔ ཞེས་སོ༔ ཡང་གནས་པའམ་མི་རྟོག་པའི་དུས་ཀྱི་རིག་ཆ་རྗེན་སང་ངེ་བས་ཆོས་སྐུ་རང་གནས་ཆེན་པོ་ཞེས་བྱ་བ་ལས་ཆེད་དུ་བཟུང་བའི་མི་རྟོག་པ་དེ་བསྒོམ་པ་མིན་པས་ཁྱད་པར་ཡང་ཤེས་ལ༔ དེ་ལྟར་མི་རྟོག་པའི་དུས་ཀྱི་རིག་པ་ཟང་ཐལ་གྱི་ངང་ཚུགས་མ་ཤོར་བར་ཐོག་བབ་ཀྱི་ཏིང་འཛིན་ལས་བསྐྱང་བར་བྱ་བ་སྟེ༔ ཀློང་ཆེན་དྲུག་པར༔ འཛིན་པ་མེད་པའི་སེམས་ཉིད་ལ༔ རང་ཤར་ཆེན་པོའི་སྣང་བ་ནི༔ མ་འགགས་མི་རྟོག་དགོངས་པ་ཞེས༔ ཀུན་ཏུ་བཟང་པོ་ང་ཡིས་བསྟན༔ ཞེས་སོ༔ འདི་ལྟ་བའི་དོན་ལ་གོམས་པས་སེམས་ལས་འདས་པའི་སེམས་ཀྱི་ཆོས་ཀྱིས་མི་གོས་པས་བྱིང་རྒོད་ལ་སོགས་པའི་སྐྱོན་འབྱུང་མི་སྲིད་པའི་ཡོན་ཏན་དང་༔ ལྟ་བ་དེའི་ཕྱག་རྒྱས་ཐེབ་པས་སྐྱོན་དུ་མི་འགྱུར་པ་དང་༔ མཐར་གསེར་གླིང་དུ་ས་རྡོ་མི་རྙེད་པ་ལྟར༔ རྣམ་རྟོག་ཐམས་ཅད་སེམས་སྤྲོས་བྲལ་དུ་དག་མཉམ་པའི་ཏིང་ངེ་འཛིན་ལ་དོར་བ་མེད་པའི་གནད་དང་ལྡན་པ་སྟེ༔ ལྟ་བ་ལ་ཐལ་གྱི་རྒྱུད་ལས༔ དེ་བཞིན་ཡེ་ཤེས་ངོས་ཟིན་པས༔ བྱིང་རྒོད་མི་འབྱུང་ཡེ་ཤེས་གསལ༔ དུག་ལ་སྨན་བཏབས་ནད་སེལ་ལྟར༔ ཆགས་སྡང་ལ་སོགས་དུག་ལྔ་ལ༔ དེ་ཉིད་གསལ་བཏབས་བལྟ་བས་སྟོངས༔ ཞེས་དང་༔ ལྟ་བའི་སྙིང་པོ་ལས༔ དཔེར་ན་རིན་ཆེན་གསེར་གླིང་ལ༔ ས་རྡོ་བཙལ་ཀྱང་མི་རྙེད་བཞིན༔ ཐམས་ཅད་སེམས་སུ་དོན་རྟོགས་པའི༔ ཏིང་འཛིན་དག་ལ་འབྱུང་འཇུག་མེད༔ ཅེས་སོ༔

གཉིས་པ་དེ་བསྒོམ་དུ་མེད་པའི་བསྒོམ་པར་བཤད་པ་ནི༔ དེ་ལྟ་བུའི་དོན་ལ་གནས་པ་ནི་བྱར་མེད་རང་བཞག་རང་ཤར་ཆེན་པོ་ཡིན་པས་རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་ཏིང་འཛིན་མ་ཡིན་ལ༔ གལ་ཏེ་དེའི་སྒོ་ནས་ཅི་ལྟར་བསྒོམ་ཡང་མི་མཐོང་བའི་ཕྱིར་དང་༔ སེམས་གནས་ངལ་བསོའི་བསྒོམ་པས་རྐྱེན་མི་ཐུབ་ཅིང་སྔར་བཤད་པ་ལྟར་བློ་རྫས་འགལ་བའི་ཕྱིར་ཡང་བསྒོམ་དུ་མེད་པ་འབའ་ཞིག་ལ་གདེངས་ཆོས་པར་བྱའོ༔ དེ་སྐད་དུའང་ཏིང་འཛིན་རྩེ་གཅིག་གི་རྒྱུད་ལས༔ ཉག་གཅིག་རྟོགས་སྒོམ་ཉམས་ལས་འདས༔ ཡེ་ཤེས་བསྒོམ་པ་མ་ཡིན་ཏེ༔ ཡེ་ཤེས་བསྒོམ་མེད་བློ་སྣང་མེད༔ བློ་སྣང་བསྒོམ་པས་རྐྱེན་མི་ཐུབ༔ ངོ་བོ་བློ་སྣང་རང་སྒོ་སྟེ༔ ཡེ་ཤེས་རང་ཤར་ཏིང་འཛིན་རྐྱེན་ཐུབ་ཡིན༔ ཞེས་དང་༔ ཀུན་བྱེད་ལས༔ སྒྲོ་སྐུར་འདས་པས་དོན་གྱི་སྙིང་པོ་ལ༔ བསྒོམ་དང་མི་བསྒོམ་མཁའ་ལ་རྩོད་པ་འདྲ༔ རྟོག་པའི་དོན་ལས་མ་ཡེངས་དགོངས་པ་སྟེ༔ དངོས་པོ་མ་ཡིན་དངོས་པོ་མེད་མ་ཡིན༔ ཞེས་དང་༔ བསྒོམ་དུ་མེད་པའི་དོན་ལ་མ་བསྒོམ་ན༔ མཚན་མའི་གྲངས་ལ་བསྐལ་བ་བརྒྱར་བསྒོམས་ཀྱང་༔ ཀུན་བྱེད་ང་ཡི་དགོངས་པ་རྟོགས་མི་འགྱུར༔ རྣམ་རྟོག་ཡུལ་ལ་མཚན་མའི་གྲངས་ལས་འདས༔ ཀུན་བྱེད་བྱ་མི་དགོས་པར་བྱར་ཡང་མེད༔ བྱ་བ་མཚན་མའི་རྣམ་རྟོག་རྗེས་ཞུགས་ཤིང་༔ བྱ་བས་མི་ཟིན་རྟོག་པས་རྟོག་པ་འཇིལ༔ ཆུ་ལས་རྙོགས་མ་བཞིན་དུ་བྱིས་པ་བསླུས༔ ཞེས་སོ༔

བཞི་བ་གྲོལ་ཚུལ་གྱི་སྒོ་ནས་སྣང་སྤྱོད་ཡེ་ཤེས་ཀྱི་གྲོགས་སུ་འཆར་བའི་མན་ངག་ལ༔ གྲོལ་ལུགས་བཞིའི་གནད་སྤྱིར་བཤད༔ རང་གྲོལ་ཆེན་པོའི་དགོངས་པའི་འགགས་བྱེ་བྲག་ཏུ་བསྡམ་པའོ༔

དང་པོ་ལ་ཡེ་གྲོལ་ཆེན་པོའི་ལྟ་བས༔ མཐའ་གྲོལ་ཆེན་པོའི་དགོངས་པས༔ ཅེར་གྲོལ་ཆེན་པོའི་སྤྱོད་པས༔ གཅིག་གྲོལ་ཆེན་པོའི་འབྲས་བུ་གདེང་གིས་གྲོལ་ཐོག་ཏུ་རང་མལ་འཆའ་བའོ༔ དང་པོ་ནི༔ འགྲོ་བའི་ལུས་སོགས་གཟུགས་སྣང་བ་ཐམས་ཅད་འབྱུང་བ་རང་གནད་ཀྱི་སྣང་སྟོང་བདེ་གཤེགས་ཀྱི་སྐུ་རུ་གྲོལ༔ སྒྲ་སྐད་ཐམས་ཅད་གསལ་དག་སྒྲ་དོན་གྱི་གྲགས་སྟོང་བདེ་བར་གཤེགས་པའི་གསུང་གི་རྡོ་རྗེ་གྲོལ༔ ཅི་བསམ་དགོངས་གནད་ཀྱི་དྲན་སྟོང་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་དུ་ཡེ་ནས་གྲོལ་བ་སྟེ༔ དེའི་ཕྱིར་ན་བསྐྱར་ནས་གྲོལ་མི་དགོས་པར་རིག་པས༔ འབད་རྩོལ་གྱི་མཐའ་ལ་མི་གནས་པར་བློ་བདེ་བའོ༔ དེ་བས་ན་རང་བྱུང་གི་རིག་པ་དང་༔ དེའི་རྩལ་ལས་རོལ་པར་ཤར་བའི་ཆོས༔ སྣང་ཞེན་ཐམས་ཅད་ཀྱང་ཡེ་ནས་གྲོལ་བ་ཤེས་པས་གཞི་མེད་རྩ་བྲལ༔ མེད་སྣང་སྟོང་པའི་རང་གཟུགས༔ ཤར་གྲོལ་རིས་མེད་དགག་སྒྲུབ་བཅས་བཅོས་སུ་མེད་པར་བཞག་པས༔ དཔེར་ན་ཆུ་ཟླ་སྣང་བ་དང་འགགས་པ་ལ་མེད་པར་ཁྱད་མེད་པ་ལྟར༔ དེ་ལས་གཞན་དུ་སྔར་མ་གྲོལ་བ་སླད་ནས་གྲོལ་རྒྱུ་མེད་པའི་གདེངས་རང་མལ་དུ་འཆོས་པའོ༔ ལྟ་བ་ལ་ཐལ་ལས༔ ལམ་གྱི་བཅོས་སུ་ག་ལ་ཡོད༔ ཡེ་ནས་གྲོལ་བའི་ཆོས་སྐུ་ལ༔ ལྟ་བསྒོམ་སྤྱོད་པ་འཆིང་བའི་རྒྱུད༔ ཡེ་གྲོལ་ཆེན་པོ་ཕྱོགས་མེད་ལ༔ ཕྱོགས་སུ་འཛིན་པ་འཁྲུལ་པའི་ལམ༔ ཞེས་དང་༔ དེ་སྐད་དུ་རྒྱ་མཚོ་ཀློང་གསལ་ལས༔ སྡུག་བསྔལ་མ་སྤང་སྐུ་ལྔར་གྲོལ༔ དུག་གསུམ་མ་སྤང་སྐུ་གསུང་ཐུགས་སུ་གྲོལ༔ མ་རིག་ཡེ་ཤེས་ཆེན་པོར་གྲོལ༔ སྒྲིབ་གཡོག་མ་སྤངས་འོད་གསལ་ཆེན་པོར་གྲོལ༔ རྣམ་རྟོག་མ་སྤངས་ཆོས་ཉིད་ཆེན་པོར་གྲོལ༔ སེམས་ཅན་མ་སྤངས་སངས་རྒྱས་ཆེན་པོར་གྲོལ༔ འཁོར་བ་མ་སྤངས་མྱང་འདས་ཆེན་པོར་གྲོལ༔ སྣང་བ་མ་སྤངས་ཞིང་ཁམས་ཆེན་པོར་གྲོལ༔ ཕྱི་ནང་མ་སྤང་ཡུལ་མེད་ཆེན་པོར་གྲོལ༔ བཟང་ངན་མ་སྤངས་དགག་སྒྲུབ་མེད་པར་གྲོལ༔ གཟུང་འཛིན་མ་སྤངས་དབྱེ་བསལ་མེད་པར་གྲོལ༔ དངོས་པོ་གཤིས་ཀྱི་གནས་ལུགས་ནི༔ བཅོས་པས་འགྲུབ་པར་མ་གསུངས་བས༔ དངོས་པོ་མེད་པ་ཡེ་ནས་གྲོལ༔ ཟང་ཐལ་ཆེན་པོར་ཡེ་ནས་གྲོལ༔ ཞེས་དང་ཀློང་གསལ་ལས༔ སྟོང་ལས་ཀུན་འབྱུང་སྟོང་པར་གྲོལ༔ མེད་ལས་སྣ་ཚོགས་མེད་པར་གྲོལ༔ ཐོལ་བྱུང་ཡིད་རིག་བྱུང་ཚད་གྲོལ༔ ཝལ་བྱུང་དྲན་རྟོག་སྙིང་པོར་གྲོལ༔ ཁམས་གསུམ་སེམས་ཅན་ལུས་ངག་ཡིད་གསུམ་སྟེ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་སུ་གྲོལ༔ ཞེ་འདོད་རྩོལ་སྒྲུབ་བྱས་ནས་གྲོལ་མིན་ཏེ༔ ཐོག་མ་ཉིད་ནས་མ་སྤངས་མི་གནས་གྲོལ༔ ཞེས་དང་༔ ལྟ་བ་ལ་ཐལ་ལས༔ ཡེ་གྲོལ་ཆེན་པོར་ཤར་བ་ལ༔ རྩོལ་སྒྲུབ་བྱེད་པ་འཁྲུལ་པའི་ལམ༔ ཞེས་པས་མཚན་ཉིད་སོགས་ཀྱི་ཡེ་གྲོལ་གྱི་གནད་ལ་མ་ཕབ་པར་རྩོལ་སྒྲུབ་བྱས་ཆོས་ཀྱི་སྤྲིན་དཀར་པོས་ཉི་མ་བསྒྲིབ་པ་ལྟར་སོང་བས་ཤར་གྱི་དོན་གཉེར་ལ་ཁ་ཤར་དུ་བལྟས་ནས་འགྲོ་བ་སྤངས་ཏེ་ནུབ་ཏུ་ཕྱིན་པ་དང་འདྲ་སྟེ་དོན་མེད་པའོ༔ དེས་ན་ཡེ་གྲོལ་སོར་བཞག་འདི་གནད་རབ་ཏུ་ཟབ་པོ༔ འཁྲུལ་སྣང་རྩད་གཅོད་སྣང་གསལ་སྤུ་གྲིའི་རྒྱུད་ལས༔ དཔེར་ན་དོན་ཡོད་ལམ་ཞུགས་ན༔ ཤར་ན་དོན་ཡོད་ནུབ་ལ་ཕྱིན༔ ནུབ་ཀྱིས་ཤར་གྱི་དོན་མི་འགྲུབ༔ ལམ་རྒྱུས་མི་ཤེས་འཁྲུལ་པ་འབྱུང་༔ ཞེས་པ་ལྟར་རོ༔ འཇམ་དཔལ་ཡང་ཏི་ནག་པོ་ལས༔ ཐམས་ཅད་ཡེ་གྲོལ་བསྟན་པ་ལ༔ ཡང་ཏི་ནག་པོ་འབྲུ་གཅིག་ཤར༔ བྱིན་གྱིས་བརླབ་ཀྱི་བྱུང་བ་ཡི༔ འབྲས་བུ་ཡེ་གྲོལ་རྒྱུད་ཆེན་ལ༔ ངང་ངམ་ཤུགས་ཀྱིས་ཤར་བའོ༔ ཞེས་སོ༔ འདི་ནི་ལྟ་བའི་ངོས་ནས་ཡེ་གྲོལ་ཡིན་པའི་རྗེས་སུ་འཇོག་པས་ཕྱིར་ཡེ་གྲོལ་ཆེན་པོའི་དབང་གི་ཉམས་ལེན་ནོ༔

གཉིས་པ་མཐའ་གྲོལ་ཆེན་པོའི་དགོངས་པ་ནི༔ ཡོད་པ་དང་མེད་པ༔ གཉིས་གཉིས་མིན་གང་དུའང་རིག་པའི་ངོ་བོ་གྲུབ་པ་མེད་པ་དང་༔ དེའི་རྩལ་ལས་བྱུང་བ་ཐམས་ཅད་ཀྱང་མཐའ་ལས་གྲོལ་ཟིན་པས༔ ད་ལྟ་བསྒོམ་པའི་དུས་སུའང་གང་དུའང་ལྟོས་མི་འཆའ་པར་འདི་ཡིན་མིན་གྱི་རྩིས་གདབས་མི་སྤྲོ་བར་ཆོས་ཉིད་རང་ལ་ཤར་བ་ཉིད་བསྒོམ་མི་བསྒོམ་གྱི་སྤྲོས་པ་དང་བསྡུ་བ་སོགས་དམིགས་པའི་འཛིན་སྟངས་ཐམས་ཅད་དང་བྲལ་བར་ཅོག་གིས་བཞག་པ་སྟེ་སྣང་རིག་མཐའ་གྲོལ་ཀུན་ཏུ་བཟང་པོའི་དགོངས་པ་རང་ལ་རྙེད་པ་ཡིན་ནོ༔ དེ་ཡང་མཐའ་གྲོལ་གྱི་དགོངས་པའི་ངོ་བོ་རིག་པ་རང་བྱུང་གི་སངས་རྒྱས་རང་ངོ་ཅེར་གྱིས་མཐོང་བས་རྩལ་གཞི་ཐིམ་མཐའ་གྲོལ་དུ་དག་པ་ཤུགས་ལས་འབྱུང་བར་འགྱུར་རོ༔ མུ་ཏིག་ཕྲེང་བ་ལས༔ འབད་པས་གྲོལ་བ་མ་ཡིན་ཏེ༔ ཡེ་ཉིད་ནས་ནི་གྲོལ་བར་གནས༔ ཞེས་གཞི་ལྟ་བ་མཐའ་གྲོལ་ཆེན་པོ་བསྟན༔ ཉི་ཟླ་བཀོད་པ་ལས༔ དངོས་པོར་སྣང་བའི་ཆོས་རྣམས་ལ༔ མིང་མེད་མཐའ་སྟོང་གྲོལ་བར་བཞག༔ དབང་པོ་འབྲིང་གིས་འདི་ལྟར་ཤེས་པར་བྱ༔ བྱར་མེད་གཏད་མེད་མཐའ་ལས་གྲོལ་བར་བསྟེན༔ ཞེས་ལམ་བསྒོམ་པ་མཐའ་གྲོལ་ཆེན་པོ༔ དེ་ལྟར་བསྒོམ་པས་རིག་པ་མཐའ་གྲོལ་ཀུན་ཏུ་བཟང་པོ་རང་ལ་རྙེད་པ་ནི་འབྲས་བུ་མུ་མེད་མཐའ་སྟོང་རྟོགས་པར་བཞག་སྟེ༔ ཉི་ཟླ་བཀོད་པ་ལས༔ ཡེ་ཤེས་ཉི་མ་ཤར་བས་མུ་མེད་མཐའ་སྟོང་རྟོགས༔ མ་རིག་གཏི་མུག་སངས་བས་མུ་མེད་མཐའ་སྟོང་རྟོགས༔ དུག་ལྔ་རང་སར་གྲོལ་བས་མུ་མེད་མཐའ་སྟོང་རྟོགས༔ འཁྲུལ་སྒོ་འཁྲུལ་སྣང་མེད་པས་མུ་མེད་མཐའ་སྟོང་རྟོགས༔ སྣང་སྟེ་གྲུབ་པ་མེད་པས་མུ་མེད་མཐའ་སྟོང་རྟོགས༔ རིག་ཀྱང་ངོས་བཟུང་མེད་པས་མུ་མེད་མཐའ་སྟོང་རྟོགས༔ སེམས་ཀྱང་དངོས་གཞི་མེད་པས་མུ་མེད་མཐའ་སྟོང་རྟོགས༔ སྣང་བ་རང་སོར་བཞག་པས་མུ་མེད་མཐའ་སྟོང་རྟོགས༔ རིག་པ་མིང་མེད་རིག་མེད་མུ་མེད་མཐའ་སྟོང་རྟོགས༔ ཞེས་སོ༔ འདི་ནི་བསྒོམ་པ་ཐམས་ཅད་ཀྱི་མཆོག་སྟེ༔ རྒྱལ་བ་ཀུན་གྱི་ལམ་པོ་ཆེ་ཡིན་ནོ༔ བསྒོམ་པ་མིང་མེད་མཐའ་སྟོང་ངོ་༔ ཞེས་ཉི་ཟླ་འོད་འབར་ལས་གསུངས་སོ༔ རིན་ཆེན་སྒྲོན་མེ་ལས༔ མིང་མེད་མཐའ་གྲོལ་བློ་འདས་རང་ངོ་འདི༔ མ་རྟོགས་གཉིས་འཛིན་གྲུབ་མཐས་བཅིང་པ་རྣམས༔ བློས་བཏགས་མཐར་འཛིན་རང་སར་གྲོལ་བའི་ཕྱིར༔ དེ་ཡི་འཛིན་པའི་མཐའ་ལས་འདི་ལྟར་གྲོལ༔ ཞེས་གསུངས་སོ༔

གསུམ་པ་ཅེར་གྲོལ་ནི༔ ལར་རྣམ་རྟོག་ཐམས་ཅད་རྒྱུན་ཆད་མེད་པའི་རིག་རྩལ་ཡིན་པས་འགགས་མེད་དུ་ཡུལ་ལ་ཤར་དུས༔ ཤར་གྲོལ་དུ་ས་ལ་ལ་ཡོད་པའི་མཐོང་སའམ་ཅེར་ས་དེར་ཡེ་ནས་མ་གྲོལ་བ་མེད་ཀྱང་ངོ་མ་ཤེས་པས་སེམས་ཅན་འཁྲུལ་པ་ལ༔ རྣལ་འབྱོར་པས་རྒྱུ་འབྲས་མེད་པར་རྟོགས་ནས་ཤར་སའམ་ཅེར་ས་དེར་བཞག་པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་ངེ་བའི་ངང་ནས་རིག་པ་ཟང་ཐལ་ལྷག་གེར་ཤར་བ་ངོས་བཟུང་པ་ནི་ཅེར་གྲོལ་གྱི་འགགས་ཆོས་ཉིད་དུ་བསྡམ་པ་ཞེས་བྱའོ༔ ཅེར་གྲོལ་གྱི་ལུགས་ནི་འོད་གསལ་མ་བུ་འཕྲད་པས་གྲོལ་བ་ཡིན་པས་མཐོང་བ་དང་འོད་གསལ་ཡིན་པར་ཤེས་བའི་ཆོས་ཉིད་མངོན་སུམ་གྱི་རྩིས་ཐེབ་ནས་བཅས་བཅོས་དགག་སྒྲུབ་གང་ཡང་མི་དགོས་པར་གདེང་གི་བློ་བདེ་ཁོང་ནས་ཤར་བས་ཡུལ་སེམས་ཀྱི་སྤྲོས་པ་ཆོད་པ་ཞིག་གོ༔ འདི་ནི་རིག་པ་ཐོག་ཐབས་སུ་ཡུལ་དང་ཤེས་པའི་བར་ལ་དབབ་པ་ཡིན་པས་སྤྱོད་པའི་རྩལ་སྦྱོང་དུ་འགྲོ་བའོ༔ དེའི་ཐབས་ནི་ཡུལ་དྲུག་གང་ལ་ཤེས་པ་སྐྱེ་པ་ན་སེམས་ཀྱི་སྐད་ཅིག་དང་༔ མིག་གི་ལྟ་སྟངས་ཐོག་བབས་ཀྱི་གཟིར་ཏེ་ཅེར་གྱིས་གཏད་ནས་ཅོག་གིས་བཞག་པས་སྤྱི་དང་དུམ་བུ་གང་ལའང་སྣང་སེམས་བར་ལག་བྲལ་ནས་ཆོས་ཟད་བློ་འདས་ཀྱི་རང་བཞིན་དུ་ལྟོས་གཞི་མེད་པར་གྲོལ་བ་ཡིན་ཏེ༔ བཞག་ཐབས༔ སྣང་བ་ཅེར་བཞག་གི་གྲོལ་ལུགས་དང་སྔར་འདྲེས་ཀྱི་མི་དང་འཕྲད་པ་ལྟར་གྲོལ་བ་དང་༔ ཏིང་འཛིན་ཐོག་བབས་ཆེན་པོའི་གནད་ཀྱང་འདིས་ཡིན་པར་ཤེས་དགོས་སོ༔ ཐལ་འགྱུར་ལས༔ ཅེར་གྱིས་གྲོལ་བས་མཐོང་སར་གྲོལ༔ ཞེས་དང་༔ གསེར་གྱི་སྙིང་པོ་ལས༔ ཅེར་གྲོལ་ཆེན་པོའི་ལྟ་སྟངས་ཀྱིས༔ སངས་རྒྱས་སེམས་ཅན་གཉིས་ཀ་གྲོལ༔ ཞེས་དང་༔ ཁྱུང་ཆེན་ལས༔ ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས༔ གང་གི་མཐའ་བྲལ་གང་གཉིས་རང་གསལ་བས༔ བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགགས༔ ལུས་ངག་བྱ་བྲལ་སྣང་སྟོང་བར་དེར་བསྡམ༔ ཞེས་སོ༔ ཡང་ཅེར་གྲོལ་ནི༔ ཡུལ་མ་བཀག་པར་ལྟ་ལྟངས་དང་བཅས་ཅེར་གྱིས་གཏད་ནས་རིག་ངོ་ལ་བཞག་པས་ཡུལ་གྱི་འཛིན་པ་རང་ཞིག་གཏན་ཡལ་ལ་ ༼ དབང་པོའི་ཤེས་པ་རྟོག་མེད་ཀྱི་གྲོལ་ཚུལ་དུ། མཆན། ༽ སོང་བ་ལ་བྱས་ཀྱང་བློ་ལ་གོ་བ་བཟུང་བདེ་བའོ༔ ཡང་དབང་པོ་ལྔས་ཀྱང་བསླབ་ཏུ་རུང་སྟེ༔ སྒྲོན་མ་བརྩེགས་པ་ལས༔ དབང་པོ་ལྔ་ཉིད་ཅེར་གྲོལ་བས༔ ཡུལ་སྣང་གསལ་དག་ངང་དུ་གྲོལ༔ ཞེས་སོ༔

བཞི་བ་གཅིག་གྲོལ་ནི་འབྲས་བུ་གྲོལ་བ་སྟེ༔ རང་བྱུང་གི་རིག་པ་བདེན་པ་དབྱེར་མེད་སྤྲོས་པའི་གྲྭ་ཟུར་མེད་པ་ཐིག་ལེ་ཉག་གཅིག་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་པས་གཞི་རྒྱུད་དེ་དེ་ལས་གཞན་དུ་གྱུར་པའི་ཡན་གར་བའི་ཆོས་གང་ཡང་རང་རྒྱུད་པར་མེད་པའི་རིག་པ་དེའི་ངང་དུ་ཡེ་ནས་གྲོལ་བས་ཆོས་ཀྱི་སྐུ་དེའི་ངང་ཚུགས་མ་ཤོར་ན༔ འགྲོ་བ་དང་༔ འདུག་པ༔ ཉལ་བ་དང་༔ ཟ་བ་དང་༔ སྡུག་བསྔལ་དང་༔ བདེ་དགའ་སྐྱིད་གསུམ་མྱོང་བ་ཐམས་ཅད་མེད་སྣང་རིག་པ་གཅིག་གི་ངང་ལས་མ་གཡོས་པས་སྟེ༔ རིག་པ་ནི་འགྲོ་འདུག་ཟ་ཉལ་སྐྱིད་སྡུག་ཐམས་ཅད་མེད་པའི་བདག་ཉིད་རྒྱལ་བའི་ཆོས་སྐུ་རུ་རང་ཤར་པ་ཡིན་པས་དེའི་ཕྱིར་མ་གྲོལ་བ་མེད་པར་སྐུ་རྡོ་རྗེའི་ངོ་བོ་རང་སར་གྲོལ་བ་དང་༔ ཡང་སྨྲས་དང་ཐོས་པ་ཐམས་ཅད་ཀྱང་རིག་པའི་ངང་ལས་གཞན་མེད་ལ༔ རིག་པ་བརྗོད་དུ་མེད་པའི་གྲགས་སྟོང་གསུང་རྡོ་རྗེའི་ངོ་བོར་རམ་རང་སར་སྒྲ་ཐམས་ཅད་གྲོལ་བ་དང་༔ དྲན་པ་དང་༔ ཤེས་པ་དང་༔ ཡིད་འགྱུས་པ་དང་༔ བློ་དང་རྟོག་པ་ཐམས་ཅད་ཀྱང་རྨི་ལམ་གྱི་རྟོག་པ་དང་ཁྱད་མེད་པར་མེད་ལ་ཡོད་པར་འཛིན་པས་འཁྲུལ་པ་ཙམ་དུ་ཟད་ཀྱི༔ དོན་ལ་རིག་པའི་ངང་ལས་མ་གཡོས་པའི་རིག་པ་དྲན་རྟོག་གི་ཡུལ་ལས་འདས་པས༔ རྣམ་པར་མི་རྟོག་པའི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོར་རྣམ་རྟོག་རང་སར་གྲོལ་བ་དང་༔ དེ་ལྟ་ན་འཁོར་བ་མེད་སྣང་རྫུན་ལ༔ རིག་པའི་སྣང་ཚུལ་ལྷག་པ་ཀུན་རྫོབ་པས་བདེན་པ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པ་ཞེས་བྱ་བས་ན་འཁོར་འདས་ཐམས་ཅད་རིག་པ་ལས་གཞན་ན་མེད་པས༔ རིག་པ་གཅིག་གྲོལ་ན་འཁོར་འདས་ཀུན་གྲོལ་བའི་གནད་ཟབ་མོ་སྟེ༔ ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་གི་རྒྱུད་ལས༔ འགྲོ་ཡིན་འགྲོ་ཡིན་རང་སར་གྲོལ༔ སྡོད་ཀྱིན་སྡོད་ཀྱིན་རང་སར་གྲོལ༔ ཉལ་གྱིན་ཉལ་གྱིན་རང་སར་གྲོལ༔ ཟ་ཡིན་ཟ་ཡིན་རང་སར་གྲོལ༔ སྡུག་གིན་སྒུག་གིན་རང་སར་གྲོལ༔ སྐྱིད་ཀྱིན་སྐྱིད་ཀྱིན་རང་སར་གྲོལ༔ གང་ན་གནས་ཀྱང་རྡོ་རྗེའི་སྐུར་ནི་གྲོལ༔ ཅི་ལ་སྤྱོད་ཀྱང་མ་ཞེན་རང་སར་གྲོལ༔ ཇི་ལྟར་སྨྲས་ཀྱང་གྲགས་སྟོང་གྲོལ༔ ཇི་ལྟར་ཐོས་ཀྱང་མ་ཉན་གྲོལ༔ སྒོ་ལྔ་གསལ་བའི་ཤེས་པ་ལ༔ ཡིད་ལྔ་མ་སྒྲུབ་ཟང་ཐལ་གྲོལ༔ ཡིད་རིག་འགྱུས་ཀྱང་མ་བཟུང་གྲོལ༔ འགྱུ་བ་དྲན་པ་བློ་རྟོག་རྣམས༔ ཅིག་ཆོད་ཆོས་སྐུ་ལྷུན་གྲུབ་ཟང་ཐལ་ཡེ་ནས་གྲོལ༔ ཞེས་སོ༔ འཁོར་འདས་ཀྱི་ཆོས་རྣམས་རིག་པ་ཆོས་སྐུ་གཅིག་གི་ངང་དུ་ཡེ་ནས་གྲོལ་བས་བདེན་གཉིས་དབྱེར་མེད་ཆེན་པོ་ངོས་ཟིན་ནས་ངང་དུ་མ་བཅོས་པར་བཞག་པས་སྐུ་གསུམ་གྱི་བཙན་ས་ཟིན་པ་ཡིན་པས་ཀྱང་གཅིག་གྲོལ་འཐད་དེ༔ ཆོས་ཉིད་དུ་ངོ་ཤེས་པའི་སྣང་ཤེས་ཀུན་གྲོལ་བ༔ དཔེར་ན་ཚྭ་གཅིག་གི་རོ་ཤེས་པས་ཀུན་གཏན་ལ་ཕབ་པ་ལྟར་དུ་མ་རོ་གཅིག་ཏུ་ཤེས་པས་ཀྱང་ངོ་༔ རིག་པ་ཆོས་སྐུ་གཅིག་གི་ངང་དུ་བཞག་པས་སྣང་སེམས་ཐམས་ཅད་ཀྱི་སྤུན་ཐག་ཆད་དེ༔ གཟུང་འཛིན་མེད་པའི་ཡེ་གྲོལ་རང་མལ་དུ་ཕོག་པས་ཀྱང་གཅིག་གྲོལ་ལོ༔ དེ་ཡང་སྒྲོན་མ་བརྩེགས་པའི་རྒྱུད་ལས༔ གཉིས་འཛིན་རྟོག་པ་མ་ལུས་ཀུན༔ དབྱེར་མེད་ཤེས་རབ་ཡེ་ཤེས་མེ༔ རྒྱུ་རྐྱེན་མེད་པར་རང་འབར་བས༔ སྤངས་ཐོབ་དགག་སྒྲུབ་ཀུན་ལས་འདས༔ རྣམ་རྟོག་ཆོས་ཉིད་ངང་དུ་དེངས༔ གཉིས་མེད་འཛིན་པའི་རྒྱར་མ་ཆད༔ དེ་ལྟར་གཅིག་གིས་གྲོལ་བའི་ཕྱིར༔ མུ་མཐའ་མ་ལུས་རང་སར་གྲོལ༔ གྲོལ་དང་མ་གྲོལ་གཉིས་ལས་འདས༔ ཞེས་དང་༔ མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ལས༔ གཅིག་གྲོལ་ཡིན་པས་དུ་མ་སྟོངས༔ ཞེས་དང་༔ གསེར་གྱི་སྙིང་པོ་ལས༔ གཅིག་པུ་གྲོལ་བའི་སེམས་ཉིད་ནི༔ དུ་མ་རོ་གཅིག་ཡིན་པའི་ཕྱིར༔ ཞེས་སོ༔

གཉིས་པ་རང་གྲོལ་ཆེན་པོའི་དགོངས་པའི་འགགས་བྱེ་བྲག་ཏུ་བསྡམས་པ་ནི༔ གོང་དུ་བཤད་པའི་གྲོལ་ལུགས་བཞི་བོ་ཐམས་ཅད་ཀྱང་རྩ་བ་རང་གྲོལ་གཉེན་པོ་མེད་པ་ལ་ཐུག་པས་འདི་ལྟར་རྩལ་སྦྱངས་བས་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ༔ དེ་ལ་རྣམ་རྟོག་ཐམས་ཅད་ཡེ་ཅི་བཞིན་དུ་ཡོད་མ་མྱོང་དུ་མ་ཤེས་ན༔ སྤངས་སྦྱངས་བསྒྱུར་བ་ལ་སོགས་པ་གང་གིས་མི་གྲོལ་ཏེ༔ ཡེ་ཤེས་ཀྱིས་མི་སྤོང་བར་སེམས་ཀྱི་ཡེ་ཤེས་མི་མཐོང་༔ ཡེ་ཤེས་ཀྱིས་སེམས་མི་མཐོང་བས་སོ༔ སེམས་ཀྱིས་མི་སྤོང་སྟེ་སྤངས་གཉེན་རྫས་གཅིག་པས་དག་པར་མི་རུང་བའི་ཕྱིར་དང་༔ སེམས་སྔ་མ་ཕྱི་མས་མི་སྤོང་ཏེ༔ འདས་འོངས་རྫས་འགལ་བའི་ཕྱིར་དང་༔ དུས་མཉམ་པ་མི་སྤོང་སྟེ་ཕན་ཚུན་འཆོལ་བའི་ཕྱིར་དང་སེམས་རྒྱུན་གཅིག་ལ་དུས་མཉམ་པའི་ཕྱིར་རོ༔ ཡང་སེམས་དེ་ཉིད་ལས་ཉོན་མོངས་འབྱུང་བ་ལུས་དང་གྲིབ་མ་བཞིན་པས་སྤོང་སྦྱོང་བསྒྱུར་བར་མི་རུང་པའི་ཕྱིར་ན༔ གྲོལ་བ་ཐམས་ཅད་རང་གྲོལ་ཡིན་དེ༔ ཆུའི་རི་མོ་ལྟར་རང་གིས་རང་གྲོལ་བའི་གནད་དུ་ཤེས་པར་བྱའོ༔ དེ་ཡང་རང་གིས་གྲོལ་བའི་བྱ་བ་བྱས་པའི་རང་གྲོལ་ཡང་མིན་ཏེ༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱུང་ཡང་རང་ལས་བྱུང་༔ གྲོལ་ཡང་རང་གྲོལ་པས༔ སྣང་བ་སྣང་བ་ནས་རང་གྲོལ༔ སྟོང་པ་སྟོང་པ་ནས་གྲོལ་བ་སྟེ༔ དེ་ལས་མ་གཏོགས་པའི་ཆོས་ཉིད་གང་ཡང་མེད་པའི་ཕྱིར་རོ༔ དེས་ན་ཐོག་མ་ནས་ངོ་བོ་ཡོད་མ་མྱོང་བས་རང་གྲོལ༔ ཐབས་ཤེས་ལམ་རྐྱེན་བླ་མའི་མན་ངག་གི་གྲོལ་བྱེད་ལ་རག་མ་ལུས་པ་ཡིན་པས༔ ལམ་འདིར་ཞུགས་པའི་སྐལ་ལྡན་གྱིས་རིག་པ་ཟང་ཀ་ཀ་དག་རྗེན་པ་དེ་ངོ་ཤེས་ནས་རང་ས་ཟིན་ན༔ རྩལ་གྱི་རྣམ་རྟོག་ཐམས་ཅད་སྦྲུལ་མདུད་དམ་རྟ་རྔའི་མདུད་པ་ལྟར་རང་ཞིག་དུ་གྲོལ་བའི་ཕྱིར༔ མདོར་ན་དེ་ཉིད་ལས་མ་གཏོགས་པའི་གྲོལ་རྒྱུའམ་གྲོལ་རྐྱེན་མེད་པར་ཤར་དུས་ཉིད་ནས་ཡོད་མེད་རྟག་ཆད་ལས་འདས་པའི་ཆོས་ཉིད་རང་ལ་གྲུབ་ཟིན་པ་འདི་ཤེས་པའི་གདེང་གིས་ཤར་གནས་གྲོལ་གསུམ་རིག་པ་རྗེན་པར་འགགས་བསྡམ་པར་བྱའོ༔ དེ་ཡང་རང་བཞིན་གྱིས་མ་གྲོལ་ན་སླད་ནས་གྲོལ་བར་བཅོས་སུ་མེད་པ་སོལ་བ་ལ་བྱི་དོར་གྱིས་དཀར་པོ་མི་འགྱུར་བ་ལྟ་བུ་ཡིན་ཡང་༔ རང་གྲོལ་རང་ངོ་མ་ཤེས་ན་ཕན་མི་ཐོགས་པ་རིན་ཆེན་ངོ་མ་ཤེས་པས་དབུལ་བ་མི་སེལ་བ་ལྟ་བུ་དང་༔ ཤེས་ན་སླད་ནས་བཅོས་སུ་མེད་པ་བུམ་པ་གྲུབ་ཟིན་ན་བཅའ་མི་དགོས་པ་ལྟ་བུའོ༔ སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ལས༔ རང་བྱུང་གྲོགས་སུ་ཤར་བས་རྐྱེན་ཐུབ་ཡིན༔ སྣང་བ་འོད་གསལ་ཕྱི་ཡི་རྐྱེན་ཐུབ་ཡིན༔ ཚོགས་དྲུག་རང་དག་ནང་གི་རྐྱེན་ཐུབ་ཡིན༔ འགྱུ་བ་རང་སང་གསང་བའི་རྐྱེན་ཐུབ་ཡིན༔ རོལ་བ་རང་གྲོལ་ངོ་བོའི་རྐྱེན་ཐུབ་ཡིན༔ ཞེས་དང་༔ མཁའ་ཀློང་རྣམ་དག་གི་རྒྱུད་ལས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གྲོལ༔ དཔེར་ན་སྦྲུལ་གྱི་མདུད་པ་བཞིན༔ བཅིང་མཁན་གྲོལ་མཁན་མེད་པར་གྲོལ༔ དེ་བཞིན་རྟག་ཆད་ཆོས་རྣམས་མ་ལུས་ཀུན༔ མ་བཅིང་མ་གྲོལ་སྙིང་པོར་གྲོལ༔ དཔེར་ན་རྔ་མའི་བདུད་པ་བཞིན༔ མཚན་མ་སྣ་ཚོགས་རང་གྲོལ་ཉིད༔ ཅེས་དང་༔ ནམ་མཁའ་ཀློང་ཡངས་ལས༔ དོན་གྱི་ངོ་བོ་གནས་ལུགས་ལ༔ སྒྲོ་སྐུར་གཉིས་ཀྱི་སྐྱོན་མེད་པའི༔ དུག་ལྔ་ཀུན་བརྟགས་རང་སར་གྲོལ༔ དེ་ཕྱིར་ཆོས་སྐུ་སྙིང་པོར་གསུངས༔ ཞེས་དང་༔ རང་གྲོལ་ཆེན་པོར་གནས་པ་ཉིད༔ རྒྱུ་རྐྱེན་གཉེན་པོ་མེད་པར་གནས༔ ཞེས་སོ༔ འདི་ལའང་དང་པོ་དང་བར་བ་དང་ཐ་མའི་གོམས་སྟོབས་ཀྱིས༔ སྔར་འདྲེས་ཀྱི་མི་ལྟར་གྲོལ་བ་དང་༔ སྦྲུལ་མདུད་ལྟར་གྲོལ་བ་དང་༔ ཁང་སྟོང་གི་རྐུན་པོ་ལྟ་བུ་གསུམ་ལས་འབད་བཅས་ཀྱི་ཉོན་མོངས་གང་སྐྱེས་ངོས་བཟུང་ནས་རང་སར་བཞག་པས་འགྱུ་བ་གནས་དག་དུ་སྦྱངས་པ་དང་༔ ཕྱི་མ་འབད་མེད་ནི་སྦྲུལ་འདུད་ལྟ་བུའོ༔

འདིར་གྲོལ་ལུགས་ལྔ་པོ་ཐམས་ཅད་ཀྱི་འགགས་རང་གྲོལ་ཆེན་པོ་འདིར་འདུས་པ་སྟེ༔ རིག་པ་བྱང་ཆུབ་ཀྱི་སེམས་ལས་རྩལ་སྣང་ཉོན་མོངས་དང་རྣམ་རྟོག་ཅེར་གྱི་སྣང་ཙམ་ནས་མཐའ་འམ་ཕྱོགས་གང་དུའང་གྲུབ་པ་མེད་པར་ཡེ་ནས་བཅིང་མཁན་རང་རྒྱུད་པ་ཆོས་ཉིད་དུ་སངས་རྒྱས་པའི་གཞི་རིག་པ་གཅིག་གི་ངང་དུ་རང་ས་ཟིན་པས་ཆོས་ཉིད་མ་བུ་འཕྲད་དེ་རང་གྲོལ་བ་ཡིན་པས་རང་གྲོལ་འབའ་ཞིག་ཏུ་གནད་འདུས་པ་ཡིན་ནོ༔ དེའི་རྒྱུ་མཚན་གྱི་དེ་འབའ་ཞིག་ཏུ་རྩལ་སྦྱངས་ཀྱང་མཆོག་ཏུ་གྱུར་ལ༔ ལར་གྲོལ་ལུགས་བཞི་པོའང་གང་ཟག་གཅིག་ལ་བརྩི་དགོས་པ་མ་ཡིན་གྱི་རང་རང་གང་ལ་མོས་པ་དེ་ཉིད་ཀྱིས་འདུལ་ཞིང་གནད་འདུས་སོ༔ དེ་ལྟར་གཅིག་གིས་ཀུན་གྲོལ་བའི༔ རང་གྲོལ་ཡེ་གྲོལ་ཡོངས་གྲོལ་དང་༔ ཅེར་གྲོལ་མཐའ་གྲོལ་བླ་མེད་པས༔ ཞེས་གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་ལས་གསུངས་སོ༔

ལྔ་པ་ཟིལ་གནོན་གྱི་སྒོ་ནས་ལྟ་སྒོམ་སྤྱོད་པ་ཉམས་བྱུང་གི་བདུད་གཅོད་པའི་མན་ངག་ནི༔ བདུད་རྟགས་དང་༔ དེ་གཅོད་པའོ༔ དང་པོ་ལ་བཞི་ལས༔ དང་པོ་ལྟ་བའི་བདུད་ནི༔ མཉམ་བཞག་རྗེས་ཐོབ་གང་རུང་རུང་དུ་འབྱུང་བས་བཞི་ལས༔ མཉམ་བཞག་ཏུ་མཚན་མོ་མུན་པའི་སྨག་ཏུ་ཡང་ནམ་ལངས་བ་ལྟར་གསལ་བས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་དགེ་སྡིག་གང་ཡང་མ་ལུས་པར་སྔ་ཕྱི་མེད་པར་ཤེས་ནས་དེའི་ཚེ་སྙིང་རྗེའི་བདུད་ཞུགས་ཏེ༔ ཏིང་འཛིན་བཏང་ནས་གཞན་དོན་བྱ་བར་བརྩམས་པས་གཡེང་ནས་བདུད་ཞུགས་པ་དང་༔ ཡང་ནམ་མཁའ་ནས་སྒྲ་ཆོས་ཀྱི་ཚིག་སྣ་ཚོགས་སྟོན་པ་དང་༔ ཞིང་ཁམས་རྒྱན་གྱིས་བརྒྱན་པ་དང་༔ ཡིད་དུ་འོང་བའི་སྒྲ་ཐོས་པར་འགྱུར་ཞིང་ཏིང་འཛིན་བཏང་ནས་གླུ་གར་བྱེད་པ་དང་༔ གཞན་ལ་ངོམས་ཤིང་ངོ་མཚར་མགུ་བས་གཡེངས་ནས་བསླུ་བ་དང་༔ ཡང་ཉམས་དང་རྨི་ལམ་གང་རུང་དུ༔ འཇིགས་པའི་གཟུགས་སྣ་ཚོགས་མི་དགེ་བས་ངང་ལ་གནས་པར་སྡིག་པར་འགྱུར་པས༔ བསམ་གཏན་བཏང་ནས་མྱ་ངན་གྱིས་ནོན་པས་འཆི་བདུད་ཞུགས་ནས་བསླུ་བ་དང་༔ ལྕེབ་པ་སོགས་བྱེད་དོ༔ ཡང་དངོས་ཉམས་རྨི་ལམ་གང་རུང་དུ་ཡིད་འོང་གི་གཟུགས་བསྟན་ནས་དུས་གསུམ་ལུང་བསྟན་ཏེ༔ དང་པོ་ཐམས་ཅད་བདེན༔ བར་དུ་ཕྱེད་བདེན༔ ཐ་མ་ཐམས་ཅད་རྫུན་པར་འགྱུར་བས་བསླུ་བདུད་སྙིང་ལ་ཞུགས་པས་ལྟ་བའི་བདུད་བཞི་སྟེ༔ ངེས་དོན་འདུས་པ་ལས༔ སྣང་བ་འོད་དང་གྲགས་པ་སྒྲ༔ འཇིགས་པའི་གཟུགས་དང་བསླུ་བའི་བདུད༔ ཅེས་པས་དེ་དག་ནི་ཡུལ་གོལ་སར་མ་ཤེས་པས་ལན་པ་ཡིན་པས་ཡུལ་ཟིལ་གྱིས་གནོན་པར་བྱ་དགོས་སོ༔

གཉིས་པ་བསྒོམ་པའི་བདུད་ལ་གསུམ་ལས༔ འབྲས་བུ་ཐོབ་པ་ལ་རེ་ནས་དྲག་ཏུ་བསྒོམ་ཉེས་པས་གསལ་བའི་བདུད་ཞུགས་ནས༔ སྒོ་ལྔ་བྱིང་སྟེ་གཉིད་དུ་གཡུར་བ་དང་༔ འཐིབ་ཆའི་རྟིང་པ་དང་༔ རང་རིག་པའི་ཡེ་ཤེས་ངོས་མ་ཟིན་པའི་ཕྱིར་དང་༔ བདེ་བ་ཉམས་ཤིང་ངང་བསྒོམ་རྨུགས་པར་འགྱུར་བ་དང་༔ ལྷག་མཐོང་གི་དོན་དང་བྲལ་བས་བསྒོམས་ཀྱང་དོན་མེད་པ་དང་༔ ཡང་རྐྱེན་ཡུལ་འདུ་འཛི་སོགས་ལ་དགའ་བས་གཡེངས་ནས་ཏིང་ངེ་འཛིན་བཏང་བ་དང་དྲན་བསམ་སྣ་ཚོགས་པས་མི་རྟོག་པས་ཞི་གནས་མེད་པས་ཉོན་མོངས་འབྱུང་བ་དང་༔ ཡང་འཕྲོ་བ་རྐུན་བུའི་བདུད་གང་ཡང་རུང་བས་ཚིག་ཙམ་ཡིད་ལ་བྱས་ནས་མི་གཡོ་བས་ཉམས་དང་བྲལ་ཏེ་འོག་འགྱུ་ལང་ལོང་ཡང་ནས་ཡང་དུ་འབྱུང་བ་སྟེ༔ བདེ་བ་འཁོར་ལོའི་རྒྱུད་ལས༔ ཏིང་འཛིན་མྱུར་དུ་ཐོབ་འདོད་ན༔ སྒོ་ལྔ་བྱིང་བ་གསལ་བའི་བདུད༔ རྐྱེན་གྱི་རྒོད་པ་མི་རྟོག་བདུད༔ འཕྲོ་པ་མི་གཡོའི་བདུད་རྣམས་འབྱུང་༔ ཞེས་པས་དེ་ཐམས་ཅད་ཀྱང་གདམས་ངག་གི་ངེས་པའི་གདེངས་དང་མ་ལྡན་ཞིང་མེད་པའི་ལན་གྱིས་ཡིན་པས་གདམས་ངག་གིས་ཆགས་པ་བཅད་པར་བྱ་དགོས་སོ༔

གསུམ་པ་སྤྱོད་པའི་བདུད་ནི༔ རང་ཉིད་དབེན་པར་གནས་ན་འཁོར་འདུ་བ༔ ལོངས་སྤྱོད་འདུ་བ་ལ་སོགས་པའི་དབང་དུ་གྱུར་ནས་གཞན་གྱི་སེམས་བཟུང་སྟེ༔ ཟས་ནོར་འདོད་པ་དང་༔ གཞན་ལ་ཁ་ལེན་འདེབས་པས་གཡེངས་བས་བསླུ་པ་དང་༔ ཡང་རང་གི་གནས་ཡིད་དང་མཐུན་པར་ཉམས་དགའ་བའི་ཁང་བ་བརྩིགས་པ་དང་༔ དེ་ལ་ཆགས་ནས་གཞན་དུ་འགྲོ་དབང་མེད་པར་གནས་ལ་ཆགས་པའི་ཞེན་པ་སྐྱེ་བ་དང་༔ ཡང་གཞན་དོན་བྱང་ཆུབ་ཡིན་ཟེར་ནས་སྨན་བསླབ་བྱ་སློབ་པ་གནས་ལྔ་སོགས་ཀྱིས་གཡེངས་ན་བདུད་ཡིན་པ་དང་༔ ཡང་ཁོང་འཁྲུགས་ནས་འཁོར་ངན་ལ་བཀྱོན་པ་རྩུབས་པས་གཞན་གྱི་ལོག་ལྟ་བྱས་པས་སེམས་འཁྲུགས་ཏེ་བདུད་ཀྱི་བསླུ་བར་འགྱུར་རོ༔ དེ་སྐད་དུ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས༔ བྱ་བ་འདུ་འཛི་ལོངས་སྤྱོད་བདུད༔ ཉམས་དགའ་ཞེན་པ་གནས་ཀྱི་བདུད༔ བསླབ་པའི་ཡོན་ཏན་གཡེངས་པའི་བདུད༔ སེམས་འཁྲུགས་འཁོར་ངན་བདུད་རྣམས་འབྱུང་ཞེས་སོ༔ དེ་ལྟ་བུའི་སྤྱོད་པའི་བདུད་དེ་དག་ནི་འཇིག་རྟེན་ཆོས་བརྒྱད་ལ་ཆགས་པ་ལས་བྱུང་བས་ན་ཟིལ་གྱིས་གནོན་པར་བྱའོ༔

བཞི་པ་ཉམས་ཀྱི་བདུད་ལ་དྲུག་ལས༔ མཁའ་འགྲོ་མས་ལུང་སྟོན་པ་དང་༔ གཟུགས་སྟོན་པ་ནི་བསླུ་བ་མཁའ་འགྲོའི་བདུད་དོ༔ ཟབ་ཅིང་ཆ་ཕྲ་བའི་ཉམས་ཞི་གནས་སུ་ཆགས་པས་ལྷག་མཐོང་མེད་པའི་བདུད་ཞུགས་པ་དང་༔ རང་རིག་པའི་ཡེ་ཤེས་ཀྱི་རང་མདངས་སྐྱོང་བ་ལས་ཉམས་པ་དང་༔ ཡང་གཞན་ངོར་ཚུལ་འཆོས་ཀྱི་ཆོས་ལྟར་བཅོས་ནས་གཞན་བྲིད་པ་དང་༔ གསང་དོན་གྱི་གནད་འཁྱོགས་པོར་སྟོན་པ་དང་༔ དབང་གསུམ་པའི་དགའ་བཞིའི་བདེ་བ་ལ་ཞེན་པས་འདོད་སྲེད་ཀྱི་བདུད་ཞུགས་ནས་བསླུས་པ་དང་༔ ལུང་ལྡན་གྱི་རྣལ་འབྱོར་ལ་མཉམ་པར་རེ་ནས་འགྲན་པའི་ཕྱིར་དུ་སྨད་པ་དང་ཞེ་སྡང་གི་བདུད་ཞུགས་ཏེ༔ གཞན་ལ་སྐུར་པ་འདེབས་པས་རང་ལྟུང་བ་དང་༔ ང་རྒྱལ་ཆེན་པོ་བསྐྱེད་ནས་བཀའ་རྐུན་ལ་སོགས་པ་བྱེད་པ་དང་དྲུག་གོ༔ རྫོགས་པ་ཆེན་པོའི་དོན་འདུས་རང་བྱུང་བདེ་བ་འཁོར་ལོ་ལས༔ འཇིག་རྟེན་མཁའ་འགྲོའི་ལུང་སྟོན་བདུད༔ ཉམས་སུ་མྱོང་བ་ཞེན་པའི་བདུད༔ ཞེ་འདོད་ཚུལ་འཆོས་བདུད་དང་ནི༔ བསྐམ་ཆགས་བདེ་བ་བོགས་འདོན་བདུད༔ གདེངས་མེད་སྐུར་འདེབས་ཞེ་སྡང་བདུད༔ ང་རྒྱལ་སྒྲོ་འདོག་བདུད་རྣམས་འབྱུང་༔ ཞེས་སོ༔ དེ་ལྟ་བུའི་བདུད་རྣམས་ལྟ་བ་མ་རྟོགས་པའི་དབང་གིས་འབྱུང་བ་ནི༔ བདུད་བཅོ་བརྒྱད་པོའི་དེ་དག་ཇི་ལྟར་འདུལ་ན༔ ཟིལ་གནོན་བཅོ་བརྒྱད་ཀྱིས་འདུལ་བ་དང་༔ གསུམ་དུ་བསྡུ་བ་དང་༔ གཅིག་གིས་ཆོད་པར་འདུལ་པ་གསུམ་ལས༔ དང་པོ་ནི༔ གཟུགས་སྒྱུ་མའམ་གཟུགས་བརྙན་ལྟ་བུར་ཟིལ་གྱིས་མནན༔ སྒྲ་བྲག་ཆ་ལྟར་ཤེས་པས་ཟིལ་གྱིས་མནན༔ འཇིགས་པའི་གཟུགས་རྨི་ལམ་ལྟར་ཟིལ་གྱིས་གནོན༔ བསླུ་བའི་ཚིག་ཆོས་ཉིད་ཚིག་འདས་སུ་རྟོགས་པས་མནན་ནོ༔

བསྒོམ་པའི་བདུད་ནི༔ འཐིབ་ན་བླ་མ་བསྒོམ་ལ་ཡར་ཐུགས་ཡིད་བསྲེ༔ ལྟ་སྟངས་མཐོ་བར་བྱ༔ སེམས་ལྷོད་ཅིང་སྤྲོ་བ་དང་༔ ལུས་ཆུའི་འོལ་ཀ་ལ་བཟེད༔ རྡོ་ཐོག་ཏུ་བསྒོམ༔ ལྷག་མཐོང་རིག་པའི་ངར་བཏོན༔ རྨུགས་པ་བདེ་བའི་བདུད་བྱུང་ནའང་དེ་བཞིན་དུ་ཟིལ་གྱིས་མནན་ཏེ་རིག་པ་ལ་ལྟ་བས་སོ༔ རྒོད་པ་མི་རྟོག་གྱི་བདུད་བྱུང་ན་ལྟ་སྟངས་སྨད༔ ཞ་མགོ་ཐོག་ཏུ་བཞག༔ བླ་མ་རང་ལ་བསྟིམ༔ དལ་ཅིག་སྙིང་གར་ཐིག་ལེ་ལ་སེམས་བཟུང་པས་དང་༔ རང་རིག་འཕྲོ་རྒོད་མེད་པས་བསམ་གཏན་གྱི་རྟེན་ལ་གཏད་པས་སེལ་ལོ༔ འཕྲོ་བ་མི་གཡོ་བའི་བདུད་བྱུང་ན༔ ཡེ་ནས་མི་འགྱུར་བའི་རང་བྱུང་གི་ཡེ་ཤེས་ངོས་ཟིན་ནས་འོག་འགྱུ་བྱུང་མ་བྱུང་རྟོགས་པའི་དྲན་པས་མི་བརྗེད་པའི་གཟུངས་དང་ལྡན་པས་ཟིལ་གྱིས་མནན་ནོ༔

སྤྱོད་པའི་བདུད་ནི༔ འདུ་འཛི་ཏིང་འཛིན་གྱི་དགྲ་རུ་ཤེས་པས་འདོད་ཆུང་ཆོག་ཤེས་ཀྱིས་ཟིལ་གྱིས་མནན༔ ཡུལ་ཆགས་རི་དྭགས་ལྟ་བུའི་སྤྱོད་པས་ངེས་མེད་གཉན་ཁྲོད་འགྲིམས་ནས་ཟིལ་གྱིས་མནན་ཞིང་༔ ལྟ་བ་རང་རིག་ཡུལ་མེད་ཆེན་པོའི་གདེང་གི་ཟིལ་གྱིས་མནན༔ གཡེང་བདུད་རང་དོན་མ་འགྲུབ་པར་གཞན་དོན་མི་འགྲུབ་པར་ཤེས་ནས་གཞན་དབང་དུ་མི་གཏོང་བར་ཟིལ་གྱིས་མནན་ནོ༔ འཁོར་ངན་སེམས་འཁྲུགས་ལ༔ མཐར་ཐུག་འགྱེས་ཆོས་ཅན་འབྲེལ་བ་མེད་པ་དང་༔ གནས་སྐབས་འབྲེལ་བ་རང་བཞིན་གྱི་དགྲར་ཤེས་ནས་སྤངས་བར་བྱས་ཏེ་ཆགས་པ་གཅོད་པས་ཟིལ་གྱིས་མནན་ནོ༔

ཉམས་ཀྱི་བདུད་ནི༔ མཁའ་འགྲོའི་ལུང་བསྟན་ན་རང་རིག་འགྱུར་མེད་ལས་གཞན་དུ་ལུང་སྟོན་ན་བསླུ་བར་ཤེས་ནས་རེ་དོགས་མེད་པར་ཟིལ་གྱིས་མནན་པར་བྱའོ༔ ཉམས་མྱོང་རྐྱེན་གྱི་བདུད་བྱུང་ན༔ སྔ་ཕྱི་མེད་པའི་ཆོས་སྐུ་འགྱུར་མེད་ཏིང་འཛིན་གྱི་འགྱུར་མི་རུང་བའི་ཕྱིར༔ བདུད་དུ་ཤེས་ནས་ཞེན་མེད་ལྟ་བས་ཟིལ་གྱིས་མནན་ནོ༔ ཚུལ་འཆོས་ཀྱི་བདུད་བྱུང་ན༔ མ་བཅོས་རང་བྱུང་གི་དོན་དྲན་པས་ཆོས་སྐུའི་གདེང་གི་རྟོགས་པ་བཞག་པའི་རྣལ་འབྱོར་གྱིས་མནན་ནོ༔ བོག་དབྱུང་གི་བདུད་བྱུང་ན༔ རང་བྱུང་གི་རྟེན་མེད་པར་ཤེས་པས་དབང་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་པའི་དོན་དྲན་ནས་རྒྱུ་རྐྱེན་གྱིས་འབྱུང་བར་འདོད་ནས་རྩོལ་བ་ཟིལ་གྱིས་མནན་ནོ༔ བདེན་མེད་སྐུར་འདེབས་ཀྱི་བདུད་ནི༔ ཆོས་སྐུ་སྒྲོ་སྐུར་དང་བྲལ་བའི་ལུང་ལྡན་ལ་གནོད་མི་ནུས་པའི་ཚུལ་ཤེས་པས་ཟིལ་གྱིས་མནན་ནོ༔

ང་རྒྱལ་སྒྲོ་འདོག་གི་བདུད་ནི་སྣོད་ངན་ལ་གསང་བ་མི་འཆལ་བ་དང་༔ གསང་དོན་ལ་གཅེས་སྤྲས་ཀྱིས་མི་བསླད་པར་ཟིལ་གྱིས་གནོན་པར་བྱའོ༔

གཉིས་པ་གསུམ་དུ་བསྡུས་ན་དེ་དག་ཀུན་ཀྱང་ཡུལ་དང་ཤེས་པས་བསྡུས་པའི་སྣང་བ་དང་ཆོས་བརྒྱད་ལ་བདེན་པར་བཟུང་ནས་དགག་བསྒྲུབ་ཀྱི་ལན་ཡིན་པས༔ ཕྱི་སྣང་བའི་ཡུལ་བཟང་ངན་བསྟོད་སྨད་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ལྟ་བུར་ཤེས་པས་དེ་ལ་ཐོབ་ཤོར་ལ་སོགས་པ་མེད་པར་རེ་དོགས་རང་སར་བཅད་དེ་ཟིལ་གྱིས་གནོན༔ དེ་ལྟར་སྣང་མཁན་ནམ་དགག་སྒྲུབ་མཁན་གྱི་སེམས་ཡང་བར་སྣང་གི་སེར་བུ་ལྟར་སྐད་ཅིག་ཆ་མེད་བྱུང་ཞིག་གི་ངོ་བོ་ངོས་བཟུང་གི་ཆོས་སུ་གྲུབ་པ་མེད་པར་ཤེས་ནས༔ དེ་གཅིག་རྗེས་གཅིག་ཞེན་དུ་མི་སྤྲོ་བར་ཟིལ་གྱིས་གནོན་པ་དང་༔ གསང་བ་རང་རིག་པའི་བདེ་ཆེན་ཡང་སྤྲོས་བྲལ་ཟང་ཐལ་ནམ་མཁའ་ལྟ་བུར་འཛིན་ཞེན་ནམ་དམིགས་པ་མེད་པར་ཟིལ་གྱིས་མནན་པ་སྟེ་གསུམ་པོ་འདིས་ཚར་ཕྱིན་ཏེ༔ ཕྱི་སྣང་བ་མེད་པའི་ཡུལ་གང་ལའང་དགག་སྒྲུབ་ཆགས་སྡང་འཛིན་ཞེན་བྲལ་བར༔ ནང་འཛིན་པ་མེད་པའི་ཡུལ་ཅན་གང་གིས་ཀྱང་དེ་དག་བྱེད་པོ་བྲལ་བར་གསང་བ་ཡེ་ཤེས་ཙམ་དུའང་གྲུབ་པ་མེད་པའི་དམིགས་གཏད་མཚན་མ་ཐམས་ཅད་ཧར་སངས་བས་དགོངས་པ་མངོན་དུ་གྱུར་དངོས་གྲུབ་རང་ལ་བརྙེས་པར་འགྱུར་རོ༔ སེངྒེ་རྩལ་རྫོགས་ལས༔ རྫོགས་ཆེན་གསང་སྔགས་ངོ་བོ་ཉིད༔ མཆོད་པའི་དངོས་གྲུབ་མི་འབྱུང་སྟེ༔ ཟིལ་གནོན་རྣམ་པ་གསུམ་ལ་ཐུག༔ ཅེས་དང་༔ ཡེ་ཤེས་ནམ་མཁའ་མཉམ་པ་ལས༔ ཆོས་ཉིད་རང་རིག་དོན་ཤེས་ན༔ དུག་ལྔ་ཡེ་ཤེས་རྩིས་ཟིན་པས༔ ཉོན་མོངས་རང་རྒྱུད་ཟིལ་གནོན་ཉམས༔ བ་མོ་ལ་ནི་ཉི་ཤར་འདྲ༔ སྣང་བ་ཆོས་དབྱིངས་ཉམས་མྱོང་ནི༔ སྒྱུ་མ་འདྲ་སྟེ་དངོས་པོ་མེད༔ ལྟ་བ་གདེང་ལྡན་ཉམས་མྱོང་བ༔ སྤྲིན་དང་ཆུ་བུར་ཉམས་མྱོང་འདྲ༔ ཞེས་སོ༔

གསུམ་པ་གྲོལ་བ་ཅིག་ཆོད་ཀྱིས་འདུལ་བ་ནི༔ དེ་ལྟ་བུའི་བདུད་དེ་དག་ཐམས་ཅད་ལྟ་བ་ཀློང་དུ་མ་གྱུར་བས་ལན་པས་ན༔ ཀུན་ཏུ་བཟང་པོ་ཀློང་གི་རྒྱུད་ལས༔ བདུད་ཀྱི་སྤྱོད་པ་བཅོ་བརྒྱད་ཀྱང་༔ ལྟ་བའི་བདུད་ཉིད་གཅིག་པུ་ཡིན༔ དེ་ཕྱིར་ལྟ་བ་དམན་པའི་བདུད༔ ཅེས་སོ༔ དེས་ན་ལྟ་བ་རང་རིག་པའི་ཡེ་ཤེས་ལ་འཁོར་བ་ཉིད་སྒྲིབ་པའི་ཚུལ༔ མྱང་འདས་ཉིད་ཡོན་ཏན་གྱི་ཚུལ་དུ་རྫོགས་པར༔ དེ་གཉིས་ཀྱང་མཐོང་བ་ཡང་ལོག་གི་ཚུལ་དུ་རྫོགས་པར་ཤེས་ནས་རེ་དོགས་དབྱིངས་སུ་གཅོད་པ་དང་བསམ་ན་བློ༔ བསྒོམ་ན་འཆིང་རྒྱ༔ དགག་ན་རྩོལ་བ༔ སྒྲུབ་ན་ཚི་ཆད༔ རྟོགས་ན་འཁོར་བ༔ བཞག་ན་གྲོལ་བའི་ཚུལ་ཤེས་པས་གདེངས་ཀྱིས་གང་བྱུང་མེད་སྣང་བསླུ་ཆོས་སུ་ཤེས་པས་ཟིལ་གྱིས་མནན་ནོ༔ དེའི་འབྲས་བུ་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ་པར་འགྱུར་རོ༔ བདེ་བ་འཁོར་ལོ་ལས༔ ལྟ་སྒོམ་བདུད་ནི་དེ་དག་ཀྱང་༔ རང་བྱུང་ཆོས་སྐུ་འདི་རྟོགས་པས༔ གང་བྱུང་ཟིལ་གནོན་རང་བརླགས་པས༔ འབྲས་བུ་ཡེ་ཤེས་ལྷུན་གྱིས་གྲུབ༔ རྟོགས་ན་རང་བྱུང་ཆོས་སྐུ་ཡིན༔ དེ་ཕྱིར་དོན་དྲན་བདུད་མེད་པས༔ ཟིལ་གྱིས་མནན་པས་ཐབས་མི་དགོས༔ ཞེས་སོ༔

གསུམ་པ་དགོངས་པའི་ངོ་བོ་ནི༔ དེ་ལྟ་བུའི་ཐབས་དག་ལས་རང་ཤར་བ་སྟེ༔ རང་སེམས་སྙིང་པོ་ཆོས་ཀྱི་སྐུའི་གཤིས་ཐོག་ཏུ་སླེབ་པ་ལས་དམིགས་གཏད་མཚན་མའི་གཟུང་བྱ་མེད་དེ༔ མཉམ་བཞག་ཏུ་གཉིས་སྣང་མེད་པའི་ཅི་ཙམ་དུ་འཛིན་རྩོལ་བསྒོམ་དམིགས་ཡོད་རང་ལ་ཡང་དག་པ་མིན་ནོ༔ ཡེ་ཤེས་གཏིང་རྫོགས་ལས༔ རྫོགས་ཆེན་གོལ་ས་བཅད་པའི་ཕྱིར༔ ཡེ་ཤེས་བསྒོམ་མེད་དག་ཏུ་རབ་རྟོགས་ན༔ རང་སེམས་དོན་རྟོགས་སྙིང་པོ་ཆོས་སྐུ་ལས༔ བསྒོམ་བྱའི་ཡེ་ཤེས་ཆོས་སྐུ་གུད་ན་མེད༔ ཅེས་པ་ལྟར་རོ༔ དེ་ལྟར་བཞག་པའི་ཐོག་མར་ཞི་ལྷག་ཟུང་དུ་ཆུད་ནས་མཉམ་བཞག་གི་ཚེ་འཁོར་འདས་ཀྱི་ཆོས་ལ་རྟོག་དཔྱོད་ཀྱི་སྤྲོས་པ་དང་བྲལ་བར་གཉིས་འཛིན་རང་སར་གྲོལ་བ་ནི་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་གནས་ལུགས་དང་པོ་ཤར་བ་ཡིན་ལ༔ དེ་ནས་ཡང་སྤངས་རྟོགས་གཉུག་བསྲིང་སྟེ་གོམས་པས༔ བར་དུ་སྣང་སྲིད་གཞིར་བཞག་དུ་སོང་ནས་མཉམ་རྗེས་ཁྱད་མེད་དུ་གྱུར་སྒོམ་ཆེན་བསྒོམ་གྱིས་མི་གཏོང་བར་གདེངས་ཐོབ༔ ཡང་གོམས་མཐོང་ཇེ་བཟང་གི་ངེས་པས་ཁམས་གསུམ་ཡོངས་གྲོལ་དུ་འཆར་བས་འཁོར་བ་མིང་མེད་དུ་འགྱུར་བའི་གདེངས་ཐོབ༔ མཐར་ནི་ཡིད་ལ་བྱ་རྒྱུའི་ཆོས་ཐམས་ཅད་བོར་བ་དང་༔ ཡང་གོམས་པས་ཉོན་མོངས་པ་ཀུན་ནས་ལྡང་བའི་དྲི་མ་སྒོ་གསུམ་ལ་མངོན་གྱུར་དུ་མེད་པས་སྲིད་གསུམ་ཀ་དག་གི་དགོངས་པ་ཤར་བ་ཞེས་བྱའོ༔ འདི་ལ་ཁྱད་པར་ནི་སྔ་མ་ལ་མཉམ་བཞག་དུ་འཁྲུལ་སྣང་ཡོད་ཀྱང་ཆོས་ཉིད་ཀྱི་ངང་དུ་ལ་ཟློ་ཐུབ་པ་ཙམ་དང་༔ དེ་ནས་རྗེས་ཐོབ་དུའང་སོ་སོར་རྟོགས་པའི་ཤེས་རབ་དེའི་ངང་ཚུགས་མི་ཤོར་བ་དང་༔ དེ་ནས་མཉམ་བཞག་དུ་འཁྲུལ་སྣང་འཁྲུལ་འཛིན་འགགས་པ་དང་༔ དེ་ནས་མཉམ་རྗེས་གང་དུའང་སྲིད་གསུམ་ཀ་དག་འབའ་ཞིག་ཏུ་འཆར་བ་ཡིན་ནོ༔ རིན་པོ་ཆེ་སྤུངས་པ་ཡི་རྒྱུད་ལས༔ བཞག་ཐབས་མན་ངག་རྣམ་བཞི་ཡིས༔ རིག་པ་རྟེན་མེད་གནས་སུ་བཞག༔ དེ་དོན་དགོངས་པ་རྣམ་བཞི་ཡི༔ སྣང་སྲིད་ཆོས་ཀུན་གདར་ཤ་བཅད༔ དུས་ཚོད་གང་ཟག་རྣམ་བཞི་ཡིས༔ ཆོས་རྣམས་ཀུན་ལ་རང་བྱན་ཚུད༔ དག་ལུགས་གྲོལ་ལུགས་རྣམ་བཞི་ཡི༔ ཉོན་མོངས་རྣམས་ལས་རང་དབང་བསྒྱུར༔ ཞེས་སོ༔ གཞན་དུ་སྣང་བ་ཡུལ་གྱི་བློ་ཅན་ལ་ཚན་དུ་ཕྱེ་བས་བསྟན་ཀྱང་༔ རང་སྣང་གི་བློ་ཅན་ལ་མེད་པ་ནི་མ་ཡིན་ཏེ༔ བཞག་ཐབས་དང་གྲོལ་ལུགས་བཞིན་ནོ༔ འདི་ལས་གཞན་དུ་དགོངས་པ་དང་པོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བློ་ཐོག་ཏུ་བུང་གི་ཤར་ནས་རྟོག་དཔྱོད་ཀྱི་གང་སྣང་ལམ་དུ་བྱས་དེ་གང་ལའང་ཐོགས་པ་མེད་པར་གྱུར་ནས་ཉོན་མོངས་ཤར་བ་དང་ཡེ་ཤེས་ཤར་བ་ཁྱད་མེད་པར་ཉོན་མོངས་ཡེ་ཤེས་སུ་གྲོལ་བར་ཕྱེད་ཐུབ་པས་མི་གནོད་པ་དང་༔ གཉིས་པ་ལ་གཞི་བཞག་དུ་སོང་ནས་རྟོག་དཔྱོད་ཀྱི་སྤྲོས་པ་ཡོད་དམ༔ སྤྲོས་པ་མེད་པའི་གཞི་དངོས་པོའི་གཤིས་ཀྱི་ངང་ལ་ལྷན་ནེར་གནས་ནུས་ནས་ཉོན་མོངས་རྩོལ་མེད་དུ་གྲོལ་ཐུབ་པ་དང་༔ དེ་ནས་དགོངས་པ་ཁམས་གསུམ་ཡོངས་གྲོལ་དུ་ཤར་ཏེ༔ རྟོགས་ལྡན་གྱི་ངོར་མ་གྲོལ་བ་ཆ་ཙམ་ཡང་མེད་པར་རྟོགས་པ་དང་༔ མཐར་གནས་འགྱུར་ཐོབ་ནས་ལས་ཉོན་བག་ཆགས་ཐམས་ཅད་མེད་པར་གྲོལ་བས་ཁམས་གསུམ་གྱི་མིང་ཙམ་ཡང་དག་པ་དང་བཞི་ལས༔

དང་པོ་ནི༔ མཉམ་བཞག་དུ་ཆོས་ཟད་ཀ་དག་གི་ངོ་བོ་མཐོང་བ་དང་༔ གཉིས་པ་ནི་མཉམ་རྗེས་འདྲེས་པ་ལ་ཕྱོགས་པས་རིག་པ་ཚད་ལ་ཕེབས་པ༔ གསུམ་པ་ནི་འདྲེས་ནས་ཡེ་ཤེས་ཀྱི་སྣང་ཉམས་གོང་དུ་འཕེལ་བ་དང་༔ བཞི་པ་ནི་འཁོར་བའི་གཤིས་ཉམས་དང་༔ ཤེས་པ་མཐར་འགྱུར་གྱི་ཉམས་ཐམས་ཅད་དག་པས་ཆོས་ཉིད་མངོན་སུམ་པས་གཤིས་ཐོག་ཏུ་ཕེབས་པ་ཡིན་ནོ༔ དེ་བས་ན་བཞི་པོ་དེ་དགོངས་པས་ངོ་བོར་བཟུང་ངོ་༔ ལར་མཉམ་བཞག་ཐུན་གཅིག་ལའང་དགོངས་ཀློང་དེ་དག་གི་ཤས་སུ་རྫོགས་པ་དང་༔ སྣང་བཞི་ཡང་རྫོགས་པའོ༔ མི་རྟོག་པ་དང་རྒོད་པ་མེད་པའི་ཞི་གནས༔ རིག་ཆ་སྤྲོས་བྲལ་གྱི་ངོ་བོ་ལས་མ་བྱིང་བས་ལྷག་མཐོང་དང་ལམ་རིག་སྐུ་བཞི་ཡེ་ཤེས་ལྔ་ལྡན་ཕ་རོལ་ཕྱིན་བཅུ་དང་ས་བཅུ་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་བཞུགས་པ་ནི་དགོངས་པའི་ངོ་བོ་ཡིན་ནོ༔ སྔ་མ་ནི་ངོ་བོ་དེ་ཤར་རིམ་གྱིས་བཞག་གོ༔

གསུམ་པ་དེའི་དགོས་པའམ་ཡོན་ཏན་ནི༔ སྲིད་པ་ལྟོ་ནས་བསྒྱུར་བ་དང་༔ ཉོན་མོངས་ཇ་ལོག་ཏུ་སངས་རྒྱས་པས༔ དངོས་མེད་རྣལ་མ་ཐོབ་པ༔ རྒྱལ་བའི་དགོངས་པ་འདུས་པ་སྟེ༔ དང་པོ་ནི༔ ཕྲག་དོག་ཁྱི་དང་༔ འདོད་ཆགས་བྱ་དང་༔ ཞེ་སྡང་སྦྲུལ་དང་༔ གཏི་མུག་ཕག་རྣམས་ཡེ་ཤེས་ཀྱི་ཀློང་དུ་བསད་ནས༔ རང་བྱུང་གི་ཡེ་ཤེས་ཤེས་རབ་ལྔའི་རྩལ་དང་བཅས་པའི་མེ་སྤར་བས་སྲིད་པའི་མཚོ་བསྐམ༔ མ་རིག་པའི་མུན་པ་བསལ་ཏེ༔ སྐྱེ་མེད་ཀ་དག་རྗེན་པའི་རང་ཞལ་ཡང་དག་པར་རྟོགས་པ་ཡིས་སྲིད་པ་སྐྱེ་མེད་དུ་འགྱུར་བ་དང་༔ རྩལ་སྣང་ཐམས་ཅད་སྐྱེ་འགགས་འགྱུར་མེད་ཡེ་ཤེས་ཆེན་པོའི་ངང་དུ་གྲོལ་ལུགས་ཀྱི་གནད་བཞིའི་སྒོ་ནས་དང་པོ་ཉམས་སུ་བླངས་ཤིང་ལ་བཟློས་པས༔ མཐར་སྲིད་པ་སངས་རྒྱས་ཀྱི་དགོངས་པར་བསྒྱུར་ནུས་པ་སྟེ༔ དེ་ལྟ་བུའི་ཡོན་ཏན་དག་ཀྱང་བསྒོམ་མེད་ཡེངས་མེད་དུ་མཉམ་པར་བཞག་པས་འཐོབ་པར༔ བདུད་རྩི་རྒྱ་མཚོ་འཁྱིལ་བའི་རྒྱུད་ལས༔ སྲིད་པ་ལྟོ་བསྒྱུར་འདི་ལྟར་བསྒྱུར༔ ཁྱི་ཕག་བྱ་དང་སྦྲུལ་བསད་ལས༔ མེ་འབར་མཚོ་སྐེམས་མུན་པ་བསལ༔ སྐྱེ་མེད་ཀ་དག་རྟོགས་པ་ཡིས༔ སྲིད་པ་སྐྱེ་བ་མེད་པར་བསྒྱུར༔ སྐྱེ་འགགས་གཉིས་མེད་རང་གྲོལ་བས༔ སྲིད་པ་སངས་རྒྱས་དགོངས་པར་བསྒྱུར༔ ཞེས་སོ༔

གཉིས་པ་ནི༔ ཉོན་མོངས་པ་ཐམས་ཅད་རང་སར་གྲོལ་ནས་ཡེ་ཤེས་ལྔར་སངས་རྒྱས་པས་དུག་ལྔ་ཇ་ལོག་སྐུ་ལྔར་གྱུར་པ་ནི༔ དཔལ་རི་བོ་བརྩེགས་པ་ལས༔ དེ་ཡང་ཇི་ལྟར་འགྱུར་ཞེ་ན༔ གཏི་མུག་ཇ་ལོག་ཆོས་སྐུར་གྱུར༔ ཞེ་སྡང་ཇ་ལོག་ལོངས་སྐུར་འགྱུར༔ འདོད་ཆགས་ཇ་ལོག་སྤྲུལ་སྐུར་འགྱུར༔ ང་རྒྱལ་ཇ་ལོག་མཉམ་པ་ཉིད༔ ཕྲག་དོག་ཇ་ལོག་བདེ་ཆེན་སྐུ༔ ཞེས་སོ༔

གསུམ་པ་དངོས་མེད་ཐོབ་པ་ནི༔ སྒོ་གསུམ་རྩོལ་མེད་དུ་བཞག་ལ༔ ལྟ་སྒོམ་སྤྱོད་པ་སྤང་ལེན་བསལ་བཞག་མེད་པར་དངོས་མེད་ཡེ་ཤེས་བློ་འདས༔ གསལ་སྟོང་སང་ངེ་སལ་ལེ་དངོས་མཚན་མེད་པ༔ བསམ་རྟོགས་ལས་འདས་པ༔ ཟང་ཀ་མའི་ངང་དུ༔ ཡུལ་གང་ལའང་འཛིན་རྟོག་མེད་པར༔ ཡིད་རིག་དྲན་བསམ་ལས་འདས་ཤིང་ཞེ་འདོད་རྩིས་གདབ་མེད་པར་བཞག་པས་དངོས་མེད་རྣལ་མ་ཐོབ་པ་ནི༔ དྲི་མེད་ཀ་དག་གི་རྒྱུད་ལས༔ ལུས་ངག་ཡིད་གསུམ་རྩོལ་བཞག་ལ༔ མི་བལྟ་མི་བསྒོམ་སྤྱོད་ཐོབ་མེད༔ དངོས་མེད་ཡེ་ཤེས་བློ་ལས་འདས༔ གསལ་སྟོང་ང་ལ་མི་འབྲལ་བ༔ སང་ངེ་སལ་ལེ་དངོས་མཚན་མེད༔ གང་ཡང་མི་རྟོག་བསམ་ལས་འདས༔ དངོས་མེད་རྣལ་མ་ཟང་ཀ་ལ༔ གང་ལ་སེམས་མེད་འཛིན་རྟོག་མེད༔ ཡིད་རིག་དྲན་བསམ་བློ་ལས་འདས༔ ཞེ་འདོད་རྩི་གདབས་མེད་པའི་ཐོབ༔ ཐོབ་པའི་དུས་ན་དངོས་མེད་བློ་ལས་འདས༔ སྣང་སྲིད་ཆོས་ལ་དབྱེ་བསལ་འདས༔ ཞེས་སོ༔

རྒྱལ་བའི་དགོངས་པ་ཟིན་པ་ནི༔ རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་འདུས་པ་དང་༔ དེ་ལ་བཞག་པས་དགོངས་ཀློང་དུས་གཅིག་ལ་ཟིན་པ་ནི༔ དེ་ཉིད་ལས༔ ཆོས་ཉིད་རྣམ་པར་དག་པས་ན༔ ཆོས་ཀུན་རང་བཞིན་ཀ་ནས་དག༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡང་བཅུད་འདིར་འདུས་བས༔ དགོངས་པའི་མདོ་རྣམས་གཅིག་བསྡུས་པས༔ ཡེ་ནས་ཟིན་པ་སོགས་སོ༔ རང་ཤར་ལས༔ རང་བྱུང་རིག་པའི་དོན་རྟོགས་ན༔ སངས་རྒྱས་མ་བསྒོམ་གཅིག་ཀྱང་མེད༔ ཅེས་སོ༔

དེ་དག་གི་སྒོམ་ལམ་དུ་གོང་ནས་གོང་དུ་སྤེལ་བའི་གདམས་ངག་རྫོགས་ནས༔ ད་ནི་མཐར་ཕྱིན་པའི་ལམ་དུ༔ ཤར་གྲོལ་སྤྲུལ་པ་སྐུའི་ཡེ་ཤེས་དེ་ཉིད་གོང་དུ་འཕེལ་ནས་ལོངས་སྐུ་ཡོངས་གྲོལ་ཀ་དག་ལ་ཐིམ་པ་ན་མི་འཇིགས་པའི་གདེངས་ཆེན་བཞི་ཐོབ༔ དེ་ནས་ཤེས་སྒྲིབ་ཕྲ་བ་ཡན་ཆད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐར་བྱས་ཏེ་སངས་རྒྱས་ཀྱི་ས་དྲུག་མངོན་དུ་གྱུར་པའི་བར་ནི་མཐར་ཕྱིན་ལམ་དུ་བཞེད་དོ༔ དེ་ལྟ་ན་ལྷུན་གྲུབ་རིག་འཛིན་མདོ་ལམ་གྱི་ས་བཅུ་གཅིག་པ་མི་སློབ་པའི་ལམ་སྣང་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་བྱ་བ་རྫོགས་པའི་སྤྲུལ་སྐུའམ་བསོད་ནམས་བསགས་པའི་ཆོས་སྐུ་ཞེས་བྱ་བ་དེ་ནང་དབྱིངས་གདོད་མའི་ཀ་དག་དུ་དབྱེར་མེད་པར་འདྲེས་པ་ནི་མཐར་ཐུག་གི་འབྲས་བུ་སྟེ༔ ལམ་གྱུར་གྱི་འབྲས་བུ་མཐར་ཐུག་པ་ནི་མཐར་ཕྱིན་ལམ༔ འབྲས་བུ་མཐར་ཐུག་ནི་ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པའི་སྐུ་བརྙེས་པར་བཟུང་བར་བྱའོ༔

དེ་ལྟར་ཚིག་ཉུང་དོན་འདུས་སྙིང་པོའི་བསྟན༔ རབ་ཏུ་གསལ་བྱེད་ཆོས་ཉིད་དོན་གསལ་འདི༔ མན་ངག་སྡེ་གསུམ་ཐིག་ལེར་བཅས་པའི་གནད༔ རྒྱ་མཚོ་ཆེན་པོར་ཆུ་ཕྲན་འདུ་བ་བཞིན༔ སྤྲོས་པའི་ཚིག་གིས་མང་པོར་བྱས་པ་རྣམས༔ དཔེ་ཆར་ལུས་ཤིང་ཉམས་སུ་མི་འཆུན་པས༔ ཁོང་སྙིང་སྡེབ་པོ་པདྨ་ཀ་རའི་ལུགས༔ གཞན་ལ་ཉམས་མྱོང་སྲོག་གི་དབུལ་པོར་ཡོད༔ ཀྱེ་ལགས་མང་ཐོས་བསྒོམ་པའི་སྙིང་པོ་ནི༔ གཅིག་ཏུ་མ་བརྟན་གཞར་འདེབས་ཆུ་ཤིང་ལས༔ དཔག་བསམ་ལྗོན་པའི་འབྲས་བུ་བཟར་འདོད་པ༔ ཐོབ་ཤོར་མེད་པས་ཚིག་ཆད་ཡི་མུག་དགོད༔ དེ་ཕྱིར་སྒྲུབ་བརྒྱུད་རང་ལུགས་དྲི་མ་མེད༔ གཞུང་མང་ཚིག་འཁྲིའི་ཚོལ་བས་བསྒྲིབ་བསྒྲིབ་ནས༔ འཆི་ཁ་བྲང་ལག་འཐམ་ནས་མཆི་མ་དཀུ༔ དེ་ལས་ཕ་ཁྱིམ་བུ་འགྲོའི་རྣལ་འབྱོར་སྐྱིད༔ བཤད་ཡང་སྙན་སྙན་གྲགས་པའི་རྔ་སྟོང་ལྡིར༔ ང་རྒྱལ་དཔང་མཐོའི་རི་བོའི་སྤོ་ལ་འགྱིང་༔ མི་རྟག་འཆི་བ་དྲན་ནས་མ་ཎི་ཙམ༔ ཁ་ཏོན་ཆགས་མེད་མ་མྱོང་སྙིང་རྗེའི་གནས༔ ལྟ་བའི་སྙིང་པོ་ཁོ་ལ་ཡོད་དོ་སྐད༔ སྡང་ཞུགས་ཙམ་གྱི་ཁ་ནས་མ་བྲི་བའི༔ དགེ་སློང་དེ་འདྲ་གྲུབ་མཐའ་འཛིན་པའི་རིགས༔ བདག་ཕྱོགས་ཆགས་པའི་ཁ་སྐྱོང་མ་གཡེལ་ཙམ༔ ཁྱད་པར་སྭཱ་མཾ་ཡ་ནཾ་ཀརྟ་ཀ༔ སྟོང་ལྟ་འཆད་དང་བྷ་སིང་ཧསྟ་ཡིས༔ རྟག་པར་ལྟ་བ་སྔགས་ཀྱི་སྒྲོལ་བའི་མཐུ༔ མ་སྨད་པདྨའི་ཕོ་ཉའི་ཕྲན་གཏེར་བ༔ ག་ག་ཨ་བྷྱེས་ཡང་ཏིའི་རང་སྲོག་ནི༔ དོན་ལ་རྣལ་འབྱོར་བྱེད་པས་འཛིན་པར་ངེས༔ དེ་དུས་ཚིག་གི་སྤུན་ལ་རྟོགས་ཡོད་ཀྱང་༔ ལྟ་བ་ཀློང་ཡངས་ངང་དུ་བཟོད་པར་མཛོད་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཟབ་གསང་སྦས་གཏད་སྨོན་ལམ་དབང་བསྐུར་གྱི་རྒྱ་རྒྱ་རྒྱ༔ དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །


previousཆོས་ཉིད་དོན་གསལ།next