Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
   
མན་ངག་སྒྲོན་མ་སྤུངས་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམན་ངག་སྒྲོན་མ་སྤུངས་བ།next

མན་ངག་སྒྲོན་མ་སྤུངས་བ།

ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ལས༔ རང་སྣང་ལོངས་སྐུའི་རང་ཞལ་མངོན་དུ་བྱེད་པའི་མན་ངག་སྒྲོན་མ་སྤུངས་བ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྡོ་རྗེ་འཆང་གི་དགོངས་པའི་དོན་བསྡུས་ནས༔ འོད་གསལ་སྒྲོན་མ་སྤུང་བ་བསྟན་པར་བྱ༔ ས་མ་ཡཱ༔ དེང་སང་དུས་ན་སྟོང་ལྟའི་ཁ་འཛིན་མཁན༔ རང་བཞིན་རྒྱུད་ལ་ལོག་པར་ཞུགས་ནས་སུ༔ རྡོ་རྗེ་ཐེག་པ་ན་ཚོད་འབེབས་པ་དང་༔ ཡོ་ག་གོང་འོག་བསྲེས་ནས་འཆོལ་བར་བྱེད༔ ང་ཡི་ལུགས་ལ་འོད་གསལ་མངོན་སུམ་གྱི༔ བདེ་གཤེགས་སྙིང་བོའི་ཡོན་ཏན་བསྟན་ཡོད་ཀྱང་༔ རྫ་ཆག་བྱེའུ་འཕུར་ལྟའི་མུ་སྟེགས་ཀྱིས༔ ཀུན་བཏགས་ལོག་པའི་ཟླ་བོར་འཆད་བཟོད་པའི༔ གང་ཟག་དེ་དག་མཐའ་མེད་དམྱལ་བར་ལྟུང་༔ ས་མ་ཡཱ༔ དེ་ཕྱིར་སྐལ་ལྡན་གང་ཟག་ཕོ་མོ་རྣམས༔ ཀུན་བཏགས་གནས་ལུགས་འབྱེད་པའི་ཀེ་ཏ་ཀའི༔ མ་འཛིངས་མ་འཁྲུགས་བློ་བཟང་ནོར་བུའི་མཆོག༔ ཆུ་དང་རྙོགས་མའི་ལ་ཤན་རང་སར་ཞི༔ ཁྱད་པར་ཆོས་ཉིད་སྣང་བའི་བར་མ་དོའི༔ སྐུ་དང་ཡེ་ཤེས་མྱ་ངན་འདས་པའི་ཆར༔ འཆི་སྲིད་ཐོད་རྒལ་སྐྱེ་བའི་བར་དོན་ནས༔ བཙན་ས་བཟུང་ཕྱིར་རྒྱུད་འཛིན་བཙས་སུ་བཞག༔ ས་མ་ཡཱ༔ གུ་ཧྱ༔

དེ་ལ་འདིར་འོད་གསལ་བདེ་གཤེགས་སྙིང་བོའི་སྣང་སྟོང་ཟུང་འཇུག་སྐུ་དང་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ལ་རྣལ་འབྱོར་དུ་བྱེད་པའི་ཉེ་ལམ་ཟབ་མོ་མདོ་སྔགས་གཞན་དག་གིས་དགོངས་པའི་གཞི་ལ་ལུས་པ་གབ་སྦས་མེད་པར་སྟོན་པ་ལ་ཆོས་བདག་དཔའ་བོ་མཁའ་འགྲོས་གནང་བར་མཛད་དུ་གསོལ༔

འདི་ལ་མཐར་ཐུག་གི་དགོངས་ཀློང་ཟབ་མོ་ཉམས་སུ་ལེན་པའི་གང་ཟག་རྣམས་ཀྱིས་ཐུན་མོང་ཕྱི་ནང་གི་སྔོན་འགྲོའི་རྒྱུད་སྦྱངས་བ་དང་༔ བརྟུལ་ཞུགས་རུ་ཤན་གྱི་སྤྱོད་པས་ཉམས་བསྐྱང་བ་དང་༔ ཁྱད་པར་དུ་དངོས་གཞིའི་སྔོན་འགྲོ་ཁྲེགས་ཆོད་ཀྱིས་གཞི་བཟུང་ནས་སྟོང་ཉིད་ཤེར་ཕྱིན་གྱི་དོན་ལ་ཅུང་ཞིག་མ་གོམས་ན༔ མཚན་མ་བཟང་ཞེན་གཟུགས་ཁམས་ཀྱི་གོལ་ས་ལྡང་བས་ལེགས་པར་གནད་དུ་དབབ༔ དེ་ནས་དགོངས་ཀློང་ལྔའི་ཆིང་གིས་བཅིངས་ཏེ་ཉམས་སུ་ལེན་པ་ལ་ལྔ་ལས༔

ཐོག་མར་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་རབ་ཏུ་སྤྲོས་མེད་ཀྱི་དབང་གིས་སྨིན་པར་བྱེད་པ་ནི་ཚིག་དབང་ཟུར་པ་ལྟར་ཏེ༔ འཇམ་དཔལ་ལས༔ ཡེ་ཤེས་དབང་བསྐུར་ཅོད་པན་ཅན༔ ཞེས་གསུངས་ལ༔ གཉིས་པ་རི་བོ་སྤྱི་ཆིངས་ཀྱི་དགོངས་པ་ནི༔ ལྟ་བས་གཏན་ལ་ཕབས་པ་ཡིན་ཏེ༔ སྟོང་ཕྱོགས་ངོ་བོའི་གནས་ལུགས་དོན་གསལ་ཆེན་པོ་ལྟར་ལ༔ སྣང་ཕྱོགས་ཀུན་རྫོབ་མཐར་ཐུག་སྐུ་དང་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་གནས་ལུགས་ཀྱང་འདུས་མ་བྱས་པའི་གནད་ཀྱིས་སེམས་ཅན་གྱི་ཁམས་ལ་ད་ལྟ་ནས་བཞུགས་པ་ལས༔ རྒྱུ་རྐྱེན་གྱིས་བསྐྱེད་པ་མི་འཐད་པས༔ དེའི་ཚུལ་ནི་ལྷུན་གྲུབ་ཀྱི་གནས་ཅི་བཞིན་པའི་སྤྱིར་བཤད་ཅིང་༔ དགོས་ཆོས་ཁྱད་པར་བ་ནི་འདི་ལྟ་སྟེ༔ བརྟེན་གཞི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་རྩ་གསུམ་འཁོར་ལོ་ལྔར༔ ཀུན་རྫོབ་རྒྱུ་ཡི་ཐིག་ལེ་རླུང་ཁྲིད་ཀྱི་དུས་སུ་བསྟན་པའི་ཡི་གེ་ལྔའི་རང་བཞིན་དུ་རྩ་ཐམས་ཅད་ཀྱི་དྭངས་མ་ཕྲ་ལ་འཁྲིལ་གྱི་དུམ་བུ་ལྔའི་ཆའི་དབུས་སུ་སྣང་མེད་དུ་བཞུགས་པའི་ཡེ་ཤེས་ལྔ་དང་༔ འོད་ལྔ་རླུང་ལྔ་རིགས་ཀྱི་ཆོས་ལྔ་ངོ་བོ་རང་བཞིན་ཐུགས་ཀྱི་ཆོས་ལྔ་ལྔའི་རང་བཞིན་དུ་ཡེ་ནས་གནས་པ་དེ་དག་གི་རྩ་བའི་དཀྱིལ་འཁོར་ནི༔ ཙིཏྟ་རིན་པོ་ཆེ་ཡི་སྒྲོན་མའི་དབུས་སུ༔ རྩ་ཆེན་བརྒྱད་ཀྱི་དྭངས་མ་གསེར་གྱི་རྩ་ལ་འོད་ཟེར་ལྔ་པའི་རླུང་གི་དབུས་ན་མི་ཤིགས་པའི་ཐིག་ལེ་ལྔ་ལྡན་སྟོང་པའི་སྒྲོན་མ་གསུངས་ཡི་གེའི་འཁོར་ལོ་ཆ་ཕྲ་བའི་ཐིག་ལེ་དང་གཉིས་སུ་མེད་པར་སྐུ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་ཀུན་བཟང་རིགས་ལྔ་མཚན་ཡོངས་སུ་རྫོགས་པ་ནང་གསལ་གཞོན་ནུ་བུམ་པ་སྐུའི་རང་བཞིན་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞིར་བཞུགས་པ་ནི༔ འཇམ་དཔལ་ལས༔ འཇིག་རྟེན་གསུམ་ན་གཞོན་ལུས་གཅིག༔ ཅེས་པ་ནས༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཅེས་གསུངས་པ་ལས་སྨིན་སོ་ལྔར་གདེངས་འཕྲོས་པའི་སྙིང་དབུས་ཀྱི་མདུན་ཆར་ཐུགས་ཀྱི་སྐུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་༔ དེ་ལས་དར་དཀར་སྣལ་མའི་སྨིན་སོ་མགྲིན་པར་ཡི་གེའི་དབུས་སུ་གསུང་རྡོ་རྗེ་མཐའ་ཡས་ཀྱི་དཀྱིལ་འཁོར༔ ཤེལ་གྱི་སྦུ་གུའི་སྨིན་སོ་ལྟེ་བའི་ཡི་གེའི་དབུས་སུ་ཡོན་ཏན་རྡོ་རྗེ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར༔ ཕྲ་ལ་འཁྲིལ་གྱི་སྨིན་སོ་གསང་གནས་བདེ་སྐྱོང་གི་འཁོར་ལོའི་ཡི་གེའི་དབུས་སུ་ཕྲིན་ལས་རྡོ་རྗེ་དོན་ཡོད་གྲུབ་པའི་ངོ་བོ་ཅན་གྱི་དཀྱིལ་འཁོར༔ སྟོང་བ་རང་གྲོལ་གྱི་སྨིན་སོ་བདེ་ཆེན་གྱི་འཁོར་ལོའི་ཡི་གེ་ལ་སྐུ་ཡི་ཐུགས་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་འདུ་འབྲལ་མེད་པར་བཞུགས་པ་ནི༔ མུ་ཏིག་ཕྲེང་བ་ལས༔ དེ་ལྟར་སྙིང་པོ་དེ་ཉིད་ལས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ནི༔ འོད་ལྔ་ཁ་དོག་རྣམ་པ་ལྔ༔ ཆོས་ལྔ་ཡེ་ཤེས་རླུང་ལྔ་ཉིད༔ ངོ་བོ་ལྔ་དང་རང་བཞིན་ལྔ༔ ཐུགས་རྗེ་ལྔ་ཡིས་ཀུན་ཁྱབ་ཅིང་༔ ཞེས་དང་༔ ཕྲ་བཀོད་ལས༔ རང་རིག་ཡེ་ཤེས་ངོ་བོ་ལ༔ འོད་གསལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཞེས་དང་༔ ཀློང་གསལ་ལས༔ འབྱུང་བ་ལྔ་ཡི་དྭངས་མ་འདུས༔ ཡི་གེ་སྐུ་དང་ཡེ་ཤེས་གྲུབ༔ གསང་བ་དྭངས་མ་རྣམས་ལྔ་སྟེ༔ ཡང་གསང་ལྟར་ན་སྐུ་ལྔའོ༔ ཞེས་དང་༔ གཞན་ཡང་སཾ་བྷུ་ཊི་ལས༔ རང་ལུས་རྡོ་རྗེ་སངས་རྒྱས་ཉིད༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ ཞེས་སོ༔ དེ་དག་གི་ཟེར་ལས་སམ་གདེངས་ལས་སྤྱི་བོར་གཡས་སུ་འཁྱིལ་བའི་རྩ་གསུམ་གྱིས་ཁུག་པར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དབུས་ནས་བུདྡྷ་བཛྲ་རཏྣ་པདྨ་ཀརྨའི་རིགས་ཀྱི་ལྷ་ཚོགས་རྣམས་ཀྱི་མཐའ་མར་གནས་ཡུལ་སྒོ་དབང་དང་བཅས་པ་སྐུ་ཡུངས་འབྲུ་ཙམ་ལ༔ སྤྱན་ཕུལ་ཐག་ཙམ་གྱི་ཚུལ་དུ་བཞུགས་པ་ནི༔ ཕྲ་བཀོད་ལས༔ རང་རང་མགོ་ལ་ཁྲོ་སྐུར་གནས༔ ཡབ་དང་ཡུམ་དུ་མངོན་པར་སྣང་༔ ཁྲོ་བོའི་ཁྲོ་མོའི་ཚུལ་འཆང་ཞིང་༔ ཞེས་དང་༔ ཀློང་གསལ་ལས༔ སྙིང་ནང་ཡབ་ཡུམ་ཞི་བའི་ཚུལ༔ དུང་ཁང་ཁྲོ་བོའི་ཚུལ་དུ་གནས༔ ཞེས་གསུངས་པས་ན༔ སྤྱིར་འཁོར་ལོ་ལྔ་པོ་ན་ཡེ་ཤེས་ཀྱི་ངོ་བོ་སྐུའི་རང་གདངས་དཀྱིལ་འཁོར་ལྔ་བཞུགས་པ་ནི་ལོངས་སྐུའི་གསུམ་ཡིན་ལ༔ ཐམས་ཅད་ཀྱི་འཆར་གཞི་ཡེ་ཤེས་ཆེན་པོའི་ཐིག་ལེ་ལ་ནང་གསལ་དུ་རྫོགས་པ་ནི༔ ཆོས་སྐུའི་སྐུ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡིན་ནོ༔ དེ་ལྟར་ན་ངོ་བོ་སྐུར་བཞུགས་པའི་རྩ་བ་ནི་སྙིང་ཀ་ཡིན་ནོ༔ རྣམ་སྣང་ཐུགས་ཀྱི་ཐུགས་མཆོག་གིས་དཀྱིལ་འཁོར་རྩེ་མོ་རྣམ་བཀོད་དུ་ཡོད་པ་ནི་བར་དོ་ཀ་དག་གི་རང་གདངས་རྨ་བྱའི་གདུགས་ལྟ་བུ་ལས་གཞི་སྣང་གཞན་འཆར་བའི་གོ་རིམ་གྱི་ངེས་པ་ལས་གཙོ་བོ་མཐར་དབྱུང་བ་ནི་མ་ཡིན་ནོ༔ དེ་དག་ནི་ངོ་བོ་སྐུར་བཞུགས་ཚུལ་ལོ༔

གཉིས་པ་རང་བཞིན་འོད་ཀྱི་ཐིག་ལེ་བཞུགས་ཚུལ་ནི༔ རྩ་རོ་རྐྱང་དབུ་མ་ཤེལ་སྦུག་བཞི་ན་ཐིག་ལེ་དང་༔ དེའི་ཡང་ཕྲན་ཐམས་ཅད་དུའང་འོད་འཕྲོས་པས་ལུག་རྒྱུད་ཆ་ཕྲ་བ་ཞི་ཁྲོའི་གདེངས་གསུམ་ཆེ་བའི་ཚད་ནམ་མཁའི་མཐའ་དང་མཉམ་པ༔ ཆུང་བའི་ཚད་རྟ་རྔ་བརྒྱར་བཤགས་ཙམ༔ གསལ་བའི་ཚད་ཉི་མའི་དཀྱིལ་འཁོར་ཙམ༔ གསལ་འཚེར་འོད་དང་གཟི་བརྗིད་འབར་བར་ཡོད་དེ༔ ཁྱད་པར་དུ་དྭངས་མའི་རྩ་ལྔ་ན་བཟང་པོའི་རྩེ་མོའི་ཐིག་ལེ་སོགས་སུ་བཞུགས་པ་ལ༔ རང་གནས་རྒྱུའམ་གནས་པ་གཞིའི་ཐིག་ལེ་དང་༔ དེ་ལས་དར་དཀར་ཕྲ་ལ་འཁྲིལ་གཉིས་ནས་ཐུགས་རྗེ་སྒྲོན་མ་བཞི་ཕྱིར་ཡུལ་ལ་འཆར་བ་ནི༔ ངོ་བོ་ཆོས་སྐུ་ལས༔ རང་བཞིན་ལོངས་སྐུ༔ དེ་ལས་ཐུགས་རྗེ་སྤྲུལ་སྐུར་འཆར་ཞིང་༔ གཞི་སྙིང་ཀ༔ ལམ་རྩ་བཞི༔ འབྲས་བུ་ལྟ་བྱེད་མིག་གི་གཞལ་ཡས་སུ་སྨིན་པ་དང་༔ རྩ་དེ་དག་ཀྱང་ཡེ་ཤེས་ལྔའི་ངོ་བོར་གནས་པའི་སྐུ་གསུམ་མམ་ལྔ་རྫོགས་ཤིང་༔ ནང་གསལ་སྐུ་གསུམ་གྱི་རྩ་ལས་ནང་དུ་ནུབ་པ་སོགས་ཕྱིར་སྣང་དུ་ལས་མི་བྱེད་ལ༔ ཕྱེད་སྤྲུལ་ལོངས་སྐུ་དང་འགྲོ་འདུལ་སྤྲུལ་སྐུའི་རྩ་གཉིས་ལས་ཡུལ་ལ་འཆར་རོ༔ ཤར་བ་དེ་ནི་ཐུགས་རྗེའི་སྒྲོན་མར་གནས་པ་ཡིན་ནོ༔ སྟོང་པ་རང་གྲོལ་ནས་རྡོ་རྗེ་ལུག་རྒྱུད་ཀྱི་སྐུ་ཐིག་ལེ་དགུ་དགུར་འཆར་རོ༔ དེ་དག་ཀྱང་སྐུ་ནང་གསལ་བུམ་སྐུ་ལྟ་བུ་ལ༔ འོད་བར་གསལ་བུམ་པའི་མར་མེ་ལྟ་བུ༔ ཐུགས་རྗེ་སྒྲོན་མ་མཁའ་གསལ་མེ་ལོང་གི་གཟུགས་བརྙན་ལྟ་བུ༔ ཡེ་ཤེས་ཀྱི་རླུང་ལྔའི་རྩལ་དང་བཅས་ཏེ་འཆར་བ་ནི༔ ཡེ་ཤེས་ཀྱི་རིག་རྩལ་ཉིད་ཀྱང་སྦུབས་ཀྱིས་མ་ཐུམ་པར་སྒོ་ལྔའི་རྣམ་ཤེས་སུ་དུས་ལ་ལྟོས་ནས་མཁྱེན་ཆ་འགགས་མེད་དུ་ཤར་བའོ༔ ཀློང་གསལ་ལས༔ རིག་པའི་སྐུ་ནི་བུམ་སྐུ་འདྲ༔ ཡེ་ཤེས་བུམ་པའི་མར་མེ་འདྲ༔ ཐུགས་རྗེ་མེ་ལོང་ངོས་ལྟར་གསལ༔ ཞེས་དང་༔ རང་ཤར་ལས༔ ཀྱེ༔ ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག༔ རང་བཞིན་གནས་པའི་བར་དོའི་སེམས་ཅན་ལུས་ཀྱིས་བསྡུས་པ་ཐམས་ཅད་ལ་མྱ་ངན་ལས་འདས་པའི་རྒྱུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་དང་ཁྱད་པར་མེད་པ་གནས་པ་ཡིན་ནོ༔ དེ་ཡང་སྐུ་རྣམས་ཀྱི་བདག་ཉིད་དང་༔ ཡེ་ཤེས་དང་༔ འོད་དང་༔ ཐིག་ལེ་དང་༔ རིག་པ་རང་གི་ངོ་བོར་གནས་པ་ཡིན་ནོ༔ ཉི་ཟླ་ཁ་སྦྱོར་ལས༔ གཞི་འཛིན་པའི་རིག་པ་ཆེན་པོ་ནི༔ རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བའི་རིག་པ་ཆེན་པོ་ ༼ མངོན་སུམ་དུ་ ༽ སྟེ༔ རྒྱང་ཞགས་ཆུའི་སྒྲོན་མ་ལས་རིག་པ་གཅེར་བུར་རང་ཐོན་པའོ༔ ཞེས་སོ༔ དེ་ལྟ་བུའི་སྒྲོན་མ་དྲུག་པོ་དེ་དག༔ གཞི་ལ་མེད་ན་ལམ་དུ་སྣང་བའི་དོན་མེད་ལ༔ ལམ་དུ་མ་སྣང་ན་ལྐོག་གྱུར་དོན་སྤྱི་ཡུལ་དུ་བྱེད་པའི་རྟོག་པ་ལ་ཅི་ཙམ་གོམས་ཡང་༔ སེངྒེ་བསྒོམ་པའི་གཟུགས་བརྙན་གྱིས་ཅི་ཙམ་གྱད་དུ་གྱུར་ཡང་དངོས་མིན་པ་དང་༔ ལྕགས་རྡོ་རུ་བསྒོམ་པ་གོམས་པས་ངོ་བོ་མི་འགྱུར་བ་ལྟར༔ ལུས་ལྷ་སོགས་སུ་བསྒོམ་པ་དོན་མེད་དེ༔ འདིར་ནི་སྐུ་གསུམ་ཡེ་ཤེས་སུམ་བརྩེགས་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་ལ་ངོ་བོར་སྐུར་བཞུགས་པས༔ འཇམ་དཔལ་ལས༔ སོ་སོ་རང་རིག་མི་གཡོ་བ༔ སོགས། ཅོད་པཎ་ཅན༔ ཞེས་དང་༔ རང་བཞིན་འོད་དུ་བཞུགས་པས༔ སངས་རྒྱས་ཀུན་གྱི་ཐུགས་༴སོགས་ནས། ཁ་དོག་སྣ་ཚོགས་འབར་བའི་འོད༔ ཅེས་དང་༔ ཐུགས་རྗེས་སྒྲོན་མར་བཞུགས་པ་ནི༔ ཐིག་ལེ་སྟོང་པ་ཡི་གེ་མེད༔ ཅེས་དང་༔ གནས་ནི༔ འོད་བཟང་འབར་བ་དཔལ་བེའུ༔ ཞེས་པའི་གཞི་དབྱིངས་རིག༔ ནམ་མཁའ་ལས་བྱུང་༴ ༔ ནས་འོད་གསལ་བ༔ ཞེས་ཐུགས་རྗེ་སྒྲོན་མར་གནས་ཚུལ་དང་༔ སངས་རྒྱས་ཀུན་གྱི་མངོན་སུམ་པ༔ ཡེ་ཤེས་མེ་ལྕེ་འོད་རབ་གསལ༔ ཞེས་ཐུགས་རྗེ་རིག་པའི་ཡེ་ཤེས་ཀྱི་བཞུགས་ཚུལ་བསྟན་པའོ༔ དེ་ལྟར་ན་ངོ་བོ་སྐུ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ༔ རང་བཞིན་འོད་ནི་དབྱིངས་རྣམ་དག་གི་སྒྲོན་མ༔ ཐུགས་རྗེ་འོད་ཀྱི་ཐིག་ལེ་ནི་སྟོང་པའི་སྒྲོན་མ་སྟེ༔ ཆོས་ཉིད་མངོན་སུམ་མན་ཆད་དང་༔ བར་དོ་བཞི་སྦྱོར་གྱི་སྣང་བ་ལ༔ ངོ་བོ་གདེངས་ལུ་གུ་རྒྱུད་ཀྱི་ཚུལ་དང་༔ རང་བཞིན་དབྱིངས་རྣམ་དག༔ ཐུགས་རྗེ་སྟོང་པའི་སྒྲོན་མ༔ སྤྲུལ་སྐུའི་སྐུ་གསུམ་གྱི་ཚུལ་དུ་སྣང་ངོ་༔ དེ་དག་གིས་སྤྱིར་བཤད་པ་སོང་ནས༔

བྱེ་བྲག་ཏུ་བཤད་ན་སྣོད་ཀྱི་སྒྲོན་མ་གསུམ་དང་ྭ༔ བཅུད་ཀྱི་སྒྲོན་མ་གསུམ་སྟེ་དྲུག་ལས༔ ཙིཏྟ་ཤའི་སྒྲོན་མ་ནི་སྙིང་རིན་པོ་ཆེ་མཆོང་གི་གུར་ཁང་ཡེ་ཤེས་ཀྱི་བཞུགས་གནས་རྣམ་པར་སྨིན་པའི་ཆ་དང་༔ རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཡན་ལག་ལྔ་པ་དང་༔ རྒྱང་ཞགས་ཆུའི་སྒྲོན་མ་རྩ་སྣ་གཉིས་ཏེ༔ དེ་དག་ནི་བཅུད་ཀྱི་སྒྲོན་མ་གསུམ་གནས་ཤིང་སྣང་ལ་འཆར་བའི་སྣོད་ཡིན་པའི་ཕྱིར་རོ༔ དེ་ལས་ཕྱི་མ་འདི་དག་བཅུད་ཀྱི་སྒྲོན་མ་གསུམ་ལ་རྣལ་འབྱོར་བས་ལམ་དུ་བྱེད་དགོས་པས་བྱེ་བྲག་ཏུ་བཤད་ན༔ ངོ་བོ་བཞི༔ ངེས་ཚིག་བཞི༔ དབྱེ་བ་བཞི༔ མཚན་ཉིད་བཞི༔ དཔེ་བཞི༔ གནད་བཞི༔ དགོས་པ་བཞི་དང་བདུན་ལས༔

དང་པོ་ལ་རྒྱང་ཞགས་ཀྱི་ངོ་བོ་ནི་དག་མ་དག་གཉིས་ཀས་ཆ་འཛིན་པའི་འཁོར་འདས་མཐུན་པར་ལྟ་བའི་དབང་པོ་དྭངས་བ་ལས༔ སྟོང་སྒྲོན་ནི་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་རང་བཞིན་ཅན་དང་༔ རྣམ་དག་ནི་རང་བཞིན་ལྷུན་གྲུབ་ལོངས་སྐུའི་ངོ་བོ་ཉིད་དང་༔ རང་བྱུང་ནི་ངོ་བོ་ཉིད་ཀྱི་ཀ་ནས་དག་པའི་ཆོས་སྐུའི་བདག་ཉིད་ཅན་ནོ༔

ངེས་ཚིག་བཞི་ནི་དག་པའི་སྣང་བ་རྒྱང་ནས་འཛིན་ཞིང་འཆིང་བའི་ཞགས་པ་དང་འདྲ་བས་རྒྱང་ཞག་གི༔ ཟླ་དང་བྲལ་ཞིང་ངོ་བོ་སྟོང་ཉིད་གཟུགས་སུ་ཤར་ལ་མི་འགྱུར་བའི་ཐིག༔ ཁྱབ་ཅིང་ཡུལ་ལ་གདལ་བས་ལེ་སྟེ་སྟོང་སྒྲོན་གྱི༔ རིག་པའི་རང་ཡུལ་སྣང་བའི་འཆར་གཞི་བྱེད་པ་དབྱིངས་ཀྱི༔ ཤེས་རབ་ནང་གནས་ཀྱི་དགོངས་པ་ཀུན་ཤེས་ཀུན་རིག་གི་གསལ་སྒོ་མ་འགགས་པའི་ཡེ་གནས་རང་བྱུང་ཆོས་ཀྱི་སྐུར་རང་བྱུང་བའི་དོན་རྟོགས་ན་འགྲོ་བའི་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་བའི་སྒྲོན་མར་གྱུར་པ་རང་བྱུང་གི་ངེས་ཚིག་རྣམས་ཡིན་ནོ༔

དབྱེ་བ་ནི༔ རྒྱང་ཞགས་ལ་དབང་པོ་འདུས་པ་དབང་ལྔའི་དྭངས་མ་མིག་གི་དཀྱིལ་ན་ཡོད་པའི་དབང་རྟེན་དང་༔ འབྱུང་བ་འདུས་པ་རླུང་གི་དྭངས་མ་རྐྱང་མའི་ནང་ན་ཡོད༔ ཡེ་ཤེས་འདུས་པ་འོད་རྩ་དྭངས་བ་གཡས་ཀྱི་དར་དཀར་དང་༔ གཡོན་ཕྲ་ལ་འཁྲིལ་གྱི་རྩ་སྣ་གཉིས་སོ༔ སྟོང་སྒྲོན་ལ་གཞིར་གནས་ཐིག་ལེ་སྔར་བཤད་པའི་སྙིང་ཀ་ན་ཞི་ཁྲོའི་སྐུ་རྟེན་དུ་གནས་པ་དང་༔ ལུས་གནས་རྩའི་ཐིག་ལེ་ཁྱད་པར་ཆེན་པོའི་རྩ་བཞི་ལ་ལམ་གྱི་ཐིག་ལེ་ཡོད་པར་བཤད་པ་དང་༔ ཀུན་རྫོབ་རྒྱུའི་ཐིག་ལེ་རོ་མ་ན་གནས་ཤིང་ལུས་ཟུངས་འཛིན་དུ་གནས་པ་དང་༔ དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་རྐྱང་མ་ན་གནས་པའི་དབྱིངས་རིག་དབྱེར་མེད་གཅིག་ཏུ་ཟླུམ༔ རང་བྱུང་འབྲས་བུའི་ཐིག་ལེ་མིག་ན་གནས་པས་སངས་རྒྱས་ཀྱི་དགོངས་པ་དབང་པོའི་ཡུལ་ལ་མངོན་སུམ་དུ་སྣང་ཞིང་རྩལ་མེད་དུ་ལོངས་སྤྱོད་དུ་ཡོད་པས་ཟླུམ་པའོ༔ གཞན་ཡང་གསེར་གྱི་རྩ་ཆེན་ན་གཞིའི་ཐིག་ལེ་བཟང་པོ༔ དར་དཀར་ན་ལམ་གྱི་ཐིག་ལེ་བཟང་པོ༔ ཕྲ་ལ་འཁྲིལ་ན་བཟང་པོའི་རྩེ་མོའི་ཐིག་ལེ༔ ཤེལ་སྦུག་ན་བཟང་པོའི་རྒྱན་ལྡན་གྱི་ཐིག་ལེ་རྣམས་ནི་ལུས་གནས་རྩ་འམ་ལམ་གྱི་ཐིག་ལེ་ལས་བྱས་པའོ༔ དབྱིངས་རྣམ་དག་ལ༔ གཞིའི་དབྱིངས་སྙིང་ཀ་ན་རིག་པའི་ཡེ་ཤེས་ཀྱི་སྐུ་དང་ཐིག་ལེ་འཛིན་པའི་འོད་ལྔ་ལྷུན་གྲུབ༔ ལམ་གྱི་དབྱིངས་མིག་གི་འོད་རྩའི་སྣང་བ་དབྱིངས་སྣང་མུ་ཁྱུད་ལྔའི་དབུས་སུ་པད་འདབ་ཀྱིས་མཚན་པའི་རིག་པའི་ཐིག་ལེའི་དྭངས་མ་སྡུད་ཅིང་རང་ཡུལ་བྱེད༔ འབྲས་བུ་ཡུལ་ལ་སྣང་བའི་དབྱིངས་ཀྱི་ལུག་རྒྱུད་དོན་དུ་འཛིན་དེ་མཐིང་ཀ་ཁྱབ་པ་དང་ལྔ་ལྡན་མཉམ་པ་ཉིད་དོ༔ ཤེས་རབ་རང་བྱུང་གི་སྒྲོན་མ་ལ་གཞི་གནས་རང་བྱུང་གི་ཤེས་རབ་ཀྱིས་ལུས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རྟེན་བྱེད་པའི་ནང་གནས་རིག་པའི་མཁྱེན་ཆའོ༔ སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི་དབྱིངས་དང་རིག་པའི་འདུན་པ་འཛིན་པ་སྟེ་དབྱིངས་རིག་ཐད་ཀར་རྟོགས་པའོ༔ དྲན་པ་འགགས་མེད་ཀྱི་ཤེས་རབ་ཀྱིས་ཤེས་པ་རྩེ་གཅིག་ཏུ་སྡུད་ཅིང་༔ གསལ་དྭངས་ཕྱེད་པའི་ཞི་ལྷག་ཟུང་འཇུག་གིས་ཆོས་ཉིད་གཅིག་ཏུ་སྒྲོལ་བར་བྱེད་པའི་བདག་ཉིད་ཅན་ནོ༔ སོ་སོར་རྟོགས་པའི་ཤེས་རབ་ནི་སྤྱི་དང་རང་གི་མཚན་ཉིད་འཛིན་ཞིང་ཤེས་པའོ༔ འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ནི་ཐོས་བསམ་གྱིས་གཏན་ལ་ཕབ་ཅིང་སྣང་དང་མི་སྣང་གི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའོ༔ གཞན་ཡང་ཤེས་རབ་རང་བྱུང་སྒྲོན་མའི་ངོ་བོ་ལས་དབྱེ་ན༔ མཚན་ཉིད་འཛིན་པའི་རིག་པ་མ་རིག་པ་ལས་བཟློག་པའི་རིག་པའི་ཆ་ནས་བཏགས་པ་དང་༔ གཞི་འཛིན་པའི་རིག་པ་ལུས་ལ་གནས་དུས་ཤེས་པ་ཐམས་ཅད་ཀྱི་འཆར་གཞི་གནས་པ་གཞི་གནས་ཀྱི་རིག་པ་དབྱེར་མེད་ཡེ་ཤེས་སུམ་བརྩེགས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུག་རྒྱུད་འོད་སྣང་དང་བཅས༔ ཐོད་རྒལ་གྱི་རིག་པ་ཆོས་ཉིད་ཀྱི་ངང་ལ་ཕྱམ་གྱིས་སོང་པའོ༔ སྔ་མ་གསུམ་སྔ་མ་དང་༔ ཕྱི་མ་གཅིག་ཕྱི་མར་འདུས་པས་གོང་མ་ལྔ་དང་གནད་གཅིག་ལ༔ ཡང་རྩལ་ནི་ཕྱི་གསལ་དུ་ཤར་བའི་སྣང་བ་གཅེར་འཛིན༔ དྲན་པ་འགགས་མེད༔ སོར་རྟོགས་འཇུག་བྱེད་རྣམས་ཡིན་ལ༔ དོན་དུ་ཤེས་པ་ཕྱི་གསལ་རྣོ་མྱུར་ཚིག་དོན་ཀློང་རྡོལ་དུ་འཆར་བ་རྣམས་སོ༔ བྱེད་ལས་ཀྱི་སྒོ་ནས་རྣམ་པར་སྒྲོལ་བྱེད༔ སྐྱོད་བྱེད༔ སྡུད་བྱེད༔ འབྱེད་བྱེད་བཞིར་འགྱུར་བ་དང་༔ གོང་གི་གདངས་ལུག་རྒྱུད་ལོགས་སུ་ཕྱེ་བས་བྱེ་བྲག་བཅུ་ལ་རྣམ་པ་རིག་པ་རང་གསལ་གཞི་འཛིན་པ་གཞི་གནས་ཡེ་ཤེས་སུམ་བརྩེགས་ནི་ངོ་བོ་དང་༔ ལུག་རྒྱུད་གདངས༔ གཞན་རྣམས་རྩལ༔ བྱེད་ལས་གསུམ་ཀ་ལ་འཇུག་པའམ༔ ལོགས་སུ་བསྒྲང་ན་བཞིར་འགྱུར་རོ༔

མཚན་ཉིད་ལ༔ ཚོན་གང་འོད་ཀྱི་ཐིག་ལེ་དམར་ལ་དྭངས་བ༔ ཟླུམ་ཞིང་གསལ་བ་ནི་སྟོང་སྒྲོན་གྱི༔ གཟུགས་སྣང་འཛིན་རུང་འཁྲུལ་སྣང་འགགས་ཤིང་དག་སྣང་མཐོང་བྱེད་རྒྱང་ཞགས་ཀྱི༔ འོད་སྣང་རིག་པའི་རང་ཡུལ་དུ་གྱུར་པ་དབྱིངས་ཀྱི༔ སྒྲོན་མ་ཀུན་གྱི་ཤེས་བྱེད་སྤང་བླང་འཁོར་འདས་འབྱེད་པ་རང་བྱུང་གི་མཚན་ཉིད་དོ༔

དཔེ་ནི༔ རྨ་བྱའི་སྒྲོ་ཐིག་གམ་ཀོ་མོའི་ཆུ་ལ་རྡོ་བོར་བ་ལྟ་བུ་སྟོང་སྒྲོན་གྱི༔ ལྕགས་ཀྱུ་ལྟར་འཁོར་འདས་ཀྱི་སྣ་ནས་འཛིན་པའི་རྒྱང་ཞགས་ཀྱི༔ ནམ་མཁའི་འཇའ་ཚོན་འདྲ་བ་དབྱིངས་ཀྱི༔ སྒྲོན་མ་དང་སྲེག་བྱེད་ཀྱི་མེ་ནི་ཤེས་རབ་རང་བྱུང་སྒྲོན་མེའི་དཔེ་སྟེ༔ ཀུན་ནས་གསལ་བ་དང་༔ དངོས་འཛིན་བསྲེགས་པའི་ཕྱིར་རོ༔ སྒྲོན་མ་དེ་དག་གཞི་སྙིང་ཀ་ན་གནས་པའི་ཆ་ནས་གནས་ལུགས་གཞི་ཡི་སྒྲོན་མ་དང་༔ ལམ་བར་དོ་ལ་སྣང་བའི་ཆ་ནས་བར་དོ་དུས་ཀྱི་སྒྲོན་མ་དང་༔ རྩལ་ཡོངས་སུ་རྫོགས་ནས་སྨིན་པ་མཐར་ཐུག་གི་རང་དབྱིངས་སུ་བཙན་ས་ཟིན་པ་ནི་འབྲས་བུའི་སྒྲོན་མ་ཞེས་གསུམ་དུ་དབྱེ་ཡང་གནས་སྐབས་ཙམ་ལས་ངོ་བོ་ཐ་མི་དད་པའོ༔ དེ་དག་གི་སྣང་སྟོང་ཟུང་འཇུག་གི་གཞི་མཚན་མ་དང་༔ ཉོན་མོངས་གཟུང་འཛིན་གྱི་རྟོག་པ་དང་༔ འཁོར་བའི་སྡུག་བསྔལ་སོགས་ཀྱིས་ཉམས་པ་དང་ཟད་ཅིང་སྨད་དེ་ཟིལ་གྱིས་གནོན་པ་མེད་པས་གཞི་སེང་གེ་རྣམ་པར་བསྒྱིང་ལྟ་བུ་དང་༔ གཞི་དེ་རང་ལ་ཡོད་པའི་དོན་རྟོགས་ཤིང་གནད་གསུམ་ཅོག་བཞག་གིས་བསྒོམ་པས་གཟི་བརྗིད་ཆེན་པོའི་འོད་གསལ་བས་འཁྲུལ་སྣང་བཙན་ཐབས་སུ་འགགས་ཤིང་ཟིལ་གྱིས་གནོན་པས་སེངྒེ་རྣམ་པར་བསྒྱིང་ལྟ་བུ༔ སེངྒེའི་རང་སྐད་ལྟར༔ དགོངས་པ་མི་གཡོ་པ་རྫོགས་ཆེན་རང་སྐད་བཏོན་པས་ཐེག་དམན་ཐམས་ཅད་བརྒྱལ་ཞིང་སྐྲག་ལ་ཟིལ་གྱིས་གནོན་པར་བྱེད་པས་ཀྱང་སེངྒེ་རྣམ་པར་བསྒྱིང་ལྟ་བུ་སྟེ་རིམ་པ་བཞིན་དུ༔ རི་བོ་བརྩེགས་པ་ལས༔ གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག༔ ཉོན་མོངས་གཡུལ་དུ་གཅིག་དཔའ་བ༔ མི་ཤེས་སྒྲ་ཡི་གྲགས་པ་འཇོམས༔ བློ་ལྡན་སྒེགས་འཆང་དཔལ་དང་ལྡན༔ བརྟན་པོ་མི་སྡུག་གཟུགས་འཆང་བ༔ ཞེས་དང་༔ རྩལ་རྫོགས་ལས༔ སེངྒེའི་རང་སྐད་བཏོན་པས་གཅན་གཟན་དང་༔ རྫོགས་ཆེན་རང་སྐད་བཏོན་པས་ཐེག་དམན་བརྒྱལ༔ ཞེས་དང་༔ རི་བོ་སྤྱི་ཆིངས་གི་དགོངས་པ་ནི༔ སེངྒེ་རྣམ་པར་བསྒྱིང་ལྟ་བུའོ༔ ཞེས་གསུང་བ་ཉིད་གཞི་ལ་གནས་པ་ལྟ་བས་གཏན་ལ་ཕབ་པའོ༔

དེ་ནས་གསུམ་པ་ལ་རྒྱ་མཚོ་ཀློང་རྡོལ་གྱི་དགོངས་ཀློང་གིས་བསྒོམ་ཉམས་སུ་ལེན་པ་ལ༔ སྔོན་འགྲོ་དང་དངོས་གཞི་གཉིས་ལས༔ དང་པོ་ནི༔ ཕྱི་ནང་ཁྲེགས་ཐོད་ཟུང་འཇུག་གི་རུ་ཤན་བཞིན་ཏེ་གདམས་ངག་ཟུར་པ་བཞིན་ནོ༔ གཉིས་པ་ནི༔ ཐོད་རྒལ་གྱི་འཕགས་ཆོས་དང་༔ དེ་ལྡན་གྱི་ལམ་དངོས་བཤད་པ་གཉིས་ལས༔དང་པོ་ནི༔ འབད་མེད་ཀྱི་ཁྲེགས་ཆོད་ལས་ཐོད་རྒལ་ཉིད་ཁྱད་ཆོས་བདུན་གྱིས་འཕགས་པ་ཀུན་མཁྱེན་ཆེན་པོའི་ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར༔ ལུས་གནད་རྩའི༔ སྣང་བྱེད་སྒོའི༔ མཐོང་བ་དབང་པོའི༔ རང་གནད་མངོན་སུམ་གྱི༔ སྣང་བ་འོད་ཀྱི༔ ཉམས་གོང་འཕེལ་གྱི་ཁྱད་པར་བདུན་དུ་གསུང་བ་དག་གོ༔

གཉིས་པ་ལ༔ ཅོག་བཞག་བཞིའི་སྒོ་ནས་མངོན་སུམ་རང་ཐོག་ཏུ་ཕབ་པ་དང་༔ རྣལ་འབྱོར་བཞིའི་རང་ས་བཟུང་པའི་དགོངས་པ་རྒྱུན་དུ་བྱེད་པ་གཉིས་ལས༔ དང་པོ་ལ་བཞི་ལས་ཐོག་མར་རི་བོ་ཅོག་བཞག་ནི༔ ལུས་ཀྱི་གནད་བསྟན་པ་ཡིན་ཏེ༔ ལུས་ཀྱི་བྱ་བ་བཟང་ངན་བར་གསུམ་གྱིས་མི་གཡོ་བའི་རི་བོ་ལྟ་བུ་དང་༔ སྐུ་གསུམ་གྱི་བཞུགས་སྟངས་ལས་མི་གཡོ་བས་ཀྱང་རི་བོ་ལྟ་བུ་དང་༔ དབྱིངས་རིག་ཐག་ཆོད་ཀྱི་དགོངས་པ་ལས་མི་གཡོ་བས་རི་བོ་ལྟ་བུ་སྟེ༔ དང་པོ་ནི་བཟང་པོས་ཕྱག་སྐོར་སོགས་དང་༔ ངན་པས་སྲོག་བཅད་པའི་མཚོན་ལུས་ཀྱི་མི་དགེ་བ་དང་༔ བར་བས་སྤྱོད་ལམ་བཞི་སོགས་འཇིག་རྟེན་གྱི་བྱ་བ་རྣམས་ཅོག་གིས་བཞག་ཅིང་མི་གཡོ་བའོ༔

གཉིས་པ་ལ་ལྔ་རུ་ཡོད་དེ༔ ཆོས་སྐུའི་བཞུགས་སྟངས་སེངྒེ་ལྟར་ལུས་འགྱིང་ཚུགས་སུ་རྐང་མཐིལ་གཉིས་དང་འཕོང་ཚོས་ས་ལ་ཕབ་པས་དུག་གསུམ་གྱི་རླུང་རྣམས་གནོན་ཞིང་༔ སྐུ་གསུམ་ཡེ་ཤེས་ཀྱི་རླུང་འཕེལ་བའི་གནད༔ མཐེ་བོས་སྲིན་ལག་གནོན་ཞིང་སོར་མོ་བསྒུང་སྟེ་ས་ལ་ཕབ་པས་ང་རྒྱལ་དང་ཕྲག་དོག་གི་རླུང་གནོན་ཞིང་བཟློག་པའི་གནད༔ མལ་ལྔ་ས་ལ་ཕབ་པས་ཡེ་ཤེས་ལྔ་དང་སྐུ་ལྔ་མངོན་དུ་གྱུར་པའི་གནད༔ རོ་སྟོད་གསེང་ལ་བོར་ཞིང་རྩལ་མཇིང་བ་ལ་བོར་བས་དབྱིངས་རིག་འདུ་འབྲལ་མེད་ཅིང་བྱིང་རྒོད་འཐིབ་གསུམ་སེལ་བའི་གནད་དོ༔ ལོངས་སྐུའི་བཞུགས་སྟངས་ནི༔ གྲུ་མོ་གཉིས་དང་པུས་མོ་གཉིས་རྐང་པའི་སོར་མོ་བསྒུང་བའི་ལྟག་གཉིས་ཏེ་དྲུག་ས་ལ་བཙུག་པས་ཉོན་དྲུག་དང་ཚོགས་དྲུག་གི་ཆོས་དང་རླུང་བཅར་ལ་གནོན་པའི་གནད༔ ལག་མཐིལ་གྱི་ཨོལ་ཀོ་བཏེགས་པས་རྦ་རླབས་དང་འོད་གསལ་གྱི་རྩའི་རླུང་ཅུང་ཟད་མནན་ཞིང་གཏེམ་པས་རྟོག་གཉིས་འགགས་པ་དང་༔ འོད་སྣང་གི་མཐོང་བ་བརྟོལ་པའི་གནད༔ མཇིང་བ་ཅུང་ཟད་དགྱེ་བས་དབྱིངས་རིག་མཐོང་བའི་གནད་དོ༔ སྤྲུལ་སྐུའི་བཞུགས་སྟངས་ནི༔ རྐང་པའི་ལོང་བུ་གཉིས་གཤིབ་པས་ཐབས་ཤེས་ཟུང་འཇུག་གི་གནད་དང་རྟེན་འབྲེལ༔ མཐིལ་གཉིས་ས་ལ་ཕབས་པས་ལས་ཉོན་གྱི་རླུང་གནོན་པའི་གནད༔ པུས་བྲང་སྦྱར་བས་ལུས་འབྱུང་སྙོམ་པའི་གནད༔ ལུས་སྤྱི་དྲང་པོར་བསྲིང་བས་དྲང་པོ་བཞི་ལྡན་གྱི་གནད༔ ལག་གཉིས་མཛུབ་མོ་རེ་མིག་ཏུ་བལྟར་བས་དབྱིངས་རིག་འབྲེལ་བའི་གནད་དང་བཅས་པའོ༔ མངོན་པར་བྱང་ཆུབ་ཀྱི་འདུག་སྟངས་ནི༔ ལུས་པོ་ཤད་བརྐྱང་སྟེ་མགོ་དང་ཡན་ལག་གི་རྒྱབ་ལྔ་ས་ལ་ཕབ་པས་རླུང་ལྔ་དབྱིངས་སུ་འཆིང་༔ ལུས་བྱིང་མཉམ་པར་ས་ལ་ཕབ་པས་འབྱུང་བཞི་ཆ་སྙོམས༔ ཡན་ལག་རྣམས་ཐད་སོར་བརྐྱང་བས་ནང་གི་རླུང་ལྔ་དབྱིངས་སུ་དག༔ ལུས་པོ་གན་རྐྱལ་དུ་ཉལ་བས་གནད་བཅུན་པ་མེད་པར་འོད་གསལ་བདེ་ལུགས་སུ་འཆར་ཞིང་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་གནད་དོ༔ མི་འགྱུར་རྡོ་རྗེའི་འདུག་སྟངས་ལངས་འདུག་ཉལ་གསུམ་གྱིས་ཡར་རྩེ་ཡེ་ཤེས་གསུམ་དང་མར་རྩེ་སྐུ་གསུམ༔ རྐེད་པ་ཐབས་ཤེས་ཟུང་འཇུག་གསུམ་མཚོན་པའི་མར་རྩེ་གསུམ་གྱི་ཕོ་མོ་མ་ནིང་གི་རླུང་གསུམ་འཆིང་བ་དང་དུག་གསུམ་གནས་སུ་དག་ཅིང་༔ ཡར་རྩེ་གསུམ་གྱི་རྟོག་གསུམ་གྱི་རྒྱུ་བ་བཅད་པ་དང་ཁམས་གསུམ་དབྱིངས་སུ་སྒྲོལ༔ སྐེད་པ་གསུམ་གྱི་སྦུབས་གསུམ་གཅིག་ཏུ་འདྲིལ་དང་༔ སྐུ་གསུམ་གདངས་གསུམ་གྱི་འོད་གསལ་མངོན་པར་འཆར་རོ༔ འཇམ་དཔལ་ལས༔ རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ ཞེས་དང་༔ ཕྲེང་བ་ལས༔ ལུས་ཀྱི་གནད་ནི་འདི་གསུམ་སྟེ༔ སེངྒེ་དང་ནི་གླང་ཆེན་ཚུལ༔ དྲང་སྲོང་ཚུལ་དུ་གནས་པར་བྱ༔ ཞེས་སོ༔

གསུམ་པ་ནི༔ གཞི་ལ་གནས་པའི་དབྱིངས་རིག་ཇི་ལྟར་ཡོད་པ་དཔེ་དོན་རྟགས་གསུམ་གྱི་བླ་མས་ངོ་སྤྲད་དེ༔ ངེས་པ་ཐོབ་ནས་དེའི་གདངས་ལམ་དུ་སྣང་བའི་དབྱིངས་རིག་དེ་ཉིད་དེ་བཞིན་གཤེགས་པའི་གསང་མཛོད་དམ་པ་མངོན་དུ་བརྟོལ་ཐབས་ཀྱིས་ཤར་བ་ཡིན་པར་ཐག་བཅད་དེ༔ གནས་ལུགས་སྒྲོན་མ་དྲུག་གི་ངོ་བོ་དང་༔ སྣང་ཆ་ལས་མི་གཡོ་བར་རྩེ་གཅིག་དུ་བཞག་པའོ༔

གཉིས་པ་རྒྱ་མཚོ་ཅོག་བཞག་གི་དགོངས་པ་ནི༔ གང་ལ་བཞག་པའི་རྟེན་དང་༔ ཇི་ལྟར་བཞག་པའི་ཚུལ་དགོས་ཆེད་དང་བཅས་པ་གཉིས་ལས༔ དང་པོ་ནི༔ ཆོས་སྐུའི་རྟེན་ཉི་མ༔ ལོངས་སྐུའི་ཟླ་བ༔ སྤྲུལ་སྐུའི་མར་མེ༔ མངོན་བྱང་གི་མན་ཤེལ༔ རྡོ་རྗེའི་ནམ་མཁའ་སྤྲིན་བྲལ་ལ་བཞག་པས་དབྱིངས་ཡེ་སྣང་སྟོང་ཟུང་འཇུག་གི་དང་༔ བདེ་གསལ་རྟོག་མེད་དང་༔གསལ་སྟོང་དང་༔ ཡེ་ཤེས་ལྔའི་དང་༔ བརྗོད་བྲལ་འགྱུར་མེད་ཐིག་ལེ་ཉག་གཅིག་གི་དགོངས་པ་འཆར་རོ༔ དེ་དག་གིས་ཡུལ་ལྔའི་བུན་ལོང་འཇིག་ཅིང་དབྱིངས་ལྔ་གསལ་བར་བྱེད་པའི་རྟེན་བླ་ན་མེད་པའོ༔

གཉིས་པ་ནི༔ མིག་ཆུའི་དྭངས་མ་ལ་རྒྱ་མཚོ་ཞེས་བྱ་ལ༔ དེ་ཉིད་རྟེན་ལས་མ་ཡེངས་བར་བཞག་པ་དང་༔ འབྱུང་བ་དང་དབང་པོའི་བྱེད་པ་སྡོམ་པ་དང་བཅས་པས་ན་ཅོག་བཞག་ཞེ་ལ༔ དེ་ལ་ཡང་ལྔ་ལས་ཆོས་སྐུ་མཁའ་ལྡིང་རྒྱལ་བོའི་གཟིགས་སྟངས་ཀྱིས་བལྟས་པས་བག་ཆགས་ཐུར་ལ་སེལ་ཞིང་ངན་སོང་སྐྱེ་རྒྱུན་གཅོད༔ མཉམ་ཉིད་ཀྱི་དོན་རྟོགས༔ དབྱིངས་རིག་འཁྱོལ་ས་མེད་ཅིང་ཀུན་ཁྱབ་ཀྱི་སྤྱན་མངོན་དུ་གྱུར་བའི་གནད༔ ལོངས་སྐུ་པདྨ་ལྟར་ཟླུམ་པས་ཐད་ཀར་མཉམ་པར་བལྟས་པས་འཁྲུལ་སྣང་དུས་གཅིག་ལ་འགགས༔ ཡེ་ཤེས་ཀྱི་སྣང་བ་མངོན་དུ་མཐོང་༔ སྤྲུལ་སྐུ་བག་ཡོད་དྲང་སྲོང་གི་བརྟུལ་ཞུགས་ལྟ་བུའི་ལྟ་སྟང་གི་སྒྲོན་མ་མཐོང་ཞིང་༔ འཆར་ཚུལ་ཕྲིན་ལས་ལ་སྤྱོད༔ མངོན་བྱང་བུང་བ་འཕུར་ལྡིང་ལྟ་བུའི་ལྟ་སྟངས་ཀྱིས་དབྱིངས་སྣང་གཡས་སུ་ཁྲིད་དེ་བལྟས་པས་སྣང་བ་ལྔ་ལྡན་རྒྱ་ཆེར་འཕེལ༔ རྡོ་རྗེ་མདའ་སྲོང་ལྟ་བུའི་མཐིང་ཁ་ཁྱབ་ཆེན་ལས༔ ཞིང་ཁམས་ཀྱི་རྒྱན་སྣང་མངོན་པར་འཆར་བའི་གནད་དོ༔ རང་བཞིན་དུ་གཟིགས་སྟངས་ལྔ་ཡི་ཡེ་ཤེས་ཉི་ཤུ་རྩ་ལྔའི་འོད་གསལ་གྱི་སྣང་བ་མངོན་དུ་བརྟོལ་པར་བྱེད་དོ༔ བཞུགས་སྟངས་དང་གཟིགས་སྟངས་དེ་དག་ཁམས་དང་བསྟུན་ན་ཚ་བ་དང་མཁྲིས་པ་ཆེ་བས་ཆོས་སྐུ༔ གྲང་རླུང་ཆེ་བས་སྤྲུལ་སྐུ༔ འདས་སྙོམས་ཅན་གྱི་གླང་པོ༔ བད་ཀན་ཅན་གྱི་རྡོ་རྗེ༔ ཀུན་ལ་ཤེས་པ་མངོན་བྱང་༔ ཡང་ཉོན་མོངས་ལྔའི་གཉེན་པོར་ཡེ་ཤེས་ལྔའི་འགྲོས་སྦྱར་བ་དང་༔ ཡང་སྣང་བ་ལྔའི་དབང་དུ་མངོན་སུམ་མན་ཆད་གཞི་སེམས་ཅན་གྱི་སྣང་བར་སྤྲུལ་སྐུ༔ མངོན་སུམ་ལ་ལོངས་སྐུ༔ གོང་འཕེལ་ལ་ཆོས་སྐུ༔ ཚད་ཕེབས་ལ་མངོན་བྱང་༔ ཟད་པར་རྡོ་རྗེ་མི་འགྱུར་གྱི་ཤིས་པའོ༔ འཇམ་དཔལ་ལས༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་དང་༔ ཕྲེང་བ་ལས༔ སྒོ་ནི་དེ་ཉིད་མ་འགུལ་དང་༔ གསལ་བྱེད་རྣམ་གཉིས་མ་འགུལ་བའོ༔ ཞེས་སོ༔

གསུམ་པ་རིག་པ་ཅོག་བཞག་ལ་གཉིས་ཏེ༔ རླུང་དང་རིག་པའི་གནད་དོ༔ དང་པོ་ནི༔ ངག་གིས་བྱ་བ་སུམ་སྤྲུགས་སུ་བཏང་ལ༔ རླུང་རིག་བྱེད་པ་གཅིག་པས་ན༔ རླུང་གིས་གནད་བཅད་པས་བུ་མ་ལ་སྤྲོད་པའི་གདམས་ངག་ཞེས་བྱ་སྟེ༔ རྒྱུད་སྡེ་གཞན་དག་ནས་སྲོག་རྩོལ་ཀྱི་བྱེད་པ་བཅིང་བས་ལས་རླུང་དབུ་མར་ཞུགས་ཏེ༔ མཐར་ཡེ་ཤེས་ཀྱི་སྣང་བ་སྟོང་གཟུགས་ཀྱི་རྟགས་བཅུ་སོགས་མཐོང་བར་འདོད་ལ༔ འདིར་ནི་བུ་རིག་བྱེད་རྩལ་གྱི་སེམས་ཉིད་མ་འོད་གསལ་དོན་གྱི་ཡེ་ཤེས་ལ་ཐིམ་པས་རིག་གདངས་མངོན་སུམ་གྱིས་ཁྱད་པར་འཕགས་པའི་གནད་མྱུར་བུལ་ཡོད་དེ་རླུང་དང་རིག་པའི་གདང་གི་ཁྱད་པར་གྱིས་སོ༔ ལྷག་པར་ཡང་ལས་རླུང་འཁོར་བའི་རྩ་བ་དེ་མེ་ལག་ནས་མ་བཏང་བར་ཚ་བ་སྤོང་དུ་མེད་པ་བཞིན་རྣམ་རྟོག་དང་འཁྲུལ་སྣང་འགགས་སྟོབས་ཆུང་བས་དེ་དག་གི་བསླད་ཡོད་མེད་ཀྱི་ཁྱད་པར་རོ༔

གཉིས་པ་རིག་པའི་གནད་ཅོག་བཞག་དངོས་ནི༔ སེམས་ཀྱི་བྱ་བ་སུམ་སྤྲུགས་སུ་བཏང་ལ༔ རྐུན་པོ་ཡུལ་བྱུང་བས་རྒྱལ་པོ་གདན་ས་འཛིན་པའི་གདམས་ངག་ཞེས་བྱ་སྟེ༔ ཤེས་པ་གང་དུ་ཡང་བཟོ་མི་འཆོས་པར་སྔར་བླ་མས་ངོ་སྤྲད་པའི་ཁྲེགས་ཆོད་ཀྱི་ངོ་བོ་སྐྱོང་བའམ༔ བདེ་ཆེན་འཁོར་ལོའི་ཡི་གེ་ལ་གཏད་ཅིང་༔ མིག་འོད་སྣང་ལ་བཟུང་བས་རིག་པ་རང་གནས་མཉམ་པའི་ངང་ལས་མི་གཡོ་བའི་དགོངས་པ་ཁྱད་པར་ཅན་ནོ༔ དེ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་ཡིན་ལ༔ དེའི་མདངས་སུ་སྣང་བ་ཅེར་འཛིན༔ དྲན་པ་འགགས་མེད་གཉིས་དང་༔ རྩལ་དུ་རྣམ་པར་སྒྲོལ་བྱེད་སོགས་དང་༔ གདེངས་སུ་ལུ་གུ་རྒྱུད་ཀྱི་སྣང་བ་འཕྱང་འཕྲུལ་འགྲོ་འོང་གི་རྣམ་པར་འཆར་བ་རྣམས་སོ༔

སྣང་བ་ཅེར་བཞག་ནི༔ དེ་ལྟར་ན་ཕྱི་ཡུལ་དུ་སྣང་བ་བཙན་ཐབས་སུ་འགགས་ཀྱང་༔ མ་མཐོང་བ་ཙམ་ལས་ཤུལ་ན་ཡོད་པར་མི་སེམས་པར་སྣང་སྲིད་གཞིར་བཞེངས་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པའི་ངེས་ཤེས་བརྟན་པོའི་སྒོ་ནས་འོད་སྣང་ལ་སྤུ་རིས་སུ་འཛིན་པ་མི་བྱ་བར་ཅེར་མཐོང་རང་བཞག་དུ་སྒྲོལ་བའི་ཕྱིར་དང་༔ རྒྱ་མཚོ་ཉི་མ་ཅན་ནས་གསེར་གྱི་སྡོང་བོ་གྱེས་པའི་ཡལ་ག་ལ་དཔྱང་པའི་འབྲས་བུ་ངོ་མཚར་ཞིང་ཁམས་ཀྱི་བཀོད་པའི་དབུས་སུ་བརྟན་པོར་གནས་པས་ཀྱང་ངེས་ཚིག་ཅེར་བཞག་དུ་ཐོབ་པའོ༔ གང་ལ་བཞག་པའི་གནས་ནི་གསུམ་ཏེ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་མཐིང་ཀ་ཁྱབ་པ་དང་༔ ལྔ་ལྡན་མཉམ་པ་རླུང་གི་རྒྱལ་མཚན་ལྟ་བུ་དང་༔ ཐིག་ལེ་སྟོང་བའི་སྒྲོན་མ་སྲོག་ཆགས་རྐུན་པོའི་མིག་ལྟ་བུའི་གོ་རར་དུ་སྔར་བཤད་པའི་རིག་གདངས་ཨར་ལ་གཏད་པ་སྟེ༔ གསུམ་པོ་རེ་རེ་ལ་གནད་དུ་གཡས་གཡོན་སྟེང་འོག་དབུས་རྣམས་སུ་གང་ལ་རྒྱ་ཆེན་མཉམ་པར་འཆར་བའི་སར་འཁྲིད་པ་དང་༔ ཐིག་ལེའི་གནད་གཏེམ་པ་དང་༔ རིག་པའི་གནད་ཨར་ལ་གཏད་པ་དང་༔ གོམས་པའི་བརྟགས་པ་ལ་སོགས་པའི་སྒོ་ནས་ཉམས་སུ་བླང་བའོ༔

གཉིས་པ་དེ་ཉིད་རྒྱུན་བྱེད་རྣམ་པ་བཞིའི་དོན་ལྟར་ཉམས་སུ་ལེན་པ་ནི༔ ཆོས་སྐུ་ཆོས་ཉིད༔ ལོངས་སྐུ་ཡེ་ཤེས༔ སྤྲུལ་སྐུ་ཤེས་རབ་ཀྱི་སྤྱན་རྣམས་ཀྱིས་རིམ་པར༔ དངོས་དང་རང་གསལ་སྒྲ་ཚིག་དང་བྲལ་བར་མངོན་དུ་མཛད་པའི་བྱིན་རླབས་འཇུག་པའི་ལྟ་སྟངས་གསུམ་གྱིས་བག་ཆགས་ཐུར་ལ་སེལ༔ འཁོར་འདས་རོ་མཉམ་དུ་བསྲེ་ཞིང་༔ ཡེ་ཤེས་དངོས་སུ་འབེབས་པའི་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟས་པས་སྤྱན་ལྔའི་དེ་ཉིད་དང་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཐོབ་པའི་ཕྱིར༔ དེའི་གྲོགས་སུ་ལུས་རི་བོ་ཅོག་བཞག་གི་དྲང་བོ་བཞི་ལྡན་གྱིས་རྒྱང་ཞགས་མི་འགུལ་བའི་གཞི་བྱས༔ དེ་མ་འགུལ་བས་དབྱིངས་རིག་གཡོ་མེད་ཀྱི་བཞག་ཐབས་གཉིས་ཀྱིས་མི་གཡོ་བའི་སྲོག་དུས་གཅིག་དུ་ཟིན་པ་དང་༔ གཞིའི་དབྱིངས་རིག་གི་ཀློང་ནས་ཡིད་ཆེས་མངོན་སུམ་པའི་གདེངས་ཀྱི་ལྟ་བའི་མཐོང་བ་ཆུ་བུར་དང་ཤེས་རབ་ཀྱི་སྤྱན་ལ་མངོན་སུམ་དུ་བརྟོལ་བས་རྒྱ་མཚོ་ཀློང་རྡོལ་གྱི་མཚན་དོན་དང་འབྲེལ་བའམ༔ ཡེ་ཤེས་མཁའ་གསལ་གྱི་དགོངས་པ་ཞེས་ཀྱང་བྱ་སྟེ༔ དེ་ཡང་དབྱིངས་ཀྱི་གོ་རར་ལུག་རྒྱུད་ཤར་བ་ཉིད་འབྱེད་པའི་ཤེས་རབ་དུ་མ་འགགས་ཀྱང་༔ གཟུང་འཛིན་སྙེམས་བྱེད་ཀྱིས་མི་གཡོ་བར་བཞག་པ་དང་༔ གདེངས་ལུག་རྒྱུད་ཀྱི་སྐུ་ལ་འདར་བའམ་འགུལ་འཁྲིགས་མེད་པར་བསྐྱིལ་ཞིང་ཉམས་སུ་བླངས་པ་དང་༔ དག་གྲོལ་ངེས་འབྱིན་གྱི་སྒྲོགས་གཉིས་སྣང་གི་ཞེན་པས་མ་བཅིང་བར་དུས་བཞི་འབྲལ་མེད་དུ་ཉམས་བསྐྱང་བ་དང་༔ རང་ཆས་ལྷུན་གྲུབ་ཀྱི་འབྲས་བུ་རྟོགས་པའི་གདེང་གིས་འགྲོ་བ་སྟེ༔ ལྟ་བསྒོམ་སྤྱོད་འབྲས་རྒྱུན་དུ་བྱེད་པའི་རྣལ་འབྱོར་བཞི་ལ༔ གོལ་ས་བཅུ་གཉིས་ཀྱི་སྐྱོན་གྱིས་མ་གོས་པར་ཉམས་སུ་བླངས་པར་བྱའོ༔

བཞི་པ་ཉི་ཟླ་ཁད་མཉམ་གྱི་དགོངས་པས་སྤྱོད་པའི་གྲོགས་བཙལ་བ་ནི་མཉམ་རྗེས་གཉིས་ལས༔ དང་པོ་ནི༔ མི་འགུལ་བ་གསུམ་ལ་གཞི་བཅའ་བ༔ སྡོད་པ་གསུམ་གྱི་ཚད་བཟུང་བ་གཉིས་ལས༔ དང་པོ་ལ༔ ལུས་ཀྱི་མི་འགུལ་བ་བཞུགས་སྟངས་གསུམ་དང་༔ སྒོས་མི་འགུལ་གཟིགས་སྟངས་གསུམ་དང་བཅས་པ་ནི་སྔར་བཤད་ཟིན་ལ༔ གཅུད་པ་དེམ་གྱི་མི་འགུལ་བ་གསུམ་ནི༔ ཡན་ལག་བཅུད་པས་རླུང་ལྔ་དབང་དུ་འདུས་ཤིང་འགྲོ་དྲུག་གི་འཁྲུལ་འཁོར་དང་སོར་མོའི་ཚིགས་རྣམས་བསྐུམས་པས་ལུས་གཡོ་རྩོལ་ལ་ཞེན་པའི་བྱ་བ་འཇིག༔ སྐབས་སུ་འོད་རྩ་གཏེམ་པས་དག་སྣང་བདེ་ལུགས་སུ་འཆར་རོ༔ ལུས་ཀྱི་གཅུད་པ་སོར་བཞག་གིས་ཁམས་གསུམ་མིང་མེད་དུ་སྟོང་༔ ངག་གི་སྨྲ་པ་ལ་མི་གནས་པས་འགྲོ་དྲུག་ཐ་མལ་ཆགས་སྡང་གི་གཞི་སྟོང་༔ ཚིག་གི་བརྗོད་པ་སྤངས་པས་ངག་རང་བྱུང་ཡེ་ཤེས་སུ་འཆར་ཞིང་༔ རང་གི་བརྗོད་པ་སྤངས་པས་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེའོ༔ སེམས་དབྱིངས་རིག་གི་འབེན་ལ་གཏད་པས་སངས་རྒྱས་ཀྱི་དགོངས་པ་ཟིན༔ རིག་པ་བཙོན་དུ་བཟུང་བས་གནས་ལུགས་གཞན་དུ་མི་འཚོལ༔ རང་གདངས་དང་མ་བྲལ་བས་སྣང་བཞི་ཚད་དུ་ཕྱིན་པའོ༔

གཉིས་པ་སྡོད་པ་གསུམ་ནི༔ ལུས་བྱ་བ་ལ་མི་གནས་པས་འཁོར་བའི་རླུང་སེམས་རྒྱུན་ཆད༔ སེམས་གཡོ་མེད་དུ་སྡོད་པས་བག་ཆགས་ཀྱི་གཞི་སྟོངས༔ སྣང་བ་ལ་འཛིན་མེད་དུ་སྡོད་པས་སངས་རྒྱས་ཀྱི་དག་སྣང་དང་ཡེ་ཤེས་གཉིས་འཛིན་ཟད་པའི་དགོངས་པ་ལ་རང་བྱན་ཚུད་པའོ༔ གཉིས་པ་རྗེས་ཐོབ་ཀྱི་སྤྱོད་པ་ནི༔ དང་པོའི་ལས་ཅན་གྱིས་བརྟུལ་ཞུགས་འཁོར་འདས་རུ་ཤན་དབྱེ་བ་དང་༔ བར་དུ་ཆོས་སྤྱོད་བཅུ་སོགས་དང་སྦྲེལ་ཏེ་ཉམས་སུ་ལེན་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་དང་༔ ཐ་མ་ཡེ་ཤེས་འཁོར་ལོར་རོ་གཅིག་མཉམ་རྗེས་དབྱེར་མེད་པར༔ འོད་གསལ་འབའ་ཞིག་ལ་དབྱེ་བསལ་མེད་པའི་སྤྱོད་པའོ༔ དེ་དག་ནི་བར་བ་ལས་བཟུང་སྟེ༔ ཉི་མ་ལྟ་བུའི་ཤེས་རབ་ཡེ་ཤེས་གཙོ་བོར་བྱེད་པའི་མཉམ་བཞག་ཉིད༔ ཟླ་བ་ལྟ་བུའི་ཐབས་གཙོ་བོར་བྱེད་པའི་རྗེས་ཐོབ་གཉིས་ཁད་མཉམ་དུ་སྤྱོད་པས་ངེས་ཚིག་དེ་ལྟར་ཐོབ་པོ༔

ལྔ་པ་ཐིག་ལེ་མཐོང་བརྟོལ་གྱི་དགོངས་པ་ནི༔ ལམ་དང་འབྲས་བུའི་འཆར་ཚུལ་གྱི་རིམ་པ་གཉིས་ལས༔ དང་པོ་ལ་བཞི་སྟེ༔ ཆོས་ཉིད་མངོན་སུམ༔ ཉམས་གོང་འཕེལ༔ རིག་པ་ཚད་ཕེབས༔ ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ གཤིས་དོན་དམ་པའི་ཆོས༵་ཀྱི་ངོ་བོ་བཅོས་བསླད་མེད་པ་ཉིད༵་དབང་པོ་ལ་མངོ༵ན་དུ་སྒོ་ཡུལ་རླུང་གི་གནད་གསུམ༵་ལ་བརྟེན་ནས་ཅེར་གྱིས་མཐོང་བའི་ངེས་ཚིག་དང་ལྡན་པའི་ཕྱིར༔ དེ་བཤད་པ་ནི་སྤྲུལ་སྐུའི་བཞུགས་སྟངས་དང་གཟིགས་སྟངས་གསུམ་སོགས་ཀྱི་སྒོ་ནས་ཉམས་སུ་བླངས་བས་དབྱིངས་སྣང་འཇའ་འོད་ཀྱི་ནང་དུ་ཐིག་ལེ་དང་ཐིག་ཕྲན་གསུམ་འབྲེལ་དུ་འཆར༔ སྟོང་སྒྲོན་ཡང་རེས་སྣང་རེས་མི་སྣང་བ་མ་ཡིན་པར་བྱི་ལའི་མིག་ལྟར་གཡོ་འགུལ་མེད་པར་གནས་པའི་ཚེ་རྡོ་རྗེ་ལུག་རྒྱུད་གསེར་སྐུད་ལྟ་བུ་ཤ་ར་ཎ་དལ་གྱིས་འགྲོ་བ་ལྟ་བུ་དང་༔ གཟུང་རྟོག་རང་སར་གྲོལ་བ་དང་༔ ཐོས་བསམ་འཇུག་བྱེད་ཀྱི་ཤེས་རབ་ཁྱད་པར་ཅན་འཆར་བ་ཡིན་ཏེ༔ ནམ་མཁའ་སྟོང་པ་ལ་བལྟས་ན་དབྱིངས་སྣང་ཡར་མཚམས་ལས་ཕྲལ་བ་ཡིན་ཏེ༔ དེ་དུས་སུ་ཡོན་ཏན་ནི་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་འདུག་སྟངས་ནས་འགུལ་བ་མི་འདོད་པ་དང་༔ ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་ལྟ་བུར་སྨྲ་བརྗོད་དང་བྲལ༔ སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར་རིག་པ་འོད་གསལ་དང་འདྲེས་ནས་རྟོག་པ་བྲི་བ་རྣམས་ནི་ལུས་ལ་བུམ་དབང་གི་ནུསཔ་ཞུགས་པའི་རྟགས་ཡིན་ཏེ༔ ཡོན་ཏན་ནི་བསྟན་བུ་ལས༔ འདི་ལྟར་སུ་ཡིས་མཐོང་བའི་མི༔ ཐོག་མའི་ཀུན་ཏུ་བཟང་པོ་དང་༔ སྐལ་པ་ཉིད་ནི་མཉམ་པའོ༔ ཞེས་སོ༔

གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ དབྱིངས་འོད་ལྔའི་སྣང་བ་དང་༔ ཐིག་ལེ་སྟོང་སྒྲོན་ལྔ་ཚོམ་གྱི་རྣམ་པར་སྣང་ཞིང་༔ དབྱིངས་གྱེན་འགྲེང་དང་རྩིབ་ཤར་དང་ཟླུམ་འཁྲིགས་པདྨ་མདའ་མདུང་གི་རྩེ་མོ་ལྟ་བུ་དང་༔ རེ་ལྡེ་གྲུ་ཆད་སོགས་ཀྱི་རྣམ་པར་སྣང་ཞིང་༔ དེ་ནས་ཡུལ་རི་ཙམ་དུ་རྒྱ་ཆེ་བ་དང་༔ རེས་མིག་མང་རིས་སུ་བྲིས་པ་ལྟ་བུ༔ ཟ་འོག་བེར་ཁྱིམ་ལྟ་བུ༔ དབྱིངས་སྣང་མེ་ལོང་ལྟ་བུའི་ཐིག་ལེས་བརྒྱན་པའི་རྭ་བར་མུ་ཁྱུད་དུ་གནས་ཤིང་འཛིན་རྟོག་དབྱིངས་སུ་ནུབ་པ་དང་༔ ལུ་གུ་རྒྱུད་ཀྱང་བུང་བ་མེ་ཏོག་ལ་འཁོར་བ་ལྟ་བུ་ཞིག་ཡོད་དེ་དེ་ནི་སྣང་ཉམས་སོ༔ ཤེས་ཉམས་ནི་བདེ་གསལ་མི་རྟོག་སྟོང་རྩུབ་ཀྱིས་སྣང་བ་དག་གོ༔ མཐར་འགྱུར་ནི་རྟགས་བཅུའི་སྟོང་གཟུགས་ལ་སོགས་པའོ༔ འཁྲུལ་སྣང་ཟད་ཅིང་༔ དག་སྣང་གོང་དུ་འཕེལ་བས་མཚན་ཉམས་གོང་འཕེལ་ཟེར་རོ༔ དེ་ལ་གསང་དབང་གི་ནུས་པ་སྒོ་གསུམ་ལ་ཐེབ་པས་ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་སྒེག་ཆོས་ངོ་ཚ་དང་བྲལ་བ༔ ངག་སྨྱོན་པའི་རང་ཚིག་རྡོལ་བ་ལྟ་བུ༔ སེམས་རྟོག་པ་གཏད་ཡལ་དུ་དྭངས་བ་ཆུ་ཆད་པའི་རང་ཐག་ལྟ་བུ་སྟེ་འཇུག་ཤེས་རགས་པ་དབྱིངས་སུ་དག༔ གསུམ་པ་རིག་པ་ཚད་ཕེབས་ནི༔ དབྱིངས་སྣང་ཡུལ་གྲུ་ལྟ་བུའི་དབུས་སུ་ཐིག་ལེ་ལྔ་ཚོམ་གྱི་དཀྱིལ་དུ་དང་པོ་སྐུ་ཡར་ཕྱེད་གདོང་ཕྱེད་ནས་རྒྱན་རྫོགས་པ་དང་༔ འཁོར་རིགས་ཆུང་ལྔ་དང་བཅས་ཏེ་འཆར་བ་དང་༔ ལུག་རྒྱུད་ཁ་དོག་ལྔ་ལྡན་ཤར་ནས་དཀྲིག་གེར་གནས་པ་དང་༔ དེ་ཙམ་ན་ཞིང་ཁམས་ཚད་ལ་ཕེབས་ནས་དཀྱིལ་འཁོར་ཡོངས་སུ་རྫོགས༔ དབང་བཞིའི་ནུས་པས་ལུས་རི་བྲག་ལ་ཐོགས་པ་མེད༔ ངག་ཆོས་ཀྱི་ཚིག་གཞན་སྣང་བསྒྱུར་བའི་ཚངས་པའི་དབྱིངས་སུ་དག༔ སེམས་ཉོན་ཡིད་དབྱིངས་སུ་དག་ནས་རྟོག་པའི་འཕྲོ་འདུ་ཆད༔ ཀུན་གཞིའི་རྣམ་ཤེས་ཀྱང་རགས་པ་རེས་འགའ་བ་དང་ཕྲ་བ་རྒྱུན་ཆགས་སུ་གནས་པའོ༔ ལུས་འོད་དུ་དྭངས་ཤིང་ས་རྡོའི་སྣང་བ་ལ་རིག་པ་གཏད་པས་ཞུ་ནུས་ཤིང་༔ བེམ་པོ་ལ་གཏད་པས་འགུལ་ཞིང་སྐད་འབྱིན་པ་དང་༔ དང་པོ་ཕྱི་ནང་གཉིས་ཀྱི་རགས་པ་ཟད་པས་ནང་གི་རླུང་སེམས་ཚད་ལ་ཕེབས༔ རླུང་གི་ཡོན་ཏན་རྫུ་འཕྲུལ་མང་པོ་འགྲུབ༔ སེམས་ལ་དབང་བས་རིག་པ་གར་གཏད་དུ་ཚུད་རྟགས་བེམ་པོ་འགུལ་བ་དང་༔ ཉོན་མོངས་མེད་པ་དང་༔ ཟས་གོས་མི་དགོས་པ་རྣམས་འབྱུང་ཞིང་༔ སྙིང་ནང་དུ་ཨའི་མཚན་པ་ལས་འོད་ཟེར་དུང་ཁང་གི་ཁྲོ་བོར་སྦྲེལ་མར་གསལ་ཞིང་བ་སྤུའི་ཁུང་བུ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་སུ་སྣང་ཞིང་༔ སྙིང་ཀའི་འོད་ཀྱི་ཐག་པ་སངས་རྒྱས་རྣམས་ཀྱི་ཐུགས་ཀར་སྦྲེལ་བ་དང་ལག་སོར་འོད་གྱི་དྲྭ་བས་དཀྲིས་པ་དང་༔ ཐོར་ཚུགས་རླུང་གིས་འདེགས་པའི་གོ་བར་ནས་ཁྲོ་བོའི་འོད་ཟེར་སྙིང་ལ་གཟེས་པར་སྣང་བ་དང་༔ རྟགས་དེ་རྣམས་འབྱུང་སྟེ༔ ཐལ་འགྱུར་ལས༔ ཚད་ཕེབས་ལུས་ཀྱང་འདི་བཞིན་འགྱུར༔ སོ་སོའི་ལུས་ཀྱི་རྡུལ་ཕྲན་ནས༔ བར་སྣང་འོད་ཀྱི་སྐར་ཁུང་སྣང་༔ དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཁྲིལ་ཞིང་ལྡེམ་པའི་སྣང་བ་འཛིན༔ ལུས་ཀྱི་རྡོས་པ་རང་འགགས་ནས༔ ཟང་ཐལ་དྲི་མེད་འོད་ཀྱི་ལུས༔ དབུས་ན་ཨཿཡིས་མཚན་པ་ཅན༔ མཛོད་སྤུ་འོད་ཟེར་འདོམ་གང་ཚད༔ ཐོར་གཙུགས་རླུང་གིས་འདེགས་པར་སྣང་༔ ཞི་སྐུ་ལག་པའི་སོར་མོ་རྣམས༔ འོད་ཟེར་ཕྲེང་བ་རྣམ་པར་འཁྲིགས༔ སྒྲ་མེད་སེམས་ཀྱི་སྤྱོད་པ་སྟེ༔ མགོ་བོ་ཐོད་པའི་གཞལ་ཡས་ནས༔ ཧེ་རུ་ཀ་རྣམས་མངོན་པར་འབྱུང་༔ འདི་དུས་རང་ལུས་ཚད་ལ་ཕེབས༔ ཟང་ཐལ་སྐུ་གསུམ་གཅིག་དྲིལ་བའོ༔ ཞེས་རང་ངོས་ནས་མཚན་དཔེ་ཡོངས་སུ་རྫོགས་པ་ཐོབ་པའོ༔

བཞི་པ་ཆོས་ཉིད་ཟད་པ་ནི༔ ཕྱི་ལུས་ཀྱི་འབྱུང་བ་ཟད་དེ་ཕྱི་གསལ་ལོངས་སྐུའི་བཀོད་པའང་རྫོགས༔ རླུང་ཟད་པས་སེམས་ཀྱི་འཁྲུལ་རྟོག་ཀུན་གཞིའི་རྣམ་རྟོག་ཕྲ་བ་ཡང་ཆད༔ མ་རིག་བག་ཆགས་ཀྱི་ས་ཟད༔ འཁོར་བའི་རྒྱུ་འབྲས་ལ་དོགས་པ་མེད་པའི་གདེངས་གཉིས༔ མྱང་འདས་ཀྱི་རྒྱུ་འབྲས་ལ་རེ་བ་མེད་པའི་གདེངས་གཉིས་དང་བཞི་ཐོབ༔ སྐྱེ་བ་ལ་རང་དབང་ཐོབ་ནས་སེམས་ཅན་སུམ་སྟོང་ལ་སེམས་གཏད་པ་ཙམ་གྱིས་གྲོལ༔ འཇུག་པ་རང་དབང་ཐོབ་པས་བྱིན་གྱིས་བརླབ་པའི་བཀའ་དང་༔ འོད་ཟེར་བཀྱེ་འདུན་གྱི་རྩེ་ལས་ཡི་གེའི་ཕྲེང་བའི་འགྲོ་འདུལ་གྱི་སྤྲུལ་སྐུ་གྲངས་མེད་པའི་ལམ་ནས་སེམས་ཅན་གྱི་དོན་མཛད༔ རྟེན་དེས་འགྲོ་དོན་མི་མཛད་ན་ལག་སོར་འོད་ཀྱི་དྲ་བ་ལ་གཏད་པའི་སྐད་ཅིག་གིས་ནང་དབྱིངས་གདོད་མའི་ས་ལ་འཇུག་གོ༔ དེ་དུས་ལུས་གཤེད་མ་བརྒྱས་བསྐོར་ཀྱང་ཉམས་མི་ང་བ་དང་༔ ངག་གཞན་གྱི་རྗེས་སུ་ཟློ་བ་དང་༔ སེམས་དང་སེམས་བྱུང་གི་རྟོག་པ་དབྱིངས་སུ་ནུབ་པའོ༔ དེ་ལྟ་བུའི་སྣང་བ་བཞི་པོ་འདི་དག་ལས༔ མངོན་སུམ་ནི་གདེངས་ལམ་དུ་བྱེད་པ་སྟེ་སྤྲུལ་སྐུ་དང་༔ གོང་འཕེལ་ནི་གདེངས་ལམ་དུ་བྱེད་པས་ཕྱེད་སྤྲུལ་དང་༔ ཚད་ཕེབས་ནི་གཞི་སྣང་ལྷུན་གྲུབ་ལམ་དུ་བྱེད་པས་ལོངས་སྐུ་དང་༔ ཆོས་ཟད་ནི་ཀ་དག་སྤྲོས་བྲལ་ལམ་དུ་བྱེད་པས་ཆོས་སྐུའི་ཉམས་ལེན་ཏེ་སྣང་བཞི་ལུགས་འབྱུང་༔ སྐུ་གསུམ་ལུགས་ཟློག་ལམ་དུ་སྣང་བའོ༔ ཡང་རིམ་པ་བཞིན་ཚོགས་སྦྱོར་དང་༔ མཐོང་ལམ་དང་༔ བསྒོམ་ལམ་དང་༔ མི་སློབ་པའི་ལམ་བཞི་དང་༔ རྣམ་སྨིན༔ ཚེ་དབང་༔ ཕྱག་ཆེན༔ ལྷུན་གྲུབ་ཀྱི་རིག་འཛིན་ནམ་བྱ་བ་རྫོགས་པའི་སྤྲུལ་སྐུ་དང་བསོད་ནམས་བསགས་པའི་ཆོས་སྐུ་ཐོབ་པའོ༔ ཡང་བར་དོ་བཞི་དང་སྦྱར་ན༔ མངོན་སུམ་ནི་སྲིད་པ་བར་དོའི་གཡང་ས་མི་མཐོང་བའི་རང་བཞིན་སྤྲུལ་སྐུར་དབུགས་དབྱུངས་ཤིང་༔ གོང་འཕེལ་ཡེ་ཤེས་བཞི་སྦྱོར་ལམ་དུ་བྱེད་པའི་ལོངས་སྐུར་དང་༔ ཚད་ཕེབས་ཟུང་འཇུག་ལམ་དུ་བྱེད་པའི་ལོངས་སྐུའི་ལོངས་སྐུ་དང་༔ བློ་འདས་ཆོས་སྐུའི་ངོ་བོའི་གདེངས་ལམ་དུ་གྱུར་པས་ལོངས་སྐུའི་ཆོས་སྐུ་དང་བཅས་པར་སངས་རྒྱས་པ་དང་༔ དེ་དང་བསྟུན་པའི་གྲོལ་ལུགས་ཀྱང་བཅོ་ལྔའི་ཉི་ཟླ་ཤར་ནུབ་དང་༔ བུམ་པ་ཆག་པའི་ནམ་མཁའ་དང་ན་བུན་ལྟར་གྲོལ་བ་སྣང་བ་གོང་མ་གསུམ་གྱི་དང་༔ མངོན་སུམ་ལ་ཞིང་ལྔར་དབུགས་འབྱུང་བའོ༔

ཞར་ལ་ཚད་རྨི་ལམ་གྱི་འཛིན་པ་དང་༔ བར་ཆད་དབྱིངས་སུ་བསལ་བ་དང་༔ ངེས་པ་དོན་གྱི་རྟགས་འཆར་ཚུལ་གསུམ་ལས༔ དང་པོ་ནི༔ རབ་ལ་རྨི་ལམ་འགགས་ནས་འོད་གསལ་འཁོར་ཡུག་ཏུ་འདྲེས་པར་འགྱུར་པའོ༔ འབྲིང་ལ་རྨི་ལམ་རྨི་ལམ་དུ་ཟིན་ནས་སྤྲུལ་བསྒྱུར་གོམས་པ་ལ་སོགས་པ་དང་༔ ཐ་མ་ལ་ངན་པ་རྒྱུན་ཆད་པར་གྱུར་ནས་བཟང་བོ་ཤ་སྟག་རྨི་བ་དེ༔ རིམ་པ་བཞིན་བར་དོ་དང་པོ་དང་༔ ཟུང་འཇུག་དང་༔ རང་བཞིན་སྤྲུལ་སྐུར་གྲོལ་བའི་ཚད་ཡིན་ནོ༔

གཉིས་པ་ནི༔ ལུས་སྣ་ཚོགས་སུ་སྣང་བ་དང་༔ ཁ་དོག་སྣ་ཚོགས་དང་༔ གྲིབ་མ་ཉིས་བརྩེགས་དང་༔ གཞན་སེམས་ཤེས་པ་དག་དང་༔ བདུད་ཡི་དམ་དུ་བརྫུ་བ་སོགས་སླུ་བྱེད་དང་༔ མཁའ་འགྲོ་མ་ལུང་སྟོན་པ་དང་༔ ཏིང་འཛིན་བློ་བུར་དུ་སྐྱེས་པ་དང་༔ ནམ་མཁའ་ལ་ལྷ་སྐུ་འོད་དང་བཅས་པ་འཆར་བ༔ བགེགས་བསྐྲད༔ བསྲུང་འཁོར་བསྒོམ༔ ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་ལ་མཉམ་པར་འཇོག་པ་ཁོ་ནས་སེལ་ལོ༔ དེ་ལས་གཞན་དུ་འབྱུང་བས་མི་གནོད་པའི་རྟགས་བཅུ་དང་༔ སྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད་གཞན་དོན་འབའ་ཞིག་དུ་འགྱུར་བ་དང་༔ སྤྱན་དང་མངོན་ཤེས་འཆར་བ་དང་༔ སྙིང་རྗེ་བྱང་སེམས་འབྱོང་པ་དང་༔ ཏིང་འཛིན་ལོ་ཟླར་བརྟན་པ་དང་༔ ཤེས་པ་གར་གཏད་དུ་འདྲོང་བ་སོགས་འབྱུང་བ་གང་ལའང་ཞེན་པ་མེད་པ་འབའ་ཞིག་གིས་སྐྱོན་ཀུན་དག་ཅིང་ཡོན་ཏན་མཐར་འཁྱོལ་བའོ༔

གསུམ་པ་ནི༔ ཡང་ཕྱིའིསྣང་བ་སྟོང་བ་རྐྱེན་ངན་གྲོགས་སུ་འཆར༔ སྣང་བ་ལ་རང་དབང་ཐོབ་པ་རྐྱེན་སྣང་ཞིང་ཁམས་སུ་འཆར༔ ནང་ཕུང་པོ་ལ་རང་དབང་ཐོབ་པས་ཕུང་པོ་འོད་གསལ་དུ་དག༔ གསང་བ་རླུང་སེམས་དང་འོད་གསལ་ལ་རང་དབང་ཐོབ་པས་འཁྲུལ་བའི་ཀུན་རྟོག་ཆོས་དབྱིངས་སུ་ནུབ་སྟེ་རྒྱུན་གྱི་ཏིང་འཛིན་སོགས་ཐོབ་པ་ནི་མི་འགྱུར་གསང་བའི་རྟགས་ཡིན་པས་ན༔ དེ་དག་ནི་ལམ་འགྱུར་གྱི་འབྲས་བུ་སྟེ༔ ཐི༵ག་ལེ༵འི་མཐོ༵ང་བ་ཇེ་བཟང་དུ་བརྟོལ༵་བའམ་བསྒོམ་པའི་སྟོབས་ཀྱིས་མངོན་དུ་གྱུར་རིམ་ལས་མཚན་དོན་དུ་ཐོབ་ལ༔ དེ་ལས་བོག་དབྱུང་དུ་མེད་པའི་སྤྲོས་བྲལ་ཐི༵ག་ལེ༵་ཆེན་པོའི་མཐོ༵ང་བ་ཡང་དག་པ་སྤངས་རྟོགས་ལ་དབང་བསྒྱུར་བའམ་མངོན་དུ་གྱུར་བས་རང་རིག་ཏུ་བརྟོལ༵་བའོ༔

གཉིས་པ་མཐར་ཐུག་གི་འབྲས་བུ་ནི༔ དེ་ལྟར་སྣང་བཞི་མཐར་ཕྱིན་ནས༔ རབ་ཟླ་བ་གཅིག༔ འབྲིང་གསུམ༔ ཐ་མ་བདུན་དང་ཞག་བཅུ་གཅིག་ན་ཁྱད་ཆོས་དྲུག་གི་སྒོ་ནས་གཞོན་ནུ་བུམ་པའི་སྐུར་གྲོལ་ནས་སངས་རྒྱས་ཀུན་ཏུ་བཟང་པོ་དང་དབྱེར་མེད་པར་སྐུ་གསུམ་ཡེ་ཤེས་ལྔ་ལྡན་མཛད་པ་ཕྲིན་ལས་དང་བཅས་པའི་མངའ་དབང་རྫོགས་པར་ཐོབ་པའི་ཚུལ་རྒྱས་པར་གཞུང་གི་འབྲས་བུ་དང་ཁྲེགས་ཆོད་ཀྱི་སྐབས་ལྟར་ལ༔ ལར་དགོངས་ཀློང་ལྔའི་ལམ་འདིའི་རང་རྐང་གིས་ཀྱང་རབ་ལོ་གསུམ༔ ཟླ་བ་གསུམ༔ ཞག་གསུམ༔ འབྲིང་ལོ་ཟླ་ཞག་ལྔ་དང་༔ ཐ་ན་བདུན་བདུན་གྱིས་འཇའ་ལུས་འཕོ་བ་ཆེན་པོ་གདོན་མི་ཟ་བར་ཐོབ་པ་ནི་པདྨ་ཀ་ར་ངའི་གཏན་ཚིག་གོ༔ དེ་དག་ཀྱང་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས༔ རྒྱ་མཚོ་ཀློང་བརྟོལ་གྱི་དགོངས་པ་ན༔ རི་རབ་ཀྱི་མགུལ་ནས་ཉི་མ་ཤར་བ་ལྟ་བུའོ༔ ཉི་ཟླ་ཁད་མཉམ་གྱི་དགོངས་པ་ནི༔ ཉི་མ་དང་ཟླ་བ་སྙམས་པར་བརྡལ་ཞིང་དུས་གཅིག་དུ་ཤར་བ་ལྟ་བུའོ༔ ཐིག་ལེ་མཐོང་བརྟོལ་གྱི་དགོངས་པ་ནི༔ རྨ་བྱའི་ཕྲུ་གུ་སྒོང་རྒྱ་ནས་བཏོན་པ་ལྟ་བུ་ཞེས་པའི་དོན་ཏོ༔ གཞན་ཡང་གཉིད་འོད་གསལ་དུ་སྦ་བ་དང་༔ དབང་པོ་གནད་དུ་བསྡུ་བ་དང་༔ ཐོ་རངས་འབྱུང་ཁམས་དག་སྦྱོར་དང་༔ བར་སྐབས་སུ་འཆི་བ་སྦྱང་བ་བཅས་པ་རྣམས་འོད་གསལ་སྣང་སྟོང་ཐུན་མོང་གི་བསྒོམ་པ་ཉིན་མཚན་ཁ་སྦྱོར་དུ་བྱེད་པའི་ཐབས་མཁས་ཀྱི་འཕྲུལ་གསང་ཡིན་པས་ཀལ་པ་དུམ་བུ་ལས་ཤེས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་འོད་གསལ་བླ་ན་མེད་པ་ཡི༔ ངོ་བོ་གདེངས་དང་ཡོན་ཏན་རྩལ་རྫོགས་པ༔ མཐར་ཐུག་དོན་གྱི་ངེས་པའི་སྙིང་པོ་འདི༔ སངས་རྒྱས་ཀུན་གྱི་དགོངས་པ་རྨད་དུ་བྱུང་༔ གཞི་དང་སྙིང་པོའི་མེ་ཏོག་བཅུད་ཀྱི་རྒྱུད༔ གང་གིས་འདི་མཐོང་སྲིད་པ་ཐ་མ་སྟེ༔ རྫོགས་ལྡན་ཆེན་པོའི་བར་དོ་ཤར་བ་ན༔ སྐད་ཅིག་གསུམ་ལ་སྤྲུལ་པ་འབྱིན་པར་ངེས༔ ཆེ་བའི་ཡོན་ཏན་བཅུ་ཕྲག་གཉིས་ལྡན་པའི༔ བཀའ་འདི་དཀོར་སྲུང་དབང་གི་རྒྱལ་པོ་དང་༔ གནོད་སྦྱིན་དམར་ནག་འཁོར་དང་བཅས་ལ་བཏད༔ དམ་ཉམས་བཀའ་རྐུན་སྒྲོ་སྐུར་མཁན་པོ་ཡི༔ ལག་དུ་མ་བཏང་བཀད་དང་དམ་ཚིག་རྒྱ༔ རང་ཉམས་བཙན་ཐབས་ཆོས་ལ་དཔང་ཟ་བའི༔ སྲོག་དབང་བསྣུབ་ལ་མིག་འབྲས་ཐང་དུ་འཕོང་༔ སྙིང་ཁྲག་དྭངས་མ་རོལ་བའི་དགའ་སྟོན་མཛོད༔ བསྟན་འཛིན་སྐྱེས་བུའི་འགལ་རྐྱེན་དབྱིངས་སུ་སོལ༔ མཐུན་རྐྱེན་འཚོ་བ་སྦྱོར་ལ་ཉམས་མཐར་དབྱུང་༔ དེ་སྐད་རྙིང་སྔགས་རྒན་པོའི་རིགས་སྐྱེས་པ༔ ག་གཱ་ཨ་བྷྱེ་དེ་ཡིས་སྨྲས་ནས་སོང་༔ རྣམ་པར་རིག་པའི་བཟོ་ཡི་སྒྱུ་འཕྲུལ་ནི༔ འགྱུར་མེད་ཚུལ་ཁྲིམས་སྐལ་བར་བབས་པ་ཡི༔ རྣམ་གཡེངས་མེད་པའི་ཡིད་ཀྱིས་གུས་པར་སྦྱར༔ དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་གྲུབ་ཤོག །སརྦ་མངྒ་ལཾ། །


previousམན་ངག་སྒྲོན་མ་སྤུངས་བ།next