Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
   
   
ཁྲེགས་ཐོད་ཐུན་མོང་གི་རུ་ཤན༔ ཞེན་རྟོག་འཁྲུལ་པ་གཞིར་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲེགས་ཐོད་ཐུན་མོང་གི་རུ་ཤན༔ ཞེན་རྟོག་འཁྲུལ་པ་གཞིར་གྲོལ།next

ཁྲེགས་ཐོད་ཐུན་མོང་གི་རུ་ཤན༔ ཞེན་རྟོག་འཁྲུལ་པ་གཞིར་གྲོལ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཁྲེགས་ཐོད་ཐུན་མོང་གི་རུ་ཤན༔ ཞེན་རྟོག་འཁྲུལ་པ་གཞིར་གྲོལ་ཞེས་བྱ་བ་བཞུགས་སོ༔

དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རྩ་བརྒྱུད་བླ་མ་རིན་པོ་ཆེར༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ སྒོ་གསུམ་སྡིག་སྒྲིབ་དག་པ་དང་༔ སྐུ་གསུམ་ས་བོན་ཐེབ་པ་དང་༔ ཁམས་གསུམ་དོང་སྤྲུགས་ནུས་པར་ཤོག༔ ཞེས་པའི་ཚིག་གིས་དབུ་དྲངས་ཏེ་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ་ནི༔ དགོས་པ་ཁྱད་པར་ཅན་དང་ལྡན་པ་སྟེ༔ དཔེར་ན་དགྲ་ཡོད་དམ་སྙམ་དེ་དོགས་པ་ཆེ་བའི་སར༔ སྔོན་ལ་རྐུང་ཉུལ་ནས་ཡོད་ན་གཡུལ་སྤྲད་དེ་རྒྱལ་བར་བྱས་ནས༔ དེའི་རྗེས་ཐོག་ཏུ་མགྲོན་པོ་འཇིགས་པ་མེད་པར་འགྲོ་བ་ལྟར༔ སྔོན་འགྲོ་བྱས་པས་བར་ཆད་ཀྱི་གེགས་སེལ་བ་དང་༔ དངོས་གཞི་ལམ་དུ་འགྲོ་བའི་དོན་ཡོད་པ་དང་༔ ཡང་ས་ལེགས་པར་བསྐོས་ནས་རྨིས་བརྟན་པོ་ལ་གཞི་བཅོལ་ཏེ༔ གདོད་ཁང་པ་བརྩིགས་ནས་ནང་དུ་མི་བསྡད་ཀྱང་འཇིགས་པ་མེད་པ་ལྟར༔ སྔོན་འགྲོའི་གཞི་ལེགས་པར་ཐེངས་བས་དངོས་གཞི་ལ་བར་ཆད་མི་འབྱུང་བ་དང་༔ ཡང་ས་བོན་བཏབ་པས་འབྲས་བུ་སྨིན་པ་ལྟར༔ སྔོན་འགྲོའི་ས་བོན་བཏབ་བས་ཉམས་རྟོགས་ཀྱི་དང་༔ ལམ་དང་འབྲས་བུའི་ལོ་ཏོག་ཐམས་ཅད་སྨིན་པར་འགྱུར་པའི་ཕྱིར་དང་༔ ཡང་དཔེར་ན་རས་ལ་ཚོན་གྱིས་ཁ་དོག་བསྒྱུར་བ་ལ་དྲི་མ་འཁྲུད་དགོས་པ་ལྟར༔ སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་སྣང་ཞེན་ཐམས་ཅད་སྔོན་འགྲོས་དག་པར་བྱེད་ལ༔ ཡང་གསེར་དུ་བསྒྱུར་རྒྱུའི་དངོས་པོ་ལྕགས་དགོས་པ་ལྟར༔ སྔོན་འགྲོའི་གཞི་མེད་པར་དངོས་གཞི་མི་འབྱུང་བའི་ཕྱིར་ཤིན་ཏུ་གལ་ཆེ་བ་དང་༔ དེའི་ཕྱིར་ན་གཞི་ལམ་གྱི་རྣལ་འབྱོར་གང་གི་ཡང་སྔོན་དུ་འགྲོ་དགོས་པས་ལས་རུང་དུ་ཡང་བྱེད་པས༔ དེ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ལ་ཕྱི་ནང་གསང་བའི་རུ་ཤན་དབྱེ་བ་གསུམ་ལས༔

དང་པོ་ལ་ལུས་ངག་ཡིད་གསུམ་གྱི་རུ་ཤན་ཁྲིགས་གཅིག་ཏུ་བྱེད་པ་ལ༔ དབེན་པའི་གནས་སུ་ཕྱིན་ཏེ་དཀར་ཕྱོགས་ལ་སྡོང་གྲོགས་བཅོལ་པ་དང་༔ ནག་ཕྱོགས་ལ་ཀོ་ལོང་སྡོམ་པའི་སླད་དུ་དཀར་དམར་གྱི་གཏོར་མས་བརྔན་ཞིང་༔ དམ་ལོག་ལ་རྔམ་སྟབས་ཀྱིས་ཕྲིན་ལས་དྲག་པོར་སྤྱོད་པས་བསྐྲད་ཅིང་༔ དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མྱུར་དུ་གཞོན་ནུ་བུམ་པའི་སྐུར་བདག་གིས་བསྒྲལ་ཞིང་འདྲེན་པར་བྱ༔ དེའི་ཆེད་དུ་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་ཞིང་འོད་གསལ་ཉམས་ལེན་གྱི་གནད་དུ་བརྩོན་པར་བྱ་སྙམ་དུ་དམ་བཅས༔ དེ་ནས་འཁོར་བའི་བག་ཆགས་སྦྱོང་བ་དང་༔ མྱང་འདས་ཀྱི་རྟེན་འབྲེལ་བསྒྲིགས་པ་གཉིས་ལས༔ དང་པོ་ནི་རང་གི་རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་ནག་པོ་རང་མདོག་བག་ཆགས་ཀྱི་ཐིག་ལེའི་དབུས་སུ་གསལ་བ་ལ་སེམས་བཟུང་ཞིང་༔ སྔར་ཞེ་སྡང་གིས་བསླང་བའི་སྡིག་པ་ཆེ་ཤོས་ཀྱིས་གསོས་བཏབ་པས་འོད་དང་ཐིག་ལེ་ཆེར་འཕེལ་ནས་དམྱལ་བའི་སྣང་བ་བཙན་ཐབས་ཀྱིས་སད་པར་བསམ་ལ༔ མགོ་བོ་ཐུར་དུ་བསྟན༔ ཁ་ནས་ཚ་གྲང་གི་སྨྲེ་སྔགས་འདོན་ཞིང་ལུས་འགྲེ་ལྡོག་བསྒྱུར༔ སྡུག་བསྔལ་རྣམས་མངོན་སུམ་རང་ཐོག་ཏུ་སྨིན་པར་བློ་ཡིས་བླངས་ཏེ་སེམས་སྦྱངས༔ དེ་ནས་ལེགས་པར་སྐྱེས་པ་ན་སྤྱི་བོར་རྩ་བའི་བླ་མ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཚ་དབལ་བསྐལ་པའི་མེ་ཡིས་མི་མཚོན་པས་བསྲེགས་སྦྱངས་བསྟིམས་ཏེ་དེར་ཇེན་པར་བསམ་ལ༔ དེ་ནས་ལུས་ས་བོན་དང་བཅས་པ་དངོས་མེད་དུ་གྱུར་བ་ལ༔ སླར་ཡང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཡིད་ཀྱི་བག་ཆགས་དང་བཅས་པ་བཀྲུས་པར་བསམ་ལ༔ ཐུགས་རྡོ་རྗེའི་སྙིང་པོས་སྣ་དྲངས་བའི་རིགས་ལྔའི་ས་བོན་བཟླས་མཐར་མི་དམིགས་པར་བཞག་པ་རྣམས་ཀྱི་དུས་སུ་འབུམ་ཐེར་གཅིག་བཟླས༔ དེ་ནས་ཡི་དྭགས་ཀྱི་ས་བོན་པྲེ་ཐལ་སྐྱ་གསང་གནས་དང་༔ དུད་འགྲོའི་ས་བོན་ཏྲི་དམར་ནག་ལྟེ་བ༔ མི་ཡི་ས་བོན་ནྲཿ ལྗང་གུ་སྙིང་ཀ༔ ལྷ་མིན་གྱི་ས་བོན་སུཾ་སེར་པོ་མགྲིན་པ༔ ལྷ་ཡི་ས་བོན་ཨ་དཀར་པོ་སྤྱི་བོར་བསྒོམ་ཞིང་༔ རང་མདོག་ཐིག་ལེ་དང་བཅས་པའི་སྟེང་དུ༔ ཉོན་མོངས་པ་སེར་སྣ༔ གཏི་མུག༔ ཁོང་ཁྲོ༔ ཕྲག་དོག༔ ང་རྒྱལ་རྣམས་ཀྱིས་མཚམས་སྦྱར་ཏེ་བསྐལ་མང་སྐད་ཅིག་ལ་གྱུར་ནས༔ གནས་རིས་དེར་སྐྱེ་བར་མོས་ལ༔ ཡི་དྭགས་ཀྱི་ལུས་མགོ་ཐུར་བསྟན༔ དུད་འགྲོ་སྣྲེལ་ཞི༔ མཐི་རིས་གསུམ་གྱེན༔ ཡི་དྭགས་ཀྱི་ངག་སྒྲ་ངན་ལྔ་འདོན་པ་ཆུ་བོ་བྱིང་བའི་སྒྲ་དབྱངས་སུ༔ བྱོལ་སོང་གི་མཁུན་གདུང་༔ མིའི་རང་སྐད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་འོ་དོད༔ ལྷ་མིན་ གྱི་སྐད་འབྲུག་སྒྲ་དང་རྫ་རི་ཆག་ལྡིར་དུ་ཉིལ་བའི་འཐབ་རྩོད་འཆི་འཕོས་སྒྲ་དང་༔ ལྷ་རྒྱུད་མང་སྙན་པའི་དབྱངས་དང་༔ ཀི་བསྭོ་ཆ་སྒྲ་འཕོ་ལྟུང་གི་འོ་དོད་རྣམས་འབོད་པ་དང་༔ སེམས་ཀྱི་ཡི་དྭགས་བཀྲེས་སྐོམ་དང་༔ ཕྱི་ནང་སྒོས་ཁུར་གྱི་སྡུག་བསྔལ༔ དུད་འགྲོ་གླེན་ལྐུགས་འཇིགས་སྐྲག་གཅིག་ལ་གཅིག་ཟ་དང་བཀོལ་སྤྱོད༔ མིའི་སྡུག་བསྔལ་བཅུ་གཅིག༔ ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་རང་ཐོག་ཏུ་སྨིན་པར་བསམ་ཞིང་༔ དེ་དག་གི་སྟངས་སྟབས་སོགས་བསྒྱུར༔ དེ་ནས་སྤྱི་བོར་བླ་མ་རིམ་པ་བཞིན༔ སྣང་མཐའ་དམར་པོ༔ རྣམ་སྣང་དཀར་པོ༔ ཀུན་བཟང་མཐིང་ཀ༔ དོན་གྲུབ་ལྗང་གུ༔ རིན་འབྱུང་སེར་བོ་རྣམས་ཀྱི་ཐུགས་ཀར་ཨཱཾཿཨོཾཿཧཱུྃཿཧཱཿསྭཱཿརྣམས་ལས་རང་མདོག་གི་འོད་ཟེར་འཕྲོས་པས་གནས་དོན་ལུས་གསུམ་ས་བོན་དང་བཅས་པ་བསྲེགས་སྦྱངས་བསྟིམས་ནས་ཇེན་པར་བསམ་ལ༔ རང་རིགས་ཀྱི་གསང་སྔགས་ཀྱིས་དབུ་དྲངས་ཏེ་འབུམ་ཚོ་རེ་དང་༔ དེ་ནས་བར་དོའི་བག་ཆགས་སྦྱངས་ཕྱིར་འབུམ་ཚོ་གཅིག༔ ཡང་ནས་ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་ཨཱཿཞེས་བཟླས་ཀྱང་རུང་ངོ་༔ དེ་ནས་དག་པའི་རྟེན་འབྲེལ་སྒྲིག་པ་ནི༔ བླ་མའི་ཐུགས་ཀའི་འོད་ཟེར་གྱི་རླུང་གིས་རང་སེམས་ཐིག་ལེའི་རྣམ་པར་གནས་པ་ལ་རེག་པའི་མོད་ལ་བཏེག་སྟེ༔ དཔག་ཚད་ལྔ་བརྒྱའི་ཕྱོགས་བཞི་དབུས་དང་ལྔ་རང་བཞིན་སྤྲུལ་པའི་ཞིང་ཁམས་ལྔ་དང་༔ དབུས་ཀྱི་སྟེང་ཕྱོགས་སུ་བཅོམ་ལྡན་འདས་ཀུན་བཟང་ཆོས་སྐུའི་ཞིང་ཁམས་རྣམས་སུ་ཕྱིན་ནས༔ དྲི་བཅས་ཀྱི་རྟེན་གང་གི་རྣམ་པར་བསྐོར་བ་དང་ཕྱག་འཚལ༔ ལག་མཐིལ་ནས་མཆོད་པའི་སྤྲིན་རབ་འབྱམས་སྤྲོས་ཏེ་རིགས་དྲུག་གི་ལྷ་ཚོགས་ལ་མཆོད་ནས་རིམ་པ་བཞིན་དབང་བསྐུར༔ ལུང་བསྟན༔ དབུགས་དབྱུང་༔ གཟེང་བསྟོད་དེ་ཐུགས་ཀར་འཕོས་པས་ཕུང་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་སངས་རྒྱས་པར་བསམ་མོ༔ དེ་དག་གི་དགོས་པ་ནི༔ ཐུན་མོང་དུ་རིགས་དྲུག་གི་བག་ཆགས་དང་སྒོ་གསུམ་གྱི་སྒྲིབ་པ་དག༔ མཆོག་ཏུ་རྫོགས་སྨིན་སྦྱངས་གསུམ་གྱི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔

གཉིས་པ་ནང་ལྟར་རུ་ཤན་དབྱེ་བ་ལ་གསུམ་ལས༔ དང་པོ་ལུས་ཀྱི་རུ་ཤན་དབྱེ་བ་ནི༔ རང་གི་ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་དང་༔ འཁོར་ལོ༔ རིན་ཆེན༔ པདྨ༔ རལ་གྲིའི་ཐུགས་ཀྱི་ཕྱག་རྒྱ་རྣམས་སུ་རེས་མོས་ཀྱིས་འདུག་སྟངས་བྱས་ལ༔ ཕྱག་མཚན་ཕྲ་མོའི་འདུ་འཕྲོ་གྲངས་མེད་པས་རིགས་དྲུག་གི་གནས་རིགས་ཐམས་ཅད་བསིགས་གཏོར་ཐལ་བར་བྱས་ནས༔ འོད་ཀྱི་ཕོ་ཉའི་བཀྱེ་འདུན་ལས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱང་བྱིན་གྱིས་བརླབས་པའི་ཐུགས་དམ་ལ་དགོངས་ནས་ཕྲ་མོ་ལ་ཐིམ་པ་ཚུར་འདུས་བདག་ལ་ཐིམ་པས་ལུས་ཀྱི་འཛིན་རྟོག་དབྱིངས་སུ་དག་ནས་ཐུགས་སྣང་སྟོང་སྣ་ཚོགས་རྡོ་རྗེའི་རིམ་པར་སྨིན་ཅིང་གྲོལ་ནས་སྐུ་གསུམ་གཅིག་འདྲིལ་གྱི་རང་བཞིན་དུ་གྱུར་པར་མོས་ལ་ཅི་ལྕོགས་སུ་གནས་པའི་མཐར༔ ཐུགས་མཚན་ཡོངས་སུ་གྱུར་པ་ལས་རྒྱལ་བ་རིགས་ལྔ་དང་༔ ཐུབ་དྲུག་གི་སྐུ་མཚན་དཔེའི་རང་བཞིན་སོ་སོའི་ཕྱག་རྒྱ་བཅའ་བ་དང་༔ མཉམ་བཞག་སྐྱིལ་ཀྲུང་ཞི་བ་ལ་གནས་པའི་སྤྱོད་པ་རྣམས་བྱ༔ དེའི་ཐུན་མོང་དུ་རིགས་དྲུག་གི་ལུས་རྟོག་ད༵ག་ཅིང་༔ མཆོག་ཏུ་རིགས་ལྔའི་སྐུར་རྫོགས༵་པ་དང་༔ ཚོགས་བརྒྱད་ཡེ་ཤེས་ལྔར་སྨིན༵་པའི་སྤངས་རྟོགས༔ སྣང་བ་བཞིར་སད་པའི་རྟེན་འབྲེལ་དང་༔ ནུས་པ་ཐོབ་པའི་དགོས་པའོ༔

གཉིས་པ་ངག་རུ་ཤན་དབྱེ་བ་ནི༔ རང་གི་གནས་དྲུག་ནས་རིགས་ཀྱི་ཡི་གེ་སོ་སོའམ་རིགས་འདུས་ཧཱུྃ་གི་རྩ་བ་ལས་ཡི་གེ་ཕྲ་མོའི་འདུ་འཕྲོ༔ ཕྱི་སྣང་བ་དང་༔ ནང་རང་ལུས་ཐམས་ཅད་ལ་རྒྱས་གདབས་པས༔ འོད་ཀྱིས་བཞུ་འདུལ་ཡི་གེའི་རྡུལ་སྙེད་བརྩེགས་པའི་རྣམ་པ་ཡིད་བྱེད་ལས་མི་ཡེངས་བར༔ ངག་གིས་ཀྱང་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་ཏེ༔ རླུང་ཡིད་བཟླས་པའམ་དབྱངས་བཟླས་སྙན་ལ་རིང་བར་བྱས་ལ༔ རླུང་སེམས་རིག་པ་གཅིག་དྲིལ་གྱི་ངང་ཚུགས་མ་ཤོར་བར་བྱ་བ་ནི་རྒྱས་གདབ་པའོ༔ ཡང་ཡི་གེ་དྲུག་གམ་ཧཱུྃ་དེ་ཉིད་ལས་རྣོ་མྱུར་ཤུགས་དང་ལྡན་པ་ཡི་གེ་ཕྲ་མོ་གྲངས་མེད་པ་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་དུ་འགྲོ་ཞིང་སྐོར་བ་བྱེད་པ་ཡི་གེའི་མཆོད་སྤྲིན་གྱིས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ་བ་དང་༔ ཚོགས་རྫོགས་ཤིང་ཞིང་སྦྱོང་བའི་རྟེན་འབྲེལ་བསྒྲིགས་ཤིང་༔ ཡང་འགྲོ་བ་རིགས་དྲུག་གི་གནས་རིགས་མཐོང་མ་མཐོང་ཀུན་ཏུ་ཉུལ་ཞིང་སོ་སོའི་སྡུག་བསྔལ་ལས་སྣང་བག་ཆགས་ཐམས་ཅད་ཡི་གེའི་འཕྲོ་འདུས་སྦྱང་བར་བསམ་ཞིང་སེམས་ཅན་སྨིན་པའི་རྟེན་འབྲེལ་བསྒྲིགས༔ ཡང་ཡི་གེ་ཕྲ་མོ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་རང་བཞིན་ཅན་གྲངས་མེད་པ་འཕྲོས་པས་ཁམས་གསུམ་སྣོད་བཅུད་བརྟན་གཡོ་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་འབིགས་ཤིང་༔ དངོས་པོ་ཇེ་ཕྲ་ལ་ཡི་གེ་ཇེ་ཕྲས་དངོས་མེད་དུ་སྦྱངས༔ དེ་ནས་ཧཱུྃ་ཐམས་ཅད་ཚུར་འདུས་དེ་གཅིག་དུ་གྱུར་ནས་ཐུགས་ཀའི་ཧཱུྃ་ལ་བསྡུ་ཞིང་ཤིན་ཏུ་གསལ་བའི་ཡི་གེ་ལ་སེམས་སྦྱངས་བ་དང་༔ མདུན་དུ་ཤིང་བུ་རྡེའུ་བཙུགས་ལ་ཐུགས་ཀའི་ཧཱུྃ་སོགས་ཡི་གེ་ལས་འོད་ཟེར་ཕྲ་མོ་འཕྲོས་པས་དམིགས་རྟེན་ལ་དཀྲིས་ཤིང་རྟེན་གྱི་རྩེར་ཡི་གེ་ལངས་སྟབས་སུ་གནས་པ་ལ་སེམས་བཟུང་༔ ཡང་གཅིག་ཐིམ་གཉིས་ཐིམ་ཐུགས་ཀའི་སྲོག་ལ་ཐིམ་པར་མོས་ཤིང་དེ་ལ་སེམས་བཟུང་༔ དེ་ནས་དེ་དག་ཀུན་ལ་རིགས་དྲུག་གི་སྙིང་པོའམ་ཧཱུྃ་ཡིག་སྙན་ལ་རིང་བར་འདྲེན་ཞིང་སེམས་ཀྱིས་སྦྱང་ངོ་༔ དེ་དག་གི་དགོས་པ་ནི་ཐུན་མོང་དུ་ངག་གི་བག་ཆགས་དང་ཞེན་པ་སྦྱོང་ཞིང་༔ ཁྱད་པར་དུ་རྒྱལ་བའི་གསུང་རྡོ་རྗེ་འགྲུབ་པ་ལ་བར་ཆད་མེད་པར་བྱེད་དོ༔ དེ་ནས་ངག་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་བསྐོར་བའི་འདུན་པས་ཐེག་པ་གསུམ་གྱི་ཆོས་བཤད་བྱའོ༔ དེའི་མཆོག་གི་དགོས་པ་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་འཁོར་བསྐོར་བས་དག་པའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ༔

དེ་ནས་གསུམ་པ་སེམས་སྦྱོང་བ་ནི༔ སྔར་བཤད་པ་ལྟར་བྱུང་གནས་འགྲོ་གསུམ༔ གཟུགས་དབྱིབས་ཁ་དོག༔ ཡོད་མེད་རྟག་ཆད་ལ་སོགས་ཞིབ་པར་དཔྱད་པས་སྐུ་གསུམ་རང་ལས་རྙེད་པ་དེ་ཡིན་ནོ༔ ཡང་ཡོད་མེད་རྟོག་དཔྱོད་དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་བསླང་ཞིང་༔ སྙིང་ནས་བསམ་རྟོག་རང་ཟད་ཀྱི་དགོངས་པ་མ་ཤར་བ་དུ་དཔྱོད་པ་དང་བཅས་པས་ཐུན་མོང་དུ་སེམས་ཀྱི་བག་ཆགས་མ་དག་པ་རྣམས་དག་པར་བྱེད་ཅིང་༔ མཆོག་ལྷག་མཐོང་རྣམ་པར་རྟོག་མེད་ཀྱི་ཡེ་ཤེས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱེད་དོ༔

གསུམ་པ་གསང་པ་ལྟར་རུ་ཤན་དབྱེ་བ་ནི༔ རྣལ་དུ་དབབ་པ་དང་༔ སོར་གཞུག་པ་གཉིས་ལས་དང་པོ་ནི༔ སྔར་རུ་ཤན་བྱས་པས་སྒོ་གསུམ་འཁྲུགས་ཏེ་དགེ་སྦྱོར་ལ་བརྩོན་མི་ནུས་པའི་གེགས་གསལ་བའི་ཕྱིར་བྱ་བ་དགུ་སྤྲུགས་སུ་བཏང་ནས་གནས་པར་བྱའོ༔ དེའི་ཡོན་ཏན་ནི་ལུས་རྣལ་དུ་ཕབ་པས་ཁམས་དང་བྱང་སེམས་རྒྱས་ཤིང་འདུ་འཁྲུགས་མི་འབྱུང་ངག་རྣལ་དུ་ཕབ་པས་བརྗོད་མེད་ཀྱི་དོན་ལ་གནས་ཤིང་ཚིག་གི་རྟོག་དཔྱོད་ཟད༔ སེམས་རྣལ་དུ་ཕབ་པས་དྲན་བསམ་གྱི་གཞི་སྟོང་ནས་གཞི་མེད་རང་གྲོལ་ཆེན་པོ་མངོན་དུ་གྱུར་ནས་རང་བཞིན་གྱི་བསམ་གཏན་བྱིང་རྒོད་དང་བྲལ་བ་གནས་པའི་དགོས་པ་ཡོད་དོ༔

གཉིས་པ་སོར་གཞུག་པ་ནི༔ ཀ་དག་གི་རྟོགས་པ་རྒྱུད་ལ་སྐྱེ་ཞིང་རྟོག་མེད་མཉམ་པ་ཉིད་བཙན་ཐབས་ཀྱིས་འཁྲུངས་པའི་ཕྱིར་ཉན་ཐོས་ཀྱི་ལྟ་སྟངས་ཆོས་བདུན་གཡོ་མེད་ཀྱི་དགོངས་པས་མིག་སྣ་རྩེར་ཕབ༔ དེས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱེད༔ བྱང་སེམས་ཀྱི་ལྟ་སྟངས་མིག་ཧར་བོར་བལྟ་ཞིང་སེམས་གང་དུ་ཡང་མི་རྟོག༔ དེས་རིག་པ་གནས་པ་བརྟན་པར་བྱེད༔ དེ་ནས་ཁྲོ་བོ་དང་ཁྲོ་མོའི་ལྟ་སྟངས་གྱད་ཆེན་པོས་འདོར་ཐབས་སུ་རྐང་པ་བསྒྲད་ཅིང་༔ ཁ་ནས་ཧ་ཧ་ཧི་ཧི་ལ་སོགས་པ་ཁྲོ་བོ་དང་ཁྲོ་མོའི་གད་རྒྱང་བསྒྲགས་ཤིང་༔ སེམས་གང་དུ་ཡང་མི་རྟོག་པར་བཞག༔ དེས་མ་གྲོལ་པ་གྲོལ་བར་བྱེད་པ་དང་༔ གྲོལ་པ་མཐར་ཕྱིན་པར་བྱེད་དོ༔ དེ་དག་གིས་ཕྱི་ནང་གསང་བའི་རུ་ཤན་ཐལ་ལོ༔ བྱེ་བྲག་ཁྱད་པར་དུ་རུ་ཤན་གཅིག་གིས་འཐུས་པར་བྱེད་ན༔ རྡོ་རྗེའི་གླུ་གར་གྱི་སྤྱོད་པས་རིགས་དྲུག་འཁོར་བའི་བག་ཆགས་སྦྱོང་པ་དང་༔ རྒྱལ་བ་ཀུན་ལ་མཆོད་པར་འགྱུར་པ་དང་༔ སྒོ་གསུམ་གྱི་ཞེན་པ་ལྡོག་པ་དང་༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་ཟད་པར་བྱེད་པ་དང་༔ ངན་སོང་གི་སྐྱེ་སྒོ་བཀག་པ་དང་༔ སངས་རྒྱས་ཀྱི་མཛད་སྤྱོད་འགྲུབ་པ་དང་༔ རང་བཞིན་གྱི་བསམ་གཏན་བསྐྱེད་པ་དང་༔ རྣལ་དུ་འབེབས་པ་དང་༔ བྱིང་བ་བསེང་པ་དང་༔ རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོའི་རྒྱུད་ལ་རང་རྒྱས་འདེབས་པའི་འཕྲུལ་གསང་བླ་ན་མེད་པའི་སེམས་ཀྱི་དམིགས་པ་རང་སར་སྦྱོང་པར་བྱེད་པ་སྟེ༔ ཉི་ཟླ་ཁ་སྦྱོར་ཆེན་པོ་གསང་བའི་རྒྱུད་ལས༔ དྲེགས་པ་མེད་པ་རྡོ་རྗེའི་གླུས༔ རིགས་དྲུག་འཁོར་བའི་ཞེན་པ་བཟློག༔ སངས་རྒྱས་ཀུན་གྱི་ཡིད་ཀྱང་ཚིམ༔ རྣལ་འབྱོར་བ་ཡི་ཉམས་ཀྱི་གྲོགས༔ ལུས་ཅན་རྣམས་ཀྱི་སྒྲིབ་པ་སྦྱོངས༔ ངན་སོང་འཁོར་བའི་སྐྱེ་སྒོ་དགག༔ སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ཡིན༔ མི་རྟོག་བསམ་གཏན་གནས་པའི་གྲོགས༔ གང་ཞིག་བསམ་གཏན་མ་ཕེབ་ན༔ འདིས་ནི་རྣལ་དུ་འབེབས་པ་ཡིན༔ གལ་ཏེ་རྣལ་འབྱོར་བྱིང་བའི་དུས༔ འདིས་ནི་བསེང་ན་ཏིང་འཛིན་བཟང་༔ རང་རིག་བདེ་བའི་རྒྱ་ཡིས་འདེབས༔ ཕྱག་རྒྱ་ཆེན་པོ་ཉིད་དང་སྦྱོར༔ སྟོང་པ་ཉིད་ནི་རྒྱུད་ལ་བརྟེན༔ དམིགས་པ་རྣམས་ནི་རང་སར་གྲོལ༔ སེམས་ཀྱི་དངོས་པོ་འབྱོང་བའོ༔ དེ་ཕྱིར་རྡོ་རྗེའི་གླུ་ལེན་ཞིང་༔ རྟག་ཏུ་རྡོ་རྗེའི་གར་ཡང་འཁྲབ༔ སྤྱོད་པ་ཀུན་གྱི་སྔོན་དུ་འགྲོ༔ གླུ་གར་རྒྱུན་དུ་སུས་བརྟེན་པ༔ འདི་ནི་རྡོ་རྗེའི་རིགས་སུ་འགྱུར༔ ཞེས་པའི་གར་གྱིས་ལུས་རྟོག་སྦྱོང་ཞིང་སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ༔ གླུས་ཡིད་དང་ངག་སྦྱོང་ཞིང་སངས་རྒྱས་ཀྱི་གསུང་དང་ཐུགས་རྡོ་རྗེ་ལོངས་སྐུ་དང་ཆོས་སྐུ་འགྲུབ་པར་འགྱུར་རོ༔ དེ་ནས་གླུ་དྲུག་འགྱུར་གྱིས་བླངས་ཤིང་༔ ཨེ་མ་ཀེ་རི་ཀ་རི་མས་ཏ༔ བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་མ་སུ༔ ཨེ་ཀ་རས་སུ་ཏི་བྷས་ཏ་ཡེ༔ ཙ་ཀི་ར་བྷུ་ལི་ཏ་ལྕེ་ཡེ༔ ས་མུན་ཏ༔ ཙརྱ་སུ་གྷ་ཡཱེ༔ བྷི་ཏིང་ལ་ས་ན༔ བྷ་གྷུ་ལི་ཡེ༔ ས་ཏ་རི་དྷུ་ཀ་ནི༔ མ་ཏ་རི་བྷེ་ཏ་ན༔ པ་ར་ལི་ཧི་དྷི་ས་ན༔ མ་ཁ་ར་ཏེ་ཀེ་ལ་ན༔ སཾ་བྷུ་ར་ཏ་མེ་ཀ༔ ཙ་ར་དི་པ༔ སུརྱ་གྷ་ཏ་ར་ཨཱེ༔ བ་ཤ་ན༔ ར་ན་བྷི་ཏི་ས་གྷུ་ཏི་པ་ཡཱ༔ གྷུ་ར་གྷུ་ར་པག༔ ཁ་ར་ན་ལམ༔ ན་ར་ན་ར༔ ཨི་ཐ་ར་པ་ཏྲ་ལམ༔ སིརྣ་སིརྣ༔ བྷེ་ས་བྷེ་ས༔ རས་སི་ལམ༔ བུདྡྷ་བུདྡྷ༔ ཚི་ཤ་ས་གྷེ་ལམ༔ ས་སྭ་རི་རཱི༔ ལེ་ཁེ༔ ཨི་ཨཱི༔ མ་མཱ༔ རི་རཱི༔ ལ་དྷཱ་ཨཱ༔ ཨཱ་ཨཱཿཧཱུྃ༔ སྨས་ཏ་བྷ་ས་ལི་མ་སི་ཏ༔ སུ་རུ་སུ་རུ༔ ཀུན་དྷི་ལི་མ་སུ༔ ཨི་ཀ་རི་ལི་བྷ་ཏེ་ཡཱེ༔ ཙ་ཀ་བྷུ་ལི་ཏ་ལྕེ་ཡཱེ༔ ས་མུད་ཏ་ཙརྱ་སུ་གྷ་ཡེ༔ བྷི་ཏི་ས་ན་བྷ་གྷུ་ཡཱེ༔ ཀེ་རི་དྷ་ཀ་ནི་དྷ་ཀ་མ་མན་སོང་རི༔ ཏ་ན་ས་ར༔ བྷ་ལི་དྷི༔ ས་ནཾ་ཁ་ར་ཏ་ཀེ་ལ་ན༔ སཾ་བྷུད་ར་ཏ༔ ཨེ་ཀ་ཙ་ར་པ་ཏི༔ ཏ་བྷ་སུརྱ་གྷ་ཏ་ཨཱ༔ མ་ན་ས་པ་ར་བྷི་ཧོ༔ ཏི་གྷུ་ར་ལ༔ མ་སྨིན་ ༼ ས་ ༽༔ གྷུ་ཏི་ལ༔ ཏ་ཡ་མ་གྷུ་ར་གྷུ་ར༔ རླང་གྷ་ཁ་ས་ར་ན་ལམ༔ ན་ར་ན་ར་ལམ༔ ཨཱི་ཐཱ་པ་ཏ་ལམ༔ ཨི་ཐ་ར་ས་ཏ་མམ༔ པིརྣ་བྷེ་ས་ར་ལཾ༔ ས་ཀེ་ལམ༔ ས་སྭ༔ རི་རཱི༔ ལི་ལཱི༔ ཨ་ཨཱ༔ མ་མཱ༔ ར་རཱ༔ བསྡུ་ན༔ ཨོཾཿ འཿཨཱཿཧཿཤཿསཿམཿཀཿཝཿཙཿཧཱུྃཿཞེས་བརྗོད་ཅིང་དབྱངས་སུ་ཟློས་པ་དང་བསྒྲགས་ཏེ་རྡོ་རྗེའི་གར་གྱི་འཁྲུལ་འཁོར་ཡང་ཡན་ལག་ཕྱོགས་བཞིར་འཕེན་སྡུད་དང་༔ ཁྱད་པར་དུ་ཤར་གྱི་ཕྱོགས་སུ་ཁ་བལྟས་ལ་སེང་ཆེན་འགྱིངས་སྟབས་སུ་གར་བསྒྱུར་བའང་༔ ལེ་ལྷགས་ལས༔ དད་དང་ཤེས་རབ་ལྡན་གྱུར་ནས༔ ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ༔ སེངྒེའི་སྟབས་ཆེན་འཕྱོང་བར་བྱ༔ ཞེས་གསུངས་པའི་ཕྱིར་དང་༔ ཡང་ལྷོ་ཡོན་ཏན་གྱི་ཕྱོགས་སུ་ཁ་བསྟན་ལ༔ ལུས་བསྐྱོད་ཅིང་ཡན་ལག་བསྒུལ་བཙུགས་ཏེ་རྟ་མཆོག་སྤྲུག་སྟངས་ཀྱིས་རྐང་པས་སྟབས་ཆེན་བརྡུང་ཞིང་གླུ་བྲོ་བསྒྲགས་མར་བྱེད་དེ༔ དེ་ཉིད་ལས༔ ཡོན་ཏན་ཕྱོགས་སུ་ཁ་བལྟས་ཏེ༔ ལུས་བསྐྱོད་ཡན་ལག་བསྒུལ་བཙུགས་ནས༔ སྟབས་ཆེན་དག་ཀྱང་བརྡུང་བར་བྱ༔ དཀྱིལ་འཁོར་མ་ལུས་འབྱུང་བའི་གཏེར༔ འཛད་མེད་ནོར་བུ་རིན་པོ་ཆེ༔ མ་ལུས་ཀུན་གྱི་རེ་བ་སྐོང་༔ ཞེས་སོ༔ ཡང་ནུབ་ཀྱི་ཕྱོགས་སུ་རྨ་བྱའི་འཇོལ་སྒེགས་ཀྱིས་རྩེ་ཞིང་གླུ་གར་སྤེལ་མའི་སྟབས་བསྒྱུར་བ་ནི༔ དེ་ཉིད་ལས༔ ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ༔ ཡན་ལག་དང་པོ་བསྐྱོད་བྱས་ཏེ༔ གར་རྣམས་ཤིན་ཏུ་གསལ་བྱས་ནས༔ སྟབས་ཆེན་དག་ཀྱང་བརྡུང་བར་བགྱི༔ ཞེས་སོ༔ ཡང་བྱང་གི་ཕྱོགས་སུ་གྱད་ཀྱི་དོར་སྟབས་དང་ཁྲོ་བོའི་གར་སྟབས་སུ་འཕྱོང་བ་ནི༔ དེ་ཉིད་ལས༔ བྱང་གི་ཕྱོགས་སུ་ཁ་བལྟས་ཏེ༔ ཡན་ལག་ལུས་བསྐྱོད་གར་བྱེད་ཅིང་༔ ཕྱག་རྒྱ་སོ་སོར་གསལ་གྱུར་ནས༔ རྐང་པའི་སྟབས་ཆེན་བརྡུང་བར་བྱ༔ ཞེས་དང་༔ དེ་དག་གི་ཕན་ཡོན་ནི༔ རྐང་ཆེན་དག་གིས་སྟབས་འཕྱོང་ན༔ འགྲོ་དྲུག་གནས་རྣམས་སྟོངས་བར་བྱེད༔ སྤྱན་གྱིས་ཕྱོགས་བཞིར་བལྟས་བྱས་ན༔ བདུད་བཞིའི་དཔུང་རྣམས་ཕམ་པར་བྱེད༔ ཅེས་སོ༔ དེ་ནས་དབུས་ཀྱི་ཕྱོགས་སུ་ཁྱུང་ཆེན་ལྡིང་སྟབས་ཀྱིས་གར་བསྒྱུར་བར་བྱ་སྟེ༔ དེ་ཉིད་ལས༔ དབུས་ནས་ཤར་ཕྱོགས་ཁ་བལྟས་ཏེ༔ རྐང་པས་སྟབས་ཆེན་བསྐྱོད་བྱས་ཤིང་༔ ལག་པས་འདུ་བྱེད་ཀུན་སྤྱོད་ནས༔ བྲོ་དང་གར་གྱི་ཕྱག་རྒྱ་བྱ༔ ཞེས་དང་༔ བཞི་བཅུ་པ་ལས༔ རྐང་པའི་སྟབས་ཆེན་རྣམས་འཕྱོང་ན༔ རྣམ་རྟོག་མི་བཟད་ཐམས་ཅད་ཞི༔ ཞེས་སོ༔ གླུ་གར་འདི་རྣམས་ནམ་ཕྱེད་པའི་དུས་ནི༔ ཁ་སྦྱོར་ཆེན་པོའི་རྒྱུད་ལས༔ རྣལ་འབྱོར་གང་ཞིག་སྐལ་ལྡན་པ༔ དུར་ཁྲོད་གནས་སུ་རྒྱུ་བ་དང་༔ མི་རྟོག་རྒྱུད་ལ་བརྟེན་དུས་སུ༔ འདི་ཉིད་སྐབས་སུ་བླངས་བར་བྱ༔ སྤྱོད་པ་ཀུན་གྱི་སྔོན་དུ་འགྲོ༔ ཞེས་སོ༔ དེ་བས་ན་འདི་ནི་རུ་ཤན་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་ཏེ༔ ཁྲེགས་ཆོད་དང་ཐོད་རྒལ་ཀུན་གྱི་སྔོན་དུ་འགྲོ་དགོས་སོ༔ དེ་ཡང་བཤད་ན༔ རིགས་དྲུག་གི་ཞེན་པ་ལྡོག་པ་དང་༔ སངས་རྒྱས་ཀྱི་མཛད་སྤྱོད་་རྫོགས་པ་གཉིས་ཀྱི་ཕྱིའི་རུ་ཤན་གྲུབ་ལ༔ ལུས་ཅན་གྱི་སྒྲིབ་པ་སྦྱོང་བས་ནང་གི་རུ་ཤན་དང་༔ ལུས་རྡོ་རྗེའི་སྐུ་འཁྲུལ་འཁོར་གྱིས་སྦྱོངས༔ ངག་རྡོ་རྗེ་གསུང་གི་རུ་ཤན་གྱིས་སྦྱོངས༔ རང་རིག་བདེ་བའི་རྒྱས་འདེབས་པ་དང་༔ སྟོང་ཉིད་རྒྱུད་ལ་བརྟན་ཅིང་དམིགས་རྣམས་རང་སར་གྲོལ་བས་སེམས་ཀྱི་རུ་ཤན་སྦྱོངས༔ བསམ་གཏན་ཕེབས་པའི་རྣལ་འབབ༔ བྱིང་བ་བསེང་བའི་སོར་གཞུག་དང་བཅས་པ་རྣམས་ཡོངས་སུ་རྫོགས་པའོ༔ དེ་ལྟར་འཁོར་འདས་རུ་ཤན་བྱེད་པའི་ཐབ༵ས༔ ཐབ༵ས་ཀྱི་རྒྱལ་པོ་བརྟུལ་ཞུགས་མཆོག་གི་རྩེ༵་རྒྱལ་ཨ་ཏི་ཡོ་གའི་སྔོན་འགྲོའི་ཆོས༵༔ ཆོས༵་ཉིད་མངོན་སུམ་འདྲེན་ལ་འདི་འདྲ་མེད༔ ཁྱད་པར་སྔོན་ཆད་མཁས་ཤིང་གྲུབ་པ་ཀུན༵༔ ཀུན༵་དོན་མཆོག་གྱུར་གླུ་བྲོ་གར་གྱི་ཚུལ༵༔ ཚུལ༵་དགུ་ཚང་བའི་རང་བཞིན་ཕྱག་བཞེས་སུ༵༔ སུ༵་ཞིག་མ་མཛད་བརྒྱུད་པས་དབུལ་བ་ན༔ རྒྱུད༵་དང་མན་ངག་སྙིང་བོའི་དོན་བསྡུས་ཏེ༔ རྒྱུད༵་འཛིན་མཆོག་གྱུར་ག་གཱ་ཨ་བྷྱེ་ལ༔ རྒྱུད༵་གསུམ་དབྱེར་མེད་པདྨ་འབྱུང་གནས་ཀྱིས༔ རྒྱུད༵་ལ་བྱིན་རླབས་སྨོན་ལམ་དབང་བསྐུར་ཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་དོན་ཕྱིར་ཁྱུང་རི་གནམ་རྫོང་དུ༔ སྦས་པའི་ས་གཏེར་རྟེན་འབྲེལ་དུས་ཚིགས་ཡོལ༔ འོན་ཀྱང་དགོངས་པའི་གཏད་རྒྱ་གྲོལ་བ་ལས༔ ཅུང་ཟད་ཙམ་གྱིས་རྟེན་འབྲེལ་འགྲིགས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཅེས་པ་འདི་ཡང་བར་དོའི་དྲུག་ཁྲིད་ཀྱི་ཆ་ལག་སུ་དུས་མཐའ་སྔགས་མིང་ག་ག་ཨ་བྷྱེ་ནས་དག་པར་ཕབས་པའི་ཡི་གེ་པ་ནི་ཝ་ཀི་ཤྭ་ར་ནས་སོ། །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །


previousཁྲེགས་ཐོད་ཐུན་མོང་གི་རུ་ཤན༔ ཞེན་རྟོག་འཁྲུལ་པ་གཞིར་གྲོལ།next