Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
འཕོ་བ་ཡེ་ཤེས་གསང་ལམ་བར་དོ་ཟང་ཐལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕོ་བ་ཡེ་ཤེས་གསང་ལམ་བར་དོ་ཟང་ཐལ།next

འཕོ་བ་ཡེ་ཤེས་གསང་ལམ་བར་དོ་ཟང་ཐལ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ འཕོ་བ་ཡེ་ཤེས་གསང་ལམ་བར་དོ་ཟང་ཐལ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་ལྡན་དང་མི་ལྡན་ཡང་༔ གལ་ཏེ་སུན་མས་སླེབ་པའི་ཚེ༔ ཐབས་མཆོག་འདི་འདྲ་མ་ལྡན་ན༔ གོ་མེད་གཡུལ་དུ་ཞུགས་པ་འདྲ༔ དེ་ཕྱིར་མ་བསྒོམ་ཆོས་ལྔའི་རྩེ༔ མྱུར་ལམ་འཕོ་བའི་གདམས་པ་ནི༔ ཡེ་ཤེས་གསང་བའི་ལམ་བཟང་པོ༔ འདི་ཡོད་སངས་རྒྱས་ལག་བཅང་ཡིན༔ ས་མ་ཡཱ༔ འདི་ལ་སྦྱོར་བ་སྔོན་འགྲོ་དང་༔ དངོས་གཞི་རྗེས་ཀྱི་རིམ་པ་ལས༔ དང་པོ་སྦྱོར་བའི་རིམ་པ་ནི༔ སྲོག་འདོན་ཡར་མར་མཆོད་སྦྱིན་དང་༔ འཆི་སྦྱང་ཆགས་ཞེན་འཁྲི་བ་བཅད༔ བླ་མ་མཆོད་ཅིང་དབང་བཞི་བླངས༔ མྱུར་ལམ་འགྲུབ་ཕྱིར་གསོལ་བ་གདབས༔ དེ་ནས་དབེན་པའི་གནས་སུ་བསྒོམས༔ དེ་ལ་འདིར་བར་དོ་དྲུག་གི་གདམས་ངག་གང་དང་གང་བསྒོམས་ཀྱང་༔ ལམ་མཐར་མ་ཕྱིནཔར་དལ་ཁོམ་རེ་འགའི་ཆོས་ལ་བརྩིས་པས་བློ་གཏད་མེད་ན༔ ཇི་སྐད་དུ༔ ལམ་སྦྱང་བ་དམན་ན་འཕོ་བས་བསུ༔ ཞེས་པ་ལྟར་འཕོ་བས་སྟོངས་འདེབས་དགོས་ཏེ༔

དེ་ལ་དང་པོ་སྦྱང་བ་དང་༔ ལས་ལ་སྦྱར་བའམ་དངོས་གྲུབ་བླང་བ་གཉིས་ལས༔ དང་པོ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་དང་པོ༔ གནས་དབེན་པར་ལུས་འདུག་སྟངས་དྲང་པོར་བསྲེང་༔ རྐང་མཐིལ་གཉིས་ཀྱིས་བཤང་བ་དགག༔ ལག་གཉིས་ལྟག་པ་སྦྱོར༔ འཆི་བའི་འདུ་ཤེས་བསྐྱེད་ཅིང་༔ ད་རེས་ཀྱི་འཆི་བ་འདི་ལ་བརྟེན་ནས་འཆི་མེད་གཉུག་མ་དོན་གྱི་ཆོས་སྐུ་འགྲུབ་པར་བྱས་ཏེ༔ མྱུར་དུ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་པའི་སེམས་བསྐྱེད་དོ༔

གཉིས་པ་དངོས་གཞི་ནི༔ དེ་ནས་སྒོ་དགག་པའི་ཕྱིར་དུ༔ རང་གི་ལུས་བདེ་ཆེན་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་མོ་ཕྱག་གཉིས་པདྨའི་མཉམ་གཞག་མཛད་ཅིང་༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པར་གསལ༔ དེའི་སྙིང་ཀ་ནས་བཟུང་སྟེ་སྤྱི་བོའི་བར་དུ༔ རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ༔ བར་མཐིང་ཤུན་ལྟར་སྔོ་བ༔ མདའ་ལྟར་དྲང་བ༔ མར་མེ་ལྟར་གསལ་བ༔ པདྨའི་འདབ་མ་ལྟར་སྲབ་པ་སྟེ་མཚན་ཉིད་བཞི་དང་ལྡན་པ་གཅིག་གསལ་བ་ནི་སྤྱིར་ཀུན་ལ་དགོས༔

ཁྱད་པར་གསང་ཤེར་གྱིས་འཕོ་བ་སྦྱང་བས་ནི༔ མར་སྣ་ལྟེ་འོག་ཏུ་ཟུག་པའི་གཡས་སུ་རོ་མ་དཀར་མོ༔ གཡོན་དུ་རྐྱང་མ་དམར་པོ༔ དབུ་མའི་བཞི་ཆ་ཙམ་པ༔ ཁྲག་དང་ཐིག་ལེས་མ་གོས་པ༔ དྲང་སྲབ་སྣུམ་གསལ་གྱི་མཚན་ཉིད་བཞི་དང་ལྡན་པ་གཉིས་ཀྱང་གསལ་བར་བྱ༔ དེ་ནས་སྙིང་ཀའི་ཐད་དུ་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་ལྔ་ལྡན་གྱི་གོང་བུ་ཡི་གེ་ཨེ་ཡིས་མཚན་པ་ཅན་ཞིག་གསལ་བ་འཕར་འདར་ལིང་ལིང་བྱེད་པར་བསྒོམ་མོ༔ དེ་ནས་གང་ཟག་གི་བློ་ཁྱད་ཀྱིས་འཕོ་བ་རྣམ་པ་ལྔ་ལས་ཐོག་མར་གང་ཟག་ལྷའི་རྣལ་འབྱོར་ལ་གསལ་སྣང་ཐོབ་ཅིང་བརྩོན་པས་ནི༔ རང་གི་སྤྱི་བོར་ཞི་བ་བཞི་བཅུའམ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྒྱས་པར་རམ༔ ཡང་ན་རིགས་གཅིག་ཀུན་ཏུ་བཟང་པོ་མཐིང་ཀ་རྡོ་རྗེའི་མཉམ་བཞག་དང་སྐྱིལ་ཀྲུང་གིས་གནས་པའི་གཙུག་ཏོར་ཁོང་སྟོང་གི་ནང་དུ་ཆེ་མཆོག་ཡབ་ཡུམ་སྐུ་མདོག་མཐིང་ནག༔ ཞལ་ཕྱག་ལས་གཞུང་ལྟར་བསྐྱེད་ནུས་ན་རབ༔ མིན་ཡང་རིགས་གཅིག་ཀུན་བཟང་གི་དབུ་ལ་ཁྲོ་བོའི༔ སྙིང་ཁར་ཞི་བའི༔ མགྲིན་པར་རིག་འཛིན་གྱི༔ ལྟེ་བར་མཁའ་འགྲོའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པར་མོས་བསྒོམས་བྱས་པའི་སྐུ་ལས་འོད་འཕྲོས་པས༔ སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་གྱིས༔ དབྱིངས་ནས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ཏེ༔ ཡི་དམ་གྱི་ལྷ་ལ་བསྟིམ་པས༔ དཀྱིལ་འཁོར་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད༔ དེ་ནས་དེའི་ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་དགུས༔ དམྱལ་བར་སྐྱེ་བའི་སྒོ་བཤང་ལམ༔ དུད་འགྲོ་གཅི་ལམ༔ འདོད་ལྷའི་ལྟེ་བ༔ ཡི་དྭགས་ཀྱི་ཁ༔ གནོད་སྦྱིན་གྱི་སྣ་བུག༔ མིའི་མིག་གཡས་གཡོན༔ ལྷ་མིན་གྱི་རྣ་བ༔ གཟུགས་ཁམས་མཛོད་སྤུ༔ གཟུགས་མེད་ཀྱི་སྤྱི་བོའི་གཙུག་གམ་འཚོག་མ་དགག་པར་བསམ༔ དེ་ནས་ལུས་ཀྱི་གནད་ལག་པ་འཁྱུད་པ་དྲག་ཏུ་བསྡམས༔ ལུས་སྤྱི་འཆུན་བཙལ་དྲག་ཏུ་བསྡམས༔ འོག་སྒོ་གྱེན་དུ་འཐེན༔ རྒྱ་མཚོ་ཧཾ་ལ་ཕྱོགས༔ ནེའུ་ཚོ་ཡ་རྐན་ལ་སྦྱར༔ འཕོ་བ་ཐེབ་པར་གསོལ་འདེབས་དང་གདུང་ཚིག་བརྗོད༔ སེམས་གནད་ཐིག་ལེ་དང་ཡི་གེ་ལ་གཅིག་ཏུ་དྲིལ་ནས་སྟོང་འདྲེན་ཧི་ཨེ་ཡི་སྒྲས་ཡར་ལ་རླུང་དྲངས་ཤིང་༔ དེའི་རྣམ་ཤེས་བཏེག་ནས་སྤྱི་བོར་ཐོན་ནས་ཧི་གཅིག་གིས་ཚངས་པའི་སྒོ་བསལ་བ་དང་མཉམ་དུ༔ སེམས་ཀྱི་རྟེན་དང་བརྟེན་པ་ ༼ པདྨ་ཐིག་ལེ་ཡི་གེ་དང་བཅས་མཆན། ༽ གསུམ་ག་སྤྱི་བོའི་ཡི་དམ་གྱི་ཐུགས་ཀར་འཕོས་པས་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམ་ལ་ཡི་དམ་འོད་གསལ་དུ་གཞུགས༔ འོད་གསལ་ལས་སླར་ཡང་ཟུང་འཇུག་གི་ལྷ་སྐུར་བཞེངས་པར་མོས་ལ༔ ཀ་ཧིག་ཉེར་གཅིག་སོགས་བརྗོད༔ དེ་ནི་འདའ་ཀ་འོད་ཀྱི་གོང་བུའི་འཕོ་བ་ཡང་ཟེར་རོ༔ ཡང་གཞན་ཐམས་ཅད་སྔར་དང་འདྲ་བ་ལས་ཧི་ཨེ་ཡི་སྒྲ་ཉེར་གཅིག་གིས་སྤྱི་བོར་དྲངས་ལ༔ བླ་མའི་ཐུགས་ཀའི་འོད་ཀྱི་སྦུ་གུ་འཇའ་ཚོན་ལྟ་བུའི་སུན་མའི་ལམ་བརྒྱུད་དེ༔ ཡི་དམ་གྱི་སྙིང་པོའི་ཨཱཿཡི་རྣམ་པ་རེ་རྣམ་ཤེས་ཀྱི་ཐིག་ལེ་ལས་ཆད་ནས་བླ་མའི་ཐུགས་ཀར་འཕོ་བའི་འོད་ཟེར་འཛིང་བསྣོལ་བར་མེད་ཀྱིས༔ ཡར་འཕང་ཞིང་མར་འོད་གསལ་དུ་འཇུག་པའི་ཚུལ་གྱིས་ཅི་ཡང་མི་བསམ་པར་རྣམ་ཤེས་ལྡོག་ནས་ཐིག་ལེ་ལ་སེམས་འཛིན༔ ཡང་ཐིག་ལེ་ལས་ཟུང་འཇུག་གི་ལྷར་སྐུ་གསུང་གསང་སྔགས་ཀྱི་རང་སྒྲ་དང་བཅས་པའི་ཨཱཿཚྭ་ཚྭ་སྤྲོ་བ་ནི༔ ཟུང་འཇུག་ལས་ལྷ་སྐུར་ལྡང་བའི་ཚུལ་ཡིན་ཏེ༔ སྒྲའི་འཕོ་བ་ཟེར་རོ༔ དེ་ནི་སྐྱེ་གནས་བར་དོའི་འཕོ་བའོ༔

གཉིས་པ་རྫོགས་རིམ་གསང་ཤེར་གྱི་ལམ་ལ་གོམས་པ་ཆེ་བས་ནི༔ རོ་རྐྱང་གི་ལམ་གཉིས་ཀ་ལི་དང་ཨ་དཱི་དཀར་དམར་གྱིས་གང་བར་མོས་ལ༔ རང་ཉིད་དམ་ཚིག་སྒྲོལ་མ་ལྗང་གུ་གསལ་ལ༔ དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་ཅད་སྐུ་ལ་བསྡུས༔ སྐུ་འོད་དུ་ཞུ་ནས་རླུང་ལྗང་གུས་ནམ་མཁའ་གང་བར་མོས་ལ༔ གཞན་སྔ་མ་དང་འདྲ་བ་ལས་སེམས་ཉིད་ཐིག་ལེ་ཨེ་མཚན་ཅན་གྱི་རྣམ་པ་རླུང་བཟུང་བས་ཨ་ལི་ཀ་ལིའི་ཕྲེང་བ་རྔུབ་པའི་རླུང་གིས་དེད་ནས་ཀ་ཧིཀ་བདུན་གྱིས་རིགས་བདག་དོན་གྲུབ་དུ་གསལ་བའི་ཐུགས་ཀར་བསྟིམ་པ་དང་༔ མར་འོང་དུས་རླུང་ཁ་དོག་ལྗང་གུའི་རྣམ་པར་བྱུང་ནས་དབུ་མ་ལ་ཞུགས༔ སྙིང་ཀའི་སྟོང་སྒྲོན་ལ་བསྟིམ་པ་དང་༔ ཕྱི་ནས་རླུང་རྔུབ་པ་ཅུང་ཟད་མནན་ཏེ༔ འོག་རླུང་བཀུམ་ནས་ཁ་སྦྱོར་བས་རྟོག་མེད་དཔེའི་འོད་གསལ་གསལ་སྟོང་ཆེན་པོ་ཤར་བའི་ཉམས་བསྐྱང་ལ་འདུན་པས་འདི་སྐད་དུ༔ ང་འཆི་བར་འདུག་པས་འོད་གསལ་འདི་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་དྲོད་སྣང་ཐོབ་པའི་ཡེ་ཤེས་ཡིན་པས༔ འདི་ལ་འཕོ་བར་བྱ་སྙམ་དུ་ཅུང་ཞིག་མཉམ་པར་བཞག༔ ཡང་སྔར་ལྟར་སྦྱང་ངོ་༔ ཡང་ཤེར་དབང་ཐིག་ལེའི་རྣལ་འབྱོར་ལ་གོམས་པས་ནི་སྔར་ལྟར་ལས༔ རིགས་བདག་སྣང་མཐའ་དང་༔ རང་ཉིད་གོས་དཀར་དུ་བསྒྱུར༔ ཡི་གེའི་ཕྲེང་བ་ཐིག་ལེ་དཀར་དམར་འོད་འབར་བ་རྒྱུན་དུ་བསྒོམ་པ་དང་༔ རྣམ་ཤེས་འཕོ་བའི་བར་སྔར་ལྟར་ལ་རྡོ་རྗེ་མཛུབ་བར་དུ་བསྒྲེང་ནས་ཅུང་ཟད་འཕུར་ཞིང་རླུང་བཟུང་བས་བདེ་སྟོང་ལ་བདེ་གསལ་རྣམ་པར་མི་རྟོག་པ་རྩེ་མོ་མཆེད་པའི་ཡེ་ཤེས་འཛིན་མེད་དེ་ཤར་བར་འདུག་པས༔ སོ་སོར་རྟོགས་པའི་ངོ་བོ་འདི་ལ་འཕོ་བར་བྱ་སྙམ་དུ་ཅུང་ཟད་མཉམ་པར་བཞག་གོ༔ དེ་ནི་བསམ་གཏན་གྱི་བར་དོའི་འཕོ་བ་དང་༔ འདའ་ཀ་དཔེའི་ཡེ་ཤེས་དང་༔ བདེ་སྟོང་རྡོ་རྗེ་སེམས་དཔའ་འབྱོན་པ་ཞེས་བྱ་བ་སྟེ༔ གོང་མ་དང་གཉིས་པོ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ཞེས་བྱ་བའང་ཡིན་ནོ༔

གསུམ་པ་འཆི་ཀའི་བར་དོའི་འཕོ་བ་ནི༔ གང་ཟག་བསྐྱེད་རྫོགས་སོགས་གང་ཡང་མེད་པས༔ རང་ལུས་རྡོ་རྗེ་རྣལ་འབྱོར་མ་དང་༔ རིགས་བདག་སྣང་མཐའ་རུ་གསལ་ཞིང་༔ འདུ་ཤེས་དྲུག་ལྡན་གྱི་ངང་ནས་འཕོ་སྟེ༔ ཞིང་ཁམས་བདེ་བ་ཅན་ལ་གནས་ཀྱི༔ རྩ་དབུ་མ་ལ་ལམ་གྱིས༔ རང་གི་རྣམ་ཤེས་ལ་མགྲོན་པོའི༔ རྒྱལ་སྲས་སེམས་དཔའ་ལ་བསུ་མའི༔ མགོན་པོ་མཆོག་ལ་གནས་པོ༔ རྩ་བའི་བླ་མ་སྐྱེལ་མའི་འདུ་ཤེས་བསྐྱེད་ནས༔ ཡང་རླུང་ལ་གཞུ༔ ཐིག་ལེ་ལ་མདའ༔ ཧིག་གི་སྒྲ་ལ་སྐྱེན་པོའི་རྩོལ་བའི་འདུ་ཤེས་བསྐྱེད་ལ་འཕོ་བ་ནི་སྤྱི་ལྟར་དང་༔ ཐམས་ཅད་བདེ་ཆེན་ལམ་བཟང་གིས་སྦྱང་ངོ་༔

ཆོས་ཉིད་ཀྱི་བར་དོའི་འཕོ་བ་ནི༔ གནད་ཀྱི་དོན་གྱི་འཕོ་བ་སྟེ༔ ཁྲེགས་ཆོད་བསྒོམ་པའི་རྣལ་འབྱོར་ཡིན་ན༔ རང་གི་སྤྱི་བོར་བླ་མ་ཀུན་བཟུང་ཡབ་ཡུམ་དུ་གསལ་ལ༔ ལུས་རླུང་རིག་པའི་གནད་སྔར་བཞིན་ལ༔ རྣམ་ཤེས་ཐིག་ལེ་སྟོང་སྒྲོན་གྱི་དབུས་སུ་རྡོ་རྗེ་ཧཱུྃ་མཚན་ཅན་རླུང་ཐིག་གིས་འདེགས་པས༔ སྤྱི་བོའི་བླ་མའི་ཐུགས་ཀར་ཧིག་གིས་བརྒྱང་ལ༔ སླར་ཡང་སྔར་ངོ་སྤྲད་པའི་ངང་ལ་བཞག་ནས༔ འདི་འཆི་སྲིད་གཞིའི་འོད་གསལ་དངོས་ཡིན་པས༔ བདག་འདིར་འཕོ་བར་བྱ་སྙམ་དུ་འདའ་ཀ་ཕྱག་རྒྱ་ཆེན་པོ་དོན་གྱི་འོད་གསལ་རིག་སྟོང་དབྱེར་མེད་ཀྱི་ཉམས་སྐྱོང་བ་ནི་ལྟ་བ་ལ་སྟོངས་འདེབས་པས་སྟོང་པ་ཆོས་སྐུའི་འཕོ་བ་ཡིན་ལ༔

ཡང་ཐོད་རྒལ་བསྒོམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི༔ སྔོན་འགྲོ་སྔར་བཞིན་ལ༔ དངོས་གཞིའི་དུས་སུ་རང་ལུས་འོད་ཀྱི་རང་བཞིན་བླ་མའི་སྐུར་བསྒོམ༔ མདུན་དུ་མར་མེའམ་མན་ཤེལ་ལམ༔ ཉི་ཟླའི་དཀྱིལ་འཁོར་ལ་བརྟེན་ནས་སྙིང་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ༔ གསེར་གྱི་སྡོང་པོ་ལྟ་བུའི་རྩ་སོར་བཞི་པ༔ ཡར་རྩེ་གཉིས་སུ་གྱེས་པ༔ དྭངས་མའི་རྩ་དབུ་མ་གཡས་སུ་དཀར་པོ༔ གཡོན་དུ་ལྗང་གུ་སྦུབས་སྟོང་ལ༔ ཕྱི་ནང་ཟང་ཐལ་སྒྲིབ་གཡོག་མེད་པར་མཐོང་བས༔ ཇི་ལྟ་ཇི་སྙེད་ཀྱི་ལམ་གཉིས་ནས༔ བླ་མའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྣང་ཆ་དང་༔ ཡེ་ཤེས་སུམ་བརྩེགས་སུ་གཞུགས་པ་ལ་བལྟ་བར་འདོད་པའི་དད་གུས་ཀྱི་ངང་ནས་དབྱིངས་ཐིག་མངོན་དུ་བྱས་ལ༔ འདི་ལྟར་ལ༔ ཨ་ཡེ་ངོ་མཚར་རྨད་དུ་བྱུང་བ༔ རྫོགས་ལྡན་ཆེན་པོའི་བར་དོ་དེ་ང་ལ་ཤར་འདུག་གི༔ འདིའི་ངང་དུ་འཕོ་བར་བྱ་སྟེ༔ གཞི་སྣང་ཡེ་ཤེས་ཀྱི་རང་མདངས༔ ཆོས་སྐུ་གཞིར་ལྡན་གྱི་དགོངས་པ༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ༔ ཟུང་འཇུག་ཚོམ་བུའི་ཚུལ་དུ་སྣང་བ༔ ང་ལ་གདུལ་བྱར་ལམ་སྣང་དུ༔ སུན་མའི་མཚན་དཔེར་ཤར་བ་ང་རེ་དགའ་སྙམ་ནས་རྩེ་གཅིག་མཉམ་པར་འཇོག་ཅིང་༔ དེ་ལ་འཕོ་བར་ནུས་པའི་གསོལ་འདེབས་སུ༔ པདྨའི་ཕྲེང་བ་ལ་སོགས་པ་བརྗོད་ལ༔ བུ་ལམ་གྱི་ཡེ་ཤེས་རིག་བྱེད་རྩལ་གྱི་ཤེས་རབ༔ མ་དོན་གྱི་རང་ངོ་ཟུང་འཇུག་ཆེན་པོ་ལ་མཉམ་པ་ཉིད་དུ་དག་མཉམ་ཀློང་ཤར་ཀློང་ཐིམ་ཆེན་པོའི་ལྟ་བའི་ངང་ཚུགས་མ་ཤོར་བར་བཞག་པ་ནི་ཤིན་ཏུ་རྩེ་མོའི་རྣལ་འབྱོར་ཏེ༔ ཆོས་ཉིད་སྣང་སྟོང་ངོ་མཉམ་གྱི་འཕོ་བ་སྐུ་དང་ཡེ་ཤེས་སུ་འཇུག་པ་ཞེས་བྱའོ༔ དེ་ཡང་ལྟ་བ་ལྷུན་གྲུབ་དང་གཅིག་པུས་ཡེ་ཤེས་རྒྱས་འདེབས་ཡིན་པའི་ཆོས་ཉིད་བར་དོའི་འཕོ་བ་ཐལ་འགྱུར་གྱི་དགོངས་པའོ༔

དེ་ནས་སྲིད་པ་བར་དོའི་འཕོ་བ་ནི༔ ད་ལྟ་ཆོས་ཉིད་མངོན་སུམ་མ་མཐོང་༔ ཁྲེགས་ཐོད་ཀྱི་གདམས་ངག་ཐོབ་པ་དག་གིས་ཉམས་སུ་བླངས་པར་བྱ་བ་སྟེ༔ ནུབ་ཐུན་གྱི་མཐར༔ རང་གི་དཔག་ཚད་ལྔ་བརྒྱའི་སྟེང་ཕྱོགས་སུ༔ ཕྱོགས་བཞི་དབུས་དང་༔ མཚམས་བརྒྱད་སྟེང་འོག་དུ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་བཅུ་གསལ་གདབ་ནུས་ན་རབ༔ མིན་ཡང་འདི་ལྟར༔ ཞིང་ཁམས་རྣམས་ཀྱི་གཙོ་བོ་མངོན་དགའ༔ དཔལ་ལྡན༔ བདེ་ཆེན༔ ལས་རབ༔ མེ་རི་འབར་བ་རྣམས༔ དཀར་སེར་དམར་ལྗང་༔ ཤེལ་གསེར་རཱ་ག་ཨནྡྷ་སྙིལ་བཞི་དང་༔ བཻཌཱུལ་ལམ་ཁྲོ་བོའི་ཞིང་ཁམས་སུ༔ བཅོམ་ལྡན་འདས་རིགས་ལྔ་གཞོན་ནུ་དཔའ་བོ་སྟོབས་ལྡན་རྣམས་ལ༔ རྫོགས་ཆེན་སྟོན་པ་བཅུ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བ་དག་གི་དྲུང་དུ༔ རང་ལུས་འོད་ཀྱི་ཁང་པ༔ དབུ་མ་སྟོང་པ་རང་གྲོལ་ཐིག་ལེ་དགུ་དགུས་བརྒྱན་པར༔ ཧིག་གིས་སྙིང་ཀའི་དབུས་སུ་སྟོང་སྒྲོན་གྱི་ནང་༔ སྐུ་བླ་མ་རྡོ་རྗེ་འཛིན་པའི་ཆ་ལུགས་སམ་རྡོ་རྗེ་ཧཱུྃ་མཚན་གྱིས་བརྒྱང་སྟེ༔ རང་སྐལ་གྱི་འཕོ་བ་ཟུར་བཀོད་ལྟར་བཏབ་པས༔ བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀར་ཐིམ་ཞིང་༔ སངས་རྒྱས་སྔ་མ་རྣམས་ཤར་ནས་རིམ་བཞིན་ཕྱི་མ་ཕྱི་མ་ལ་བསྡུ༔ མཐར་སྟེང་ཕྱོགས་ཀྱི་ཁྲོ་བོ་ལ་ཐིམ་ཞིང་༔ དེ་མི་དམིགས་པར་མཉམ་པར་བཞག་གོ༔ འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་སྙིང་དབང་གསལ་བར་སྟོན་པ་རྫོགས་པ་རང་བྱུང་གི་དགོངས་པ་རྨད་དུ་བྱུང་བ་ཡིན་པས་མི་གྲོལ་མི་སྲིད་དོ༔ ཡང་ན་ཉི་ཟླ་ཁ་སྦྱོར་གྱི་རིགས་དྲུག་གནས་སྦྱོང་གི་ཁྲུས་ཡིག་དག་གིས་སྡིག་སྒྲིབ་བག་ཆགས་ས་བོན་དང་བཅས་པ་སྦྱངས་ནས་ཡི་གེ་ཨཱ་ཡིས་སྦྱོར་བས་རང་འཕོ་བ་ནི་རང་བཞིན་སྤྲུལ་སྐུའི་ཞིང་ལྔ་གསལ་ལ༔ ལུས་དབུས་ཤེལ་གྱི་སྦུ་གུའི་དབུ་མའི་སྙིང་ཀར་རྣམ་ཤེས་ཐིག་ལེ་སྟོང་སྒྲོན་གྱི་དབུས་སུ་ཨཱཿཡིག་དཀར་པོ་གསལ་ལ༔ རོ་རྐྱང་ཨཱཿཡིག་གི་ཕྲེང་བས་རླིད་བིར་གང་བ་ལ༔ རྔུབ་པའི་རླུང་གིས་ནང་དུ་དེད་པས་སྤྱི་བོ་ནས་རྒྱང་གིས་ཐོན་ཏེ་བསྲེ་འཕོ་སྔར་ལྟར་བྱའོ༔ དེ་དག་ནི་བར་དོ་ལྔ་ཡི་འཕོ་བ་ཡིན་ལ༔ རྨི་ལམ་འོད་གསལ་གྱི་འཕོ་བ་ནི་ཟུར་བ་མི་དགོས་ཏེ༔ ལམ་གང་བསྒོམས་ཀྱང་དེའི་འཕོ་བ་ཉིད་དུ་འདུས་སོ༔ རྟགས་སུ་སྤྱི་བོར་ཆུ་བུར་རྡོལ་བ་དང་༔ འཇག་མ་ཟུག་པ་སོགས་འབྱུང་ལ༔ དེ་ལྟར་བྱུང་དུས་སླར་རྒྱལ་བ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཉིད་སྟོང་པར་བཞག་པའི་འོད་གསལ་གྱི་ངང་ལས་མགོན་པོ་ཚེ་མཐའ་ཡས་པའི་རྣམ་རོལ་དུ་བཞེངས་ཏེ༔ རང་ལ་ཐིམ་པའི་མོས་པ་བཟུང་ལ༔ སྙིང་དབུས་བུམ་པའི་ཁང་བཟང་དུ་བཞུགས་ཤིང་༔ ཐུགས་ཀའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པས་ཚེ་ནམ་མཁའ་དང་མཉམ༔ མདངས་པདྨ་དང་མཉམ༔ ལུས་འཇའ་ལུས་རྡོ་རྗེ་མཆོག་གི་སྐུ་འགྲུབ་པའི་གཟི་བྱིན་ཉི་ཟླའི་དཔལ་ལས་ཀྱང་མཆོག་ཏུ་འབར་བར་མོས་ལ༔ རྫོགས་པ་རང་བྱུང་ནས་བྱུང་བའི་ཚེ་འགུགས་བསྟིམ་རྒྱས་གདབ་བྱ་བ་དང་༔ རྒྱུན་དུ་ཡང་སྔར་སྦྱངས་བའི་འཕོ་བ་མ་བརྗེད་མ་ཆགས་པའི་མཐར་གདོན་པ་དང་༔ དེ་ནས་གཉིད་འོད་གསལ་དུ་སྦ་བ་སོགས་བྱའོ༔ གཉིས་པ་ལས་ལ་སྦྱར་བ༔ འཆི་རྟགས་སྔར་བསྟན་པ་རྣམས་མངོན་དུ་གྱུར་ནས་ཅིས་ཀྱང་མ་བསླུས་ན༔ འཆི་སྦྱངས་ལྟར་ཆགས་འཛིན་དང་ཞེན་པ་བཅད་ནས༔ བླ་མ་ཡོད་ན་བདུན་རྣམ་དག་གི་མཆོད་པ་ཕུལ་ཞིང་༔ བླ་མས་གསལ་གདབ༔ བདག་གིས་ཀྱང་འདུན་པ་དྲག་པོ་བྱ་སྟེ༔ རང་གང་ལ་གོམས་པའི་ལམ་གྱིས་འཕོ་བ་དེ་སྒེར་དུ་འདེབས་པ་གནད་ཟབ་ལ༔ དེ་ནས་ཕྱིར་མི་བསྡུ་བར་རྒྱལ་བའི་སྲས་སུ་གྱུར་ནས་འགྲོ་བའི་དོན་ཕུན་སུམ་ཚོགས་པ་བྱེད་པའི་མཐུ་ནུས་དབང་བྱིན་དང་ལྡན་པར་བསམ་ལ༔ ཡང་ཡང་མ་ཤི་བར་དུ་འཕོ་བ་འདེབས་པ་འདི་ནི་དངོས་གྲུབ་བླངས་བ་ཞེས་བྱ་སྟེ༔ དབང་གསུམ་པའི་དུས་དང་༔ རྨི་ལམ་དང་༔ འཆི་བའི་དུས་ཀྱི་དངོས་གྲུབ་བླང་བ་གསུམ་ལས་འདི་ཐ་མའོ༔ ཡང་ཤི་ནས་བར་དོ་གཞིའི་འོད་གསལ་ལ་བརྟན་པ་མ་ཐོབ་ཀྱང་ཟུང་འཇུག་གི་ཚོམ་བུ་དེ་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་ནས་དེའི་ཐུགས་ཀར་འཕོ་བ་དང་༔ གཞི་སྣང་ཆེན་པོ་དང་༔ ཡེ་ཤེས་བཞི་སྦྱོར་གྱི་ཟེར་ཐག་ལ་སུན་མར་ངོ་ཤེས་ནས་འཕོ་བ་དང་༔ རང་བཞན་སྤྲུལ་སྐུའི་སྣང་ཆ་ངོ་ཤེས་ནས་དེར་མ་གྲོལ་ཡང་འདུན་མའི་འཕོ་བ་དང་༔ དེ་དག་གང་ཡང་ངོ་མ་ཤེས་ན་སྲིད་པ་བར་དོའི་དུས་སུ༔ ཤི་བ་ངོ་ཤེས་པ་ན༔ བླ་མས་གསང་མཚན་ནས་བོད་པའམ༔ མིན་ཡང་རང་གིས་འཇིགས་སྐྲག་སེལ་བའི་ཐབས་འཚོལ་བ་ན༔ གདམས་པ་དྲན་ནས་དེར་འཕོ་བ་བཏབ་པས༔ རང་བཞིན་སྤྲུལ་པའི་ཞིང་ལྔར་དབུགས་འབྱིན་ཏེ༔ སྐྱེ་བ་གཅིག་གི་ཐོག་པ་རྣམས་ནི༔ བར་དོ་ནས་དངོས་གྲུབ་བླང་བ་ཞེས་བྱ་སྟེ༔ ལམ་གཞན་ལ་མེད་པའི་རྫོགས་པ་ཆེན་པོའི་གསང་ལམ༔ མངལ་སྒོ་འདམས་དགག་རུ་ལོག་གིས་ཐབས་ཕུག་སྡུག་ ༼ རྡུགས་དཔྱད། ༽ ལ་ལྟོས་མི་དགོས་པ་ཡེ་ཤེས་ཟང་ཐལ་གྱི་ལམ་བཟང་ཞེས་བྱ་སྟེ༔ ཁོ་བོ་དག་གི་ཁྱད་ཆོས་བླ་ན་མེད་པའོ༔

དེ་ནས་རྗེས་ཀྱི་བྱ་བ་ནི༔ འཆི་ཁ་ཐ་མ་ལ་མི་དགོས་ཀྱང་༔ རྒྱུན་དུ་བྱེད་པས་སྔར་བསྟན་ཚེ་འགུགས་བསྟིམ་ནམ་རེས་ཆགས་མེད་དུ་བྱ་བ་རྣམས་སོ༔

དེ་ལྟ་མ་བསྒོམ་སངས་རྒྱས་འཕོ་བའི་ལམ༵༔ ལ༵མ་བཟང་བརྟེན་པའི་རྣལ་འབྱོར་རྣམས་ཀྱི་གྲོག༵ས༔ གྲོག༵ས་མེད་གང་ཟག་གདུང་ལྡན་སེམས་ཅན་ཀུན༵༔ ཀུན༵་ཀྱང་སྐྱེ་གཉིས་མི་འཐོག་ཐབས་ཀྱི་མཆོག༔ སྔ༵་འགྱུར་རང་ལུགས་རྨད་དུ་བྱུང་བ་ནི༔ སྔ༵་མོར་གབ་པ་མངོན་དུ་བྱུང་བྱས་ཏེ༔ སྔ༵་ན་མེད་པའི་རིན་ཆེན་སྒྲོན་མེ་འདི༔ སྔ༵་བཙན་ཅན་གྱི་སྙིང་གི་ཐུར་མ་ཡིན༔ དེ་སྐད་རྙིང་སྔགས་རྒན་པོའི་རིགས་སྐྱེས་པ༔ ག་ག་ཨ་བྷྱེ་སྨྱོན་པས་སྨྲས་ནས་ཐལ༔ རྟོག་གེ་ངན་པའི་དྲ་བར་ཆུད་པ་ཡི༔ རང་གི་ཆོས་སྐལ་གཅོད་པའི་གང་ཟག་གི༔ དོན་དུ་འགྱུར་སྙམ་རེ་བ་བདག་ལ་མེད༔ འོན་ཀྱང་པདྨ་ཀཱ་རའི་ཐུགས་རྗེ་ཡིས༔ བསམ་ཡས་ཕན་བདེའི་འོད་སྟོང་འབར་བའི་གཟི༔ དགག་ཏུ་སྤྱོད་པའི་སྲིན་༼ བུ་ཆད་སྙམ། དཔྱད། མེ་ཁྱེར་འགས༔ ཟིལ་གྱིས་གནོན་སྙམ་དོགས་པའང་བདག་ལ་མེད༔ རྒྱལ་ཀུན་མཐུན་སྟོབས་དབང་ཕྱུག་ཧེ་རུ་ཀ༔ བདུད་འཇོམས་དཔའ་བོའི་ཕ་ཕོག་གཏད་པ་དང་༔ ཆོས་ཉིད་བདེན་པ་མངོན་སུམ་མཐོང་ཕྱིར་དང་༔ བྱིན་རླབས་དག་སྣང་བཀའ་ལ་འགོག་མེད་ཕྱིར༔ ས་མ་ཡཱ༔ ཞིང་སྐྱོང་ཊཱཀྐིའི་དབང་མོ་ཚེ་རིང་མ༔ ཐབས་ཀྱིས་དྲེགས་པའི་སྐུར་བཞེངས་ཟླ་བའི་དབང་༔ འབུམ་ཕྲག་དགོངས་པའི་རྒྱུད་དབང་གནོད་སྦྱིན་དམར༔ དམ་ཉམས་བཀའ་རྐུན་སྲོག་ལ་ཆད་པས་ཆོད༔ དམ་ལྡན་བརྒྱུད་འཛིན་སྐལ་བཟང་བུ་བཞིན་སྐྱོང་༔ འདི་ཕྱིའི་ལེགས་ཚོགས་ཡར་ངོའི་ཟླ་བཞིན་སྤེལ༔ འཚོ་བ་སྦྱོར་ལ་གཏན་འདུན་ཡོངས་གྲུབ་ཀྱིས༔ བཀའ་དང་ཐ་ཚིག་གཉན་པོས་རྒྱས་གདབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཅེས་པ་འདི་ཡང་སྐྱེ་བ་དུ་མར་ལས་ཀྱིས་འབྲེལ་བར་མ་ཧཱ་ཡོ་ག་སྦས་པའི་ཚུལ་འཆང་པདྨ་མ་ཏིའི་བཀས་བསྐུལ་ངོར། དུས་མཐའི་སྔགས་མིང་༧ག་གཱ་ཨ་བྷྱེ་ནས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །


previousའཕོ་བ་ཡེ་ཤེས་གསང་ལམ་བར་དོ་ཟང་ཐལ།next