Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རང་གནས་ཞི་ཁྲོའི་སྨིན་བྱེད་ཡེ་ཤེས་གསང་ལམ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་གནས་ཞི་ཁྲོའི་སྨིན་བྱེད་ཡེ་ཤེས་གསང་ལམnext

རང་གནས་ཞི་ཁྲོའི་སྨིན་བྱེད་ཡེ་ཤེས་གསང་ལམ

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ རང་གནས་ཞི་ཁྲོའི་སྨིན་བྱེད་ཡེ་ཤེས་གསང་ལམ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྗེས་སུ་རྣལ་འབྱོར་ཆེན་པོའི་ལམ༔ གང་གིས་ཉམས་སུ་ལེན་འདོད་པས༔ བསྐྱེད་རྫོགས་ཟུང་དུ་མ་ཞུགས་པ༔ མུ་སྟེགས་བྱེད་ལ་ཡང་ཡོད་ཕྱིར༔ འདིར་ནི་ཡེ་ཡོད་ལྷུན་གྲུབ་ལྷ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་གྱི༔ རྟེན་དང་བརྟེན་པ་རབ་བཀོད་དེ༔ ཟུང་འཇུག་༼ བསྐྱེད་རིམ་པས་ཆོས་ཀྱི་ཕྱག་རྒྱ་ལ་གོམས་ཤིང་བརྟན་པས། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་དང་། དེའི་འབྲས་བུ་ཐོད་རྒལ་རྣམ་བཅས་ཀྱི་ཕྱག་རྒྱ་ལྟོ་སྦྱོར་དུ་སྒོམ་པས་རྡོ་རྗེའི་རྣལ་འབྱོར་གྱི། ༽ སྙེམས་མ་བསྒོམས་པར་བྱ༔ སྐྱབས་སེམས་ལ་སོགས་སྔོན་སོང་ནས༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ རྒྱས་པར་ཞི་ཁྲོ་སྤྱི་ཡི་ལུགས༔ བསྡུ་ན་དྲོད་གཤེར་སྐྱེས་འདི་བསྒོམ༔ འདིར་ཨ་ནུའི་རང་ལམ་ལ་ཐབས་ཀྱི་ངེས་པ་དང་ཤེས་རབ་ཀྱི་རྣམ་པར་གྲོལ་བའི་ལམ་གཉིས་སུ་ངེས་པ་ལས། ཕྱི་མ་ལ་དོན་དང་ཡི་གེའི་རྗེས་སུ་འཇུག་པ་གཉིས་ལས་ཕྱི་མ་ནི། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་གསུངས་ཏེ། རྟགས་ཀྱི་རོལ་བ་ཞེས་པའི་བརྡ་ཆད་ཀྱང་མཛད་དོ། །སྤྱིར་རྫོགས་རིམ་གྱི་གཞི་ནི་བསྐྱེད་རིམ་ཡིན་ལ་དེ་ལའང་ཀུན་བཏགས་དང་རང་བཞིན་གྲུབ་པ་གཉིས་ལས། ཕྱི་མ་ཟབ་མོའི་བསྐྱེད་རིམ་ལྷན་སྐྱེས་ཡེ་རྫོགས་ཕུང་ཁམས་དཀྱིལ་འཁོར་གྱི་འཁོར་ལོར་རང་ཆས་པ་ནི་ཨ་ནུ་ཡོ་གའི་གྲུབ་མཐའ་སྟེ། དེ་ཡང་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷར་རྣམ་པར་དག་པའི་དེ་གསུམ་ཡང་དོན་དམ་པའི་རིགས་དྲུག་གི་ལྷ་འབྱུང་ལྔ་སེམས་ཀྱི་དངས་མ་དང་བཅས་པའང་གཉིས་གཉིས་ཟུང་དུ་འཇུག་པའི་ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གི་གསུང་། མཁའ་སེམས་ཀྱི་ཐུགས་རྡོ་རྗེར་བཞུགས་པས་རང་བཞིན་གཉིས་སུ་མེད་པ་སྦྱང་གཞི། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་སོ། །སྣང་གསུམ་འཕོ་བའི་བག་ཆགས་རྐྱེན་གྱུར་གཟུང་འཛིན་ཀུན་རྟོག་གི་གཡོ་བ་ཐ་མལ་སྣང་ཞེན་གྱི་སྒྲིབ་པས། དེ་རགས་པར་འཐས་པའི་རྩ་ཐིག་རླུང་གསུམ་ནི་སྦྱང་བྱ། ཐབས་ལམ་སྟེང་འོག་གི་སྒོ་སོགས་གནད་དུ་བསྣུན་པས་རགས་པའི་འགྱུར་བ་ཐམས་ཅད་འགྱུར་མེད་ཡེ་ཤེས་ཀྱི་དབུ་མར་བསྐྲུན་པས་དཔེ་དོན་གྱི་ཡེ་ཤེས་བཙན་ཐབས་སུ་འདྲེན་པ་ནི་སྦྱོང་བྱེད་དེ། དེས་ན་གདོད་མའི་འོད་གསལ་གཉུག་མའི་རང་གདངས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པའི་དཀྱིལ་འཁོར་བསྐྱེད་པའི་རྐྱེན་གྱི་ཡི་གེས་དྲན་པར་བྱ་བ་ཙམ་ལས་སྤྲོས་པ་ཆེར་མ་དགོས་པ་ནི་སྔར་བསྐྱེད་རིམ་གྱི་ལྷ་སྐུ་གཞིར་བཞག་གོམས་པ་ངེས་རྫོགས་དབང་བཙན་དུ་བྱས་པ་ཡིན་ལ། ལར་དེ་ཙམ་གྱིས་ཆོག་པ་གཞི་ནས་འཇུག་ནུས་པའི་དབང་རྣོན་མེད་པའང་འགོག་པ་ནི་མིན་ཏེ་གང་ཟག་གི་མོས་ཁམས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེས་ན་འདིར་དྲོད་གཤེར་སྐྱེས་སྦྱོང་བའི་ལུགས་ལྟར་རྩ་དང་རླུང་སྦྱོར་ལ་རྩ་དཀྱིལ་ཞི་བ་དང་། གཏུམ་མོ་དང་དཔྱིད་ཐིག་ལ་ཁྲོ་བོར་བསྒོམ་པ་མན་ངག་ཡིན་ནོ། །ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་མ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རང་ཉིད་པདྨ་ཉི་གདན་ལ༔བསྐྱེད་པའི་རྐྱེན་སྔགས་ཡོངས་གྱུར་ལས༔ ཆེ་མཆོག་ཧེ་རུ་སྨུག་ནག་ལ༔ ཞལ་གསུམ་ཕྱག་དྲུག་གཡས་གསུམ་གྱིས༔ རྡོ་རྗེ་ཁ་ཊྭཾ་རྔེའུ་ཆུང་དང་༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ གནམ་ཞལ་ཡུམ་མཆོག་ཀྲོ་དྷིར་སྦྱོར༔ ཐུགས་ཀར་ཀུན་ཏུ་བཟང་པོ་མཐིང་༔ ཆོས་ཉིད་བཟང་མོར་གཉིས་མེད་འཁྲིལ༔ ཕྱོགས་བཞིར་པད་ཉི་ཏི་རའི་སྟེང་༔ བུདྡྷ་བཛྲ་རཏྣ་དང་༔ པདྨ་ཀརྨ་ཀྲོ་དྷ་ལྔ༔ ཐུགས་ཀར་རྡོར་སེམས་རིན་འབྱུང་དང་༔ སྣང་མཐའ་དོན་གྲུབ་ཡབ་ཡུམ་གསལ༔ ཡུམ་མཆོག་ཀྲོ་དྷི་རིགས་ལྔར་འཁྲིལ༔ གནས་མ་བརྒྱད་ཀྱི་ཐུགས་ཀ་རུ༔ སེམས་དཔའ་བརྒྱད་དང་ཡུལ་མ་བརྒྱད༔ ཐུགས་ཀར་སེམས་མ་བརྒྱད་ཀྱིས་བསྐོར༔ མཐའ་བསྐོར་རྟོག་ཚོགས་གནས་འགྱུར་མཚོན༔ སྒོ་བཞིའི་ཁྲོ་བོ་ཁྲོ་མོ་ལ༔ དབང་མོ་ཉི་ཤུ་རྩ་བརྒྱད་རྫོགས༔ པདྨ་དང་ནི་ཟླ་དལ་ལ༔ རང་ཉིད་བསྐྱེད་པའི་རྐྱེན་ཡིག་ལས༔ ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་བས༔ ཡེ་ཤེས་ལྔ་ལྡན་རིགས་ལྔར་རྫོགས༔ ཚོགས་ཡུལ་རྣམ་དག་བྱང་སེམས་ལྕམ༔ མུ་བཞི་རྟག་ཆད་ཡེ་དག་པ༔ སྒོ་བ་ཡབ་ཡུམ་བརྒྱད་དུ་རྫོགས༔ ཉོན་དྲུག་ཡེ་གྲོལ་ཐུབ་པ་དང་༔ ཉོན་མོངས་ལྔ་པོ་གནས་འགྱུར་བས༔ ཆོས་ཉིད་ངང་གིས་ཁྲོ་ཚོགས་རྫོགས༔ དེ་ནི་གསང་འདུས་ཀྱི་རིམ་ལྔའི་ལུས་དབེན་དང་། དུས་འཁོར་གྱི་སྦྱོར་དྲུག་གི་སོར་བསམ་གྱི་དོད་ཐུབ་སྟེ། རྫོགས་རིམ་གྱི་ལྷ་སྐུ་ཡིན་པ་དང་། ཐ་མལ་གྱི་འཛིན་ཞེན་སྡུད་པའི་ཕྱིར་རོ། །དེ་ལྟར་རང་ཉིད་དབྱིབས་ཀྱི་ལྷར་གསལ་བའི་ཐབས་ཀྱི་ངེས་པའི་ལམ་ནི་སྟེང་འོག་གི་སྒོ་གཉིས་ལས་ཐོག་མར་སྟེང་སྒོ་རྣམ་གྲོལ་ལ། སྐུ་དབུས་སྐུ་གསུང་ཐུགས་ཀྱི་རྟེན༔ རྩ་གསུམ་ཀ་བ་ལྟ་བུ་རྫོགས༔ དབུས་ཀྱི་འཁོར་ལོ་དྲན་པའམ་དབུ་རྐྱང་རོ་གསུམ་གྱི་དབུས་ན༔ རྡོ་རྗེ་གསུམ་གྱི་ཡི་གེ་ཤར༔ ཨོཾ་ཨཱཿཧཱུྃ༔ འདི་བདག་བྱིན་གྱིས་བརླབས་པའི་རིམ་པའང་ཡིན་པའི་གནད་ཀྱིས་བྱིན་ཆེན་འབེབས་པ་ནི། འོད་འཕྲོས་དབྱིངས་ནས་རྒྱལ་བའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོ་རྒྱན་༴པདྨ་ཀ་མ་ལ་ཡེ་སྟྭཾ༔ ན་མོ་ན་མ་ཧཱུྃ༔ ཀྱཻ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ བདག་གི་མོས་སྔར་མཁྱེན་བརྩེའི་རོལ༔ བརྟེན་པ་རྩ་དང་དེས་བསྐྱེད་པའི༔ མ་དག་པའི་ཡུལ་ལུས་རྡོ་རྗེའི་སྐུ་རུ་སྦྱོང་དུ་གསོལ༔ གསུང་རྡོ་རྗེའི་རང་བཞིན་ལ་ཐ་མལ་བའི་ངག་དུ་ལོག་པར་བལྟས་པ་གཡོན་གྱུར་དེས་ན་དེའི་རྩ་བ་གཞོམ་མེད་ཀྱི་རླུང་མི་ཤིགས་པའང་ངག་འཕེལ་བྱེད་ལས་རླུང་གདངས་བ་ཡ་ཏ་དང་སྐད་དོད་ཀྱི༔ སོ་ཤ་ན། རླུང་སོགས་ཕྱིར་རྒྱུ་བ་ཉི་ཁྲི་ཆིག་སྟོང་དང་། ནང་དུ་རླུང་བཅུ་དང་། དེས་བསྐྱེད་པའི་སྲོག་རླུང་བརྒྱད་ཁྲི་བཞི་སྟོང་། འབྱུང་གནས་ཐིམ་གསུམ་རགས་པས་བཀོད། དེ་ཡི་སྣང་གསུམ་འཕོ་བའི་བག་ཆགས་འགྱུར་བདེར་བཅས༔ རྡོ་རྗེའི་གསུང་དུ་སྦྱང་དུ་གསོལ༔ རང་བྱུང་དངོས་པོའི་ཆོས་ཉིད་ལ༔ བཀོད་པའི་ཐིག་ལེ་དྲུག་ལ་སོགས་པ་ལ་བདག་ཏུ་བཟུང་བས་མ་དག་པར༔ ཁམས་དྲུག་ཏུ་འཕོས་པས་བརྒྱུད་དེ་ཁམས་ཐིག་ལེའི་འགྱུར་བ་འཁྲུལ་རྩར་གྱུར་ནས་ཡིད་ལ་ནོངས༔ ཤིང་འཁྲུལ་བ་རྡོ་རྗེའི་ཐུགས་སུ་སྦྱང་དུ་གསོལ༔ འཁོར་ལོ་ཚོགས་ཆེན་བཀོད་པ་བྱང་ཆུབ་ཀྱི་སེམས་དང་ཡིད་དག་པས་ཐོབ༔ མ་ཆགས་པདྨ་ཅན་ནམ་རྡོ་རྗེ་འཛིན་པ་ལུས་སེམས་ཀྱི་རྩོལ་བྱུང་ངག་ཕྱེད་སྣང་གི་བག་ཆགས་དག་པས་ཆམ་མཉམ་པས༔ ཐོབ་པོ། །ཕྲ་རགས་ལུས་དང་རྩ་ཡི་བག་ཆགས་དག་པ་ཀུན་ཏུ་འོད་ལ་སྤྲུལ་པའི་སྐུ་རྡོ་རྗེ་ཡི་རོལ༔ མཐར་ཕྱིན་བཅུ་དྲུག་ཡེ་ཤེས་བླ་མའི་འབྲས་བུ་མངོན་གྱུར་ཤོག༔ དེ་ནི་རྒྱུན་གྱི་གསོལ་གདབ་དང་༔བསྐྱེད་པའི་རིམ་པ་ཉུང་བསྡུས་གཉིས༔ ཐུན་གྱི་མགོ་མཇུག་གཉིས་སུ་གལ༔ ས་མ་ཡཱ༔ རྒྱུད་དུ་ཉམས་སུ་ལེན་དུས་ནི༔ སྣོད་ངན་བཀྲུ་བཤལ་བྱེད་པ་ལྟར། ཐོག་མར་མལ་ནས་ལྡང་བ་དང་༔ མ་དག་ཉོན་མོངས་དུག་གསུམ་རླུང་༔ ཁུ་ཚུར་གདོང་བརྒྱང་གསུམ་མཐར་ལག་པ་གཡོན་གྱི་མཛུབ་མོའི་སྣ་བུག་གཡོན་མནན་ནས་རླུང་རོ་གཡས་ནས་ལན་གསུམ་ཞེ་སྡང་རླུང་། དམར་ནག་ལན་གསུམ་གདོང་བརྒྱང་མཐར་ལག་གཡས་ཀྱིས་སྣ་བུག་མནན་ནས་འདོད་ཆགས་རླུང་། དཀར་ནག་གདོང་བརྒྱང་གསུམ་མཉམ་ནས་གཏི་མུག་རླུང་། ནག་པོའི་གཟུགས༔ དྲི་འཛིན་སྣ་བུག་གཡས་གཡོན་མཉམ་ནས་དགུར༔ སྤྲུགས་པས་བག་ཆགས་ལས་ཉོན་སྦྱངས༔ གནས་དོན་ལུས་ཀྱི་བག་ཆགས་ཀུན༔ སྦྱངས་ཕྱིར་ཧ་སྤྲུགས་དང་བསྒྲགས་ཏེ༔ སྐྱིལ་ཀྲུང་བྲང་སྟེང་ཁུ་ཚུར་བསྣོལ༔ བཤིག་པ་བསྒྲགས་པ་ལག་ལེན་ནོ༔ དེ་དག་སྔོན་དུ་འགྲོ་བའོ༔ དེ་ནས་དངོས་གཞིའི་རིམ་པ་ལ༔ འདིར་སྲོག་དང་རྩོལ་བ་ཞེས་པ་སྣ་བུག་གཡས་གཡོན་གྱི་རླུང་གཉིས་༼ འཁོར་ལོ་སྡོམ་པའི་རྒྱུད་ཕྲན་ལུགས་ ༽ དང་། ཡང་སྲོག་རླུང་དང་རྩོལ་བ་རིང་དུ་སྤྲོ་བ་ ༼ གསང་འདུས་དང་། ༽ ཡང་སྲོག་རླུང་དང་། རྩོལ་བ་སེམས་ཀྱི་རྒྱུ་བ་ ༼ དུས་འཁོར་ ༽ དང་། ཡང་སྲོག་རླུང་དང་རྩོལ་བ་ཐིག་ལེ་ ༼ པདྨའི་ལུགས་ ༽ ལ་བཞག་པའི་ལུགས་སོགས་མང་དུ་ཡོད་པ་ལས་འདིར་ཕྱི་མ་དང་། སྲོག་རྟག་པ་དང་རྩོལ་བ་ཆད་བའི་མཐའ་གཉིས་དབུ་མ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་སྡོམ་པའོ། །རིན་ཆེན་ཕྲེང་བའི་རྒྱུད་ལས། །གཡས་ཀྱི་སྲོག་ནི་རྟག་པའི་མཐའ། །གཡོན་གྱི་རྩོལ་བ་ཆད་པའི་མཐའ། །དེ་གཉིས་གནས་པ་དབུ་མའི་དོན། །རོ་མ་རྟག་པ་བྱང་ཆུབ་སེམས། །རྐྱང་མ་ཁྲག་ནི་ཆད་པའོ། །ཀུན་འདར་མ་རུ་གང་གནས་པ། །དེ་ནི་དབུ་མར་ཤེས་པར་བྱ། །ཞེས་དང་། །ཕྱི་ཡི་རྣམ་རྟོག་རྩོལ་བ་སྟེ། །ནང་གི་རྣམ་རྟོག་སྲོག་གི་རླུང་། །སྲོག་རྩོལ་གཉིས་འགགས་དབུ་མ་སྟེ། །ཞེས་ཐམས་ཅད་གཅོད་པའི་རྒྱུད་ལས་སོ། །སྲོག་དང་རྩོལ་བའི་རྣལ་འབྱོར་གཉིས༔ རྗེས་སུ་གེགས་སེལ་དང་བཅས་པའོ༔ ཤེས་བྱ་སྲོག་གི་སྔོན་འགྲོ་ནི༔ སྲོག་གམ་རླུང་གི་རྣལ་འབྱོར་ལ་མ་གོམས་ན་གཏུམ་མོ་སྦར་མི་ནུས། དེ་མ་ནུས་ན་ཐིག་ལེ་མི་འཇུ། དེ་ལྟ་ན་ཞུ་བདེའི་ཡེ་ཤེས་ཁྱད་པར་ཅན་མི་སྐྱེ་བས། རྣམ་པ་ཀུན་ཏུ་མེད་ཐབས་མེད། རྩ་དང་རླུང་དང་ཐིག་ལེ་གསུམ༔ མཐར་ཕྱིན་འབྲས་བུའི་ཁྲེགས་ཆོད་དམ་ཐོད་རྒལ་གྱི། ཐིག་ལེ་བསྲེ༔ ཞེས་པ་ནི་ལ་བཟླ་བའོ། རྩ་ལམ་དུ་སློང་བ་ལ་རྩའི་གནས་ལུགས་ཤེས་དགོས་ཀྱི་གཞན་དུ་རླུང་དང་ཁམས་ཀྱི་གནས་དང་། སྐུ་རྡོ་རྗེའི་རིགས་ཁམས་སེམས་ལ་ཡེ་ཤེས་འཆར་བ་རྩའི་བྱེད་པ་ལ་ལྟོས་དགོས་པར་རྒྱུད་ལས་གསུང་བ་དག་མི་ཤེས་པས། དང་པོ་བརྟེན་པ་རྩ་ཡི་ཚུལ༔ རྩ་ཡུར་བ་དང་རླུང་ཁ་ལོ་བ་དང་། ཐིག་ལེ་ཆུ་དང་འདྲ་བས་རླུང་གིས་འཁྲིད་པར་འདུ་བ་ལས་རྩའི་གནས་ལུགས་ཤེས་དགོས་པས། མ་དག་པའི་དུས་སུ། དུག་གསུམ་སྒོ་གསུམ་དག་པའི་དུས་སུ་སྐུ་གསུམ་རྡོ་རྗེ་གསུམ་གྱི༔ རྟེན་བྱེད་རོ་རྐྱང་དབུ་མ་གསུམ༔ ལ་ལ་ནཱ་སོགས་རྩ་རྣམས་ཡིན། །ཤེས་རབ་རང་བཞིན་ལ་ལ་ནཱ། །ར་ས་ནཱ་ནི་ཐབས་སུ་གནས། །དབུས་ནས་ཨ་བ་དྷུ་ཏཱི་ནི། །གཟུང་དང་འཛིན་པ་རྣམས་སྤངས་བའོ། །ལོངས་སྤྱོད་རྫོགས་སྐུ་ལ་ལ་ན། །ར་ས་ནཱ་ནི་སྤྲུལ་པའི་སྐུ། །ཨ་བ་དྷུ་ཏཱི་ཆོས་སྐུ་སྟེ། །སྐུ་གསུམ་པོར་ནི་བཤད་པ་ཡིན། །ཞེས་སོ། །༼ རྒྱས་པར་རྫོགས་རིམ་སྤྱིའི་གནད་ཆིང་སྤྲད། ༽ རང་ཉིད་ལྷར་བསྐྱེད་སྟོང་རར་བསྒོམ༔ རོ་མ་དཀར་ལ་རྐྱང་མ་དམར༔ གཅུད་པས་ཟས་གོས་ཟས་ཀྱི་ཞེན་པ་གཅོད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་གཅོད་པ་བསམ་གཏན་གྱི་ཐུན་ཞེས་རྫོགས་ཆེན་གྱི་རྒྱུད་ནས་འབྱུང་བ་བཞིན་དངོས་གྲུབ་འབྱུང་༔ དབུས་མ་མཐིང་སྐྱར་གནས་པ་ཡི༔ ཕྱིའི་ཟླ་ཉི་སྒྲ་གཅན་གྱིས་ཟ་བ་བཞིན་དུ་ནང་གི་ཟླ་ཉི་རླུང་ཁམས་ཀྱི་དངས་མ་དབུ་མར་འཇུག་པ་དང་། བསྡུ་རིམ་གྱིས་བསྡུ་བ་དང་། འཆི་སྲིད་ཀྱི་ཐིམ་པ་ཐམས་ཅད་དབུ་མ་ཡིན་པས། དེའི་གདོང་མཇུག་ནི་ནང་གི་སྒྲ་གཅན་དང་དུས་མེའོ། །གདོང་མཇུག་དཀར་དམར་གཡུར་དུ་ཟ༔ རྒྱུད་དུ་མདུད་པ་ཉེར་གཅིག་ཅན༔ འདི་ལ་རྡོ་རྗེ་གསུམ་དང་སྐུ་བཞི། ཕར་ཕྱིན་དྲུག་སོགས་སྦྱང་བྱ། སྦྱོར་བྱེད། སྦྱང་འབྲས་ཀྱི་རིམ་པས་འཁོར་ལོའི་ཕྲི་བསྣན་མང་ཡང་འདིར་ནི། དབུ་མའི་འཁོར་ལོ་བཞི་བོ་རུ༔ རྡོར་ཕྲེང་ལས། རྩ་ཡི་རིམ་མེད་ངེས་པར་ནི། །ཕུང་པོ་ལ་སོགས་མི་འབྱུང་ངོ་། །ཕུང་པོ་མེད་ན་ཡེ་ཤེས་ཆེ། །རྣལ་འབྱོར་བ་ཡིས་ཐོབ་མི་འགྱུར། །ཕུང་པོ་ལྔ་ཡི་བདག་ཉིད་ལུས། །མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། །དེ་ཉིད་འབྱུང་བ་ལྔ་ཡིས་ནི། །ཡེ་ཤེས་ལྔར་ནི་རྣམ་པར་གནས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱི། །རྩ་ཡི་འཁོར་ལོར་ཤེས་པར་བྱ། །ཞེས་པས། སྤྱི་བོར་སུར་ཅུ་རྩ་གཉིས་ནི༔ ཆུ་ཁམས་དཀར་པོ་མགྲིན་པར་བརྒྱད་གཉིས་མེ་ཁམས་དམར༔ སྙིང་ཁར་འདབ་མ་བརྒྱད་པ་རླུང་ཁམས་མཐིང་༔ ལྟེ་བར་དྲུག་ཅུ་ས་ཁམས་སེར་པོའི་དབུས༔ རང་བྱུང་ཡི་གེ་བཾ་རཾ་ཨེ༔ ལཾ་རྣམས་དཀར་དམར་མཐིང་སེར་གནས༔ ཨེ་རྣམ་སྣང་། ཤེར་དབང་། གཉིད། ཆོས་སྐུ། ཀུན་ཏུ་བཟང་པོའི་མན་ངག་སྙིང་། ལཾ་རིན་འབྱུང་། བཞི་པ། སྙོམ་འཇུག །ཡེ་ཤེས་རྡོ་རྗེ། བདེ་ཆེན་ཐིག་ལེའི་མན་ངག་ལྟེ་བར། རཾ་སྣང་མཐའ། གསང་དབང་། རྨི་ལམ། ལོངས་སྐུ། སྦྱོར་བ་དག་པའི་མན་ངག་མགྲིན་པར། བཾ་རྡོར་སེམས། སད་པའི། བུམ་དབང་། སྤྲུལ་སྐུ། ཁྱབ་གདལ་ཆེན་པོའི་མན་ངག་སྤྱི་བོ་དང་ཁྱད་པར་དུ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་བའི་མི་ཤིགས་པའི་རྩ་ནི་སྙིང་ཀའི་དབུས་སུ་བཞུགས་ཚུལ་རྫོགས་ཆེན་ནས་གསུངས་པ་ལྟར་གྱི་སྤྲོས་བྲལ་རིག་པའི་ཐིག་ལེའི་རང་གདངས་སོ། །དེ་དག་ཡེ་ནས་གནས་པའི་སྟེང་༔ གང་ཞིག་རང་ལ་འཕྲོད་པ་ཡི༔ རླུང་དེ་བསྒོམ་པ་མན་ངག་གོ༔ གྱེས་པའི་རྩ་ཕྲན་ཐམས་ཅད་ལ༔ མདུད་པ་ཕྲ་མོ་གྲངས་མེད་པའི༔ སྟེང་འོག་དཔའ་བོ་ཡབ་ཡུམ་གནས༔ མངོན་དུ་མེད་ཀྱང་ཆོས་ཉིད་དུའོ༔ སྦུད་པ་ཡི་ནི་རླུང་གི་བྱ་བས་སྦྱོར༔ བསྒོམ་པའི་དབུ་མ་ཆེ་ཆུང་བསྐྱེད༔ དེ་ནི་རྩ་ལ་གནད་བསྣུན་པའོ༔ ལར་ནི་རྩ་ལ་སྒྱུ་འཕྲུལ་ཆེན་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །འཁོར་ལོ་སོ་སོའི་དཀྱིལ་དག་ན། །ཀ་བའི་ཚུལ་དུ་གནས་པ་ལ། །ཡལ་གའི་འདབ་མ་གྲངས་ལས་འདས། ཁམས་དང་རླུང་ནི་འབབ་པ་ཡི། །ཡེ་ཤེས་རྩ་ནི་སྟོང་ཕྲག་གཅིག །བདུན་ཅུ་རྩ་གཉིས་བསྒྲེས་པ་ཡི། །ཞེས་དང་། སྒྲུབ་སྡེ་ལས། སྤྱིར་ན་རྣལ་འབྱོར་ལུས་གནད་རྩ། སྟོང་ཕྲག་ཕྱེད་དང་བཞི་བརྒྱར་འདུས། །དེ་ལས་བསྡུ་ན་སྟོང་ཕྲག་གཅིག ། བདུན་ཅུ་རྩ་གཉིས་དེ་བསྡུ་ན། །ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད། །དེ་ཡང་བསྡུ་ན་འཁོར་ལོ་བཞི། །དེ་བསྡུས་ལ་ལ་ར་ས་ནཱ། །ཨ་ཝ་དྷུ་ཏཱི་དང་གསུམ་མོ། །ཞེས་སོ། །བསྡུ་ན་དབུ་རྐྱང་རོ་གསུམ་གྱི་རིགས་འཛིན་པའི་སྟོང་ཕྲག་གྲངས༔ བདུན་ཅུ་རྩ་གཉིས་གཞན་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོ་སུམ་བརྒྱ་དྲུག་ཅུ་དང་ཚིགས་ཕྲན་གྱི་འཁོར་ལོ་དྲུག་ཅུ་པོ་ལ་སུམ་བརྒྱ་དྲུག་ཅུ་དང་། ནད་བསྐྱེད་པའི་རྩ་བརྒྱ་དང་ང་དྲུག །ཡུལ་སོ་གཉིས་ཀྱི་རྩ་སོགས་དང་གསང་སྙིང་སོགས་ལས་སྙིང་ཀར་ཞི་བ་ཞེ་གཉིས་ཀྱི་གྲངས་ལྡན་རྩ་འདབ་ཞེ་གཉིས། སྤྱི་བོར་ཁྲག་འཐུང་གི་ལྷ་གྲངས་ང་བརྒྱད། མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བརྒྱད་ཀྱི་རྩ་དང་། གཞན་ཡང་བཀའ་བརྒྱད་༣༥༠༠༠༠དང་། ཀློང་ཆེན་རབ་འབྱམས་དུས་འཁོར་༣༥༠༠༠༠༠༠དགའ་བོ་མངལ་འཇུག་༨༠༠༠༠༠སོགས་ཀྱི་བཞེད་ཚུལ་ལ་སོགས་ཡོད༔ རྡོར་འཕྲེང་ལས། ལ་ལ་ནཱ་དང་ར་ས་ན། །ཨ་བ་དྷུ་ཏཱི་ཞེས་བྱའི་མིང་དེ་རྣམས་སྤྲོ་བའི་སྦྱོར་བ་ཡིས། རེ་རེའི་རིམ་གྱིས་ཐུན་བརྒྱད་བརྒྱད། །གསུམ་པོ་ཉི་ཤུ་རྩ་བཞི་འགྲོ། །ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །རིམ་གྱིས་གྲངས་ནི་བདུན་ཅུ་གཉིས། །སླར་ཡང་དེ་སྤྲོ་སྦྱོར་བ་ཡིས། །རེ་རེའང་སྟོང་སྟོང་དབྱེ་བ་ཡིས། །རྟག་ཏུ་གྲངས་ཉིད་འགྱུར་བ་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཞེས་དང་། །སྡོམ་འབྱུང་ལས། ལ་ལ་ནཱ་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་ཉིད་ཕྱིར་ན་གཞན་གྱི་རྟེན། །གངྒ་སིནྡྷུར་གཞན་འཇུག་བཞི། །ཞེས་པས་ཀུན་གྱི་མ་ནི་ལ་ལ་ར་ས་ཀུན་སྤངས་འདི་གསུམ་ཡིན༔གསང་རྫོགས་ལས། དེ་ལྟར་གཡས་གཡོན་མར་སྣ་གཉིས། དྷུ་ཏཱིའི་སྒོར་ཚུད་དེའི་ཡོན་ཏན། །རྩ་རླུང་བསྒོམ་པས་དྷུ་ཏཱིར་རླུང་། །ཚུད་པས་ཕྱག་རྒྱ་ཆེན་པོར་འཆར། །དེ་བཞིན་དྷུ་ཏཱིར་རླུང་ཚུད་ཚེ། །རྟོག་པ་རང་འགག་ཡེ་ཤེས་འཆར། །ཞེས་རྩ་ལམ་དུ་བྱས་པའི་དགོས་པའོ། །ས་མ་ཡཱ༔ བརྟེན་པ་རླུང་གི་ངག་དབུགས་ཆུ་སྲང་དུས་སྦྱོར་དབྱུ་གུ་དབྱངས་གསལ་ཀུན་གྱི་གཞིར་གྱུར་བ་ནི་དོན་དམ་ཡེ་ཤེས་ཀྱི་རླུང་ངམ་སྲོག་ཆེན་པོའི་རླུང་ཞེས་བྱ་བ་རྒྱུ་རྒྱུད་གྱི་རྟེན་དུ་གྱུར་བ་ལ་གློ་བུར་གྱི་དྲི་མས་སྦག་པས་ཀུན་གཞིའི་རྣམ་ཤེས་ཡུལ་ལ་གཡོ་བ་ལས་རླུང་སྟེ། དེ་བྱད་བཅིང་གི་ཐབས་ཀྱིས་མི་ཤིགས་པའི་ངོ་བོར་དག་པར་བྱེད་པས་རླུང་གི་གནས་ཚུལ་ཤེས་བྱ་ནི༔ རླུང་ལ་ཕྱི་དང་ནང་གི་རླུང་༔ ༼ སྒྲུབ་སྡེ་ལས་བརྒྱད་བརྒྱད་དུ་གསུངས་ཀྱང་འདིར་ཐལ་འགྱུར་ལས་གསུངས་པ་ལྟར། ༽ ཕྱི་ལ་ཆེ་ཆུང་རྣམ་པ་གཉིས༔ ཆེ་བ་ཉིན་ཞག་ཕྲུག་གཅིག་ལ༔ དེ་ཡང་བ་སྤུའི་མཐར་ཐུག་པའི་རྩ་ལམ་ནས་རླུང་ཐམས་ཅད་ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རླུང་དང་འདྲེས་ནས་རོ་རྐྱང་གི་ལམ་ནས་སྣ་བུག་གཡས་གཡོན་གཉིས་ལས་སྣོད་བཅུད་སྐྱེད་སྡུད་ཀྱི་རིམ་པས་མགོན་པོ་ལྔའི་རང་བཞིན་ཅན་གྱི་རླུང་ཁྲི་དང་བཞི་བརྒྱ་དྲུག་ཅུ་གཉིས་དང་ཕྱེད་བཅས་རེའི་སྐུ་དང་གསུང་ཐབས་དང་ཤེས་རབ་ཉི་ཟླའི་རླུང་དུས་སྦྱོར་བཅུ་གཉིས་ཀྱི་རིམ་པས་རྒྱུ་ཞིང་། དུས་སྦྱོར་རམ་འཕོ་བ་རེ་ལ་ཆུ་ཚོད་ལྔ་རེ་ཆུ་ཚོད་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་རེ་རྒྱུ་བ་དང་། དེའི་སྟེང་དུ་གཉིས་མེད་ཐུགས་རྡོ་རྗེའི་རང་བཞིན་ཡེ་རླུང་དྲུག་བརྒྱ་དོན་ལྔ་བསྣན་པས་ཁྱོན་ཉི་ཁྲི་ཆིག་སྟོང་རང་བཞིན་རྒྱུ༔ རྒན་ལ་ལྔ་བཅུ་བྱིས་པ་ལ༔ སུམ་ཅུ་འབྱུང་བ་ཕྲི་མ་སྨིན༔ སྟོབས་ཀྱིས་ཆད་པ་འབྱུང་བའོ༔ དུས་འཁོར་གྱི་སྐོར་ནས་ཞག་གཅིག་གི་རླུང་ལ། དཀྱིལ་འཁོར་དང་། སྣ་བུག །རྩ་འདབ་ཀྱི་འཕོ་བ་གསུམ་ཀ་ལ་བཅུ་གཉིས་སུ་ཕྱེད་ཅིང་། དེ་ཡང་རླུང་འབྱུང་འཇུག་གཉིས་གཅིག་ཏུ་བརྩི་བས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བྱེད་པ་རྡོར་ཕྲེང་དགོངས་པ་ལུང་བསྟན་དང་རྙིང་མའི་རྒྱུད་ཐམས་ཅད་མཐུན་པ་ཡིན་ལ་༢༡༦༠༠ཉིན་ཞག་གཅིག་གི་རླུང་དེ་ལ་ཕ་རྒྱུད་ལས་མགོན་པོ་བཞིའི་རླུང་འཕོ་བ་ཉེར་བཞི། འབྱུང་ཆུང་སངས་རྒྱས་སྤྱན་སོགས་ལྷ་མོ་བཞིའི་རླུང་ལ་གོ་དྲུག །སྣ་བུག་འཕོ་བ་བཅུ་གཉིས་སུ་བྱེད། མ་རྒྱུད་སྡོམ་འབྱུང་དང་བརྟགས་གཉིས་སོགས་ཀྱི་ལུགས་ལ་འཕོ་ཆེན་བཅུ་དྲུག །འབྱུང་ཆུང་ལྷ་མོ་བཞིའི་རླུང་གི་འཕོ་བ་རེ་བཞི་དང་། སྣ་བུག་འཕོ་བ་བརྒྱད་དུ་འདོད། རྩ་ནང་གི་རྣམ་རྟོག་གི་རྟེན་དུ་གྱུར་བའི་ནང་རླུང་ཆིག་འབུམ་ཉི་ཁྲི་དང་༔ དྲུག་སྟོང་དྲུག་བརྒྱ་འགྱུ་བའོ༔ ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་མོའི་རླུང་དུ་འདོད། །རྩ་ནས་ངེས་པར་འགྱུ་བ་ནི། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག །རྩ་ནས་ངེས་པར་འགྱུ་་བ་སྟེ། །འགྱུ་བ་ཆུང་བའི་རླུང་དུ་འདོད། །ཅེས་སོ། །འདི་དག་ནི་ནང་རླུང་ཡིན་ཀྱང་ཕྱིར་རྒྱུའི་རླུང་གི་ཡང་གཞི་རུ་གྱུར་བའོ། །གཞན་ཡང་རྩ་འདབ་ནས་འཕོ་བའི་ཚུལ་ནི། གཙོ་བོ་བདེ་ཀྱེ་སོགས་ཀྱི་ལུགས་ཏེ། སྙིང་ཀའི་རྩ་འདབ་བརྒྱད་ཀྱི་རེ་རེ་ནས་རླུང་གཉིས་སྟོང་བདུན་བརྒྱ་རེ་རྫོགས་ནས་རྩ་འདབ་གཞན་དུ་འཕོ་བར་བྱེད་པ་ལ་ཐུན་ཚོད་ཀྱི་རླུང་། མགྲིན་པའི་རྩ་འདབ་བཅུ་དྲུག་གི་རྩ་འདབ་རེ་རེ་སྟོང་ཕྲག་གཅིག་ཕྱེད་དང་བཞི་བརྒྱ་རེ་རྫོགས་ནས་རྩ་འདབ་གཞན་དུ་འཕོ་བ་ལ་འཕོ་བ་བཅུ་དྲུག་གི་རླུང་དང་། དེ་བཞིན་དུ་སྤྱི་བོའི་རྩ་འདབ་སོ་གཉིས་ཀྱི་རེ་རེ་ནས་རླུང་དྲུག་བརྒྱ་དོན་ལྔ་རེ་རྒྱུ་བ་ལ་ཆུ་ཚོད་དམ་ཡུད་ཙམ་རེའི་རླུང་དང་། ལྟེ་བའི་རྩ་འདབ་རེ་བཞིའི་རེ་རེར་སུམ་བརྒྱ་དང་ཕྱེད་བཅས་སོ་བདུན་རེ་རྒྱུ་བ་ལ་དབྱུ་གུ་རེའི་རླུང་དུ་གསུངས་སོ། །རླུང་གི་དཀྱིལ་འཁོར་བཞི་བོ་དེ་རྩ་གསུམ་གྱི་རོ་རྐྱང་ནས་རྒྱུ་བ་ནི། རྒྱུད་རྡོར་ཕྲེང་ལས། སྐུ་དང་གསུང་གི་སྙིང་པོ་གཉིས། ལ་ལ་ནཱ་དང་ར་ས་ནཱ། ཞེས་སོ། །དེ་དག་དང་གཞན་ཡང་སྣ་བུག་ནས་རྒྱུ་ཚུལ་གྲངས་མཚུངས་པ། སྡོམ་འབྱུང་ལས། མེལ་ཚེ་ཐུན་དུ་བརྗོད་པར་བྱ། །ཐུན་བཞི་ཉིན་མོར་རིག་བྱ་སྟེ། །དེ་བཞིན་མཚན་མོའང་ཐུན་བཞིའམ། །འཕོ་བའི་ཡན་ལག་བཅུ་དྲུག་གི །རླུང་ནི་ཉིན་ཞག་གཅིག་གིས་འགྱུར། །སྣ་ཡི་བུ་ག་ལ་རྟག་ཏུ། །ཐུན་ནི་ཕྱེད་ཕྱེད་ཡང་དག་རྒྱུ། །ཞེས་དང་། རྩ་ནི་སུམ་ཅུ་གཉིས་ཞེས་བྱ། །ཐུན་གཅིག་གི་ནི་བཞི་ཆ་རྣམས། །རྩ་དང་ཆུ་ཚོད་ཅེས་ཀྱང་བརྗོད། །ཉིན་དང་མཚན་མོས་དབྱུ་གུའི་ཚད། །དྲུག་ཅུ་རྩ་བཞི་དག་ཏུ་འགྱུར། །རྩ་ཕྱེད་ཆུ་ཚོད་ཕྱེད་དབྱུ་གུ །ཐུན་ནི་བརྒྱད་ཆ་ཞེས་པར་གྲགས། །རླུང་ནི་སྣ་སྒོར་འབྱུང་འཇུག་ལ། །དབུགས་སུ་ཡོངས་སུ་གྲགས་པ་སྟེ། །ཞེས་དང་། །ཁྲོ་བོ་སྟོབས་ཀྱི་རྒྱུད་ལས་འདི་དག་ཕྱིར་རྒྱུ་བའི་རླུང་དུ་གསུང་པའང་ཡོད་དོ། །དུས་འཁོར་ལྟར་ན་སྤྱི་བོར་ཟླ་རྐང་མགྲིན་པར་རྒྱུ་སྐར་སྙིང་གར་གཟའ་རྐང་ལྟེར་བར་དབྱུ་གུ་དྲུག་ཅུའི་རླུང་རྒྱུ་བར་བཤད་པའོ། །ཡང་ཚིགས་ཆེན། ཚིགས་ཕྲན། ནད་བསྐྱེད་ཀྱི་རྩ་དང་། བདུན་ཁྲི་ཉིས་སྟོང་ལ་རྩའི་གྲངས་དང་མཉམ་པར་ནང་དུ་རྒྱུའོ། །ཀུན་གྱི་རྩ་བ་སྲོག་འཛིན་མི་བསྐྱོད་པ་དང་༔ ཆོས་དབྱིངས་ཡེ་ཤེས་ཆུའི་ཁམས་ཁ་དོག་དཀར་པོ། གྱེན་རྒྱུ་འོད་དཔག་མེད་དང་། སོར་རྟོགས་ཡེ་ཤེས་མེའི་ཁམས་ཁ་དོག་དམར་པོ་ཐུར་སེལ་རིན་འབྱུང་དང་མཉམ་ཉིད་ཡེ་ཤེས་ས་ཁམས་ཁ་དོག་སེར་པོ། །མེ་དང་མཉམ༔ པ་དོན་གྲུབ་དང་བྱ་གྲུབ་ཡེ་ཤེས་རླུང་ཁམས་ཁ་དོག་ལྗང་ནག །ཁྱབ་བྱེད་རྣམ་སྣང་དང་མེ་ལོང་ཡེ་ཤེས་ནམ་མཁའི་ཁམས་ཁ་དོག་སྔོན་པོ་རྣམས་སུ་བཤད་པ་སྟེ་རྣམ་པ་ལྔ༔ དེ་ཡང་གནས་ནི་གྱེན་རྒྱུ་མགྲིན་པ་ལ་གནས་པས་སྟོད་དང་ཐུར་སེལ་སྨད༔ དུ་གསང་གནས་དང་། མེ་མཉམ་ཕོ་བ་ཞེས་ལྟེ་བ་ན་གནས། ཁྱབ་བྱེད་ལུས་བྱིང་༔ དང་ཚིགས་ལ་གནས་སྲོག་ནི་སྙིང་ལ་སྟེ་སྲོག་གི་རྩ་ལ་རྒྱུ༔ དེ་དག་གི་གནས་བྱེད་ལས་དང་བཅས་པའང་། རྡོར་ཕྲེང་ལས། རླུང་རྣམས་ཀྱི་ནི་མཚན་ཉིད་མཆོག །སྲོག་གི་རླུང་ནི་སྙིང་གར་གནས། །མི་བསྐྱོད་བྱེ་བྲག་རིགས་ལས་སྐྱེས། །མདོམས་ན་གནས་པའི་ཐུར་སེལ་ནི། །རིན་ཆེན་འབྱུང་ལྡན་བྱེད་བྲག་སྐྱེས། །སྟོད་དུ་རྒྱུ་ལ་ལྐོག་མཐར་གནས། །འོད་དཔག་མེད་པའི་རང་བཞིན་ནོ། །མེ་དང་མཉམ་གནས་ལྟེ་བར་གནས། །དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཁྱབ་བྱེད་ཡན་ལག་ཀུན་ལ་གནས། ། རྣམ་སྣང་མཛད་ཀྱིས་བྱིན་གྱིས་བརླབས། །དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུད་འདི་དང་། །དུས་ཀུན་དུ་ནི་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །སྲོག་རབ་རླུང་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་སོགས། །འོག་འདྲེན་འདི་ནི་ཐུར་སེལ་རླུང་། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །དགོད་དང་ཟ་དང་ལྡག་པ་དང་། །ཀུན་ཏུ་འཐུང་དང་འཇིབ་པ་དང་། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་པ་ཞེས་བྱར་བརྗོད། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་བ་ལ་སོགས་པ། །ཤེས་ནས་ལྷན་ཅིག་འབྱོར་བ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། ཁྱབ་དང་འཛིན་པ་ཉིད་དང་ནི། །དེ་བཞིན་འགྲོ་དང་ལྡོག་པ་སོགས། །ཚིགས་ཀུན་དུ་ནི་ཁྱབ་པའི་ཕྱིར། །ཁྱབ་བྱེད་ཅེས་ནི་བཤད་པར་བཤད། །ཅེས་སོ། །སྤྱོད་བསྡུས་ལས། སྙིང་ཁ་དང་མདོམས་དང་ལྐོག་མ་དང་ལྟེ་བ་དང་ལུས་ཀྱི་ཚིགས་ཐམས་ཅད་ན་རིམ་པ་བཞིན་དུ་སྲོག་འཛིན་དང་། ཐུར་སེལ་དང་། གྱེན་རྒྱུ་དང་། མེ་མཉམ་དང་། ཁྱབ་བྱེད་ཀྱི་གནས་དང་མིག་སོགས་ལྔ་ནི་རྒྱུ་བ་སོགས་ཀྱི་རླུང་ལྔའི་གནས་ས་བཤད་དོ། །འདིར་ཁྱབ་བྱེད་རྣམ་སྣང་། རྡོར་མགོན་སྲོག་འཛིན་དུ་བཞག་པ་གསང་འདུས་ལྟར་དང་། རང་ལུགས་ལ་སྲོག་འཛིན་ནམ་མཁའི་མགོན་པོ་རྣམ་སྣང་སྔོན་པོ། །རྡོར་མགོན་ཁྱབ་བྱེད་དཀར་པོར་བཞག་གོ །དུས་འཁོར་གྱི་དགོངས་པ་གྱེན་རྒྱུ་སྙིང་ཁ་མེའི་འདབ་མའི་རྩ་གླང་ཆེན་ལྕེ་དང་། ཐུར་སེལ་དུ་དུང་ཅན་མ་ལས། མེ་མཉམ་སྙིང་ཀའི་ཤར་གྱི་འདབ་མའི་རྩ་སྣར་མ་ལས། ཁྱབ་བྱེད་ལྷོའི་འདབ་མ་སེར་སྐྱའི་རྩ་ལ་གནས་ཞེས་གསུངས། དྲི་མེད་འོད་ལས། སྲོག་སྟེང་དུ་རྒྱུ་སྟེ་ཐུར་སེལ་ལྟེ་བའི་འོག་ཏུ་རྒྱུའོ། །མེ་མཉམ་ཤར་གྱི་འདབ་མ་ལ་སྣར་མའི་རྩ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་མེའི་འདབ་མ་ལ་གླང་པོ་ཆེའི་ལྕེའི་རྩའོ། །ཁྱབ་བྱེད་ལྷོའི་འདབ་མ་ལ་སེར་སྐྱའི་རྩའོ། །ཞེས་སོ། །རྩ་བའི་རླུང་ལྔ་དེ་དག་གིས་ཕུང་པོ་ལྔའི་རྟེན་བྱེད་དོ། །ནང་དུ་འབྱུང་བ་ལྔ་ཡི་རླུང་༔ ས་རླུང་སེར་པོར་གྲུ་བཞི་དང་༔ ཆུ་རླུང་དཀར་པོ་ཟླུམ་པོ་དང་༔ མེ་རླུང་དམར་པོ་གྲུ་གསུམ་དང་༔ རླུང་གི་ལྗང་གུ་ཟླ་གམ་ཚུལ༔ ནམ་མཁའི་རླུང་ནི་འཁོར་ལོའི་དབྱིབས༔ ཁ་དོག་མཐིང་ཀའི་ཚུལ་ཉིད་དུ༔ སྙིང་ཀའི་འཁོར་ལོའི་རྩ་ལྔའམ༔ ཡི་གེ་ལྔ་ལ་བརྟེན་ནས་སུ༔ རང་བཞིན་འཁོར་ལོ་ལྔ་ལ་གནས༔ ནང་གི་ཕུང་པོ་ལྔ་དང་སྐྱེ་མཆེད་ཀུན་གྱི་རྟེན་བྱེད་ཅིང་ཡེ་རླུང་གི་ངོ་བོར་མ་དག་གི་བར་དུ་འཆི་སྲིད་སོགས་ཀྱི་གནས་སྐབས་སུ་རླུང་དེ་དག་ཐིམ་ནས་རེ་ཞིག་ཕུང་ཁམས་རགས་པ་མི་སྣང་ཡང་སླར་ཡང་མཆེད་པའི་གཞི་བྱེད་པ་སྟེ། གཞན་ཡང་འཁོར་ལོ་ལྔ་བོ་གསལ་ནས་ཐབས་ལམ་འོག་སྒོ་ཉམས་སུ་ལེན་པའི་མིའི༔ གསང་གནས་བདེ་སྐྱོང་འཁོར་ལོར་ན༔ གཏེར་མའི་ཕྱོགས་ལ་རྩ་འདབ་བརྒྱ་དང་རྩ་བརྒྱད་གསལ༔ དུས་འཁོར་ལས་སོ་གཉིས་རྙིང་རྒྱུད་དང་སྒྲུབ་སྡེ་དག་ལས་དོན་གསུམ་བཤད་པ་སོགས་དབྱེ་བསྡུ་མང་ངོ་། །དེ་དབུས་ཡྃ་ལྗང་ལ་བརྟེན་ཏེ༔ རྒྱུ་བའི་དུས་རླུང་གི་རླུང་ནི་རྣམ་པར་བསྒོམ༔ གཞན་ཡང་རྒྱུ་བ། རྣམ་རྒྱུ་ཡང་དག་རྒྱུ་རབ་རྒྱུ་ངེས་པར་རྒྱུ་རྣམས་རིམ་པར་མཁའ་རླུང་མེ་ཆུ་ས་དང་། གཟུགས་སྒྲ་དྲི་རོ་རེག་རྡོ་རྗེ་མ་ལྔ་ཁ་དོག་སྔོ་ནག་དམར་དཀར་སེར་བོའི་རང་བཞིན་ཅན་དང་། དུས་འཁོར་ལས། ཀླུ་ནི་ས་ཡིན་དེ་ནས་རུས་སྦལ་དང་ནི་རྩངས་པ་ཡི་ནི་རླུང་དང་ལྷས་སྦྱིན་དང་ནི་ནོར་ལས་རྒྱལ། བཞི་པོ་རྣམས་ནི་རླུང་དང་མེ་དང་ཆུ་དང་ས་རྣམས་ལས་ནི་རིམ་གྱིས་འབྱུང་བར་འགྱུར། ཞེས་སོ། །གཞན་ཡང་གཞི་དུས་ཀྱི་ཕུང་ལྔ་འབྱུང་ལྔའི་རླུང་དུ་ཡེ་རྡོར་རྒྱུད་ལས་གསུངས་པ་དང་། སྣང་མཆེད་ཐོབ་པ་ཉེར་ཐོབ་དང་མཐའི་ཡེ་ཤེས་དང་བཅས་པ་རླུང་གི་ཁམས་དྲུག་ཏུ་དུས་འཁོར་རྩ་རྒྱུད་ལས་གསུངས་པ་དག་དང་། གཞན་ཡང་དབྱེ་བསྡུས་གྲངས་བསམ་གྱིས་མི་ཁྱབ་པའི་དོན་ཡེ་ཤེས་ཀྱི་རླུང་རྣམ་པ་ཐམས་ཅད་པ་ལ་བདག་ཏུ་བཟུང་བའི་ལས་རླུང་དུ་གྱུར་བ་བསྒྲང་དུ་མེད་དོ། །དེ་ལྟར་ཕྱི་ནང་གི་རླུང་གཉིས་ལས་ཕྱིར་སྣ་བུག་ནས་རྒྱུ་ཚུལ་གྱིས༔ ཉམས་ལེན་གནད་ལ་སྣ་བུག་གཉིས༔ སུ་རོ་རྐྱང་གི་སྣ་ཁ་ཟུག་པས་གཡས་ནས་ཕོ་རླུང་གཡོན་མོ་རླུང་༔ རླུང་ནི་བཅོམ་ལྡན་ཧེ་རུ་ཀའི། །རང་བཞིན་ཉིད་དེ་གསུམ་དུ་འགྱུར། །གཡོན་པ་ཤེས་རབ་རང་བཞིན་ཏེ། །གཡས་པ་སྙིང་རྗེའི་བདག་ཉིད་དོ། །ཞེས་སོ། །མཉམ་ནས་མ་ནིང་རླུང་རྒྱུ་བས༔ རིམ་པས་གཡས་ཀྱི་རླུང་གི་ངོ་བོ་མེ་དཀྱིལ་ཁ་དོག་དམར་སེར་ལྷའམ་བདག་པོ་པདྨ་མགོན་པོ། གཡོན་ནས་རླུང་དཀྱིལ་ལྗང་གུ་ལས་ཀྱི་མགོན་པོ་ལྷག་པའི་ལྷའོ། །མཉམ་ནས་དྲག་རྒྱུ་ས་དཀྱིལ་གསེར་མདོག་རིན་ཆེན་མགོན་པོ་ལྷག་ལྷ་དང་། མཉམ་ནས་དལ་བར་རྒྱུ་བ་ཆུ་དཀྱིལ་ཤེལ་ལྟར་དྭངས་བ་ལ་ལྷ་རྡོ་རྗེ་མགོན་པོ་དང་། ནམ་མཁའི་མགོན་པོའི་རླུང་ནི་འཆི་བའི་མཐའ་ལས་མི་རྒྱུ་ཡང་། ནམ་མཁའི་རླུང་ཙམ་གྱི་ལམ་བྱེད་ནི་མཉམ་རྒྱུ་འདིས་ཚང་བར་འགྱུར་ཞིང་། འདི་གཉིས་ཀྱི་ངོ་བོ་ནམ་མཁའི་ཁ་དོག་མེད་པའི་ཁ་དོག་གམ་སྔོན་པོ། རིགས་བདག་རྣམ་སྣང་ངོ་། །རྡོར་ཕྲེང་ལས། སྟེང་གི་སྣ་ལས་ངེས་འབྱུང་བ། །གཡས་དང་གཡོན་དང་གཉིས་ཀ་ཡང་། །དལ་བར་རྒྱུ་དང་རྣམ་བཞི་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །ལྐོག་མ་སྙིང་ཀ་ལྟེ་བ་དང་། །གསང་བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་ཀྱིས་ནི་དུས་དག་ཏུ། །གོ་རིམ་ཇི་བཞིན་གནས་པས་བསྟན། །གཡས་པ་ན་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། ཁ་དོག་དམར་ཞིང་གསལ་བ་ཉིད། །པདྨའི་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོར་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་འཇུག་པའོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལ་འབྱུང་བར་འགྱུར། །ཞེས་དང་། སྡོམ་འབྱུང་ལས། རྣལ་འབྱོར་བ་ཡི་སྲོག་རྩོལ་ནི། །སངས་རྒྱས་ལྔ་ཡི་ངོ་བོར་གནས། །གཡོན་དང་གཡས་ཀྱི་གནས་གང་ན། །རིམ་པ་ཇི་བཞིན་རྣམ་པར་རྒྱུ། །གཡས་ནས་རྣམ་པར་རྒྱུ་བའི་འོད། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ནགས་ཀྱི་མེ་ཏོག་ལྟ་བུའི་མདོག །དེ་ནི་འོད་དཔག་མེད་པའི་ལྷ། །གཡོན་ནས་རྣམ་པར་རྒྱུ་བའི་འོད། །རྟག་ཏུ་རླུང་གི་དཀྱིལ་འཁོར་ཏེ། ཁ་དོག་ལྗང་གུ་ལྟར་སྣང་བ། །ལྷ་ནི་དོན་ཡོད་མཆོག་ཡིན་ནོ། །གཉིས་ཀ་ནས་ནི་རྒྱུ་བའི་འོད། །གསེར་གྱི་འོད་ལྟར་སྣང་བ་སྟེ། །དབང་ཆེན་དཀྱིལ་འཁོར་གྱི་ནི་རླུང་། །རྟག་ཏུ་རིན་ཆེན་འབྱུང་ལྡན་རྒྱུ། །འོག་ནས་དལ་བར་རབ་རྒྱུ་བ། །ཀུན་ད་ཟླ་བ་ལྟ་བུར་དཀར། །ཆུ་ཡི་དཀྱིལ་འཁོར་རྒྱུ་བ་སྟེ། །འོད་ཆེན་རྡོ་རྗེའི་མགོན་པོའམ། །ལུས་ཀུན་ལ་ནི་རྗེས་འགྲོའི་རླུང་། །སེམས་ཀུན་རབ་ཏུ་འཇུག་བྱེད་པ། །མགོན་པོ་རྣམ་པར་སྣང་མཛད་ནི། །འབྱུང་བར་རབ་ཏུ་གྲགས་པ་ཡིན། །ཞེས་སྣ་བུག་ནས་ཕྱིར་རྒྱུ་བའི་རླུང་མགོན་པོ་ལྔ་དང་ཁམས་ལྔ་ལ་སྦྱར་བའོ། །ཀླུ་སྒྲུབ་ཀྱིས་འཁོར་ལོ་བཞིར་རླུང་བཞི་ཡོད་པར་གསུངས། ཕོ་ཡིས་མོ་རླུང་བཟུང་བ་དང་༔ མོ་ཡིས་ཕོ་རླུང་གཉིས་ཀ་ཡིས༔ མ་ནིང་རླུང་བཟུང་ཡེ་ཤེས་མྱུར༔ སྒྲུབ་སྡེ་ལས། སྣ་བུག་གཡས་ནས་རླུང་རྒྱུ་ཚེ། །ཐབས་རླུང་ཉོན་མོངས་རླུང་ཡིན་ཕྱིར། །མི་བཟུང་བཟུང་ན་རླུང་ལོག་འོང་། །སྣ་བུག་གཡོན་ནས་རྒྱུ་བའི་ཚེ། །ཤེས་རབ་ཡེ་ཤེས་རླུང་ཡིན་ཕྱིར། །བཟུང་ན་སྐྱོན་མེད་ཉམས་རྟོགས་འཕེལ། །སྣ་བུག་གཉིས་ནས་མཉམ་རྒྱུའི་ཚེ། །ཐབས་ཤེས་གཉིས་སུ་མེད་པའི་རླུང་། །ཨ་ཝ་དྷུ་ཏཱིའི་སྒོར་ཚུད་པས། །འདི་དུས་འབད་ན་ཡེ་ཤེས་འཆར། །ཞེས་སོ། །འདི་ལའང་རྡོར་བཟླས་ལ་སྣ་བུག་གཡས་ནས་རྒྱུ་དུས་དང་། །རླུང་འཛིན་དུས་མཉམ་རྒྱུ་དགོས་པར་རྒྱུད་སྡེ་ཀུན་ཞལ་མཐུན། གཞན་ཡང་གནད་ཀྱི་ཉམས་ལེན་ལ༔ གྱེན་རྒྱུ་ལ་ནི་སྟེང་རླུང་མནན༔ ཐུར་དུ་སེལ་ལ་འོག་རླུང་བསྡམ༔ མཉམ་དུ་གནས་ལ་བར་རླུང་བསྐྱིལ༔ རྔུབ༵་དང་དག༵ང་དང་ག༵ཞིལ་དང་འཕ༵ང་༔ གསང་རྫོགས་ལས། འོག་རླུང་བསྡམས་ཏེ་སྟེང་རླུང་ནི། རྔུབ་ཅིང་མནན་ཏེ་བསྐྱིལ་བར་བྱ། །ཚད་དུ་སླེབས་ཚེ་མདའ་ལྟར་དུ། །སྣ་ནས་མདའ་གང་ཚད་དུ་འཕང་། །ཡང་རྔུབ་ཡང་བསྐྱིལ་ཡང་འཕངས་ཏེ། །གནས་པའི་རླུང་དེ་བསྐྱིལ་ཡུལ་བསྲིངས། །ཞེས་སོ། །དེ་ནི་རླུང་གི་མན་ངག་མདེའུ༔ རི་བོ་ལྟ་བུར་མནན་སོགས་དགུ༔ ཐམས་ཅད་འདི་ལ་ཡང་དག་འདུས༔ དེ་ཡང་རྔུབ་རླུང་ལ་གཞུ་ལྟར་དགུག་པ་༡ཞེས་དང་། སྟེང་རླུང་རི་ལྟར་མནན་པ་༢། འོག་རླུང་སྦུབས་ཆུ་ལྟར་དྲངས་ནས་༣། བར་རླུང་བུམ་ཅན་དུ་བསྐྱིལ་བ་༤། ཡན་ལག་གི་རླུང་གཅུན་པས་ཆུ་སྲིན་ཆིངས་སུ་བཅིངས་པ་༥། གཙུག་ཏོར་ན་རླུང་དང་དཔྱིད་ཐིག་ཡེ་ཤེས་ཀྱི་ཆ་རྩ་ལ་གདབས་པ་༦། རླུང་མི་ཐུབ་དུས་རང་གནས་སུ་གཞིལ་པ་༧། ཕྱིར་མདའ་ལྟར་འཕེན་པ་༨། རྗེས་ཤེས་ཀྱི་ངོ་བོ་རིག་སྟོང་ཀ་དག་ཏུ་ལ་བཟླ་བའོ་༩། སྦུབས་ཆུ་ལྟར་དྲངས་པ་འདི་དྲངས་པ་འདི་ལ་ལས་རླུང་སྒྲོགས་མདོ་ནས་དབུ་མར་དྲངས་ཏེ་སྲོག་མི་ཤིགས་པར་གཟུད་པའང་གསུངས། དེ་ཡང་ཀུན་གྱི་ཐོག་མ་རུ༔ སྔ་སོར་རང་ལ་འགྱུ་བའི་རླུང་༔ འབྱུང་འཇུག་གནས་ལ་བྱིན་རློབ་ཕྱིར༔ དེ་ཡང་རླུང་འཇུག་གནས་ལྡང་གསུམ་ལ་བགྲང་བ་དང་རྗེས་འགྲོ་འཇོག་པ་རྟོག་པ་བསྒྱུར་བ་ཡོངས་དག་གི་རྣལ་འབྱོར་དྲུག་ལ། འབྲུ་གསུམ་ངག་ཏུ་བཟླ་བ་བརྗོད་བཅས་རྡོར་བཟླས། དབྱིབས་དང་ཁ་དོག་བསྒོམ་པ་དམིགས་པ་རྡོར་བཟླས་ཏེ། ཀུན་རྫོབ་ཀྱི་བཟླས་པ་གཉིས་པ་འདིས་ཞི་གནས་བསྐྱེད་ལ་རླུང་ལྡང་འཇུག་གནས་གསུམ་གྱི་གདངས་སུ་རླུང་སྔགས་དབྱེར་མེད་དུ་ཤེས་ནས་བཟླ་བ་བརྡར་གྱུར་དང་། རླུང་འཇུག་ལྡང་གནས་གསུམ་སྟོང་ཉིད་ཕྱག་ཆེན་བརྗོད་བྲལ་དུ་རྟོགས་ཤིང་མཉམ་པར་བཞག་པ་ནི་དོན་དམ་རྡོར་བཟླས་ཏེ་འདི་གཉིས་ཀྱིས་ལྷག་མཐོང་གཙོ་བོར་བསྐྱེད་དོ། །རྡོར་ཕྲེང་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་པ་ལྟར་རོ། །དེས་ན་ལས་དང་པོ་བས། རྡོ་རྗེ་གསུམ་གྱི་བཟླས་པ་ནི༔ རྩ་སྔགས་ལ་སོགས་གང་རུང་ལ༔ གསང་རྫོགས་ལས། །བདེ་གཤེགས་རྣམས་ཀྱི་ཡང་སྙིང་མཆོག །རྔུབ་རླུང་ཨོཾ་ལ་བསྐྱིལ་གནས་ཨཱཿ། །འཕང་བ་ཧཱུྃ་ཡིན་རླུང་གསུམ་གྱི། །གནས་པ་ཨཱཿལ་ཟིན་ནན་བསྐྱེད། །ཅེས་སོ། །བསྒྲང་ཕྲེང་བཅད་དེ་དལ་གྱིས་བཟླ༔ དེ་ནི་རླུང་དང་ངག་བྱིན་རླབས་པའོ༔ དེ་ནས་མདུན་གྱི་ནམ་མཁའ་རུ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཡི༔ བྱིན་རླབས་ངོ་བོ་ཡེ་ཤེས་རླུང་༔ བད་ཀན་ཅན་ལ་ལྗང་གུ་དང་༔ གྲང་བ་ཅན་ལ་དམར་པོ་དང་༔ མཁྲིས་པ་ཅན་ལ་དཀར་པོ་དང་༔ ལྡན་པ་ཅན་ལ་ལྗང་གུ་དང་༔ འདུས་པ་ཅན་ལ་སྔོན་པོ་དང་༔ རླུང་ནད་ཅན་ལ་སེར་པོ་དང་༔ ཚ་བ་ཅན་ལ་དཀར་པོ་ནི༔ ས་ཆུ་མེ་རླུང་ནམ་མཁའ་ཡི༔ དྭངས་མར་རྒྱུ་བའི་རང་བཞིན་ཅན༔ སྤྲིན་ཕུང་ལྟར་དུ་འཐིབ་པ་ལ༔ ཁམས་གསུམ་སྣོད་བཅུད་འོད་དུ་ཞུ༔ བག་ཆགས་ཐམས་ཅད་དྭངས་མར་སྦྱངས༔ བཅུད་དང་དྭངས་བྱིན་ལྷུན་གྲུབ་པ༔ རོ་རྐྱང་ཡར་སྣེ་སྣ་བུག་གཉིས༔ རྔུབ་པའི་རླུང་གིས་ནང་དུ་དྲངས༔ རོ་རྐྱང་མར་སྣ་ཆ་ཡིག་མཚན༔ རང་བྱུང་དབུ་མར་ཟུག་པ་ལས༔ ཞུགས་ཤིང་དབུ་མ་ལྟེམ་གྱིས་གང་༔ སླར་ཡང་རྣམ་རྟོག་རྩ་འདབ་ནས༔ དག་དང་མ་དག་རྩ་རླུང་བསྡུས༔ དྭངས་མའི་བཅུད་བླང་དྷུ་ཏཱི་ནས༔ གྲུབ་ཐོབ་ཨོ་རྒྱན་པས། ས་དང་མེ་དང་ཆུ་དང་རླུང་རྣམས་ཀྱང་། །དགྲ་དང་གྲོགས་སུ་རང་བཞིན་གནས་པ་ལས། །ཚ་གྲང་གཉེན་པོའི་རིམ་པས་སྦྱངས་བར་བྱ། །ཞེས་པ་ལྟར། བད་ཀན་ཅན་གྱིས་སྤྲུལ་འཁོར་དུ༔ ལཾ་གསལ་བ་ལ་བསྟིམས་པ་དང་༔ རླུང་ནད་ཅན་གྱིས་བདེ་སྐྱོང་དུ༔ ཡཾ་དང་སྲོག་རླུང་ཅན་སོགས་ཀྱིས༔ སྙིང་ཀའི་འཁོར་ལོར་བསྟིམས་པ་དང་༔ ཚ་ནད་ཅན་གྱིས་མགྲིན་པ་རུ༔ རཾ་གསལ་བ་དང་ཚད་ནད་ཅན༔ མཁྲིས་ནད་ཅན་གཉིས་ནད་སེལ་ལོ༔ གྲང་ནད་ཅན་གྱིས་སྤྱི་བོ་ཡི༔ བཾ་ལ་བསྟིབ་པས་འདིར་ལ་བཟླ་བས་ལྷན་ཅིག་སྐྱེས་སྦྱོར་དང་སོར་སྡུད་སོགས་ཀྱིས་མི་རྟོག་རྒྱ་ཡན་དུ་བཅིངས་པའི་རིམ་པའི་རླུང་སྦྱོར་ཚང་། ཁ་དོག་དང་དབྱིབས་ལ་སྦྱངས་བས་མངོན་ཤེས་དང་ཟད་པར་བསྒྲུབ་པའི་རླུང་སྦྱོར་ཚང་། བུམ་ཅན་ལ་སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱའི་རླུང་སྦྱོར་ཚང་བ་སོགས་རྒྱུད་སྡེ་མཐའ་དག་གི་རྫོགས་རིམ་ཐམས་ཅད་ཀྱང་འདིས་ཚར་ཕྱིན་ཏོ༔ རང་རང་གཉེན་པོའི་རླུང་གི་མཆོག༔ ཕྱི་ནས་དྲངས་པའི་བྱིན་བཅུད་རླུང་༔ རྩ་ལ་འཕོས་པས་ཡེ་ཤེས་རླུང་༔ དབུ་མ་འཁོར་ལྔའི་ནང་དུ་བཙུད༔ གཞིལ་བས་རླུང་ལ་དྭངས་སྙིགས་ཕྱེས༔ དེ་ལས་དྲངས་པའི་སྙིགས་མའི་རླུང་༔ སྦུབས་ཆུ་ལྟ་བུར་ལྟེར་འོག་དྲངས༔ སྙིམས་མའི་དྭངས་མ་འབྱུང་བཅུད་རླུང་༔ གསང་གནས་བདེ་སྐྱོང་གཞི་ལ་བསྟིམས༔ སྙིགས་མའི་སྙིགས་མ་བག་ཆགས་རླུང་༔ ཕྱིར་ལ་མདའ་ལྟར་འཕང་བ་ཡིས༔ ཉོན་མོངས་ལྔ་དང་བག་ཆགས་ལྔའི༔ བསྐྱེད་པའི་ནད་གདོན་གདོས་བཅས་ཀྱི༔ འཁྲུལ་བའི་རྩ་རླུང་ཐམས་ཅད་ཀུན༔ འོད་ཟེར་དཀར་མོག་དམར་ནག་མོག༔ རྣམ་པར་དབྱིངས་སུ་ཡལ་བར་བསམ༔ སླར་ཡང་གོང་བཞིན་དམིགས་པ་དང་༔ བསྒྲགས་ནས་རླུང་གི་གྲངས་ལ་བསླབས༔ དལ་རྔུབ་དལ་བཟུང་དལ་དུ་གཞིལ༔ དལ་དུ་ལྷག་མ་ལྟེ་འོག་བཅག༔ དལ་དུ་ཕྱིར་དབྱུང་བ་སྟེ་བཞི༔ འདི་ནི་མེད་ཐབས་མེད་པའོ༔ སྔར་ལས་འགྱུ་བ་ཉུང་གྱུར་ནས༔ བཅུ་འགྱུར་ལ་སོགས་ཆད་ལ་བསླབས༔ སྲོག་རྩོལ་གསུམ་གྱི་རླུང་གི་ཐིག་ལེ་དབྱིབས་དང་ཁ་དོག་འགྲོ་འོང་ལ་བསླབས་པས་ངག་དབེན་སོགས་གསུང་རྡོ་རྗེའི་ལམ་བྱེད་དུ་རྒྱུད་གསུམ་ཀ་ཞལ་མཐུན་པའི་ཕྱིར། དེ་ཉམས་སུ་ལེན་པ་ལ་ཐོག་མར་སྙིང་གི་སྣ་རྩེར་བསྒོམ་པས་སྔགས་ཀྱི་ཐིག་ལེར་འགྱུར་ཚུལ། དེ་ནས་སྙིང་ཁར་འོད་ལྔའི་ཐིག་ལེ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་གསལ༔ བ་ལ་སེམས་བཟུང་ནས་རླུང་འབྱུང་གནས་འཇུག་གསུམ་དང་རྡོར་བཟླས་སོགས་ཀྱི་གཞིར་བྱ་བ་དང་རྫས་དང་འོད་ཀྱི་ཐིག་ལེའི་སྲོག་རྩོལ་དུ་འགྱུར་ཚུལ་ནི། དེ་ནས་ཡང་ཅིག་རྒྱལ་བ་རྣམས་ཀྱི་ཤངས་བུག་གཡོན་ནས་ཞུགས། ཐུགས་སྲོག་ལ་གཡས་སུ་འཁོར་ཏེ་ཐུགས་རྗེ་བྱིན་རླབས་བསྡུས། རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་ནོར་རྩེར་སོན་ཏེ་སླར་སྙིང་ཁར་འཁོད་པ་དང་། སེམས་ཅན་རྣམས་ལའང་དེ་བཞིན་དུ་བསྒོམ་མོ། །དབུ་མའི་ལམ་ནས་རོ་རྐྱང་ཐིམ༔ པ་སྟེ་རོ་མ་ལ་ལམ་བྱས་ནས་ནོར་བུའི་རྩེ་མོར་སྒོམ་པ། དེ་ནས་རོ་མ་བརྒྱུད་དེ་སྣ་བུག་གཡས་ནས་ཐོན་ཅིང་སྣ་རྩེར་སྒོམ་པ་དང་སླར་དེ་ལ་ལམ་བྱས་རྒྱང་རིང་རླུང་སེམས་བསྒྲགས༔ ཕར་སོང་ཚུར་འོང་འགྲོ་འོང་བསླབ༔ ཐིག་ལེ་སྔར་ལྟར་དབུས་སུ་ནི༔ ཨེ་ཡཾ་བཾ་ལཾ་རཾ་རྣམས་གསལ༔ སེམས་དང་ཡི་གེ་ཐིག་ལེར་བཅས༔ ཕར་ལ་གང་མཚམས་འཁོར་ལོ་ལྔའི༔ རླུང་ཐིག་ཡི་གེའི་འཕྲོ་འདུ་བསམ་མི་ཁྱབ་བསམ་ལ༔ སྤྱིར་རླུང་ལ་མཉམ་བཞག་སྦྱོར་བ་བཞི་ལྡན་དང་རྗེས་ཐོབ་རྡོར་བཟླས་དང་འཁོར་ལོའི་སྤྲོ་བསྡུའི་དམིགས་སྐོར་ཤིན་ཏུ་མང་བ་ལ། མ་བླ་མེད་དང་ཕའི་རྒྱུད་ལྟོ་སྦྱོར་དུ་སྒོམ་པའི་ཁྱད་ཆོས་དང་། དང་པོའི་ཕྱོགས་ཀྱི་རྗེས་ཐོབ་འཇམ་རླུང་ཙམ་ལ་བཤད་པའང་ཡོད་འདིར་གཉིས་མེད་རྒྱུད་ཀྱི་མཐར་ཐུགས་རྫོགས་པ་ཆེན་པོའི་དབང་དུ་བྱས་པའི་ལམ་སྟེགས་སུ་སྒོམ་ཚུལ་ལོ། །དེ་ནས་རླུང་གི་བུམ་ཅན་ཆེ་འབྲིང་ཆུང་གསུམ་གྱི་གྲང༵ས་དང་རྗེས་ཐོབ་ཀྱི་རླུང་ཡང་བསྒྲག༵ས་བསླབ༵༔ ད་ནི་ཁ་དོག་དང་དབྱིབས་རང་བཞིན་གསུམ་ལ་བསླབ་པ་ནི་བདེ་ཆེན་འཁོར་ལོ་རུ༔ ཆུ་རླུང་དཀར་པོའི་རྣམ་པར་བཟུང་༔ མགྲིན་པར་མེ་རླུང་སྙིང་ཁར་ནི༔ ནམ་མཁའི་རླུང་གི་རྣམ་པར་བཟུང་༔ ལྟེ་བར་ས་རླུང་གསང་གནས་སུ༔ རླུང་གི་རླུང་ནི་རྣམ་པར་བཟུང་༔ ཕྱིར་དབྱུང་བ་དང་ནང་དུ་བསྟིམ་སྟེ་གནས་པ་སླར་དེ་ལས་ཡེ་རླུང་རྩ་ལ་དགྲམ་པ་ཐམས་ཅད་ཀྱི་འཁོར་ལོ་སོ་སོའི་རླུང་ཐིག་ཡི་གེ་ལས་བྱེད་པ་དོན་གྱི་གོ་བའི་འགང་ཡིན་མ་བྱང་བ་ཡིས་དམིགས་པ་བྱ༔ དམིགས་ནས་རྩ་གསུམ་འཁོར་ལྔ་སོགས་གསལ་བཏབ་ནས་དམིགས་པ་ལྟེ་གསང་གི་འཁོར་ལོ་ལ་རླུང་བཟུང་ནས་སྟེང་རླུང་མནན་པ་དང་༔ དེ་ནི་གསང་བའི་མན་ངག་གོ༔ འོག་རླུང་གནད་དུ་བསྣུན་པ་ལགས༔ སྟེང་འོག་རླུང་བསྡམས་ཕོ་བ་འདུར༔ བར་གྱི་རླུང་ལ་གནད་བསྣུན་པའོ༔ སྡོམ་འབྱུང་ལས། སྟེང་དང་འོག་ཏུ་རྒྱུ་བའི་རླུང་། ཁ་སྦྱོར་དུ་ནི་ཡིད་ཀྱིས་བྱ། །དེ་ཡིས་སྦྱོར་བ་གོམས་བྱེད་ན། །དེས་ནི་བརྟེན་པའི་གོ་འཕང་ཐོབ། །ཅེས་སོ། །དེས་ཚད་གྲངས་ཤུགས་ཡོན་ཏན་ཟིན་པ་རྣམས་འབྱུང་ངོ། །རླུང་གི་གཏུམ་མོའམ་དེ་ལ་བུམ་ཅན་ཞེས་ཀྱང་བྱ༔ འོག་རླུང་བསྡམས་ནས་ཕོ་བ་འདུར༔ སྟོད་ཀྱི་རླུང་ལ་འགྲོ་འོང་གིས༔ ཐིག་ལེས་རོ་རྐྱང་གང་བར་བསམ༔ སྟོད་ཀྱི་རླུང་ལ་གནད་དུའོ༔ འདི་དག་གི་དོན་ནི་བདེ་ ༼ འོག་ ༽གསལ་ ༼ སྟེང་ ༽ མི་རྟོག་ ༼ བུམ་ཅན་ ༽ གི་ཏིང་འཛིན་སྐྱེ་བ་དང་དེ་གསུམ་གྱིས་ལོག་པ་གསུམ་དང་ཆགས་པ་གསུམ་སྟེང་འོག་བར་གསུམ་གྱི་རླུང་ལོག་འབྱམས་འཁྲུགས་འགགས་རྡུགས་པའི་གེགས་རྣམས་སེལ་ཞིང་བོགས་འདོན་པའི་གནད་ཡོད་པས་སོ། །ཡང་ཅིག་རྦ་རླབས་ལམ་གཉིས་གཏེམ༔ བུམ་ཅན་དང་བསྒྲགས་ནས་རྦ་རླབས་གཏེམ་པ་དང་དྲག་ཏུ་གཏེམ་པ་གཉིས་འབེབས་ཆུང་ཆེན་དང་བསྒྲགས་པ་གཉིས་དང་བཞིའོ། །དེས་སྟོང་བཞིའི་འོད་གསལ་བསམ་གྱིས་མི་ཁྱབ་པའི་རིམ་པ་འཆར་བས་དྭངས་མའི་རླུང་ལ་ལམ་བྱས་པའོ༔ དེ་ལྟར་མཉམ་བཞག་རླུང་དང་ནི༔ ཡང་ན་རྗེས་ཐོབ་རླུང་འཇམ་རླུང་ཙམ་ལ་ནི༔ འོག་རླུང་བསྡམས་ཤིང་ཕོ་བ་འདུར༔ མི་ཡེངས་དྲན་པ་བསྟེན་པའོ༔ བོགས་འབྱིན་ཁམས་དབང་བསྟུན་པའི་གདམ་ངག་ཟབ་མོས་ཁ་བསྒྱུར་ན། ཞེ་སྡང་ཅན་གྱིས་དབྱར་དང་སྔ་དྲོ་ནི༔ ཆུ་རླུང་བསྒོམ་པས་གསལ་ཉམས་སྐྱེ༔ གཏི་མུག་ཅན་གྱིས་ཉིན་གུང་དང་དཔྱིད་ནི༔ རླུང་གི་རླུང་བསྒོམ་སྟོང་ཉམས་སྐྱེ༔ འདོད་ཆགས་ཅན་གྱིས་དགོངས་མོ་དང་དགུན་ནི༔ མེ་རླུང་བསྒོམ་པས་བདེ་ཉམས་སྐྱེ༔ ཕྲག་དོག་ཅན་གྱིས་སྟོན་དང་ས་རུབ་ལ༔ ས་རླུང་བསྒོམ་པས་ཞི་གནས་སྐྱེ༔ ང་རྒྱལ་ཅན་གྱིས་དུས་མཚམས་དང་གུང་ལ་ནི༔ ནམ་མཁའི་རླུང་བསྒོམ་ལྷག་མཐོང་རྒྱས༔ གསང་བའི་གསང་བ་ཆེན་པོའི་རླུང་༔ ཡེ་ཤེས་ལྔ་བོ་མངོན་དུ་འགྱུར༔ གསང་རྫོགས་ལས། དེ་ཚེ་རླུང་ཉིད་ལས་རུང་བས། །ཐ་མལ་ཤེས་པ་སྙིང་དབུས་སད། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །མ་བཅོས་བྱང་ཆུབ་སེམས་རྟོགས་པས། །ཉོན་མོངས་རང་སངས་ཡེ་ཤེས་རྒྱས། །གསང་རླུང་ངོས་ཟིན་ངོ་མཚར་ཆེ། །ཞེས་སོ། །མཆོག་གོ་ཐུན་མོངས་ཟད་པར་གྲུབ༔ དུས་འཁོར་རྩ་རྒྱུད་ལས། སྣང་བ་ས་མཆེད་པ་མེ་ཐོབ་པ་ཆུ་ཉེར་ཐོབ་རླུང་མཐའི་འོད་གསལ་ནམ་མཁའི་ཁམས་སུ་གསུང་བ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སེམས་ཉིད་ཡེ་ཤེས། རྣམ་ཤེས་ནམ་མཁའ། འདུ་བྱེད་རླུང་གི འདུ་ཤེས་ཆུས། གཟུགས་ས་ཡི་རླུང་དུ་གསུང་བ་དང་། རྣམ་ཤེས་ཀྱིས་ཞེ་སྡང་། ཉོན་ཡིད་ཀྱིས་ང་རྒྱལ། ཡིད་ཤེས་ཀྱིས་འདོད་ཆགས། སྒོ་ལྔས་ཕྲག་དོག ། ཀུན་གཞི་གཏི་མུག་བསྐྱེད་པའི་རླུང་ཡིན་ཏེ་དེས་ན་ངོ་བོ་སྐྱེད་བྱེད་དང་། བསྐྱེད་བྱ་རང་རྩལ་ཉོན་མོངས་འཁོར་བའི་སེམས་སེམས་བྱུང་ཐམས་ཅད་ཀྱི་རྟེན་གཞིའང་རླུང་ཡིན་པ་དང་། གཉེན་པོ་རླུང་གི་ཕྱེད་བཅིངས་ཀྱི་ཐབས། ཕྱི་ནང་གསང་བ་ཡང་གསང་གི་ཐབས་ཀྱི་གནད་ཀྱིས་རླུང་གི་དེ་ཉིད། ཡེ་ཤེས་ལྔ་དང་། རང་མདངས་སྐུ་ལྔར་གནས་པ་སྒྲིབ་བྲལ་མངོན་དུ་གྱུར་བས་གནས་སྐབས་བཞིའི་འཁྲུལ་སང༵ས་ནས་འབྲས་བུ་སྐུ་གསུམ་གྱི་ཡེ་ཤེས་སུམ་ ༼ གཞི་གནས་མཚན་འཛིན་ཡུལ་ཁྱབ མཆན་ ༽ བརྩེགས་སུ་རྒྱས༵་པའི་རྟེན་ནམ་རྟ་བྱེད་པས་ན། རྡོ་རྗེ་ཕྲེང་བའི་རྒྱུད་ལས། དེ་ལ་རླུང་གི་འོད་ཟེར་མཆོག །གསལ་བ་ཆེན་པོ་ཁ་དོག་ལྔ། །དེ་བཞིན་གཤེགས་པ་ལྔ་རང་བཞིན། །ཕུང་པོ་ལྔ་ཡི་རང་ངོ་བོ། །དེ་ནི་ཡེ་ཤེས་ལྔ་དག་པ། །རླུང་ལྔ་རུ་ནི་རྒྱུ་བར་བྱེད། །ཞེས་པས་རྣམ་ཤེས་དང་ཡེ་ཤེས་ཀྱི་འབྲེལ་དང་། སྣང་བ་མཉམ་ཉིད། མཆེད་པ་སོར་རྟོགས། ཐོབ་པ་མེ་ལོང་། ཉེར་ཐོབ་བྱ་གྲུབ། མཐའི་འོད་གསལ་ཆོས་དབྱིངས་ཏེ། གཞི་ལམ་འབྲས་བུའི་རྒྱུད་གསུམ་འབྲེལ་བའི་ངོ་བོ་བྱེད་བཅིང་གི་ཐབས་ཀྱི་རོ་གཅིག་ཏུ་འགྱུར་བའི་འཐད་པ་གྲུབ་སྟེ་དེས་ན་འཁོར་འདས་ཐམས་ཅད་ཀྱི་རྟེན་རླུང་གི་བྱེད་པས་མཆོག་ཐུན་གྱི་དངོས་གྲུབ་ལ་རང་དབང་བསྒྱུར་བའང་། རྡོར་ཕྲེང་ལས། རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །སངས་རྒྱས་གོ་འཕང་འཐོབ་བྱེད་པ། །རྒྱུད་རྣམས་ཀུན་གྱི་གསང་པ་སྟེ། །བྱང་ཆུབ་རྒྱུ་ཡི་ཐབས་ཡིན་ནོ། །ཞེས་སོ། །ཐུན་མོང་གི་དངོས་གྲུབ་ཟད་པར་ཟིལ་གནོན་སོགས་འགྲུབ་ཅིང་མཐར་འགྱུར་གྱི་ཉམས་གཡས་རླུང་དབུ་མར་ཚུད་པས་དུ་བ། གཡོན་རླུང་གིས་སྨིག་རྒྱུ། ཆུ་རླུང་གིས་སྤྲིན་དང་ཟླ་འོད། མེས་འོད་འབར་བ། སས་གསེར་མདོག །ནམ་མཁས་མཐིང་ག་དང་འཇའ་འོད་ཐིག་ལེ་ལ་སོགས་པ་དང་། ལྷའི་སྐུ་སོགས་ཉོན་མཚན་གྱི་རྟགས་བཅུའི་སྟོང་གཟུགས། ཕྱག་རྒྱ་ཆེན་མོ་རྣམ་ཀུན་མཆོག་ལྡན་གྱི་སྙེམས་མ་དང་རོ་གཅིག་ཏུ་རོལ་བའི་ཐར་བ་སྟེར་བ་ནི་རླུང་གི་གཏུམ་མོ་དམ་ཚིག་གི་ཕྱག་རྒྱའི་གནས་སྐབས་ཀྱི་འབྲས་བུའོ། །དེ་དག་ཀྱང་སྒྱུ་འཕྲུལ་ཆེན་མོ་ལས། དེ་ལྟར་རྣལ་འབྱོར་སྐལ་ཆེན་པོ། །རླུང་ལྔའི་དྭངས་མ་སྟོབས་གྱུར་པས། །འོད་ལྔ་ནང་གི་ཡེ་ཤེས་ལྔ། །སྐུ་ལྔ་བསྒྲོད་པའི་ཞིང་ཁམས་ལྔ། །ཟད་པར་ལྔ་སོགས་ཐོབ་པར་འགྱུར། །ཞེས་བཤད་དོ། །དུ་བ་འཐུལ་དང་ས་རྡུལ་འཁྲིགས༔ མི་བཟུང་བ་ནི་གདམས་ངག་གོ༔ འདི་ཡིས་རླུང་བཅུ་དབུ་མར་འཇུག༔ གེགས་སེལ་རིམ་པ་རྗེས་འཕྲུལ་འཁོར་གྱི་དུས་སུ་འབྱུང་འགྱུར་བཞིན་ནོ༔ ཡང་ན་མ་ནིང་རླུང་གིས་བོགས་དབྱུང་བ༔འབྱུང་གནས་འཇུག་གསུམ་དལ་གྱིས་བསླབ་པའོ༔

བསྡུ་ན་རྩ་གསུམ་འཁོར་ལྔ་གསལ༔ གཡས་གཡོན་རླུང་བཅུད་དབུ་མར་བསྟིམས༔ སྙིགས་མའི་རླུང་བསྡུས་ཕྱི་རུ་འཕང་༔ དབུ་མའི་རླུང་བཅུད་རྩ་ཕྲན་གཞིལ༔ དགྲམ་ལ་འཁྲུལ་འཁོར་བྱས་པའི་མཐར༔ རོ་རྐྱང་རྩ་ཕྲན་དང་བཅས་པའི༔ མདུད་པ་རླུང་གིས་བཤིགས་པར་བསམ༔ དཔའ་བོ་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ རླུང་གིས་ལུས་གནས་རྒྱལ་བའི་ཚོགས༔ མཆོད་པ་འབུལ་བས་ཚོགས་གཉིས་རྫོགས༔ ལུས་ཀྱི་བྱེད་བཅིང་ཆོས་བདུན་གཡོ་མེད་ལ༔ རླུང་གི་བྱེད་བཅིང་སྟེང་འོག་ཁ་སྦྱོར་བ༔ སེམས་ཀྱི་བྱེད་བཅིང་འོད་གསལ་བཟུད་པ་ཡིས༔ ཉམས་ཀྱི་གཏུམ་མོ་བདེ་གསལ་གྱི་རྟོག་པ་དང་། རྟགས་བཅུའི་སྟོང་གཟུགས་དང་མཆོག་གི་གཏུམ་མོ་སྟོང་བཞིས་དྲངས་པའི་འོད་གསལ་དཔེ་དོན་གྱི་ཡེ་ཤེས་ཡང་དག་འབྱུང་༔ འདི་ལས་གཞན་པའི་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་སྒྲུབ་པའི་ཏིང་ངེ་འཛིན་གྱི་འཕྲུལ༔ གསང་རྨད་དུ་བྱུང་བ་དང་མྱུར་ལམ་ནི་འཇིག་རྟེན་ཀུན་ན་ཡོད་མ་ཡིན༔ སངས་རྒྱས་རྣམས་ཀྱི་ཉེ་ལམ་མཆོག༔ ཏིལ་བཙིར་ན་མར་འབྱིན་པ་ལྟར། ལས་རླུང་འཆིང་བས་དེའི་ངོ་བོའམ་སྙིང་པོ་རྒྱུ་རྒྱུད་གཉུག་མའི་རླུང་ལ་གནད་དུ་བསྟུན༔ པར་འགྲོ་བས་སོ། །ཅེས་རྣལ་འབྱོར་ཕའི་རྒྱུད་གཙོ་བོར་སྟོན་པའི་ ༼ འདི་རྒྱུད་སྡེ་ཀུན་གྱི་ཁོང་སྙིང་གཅིག་ཏུ་བསྡེབས་པ་ལགས་ཀྱང་། ཕ་རྒྱུད་ཀྱི་རྫོགས་རིམ་རླུང་ཡིན་པའི་ཕྱོགས་ལས་གསུང་ངམ་སྙམ། མཆན། ༽ དོན་བསྡུས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱིས་རྗེས་སུ་གནང་བ་རྫོགས་སོ། །སླར་མཇུག་བྱང་ཁ་བཀང་བ་ནི། ཐབས་མཆོག་རྗེ་བཙུན་བདུད་འཇོམས་པས༔ འདི་ཨོ་རྒྱན་ཆེན་པོས་བདུད་འཇོམས་རྗེ་ལ་གསུངས་ནས་དེས་བདག་ལ་ཉམས་སྣང་དུ་གསུངས་བར་སྣང་བས། ཁོ་བོས་བཙས་སུ་བཞག་པ་སྙམ༔ ནམ་མཁའི་མཛོད་ལས་རང་གྲོལ་བརྡ༔ ལུ་གུ་རྒྱུད་ཀྱི་འགྲོ་འོང་ལ༔ བསླབ་པའི་སྟོབས་ཀྱིས་མིག་མདོང་ཕྱེས༔ དགེའོ༔ དགེའོ༔ དགེའོ༔ གསེར་མཆན་འདི་ནི་ཚེ་རབས་སྔོན་ནས་མཆེད་གྱུར་མཛོད་གསུམ་འཆང་བ་ཆེན་པོ་པདྨ་བཱིདྱའི་གསུང་གིས་བསྐུལ་ངོར། སྔགས་འཆང་ག་གཱ་ཨ་བྷྱེ་ནས་སྨྲས་པ་ཡི་གེའི་འདུ་བྱེད་ཀྱང་དེ་ཉིད་ཀྱིས་བགྱིས་པ་དགེའོ། །


previousརང་གནས་ཞི་ཁྲོའི་སྨིན་བྱེད་ཡེ་ཤེས་གསང་ལམnext