Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་སྟོང་དཔྱིད་ཀྱི་ཐིག་ལེའི་འགྲེལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་སྟོང་དཔྱིད་ཀྱི་ཐིག་ལེའི་འགྲེལ་བ། next

བདེ་སྟོང་དཔྱིད་ཀྱི་ཐིག་ལེའི་འགྲེལ་བ།

བདེ་སྟོང་དཔྱིད་ཀྱི་ཐིག་ལེ་ལས༔ རང་བྱུང་ཡེ་ཤེས་བསྐྱེད་པའི་ཐབས༔ རྒྱུ་འབྲས་ས་བཅུ་ལྟོ་སྦྱོར་དུ༔ གོམས་པ་ཕྲ་མོའི་རྣལ་འབྱོར་བཞུགས༔

གཉིས་པ་མ་རྒྱུད་དབང་བཙན་དུ་བྱས་པའི་རྫོགས་རིམ་ཁྱད་པར་བ་ནི། ལར་སྲིད་རྩ་ཁམས་ཀྱི་འགྱུར་བ་ལས་བྱུང་བས། དེ་འཆིང་བྱེད་ཁམས་འཛག་མེད་དུ་བཅིང་བ་ལ་རག་ལས་པའི་ཕྱིར་དང་འཛག་བདེའི་འགྱུར་བ་འགྱུར་མེད་བདེ་སྟོང་གི་རང་བཞིན་དུ་གྲོལ་བའི་གནད་ནི་དཔྱིད་ཅེས་པ་བདེ་བ་འཇོ་བའི་ཕྱིར་དཀར་ཆའི་ཐིག་ལེ་དང་། ཐིག་ཅེས་པ་འཇུ་བྱེད་ཀྱི་རྐྱེན་དུ་གྱུར་བ་དམར་ཆའི་ཐིག་ལེ་དང་། གཉིས་ཀའང་ཀུན་ལ་ཁྱབ་ཅིང་བརྡལ་བས་ལེ་ཞེས་བྱ། དེ་གཉིས་ཟུང་དུ་འཇུག་པའི་ཙནྜ་ལི་གཉིས་ཀྱི་ཐབས་ལས་ཐབས་བྱུང་གི་ཚུལ་ལ་བཞག་ཀྱང་དོན་དུ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གསལ་བའི་རྒྱུར་གྱུར་བ་ལས་བསྐྱེད་པའི་རྒྱུར་མ་དགོས་ཀྱང་བརྡ་དག་དེར་བྱས་ནས་འབར་འཛག་དབབ་ལྡོག་གི་ཟླ་ཉིའི་ཆ་༡༦་དང་ཁྱིམ་༡༢གྱི་སྐུ་༤གསུང་༤ཐུགས་༤ཡེ་ཤེས་༤ཀྱི་དགའ་བ་བཅུ་དྲུག་གིས་དྲང་བས་ཐབས་སྙིང་རྗེ་བཅུ་དྲུག་དང་། ཤེས་རབ་སྟོང་ཉིད་བཅུ་དྲུག་ཟུང་དུ་འཇུག་པའི་རྣལ་འབྱོར་གྱིས་རྒྱུ་འཇིག་རྟེན་པ་དང་འབྲས་བུ་འཇིག་རྟེན་ལས་འདས་པའི་ས་བཅུ་ལྟོ་སྦྱོར་དུ་གོམས་པ་ཐིག་ལེ་ཕྲ་མོའི་རྣལ་འབྱོར་ཞེས་བྱ་སྟེ། རྒྱུ་མཚན་ནི་དམིགས་རྟེན་ཕྲ་བའི་ཕྱིར་དང་། ནང་ལ་གཞོལ་བའི་རྣལ་འབྱོར་ཡིན་པའི་ཕྱིར་རམ་དེའི་སྤྲོས་བྲལ་རིག་པའི་ཐིག་ལེ་མངོན་དུ་འགྱུར་བའི་ཐ་ཚིག་གོ །

དེ་ཡང་སྔོན་བྱུང་མ་ཧཱ་གུ་རུ་པདྨས་རྒྱུད་སྡེ་མཐའ་དག་གི་དོན་གྱི་སྙིང་པོ་གཅིག་ཏུ་བསྡུས་ཏེ་རྗེ་འབངས་འཁོར་བཅས་ལ་གསུངས་ཤིང་སྨིན་གྲོལ་གྱི་འབྲས་བུ་ལ་བཀོད་ཅིང་ཕྱི་རབས་པའི་དོན་དུ་བརྡ་ཡིག་ཤོག་སེར་ལ་དྲིལ་བས་འབྱུང་ཁུང་ཡང་དག་པའོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་གང་ཞིག་སྲོག་རྩོལ་གསུམ་གྱི་མན་ངག་ལ་ཡང་དག་པར་གོམས༔ རྩ་དྲང་རླུང་བྱང་བའམ་རྩ་རླུང་འབྱོང་བས་ལས་སུ་རུང་ཞིང་འཁོར་ལོ་གང་དུ་བྱེད་པ་བཅིངས་ཀྱང་ཟིན༔ དེ་ཡིས་སེམས་ཀྱི་རྩོལ་བའི་རྒྱུ་བ་བཅད་པར་བྱ༔ དེ་ལ་གནད་ཀྱི་མན་ངག་དེའི་རྟེན་ཐིག་ལེ་འཇུ་འདུལ་འདི་ཉིད་ཟབ༔ ས་མ་ཡཱ༔ དང་པོ་རླུང་འཆིང་བའི་གནད་ཀྱིས་རྣམ་རྟོག་གཅོད་པའི་ཕྱིར་རླུང་གི་གཏུམ་མོ་དང་། མ་དག་པའི་ཐིག་ལེ་ཁམས་ཀྱི་འཕོ་བ་ཟ་བྱེད་ནང་གི་ཡེ་ཤེས་ཀྱི་མེའི་གཏུམ་མོ་ལས་འདིར་ཕྱི་མ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད། །ཅེས་དང་། མཚོ་སྐྱེས་ཀྱི་ཀྱཻ་རྡོར་དཀའ་འགྲེལ་ལས། གཏུམ་མོ་ནི་སྲིད་པའི་ཉོན་མོངས་རྩད་ནས་མེད་པར་བྱེད་པ་ཉིད་དོ། །ཞེས་སོ། །ལར་གཏུམ་མོ་ལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་རིག་ཡེ་ཤེས་གང་འདོད་པས། །ཙཎྜ་ལཱི་ཡི་བྱེ་བྲག་བརྟགས། །དང་པོ་རང་བཞིན་ཙཎྜ་ལཱི། །གཉིས་པ་གཏུམ་མོའི་ཙཎྜ་ལཱི། །གསུམ་པ་ཁ་སྦྱོར་ཙཎྜ་ལཱི། །ཞེས་དང་། དབྱེ་བ་བཅུ་གཉིས་མན་སྙེ་ལས། ལུས་དང་རྣལ་འབྱོར་ལྷན་སྐྱེས་ཀྱི་གཏུམ་མོ་གསུམ་དང་། གསང་བ་བདུད་རྩི་ལས། སྡུག་པོའི་ཙཎྜ་ལཱི་༡༢སོགས་ཀྱི་དབྱེ་བ་མཛད། གཞན་ཡང་ལུས་ཡེ་ཤེས་ཕལ་མཆོག་མཚན་བཅས་མཚན་མེད་ཀུན་རྫོབ་དོན་དམ་གཞི་ལམ་འབྲས་བུ་རྫས་སྔགས་ཡེ་ཤེས་རྩ་རླུང་ཐིག་ལེའི་གཏུམ་མོ་སོགས་ལས་འདིར་ཕྱི་མ་གསུམ་སྟེ་དེ་ཉིད་ལམ་བྱེད་ཀྱི་རྣལ་འབྱོར་ལ་གཏུམ་མོ་མ་གོམས་པར་སྟེང་སྒོ་བདེ་སྟོང་དཔྱིད་ཀྱི་འཇུ་འདུལ་ཉམས་སུ་ལེན་པ༔ ལ་ཐོད་རྒལ་དུ་འཇུག་པ་ནི། སྤྱི་བརྟོལ་ལམ་ཕོ་ཚོད་ཙམ་ལས་གནད་དུ་འབྱོར་མིན་ཏེ་འཇུ་བྱེད་ཐིག་ལེའམ་གཏུམ་མོའི་མེས་ཕྱག་རྒྱས་མ་བསྐུལ་ན༎ འཇུ་བྱ་དཔྱིད་ཀྱི་ནམ་མཁའི་བ་འཇོ་མི་ནུས་པས༔ སོ། །དེས་ན་སྒྲུབ་སྡེ་ལས། ཕྱི་རྫས་ཀྱི་དང་ནང་བསྐྱེད་རིམ་གྱི་དང་གསང་བ་རླུང་བཟུང་གི་གཏུམ་མོ་དང་གསུམ་ལས་ཕྱི་མ་དམ་ཚིག་ཕྱག་རྒྱའི་ལམ་མཆོག་ཉམས་ལེན་པས༔ བཅིངས་པ་ལུས་རླུང་སེམས་གསུམ་གྱི་གནད་ལས་མ་འདས་དགོས༔ གསང་བ་རླུང་བཟུང་གཏུམ་མོ་ནི། །འཁྲུལ་འཁོར་གསུམ་གྱིས་སྒོ་གསུམ་གཟིར། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། །བདེ་བའི་གདན་ལ་ཙོག་པུར་འདུག །རྐང་གཡོན་བོལ་གོང་གཡས་མཐིལ་མནན། གྲུ་གུ་འབོལ་བས་འཕོངས་སྟེགས་བྱ། །གཡས་གཡོན་བསྣོལ་བའི་ལག་མགོ་ཡིས། །བར་ལྷུ་གཉིས་ཀྱིས་འཕར་རྩ་བསྡམ། །དེ་ཁོངས་པུས་མོ་གཉིས་པོ་བསྡམ། །བརླ་ཆེན་ནང་ཤ་ ༼ སྦོ་ཡང་ ༽ སྦྲེ་ཤ་དང་། །རྩ་བོ་ཆེ་བཞི་ཆ་བསྒྲིམས་ལ། །སེམས་ཀློད་མེ་ཡི་འཁོར་ལོ་བསྐོར། །རོ་སྟོད་གཡས་སུ་བསྐོར་ཅིང་བཞུ། །སེང་གིས་གཡེངས་བས་རྩ་མིག་དགྲམ། །དེ་འོག་ངག་བཅུད་འཁྲུལ་འཁོར་ནི། །ལྟེ་བའི་ལྐོག་ན་མེའི་ས་བོན། །རཾ་གནས་དེ་ལ་རཾ་བརྗོད་པས། །མེ་འབར་བདེ་དྲོད་འབར་བར་བསམ། །དེ་ནས་ཡིད་ཀྱི་འཁྲུལ་འཁོར་ནི། །ཡིད་གསལ་མ་ཡེངས་ངར་དང་བཅས། །སྟེང་རླུང་མནན་ཞིང་འོག་རླུང་འཐེན། ཁྱབ་བྱེད་བར་གྱི་རླུང་དཀྲུགས་ཏེ། །ཨ་ལོང་ཁ་ནི་ནེམ་ཙམ་བསྡམས། །རང་ལུས་རྡོ་རྗེར་གསལ་བ་ཡི། །ལྟེ་བ་བདེ་བས་གང་བ་ལ། །ལུས་བྱིང་མེ་རུ་འབར་བར་བསྒོམ། །ཞེས་སོ། །དེ་ལྡན་རྡོ་རྗེའི་ལུས་ལ་ཡེ་གནས་པ༔ རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ཞེས་རིག་པ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པ་སྐྱེ་བ་མེད་པ་རང་བཞིན་གསལ་བ་འབྲས་ཆོས་མཐའ་དག་ལྷུན་གྱིས་གྲུབ་པ། ཐུགས་རྗེ་ཀུན་ཁྱབ་ཇི་ལྟ་ཇི་སྙེད་མཁྱེན་པའི་ངང་རྒྱས་པའོ། །འཁྲུལ་བ་མ་རིག་པའི་ཐིག་ལེ་ནི་གོང་གི་ལྷན་སྐྱེས་ཀྱི་ཆོས་གསུམ་རང་ངོ་མ་ཤེས་པའི་སེམས་དཀར་དམར་རླུང་གསུམ་གྱི་བག་ཆགས་དང་འགྲོགས་པའི་གཟུང་འཛིན་ཕྱི་ནང་གི་རྟེན་དུ་སྣང་བའོ། །དེ་ལས་ཕྱེ་བས་ཀུན་བཏགས་སྔགས་དང་གཞན་དབང་ཡིད་ཀྱི་ཐིག་ལེ་གཉིས་སོ། །ཁམས་ལྔ་རྫས་ཀྱི་ཐིག་ལེ་ལ་གཙོ་བོ་དཀར་དམར་གཉིས་ལས་འདིར་མ་ལས་ཐོབ་པའི་ཀུན་གྱི་མཆོག་ཏུ་གྱུར་བ་གཞི་དུས་ཀྱི་གཏུམ་མོ་འདི་ལ། བདེ་མཆོག་ལས་ཐིག་ལེ། རྡོར་ཕྲེང་ལས་མེ། ཕྱག་ཆེན་ཐིག་ལེ་ལས་རླུང་། རྡོ་རྗེ་སྙིང་འགྲེལ་ལས་རྩ་རུ་བཤད་པས་རྫ༵ས་དང་། དཔྱིད་ཐིག་ལས། ལྟེ་བར་ཨེ་ཡི་གཟུགས་སུ་སྟེ། །ཐུང་ངུ་རུ་ནི་ཡོངས་སུ་གྲགས། །ཞེས་ཨ་ཐུང་གི་རང་བཞིན་སྔགས༵་སུ་བཤད། ཨ་བྷི་དྷ་ན་ལས་ཡེ་ཤེས་ཀྱི་མེ་འདི་ལུས་ཀྱི་རླུང་གིས་བསྐྱོད་ནས་ཞེས་ཡེ༵་ཤེས༵་སུ་བཤད་ཀྱང་། འདིར་སྦར་བྱ་མེ་ཡི་འཁོར་ལོ་ཨ་ཤད་གཟུགས༔གནས་ཚུལ་ལ་གནམ་ཞལ་སྣ་ཚོགས་ཡུམ་ཕག་མོའི་རང་བཞིན་ཡི་གེ་ལཉྫའི་ཤད་ལྟ་བུ་རྡོ་རྗེ་གསུམ་གྱི་མཚོན་བྱེད་དོན་དམ་པར་ཤེས་རབ་ཀྱི་ཕར་ཕྱིན་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མཚོན་པའི་ནཱ་དཱ་དབྱིངས་གསུམ་འདུ་འབྲལ་མེད་པའི་མཚོན་བྱེད་སུམ་འཁྱོགས་ཀྱི་བྲེང་ཆགས་པ་སྟེ་རང་བཞིན་ནང་གི་གཏུམ་མོ། །སྤྲུལ་པའི་འཁོར་ལོའི་ནས་སོར་གཉིས་ཀྱི་མཚམས༔ སུ་ཡེ་ནས་གྲུབ་པ་དང་། སྤར་བྱེད་རླུང་གི་འཁོར་ལོ་ཞེས་དེའི་འོག་སོར་གཉིས་གཞལ་བའི་མཚམས༔ སྤུ་ནག་གུ་ཡི་མཚམས་ནས་སམ་ཐད་ནས་ཅུང་དཔག་པ༔ ན་གཡོ་བའི་བ་དན་གྱི་རྣམ་པ་ཅན་དུ་ཡོད་པ་སྟེ་རྒྱུད་སྡེ་སྤྱིའི་དེ་གཉིས་ལ་རྐྱེན་གྱི་འཁོར་ལོ་གསུང་། ལམ་དུས་ཀྱི་གཏུམ་མོ་ནི། སྤྱིར་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། རོ་རྐྱང་གི་རླུང་ཡི་གེའི་རང་བཞིན་ཅན་གྱིས་སྦར་བ་དང་། རྡོར་ཕྲེང་ལས་དབུ་མའི་རླུང་གཅིག་པུ་དང་། དུས་འཁོར་ལས་སྲོག་ཐུར་གོང་བུར་འདྲེས་པས་སྦར་བ་གསུམ་རླུང་གི་དང་ས་བོན་ཕྱག་མཚན་སྐུ་ཐིག་ལེ་ནཱ་དཱ་སོགས་དམིགས་པས་སྦར་བ་རང་གཞན་གྱི་ལུས་ཐབས་ལྡན་ལ་བརྟེན་པས་ཐབས་ཀྱིས་སྦར་བའོ། །འདིར་རོ་རྐྱང་འདི་དག་འཁོར་ལོ་གཉིས་དང་ཐབས་ལམ་སྟེང་འོག་གཉིས་ཀྱི་སྒོ་གཉིས་འབྱོངས་པའི་གཞིར་བསྒོམ་པའི་དབང་གིས་རོ་རྐྱང་གི་སྣ་ཁ་རྐང་མཐིལ་དང་ནོར་བུའི་རྩེ་ཡན་ཡོད་པའི་ལུགས་སུ་བྱས་ཏེ། ཕྱི་ནས་དྲངས་པའི་རླུང་གིས་གསང་གནས་ཀྱི་ཡཾ་ཡིག་ཆེར་བསྐྱོད་དེ༔ དེ་ལས་རླུང་གཡོས་པ་དང་འོག་རླུང་གྱེན་དུ་བསྐུམ་པའི་རྐྱེན་གཉིས་ཀྱི་ཕྱིའི་རླུང་དེ་གཉིས་དབུ་མའི་ནང་དུ་དེད༔ གསང་རྫོགས་ལས། སྟེང་འོག་གཉིས་ཀྱི་རླུང་ཡང་ནི། །ཧ་ཅང་བསྡམས་དྲག་མ་ཡིན་ཏེ། །སྐབས་སུ་གསེང་ཞིང་མཚམས་པར་མནན། །སྟེང་རླུང་ཐབས་ཀྱི་རང་བཞིན་ལས། །དཀར་པོ་འཁྱིལ་བ་སྤྲིན་དང་འདྲ། །འོག་རླུང་ཤེས་རབ་རང་བཞིན་ཉིད། །ཡར་ལ་དམར་པོ་འཁྱིལ་བ་ནི། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །སྦྲུལ་བཞིན་དཀར་དམར་འདྲེས་འཁྱིལ་བས། །ལྟེ་འོག་སོར་བཞི་ཆོས་འབྱུང་ནས། །དོན་དམ་གཏུམ་མོ་རྒྱ་ཁབ་ཙམ། །དམར་གསལ་གྱེན་དུ་འབར་བ་ཡིས། །རྩ་བར་རཾ་དམར་གཅིག་ཏུ་གནས། །རང་ཉིད་ལུས་ཀྱི་སྟོང་ར་ནི། །རྫ་བསྲེག་ཐུར་ལ་སྦུབ་པ་འདྲ། །གསང་གནས་ཡི་གེ་ཡཾ་དཀར་ལས། །རླུང་གི་འོད་ཟེར་གྱེན་དུ་འགྱུས། །དོན་དམ་ཙཎྚ་ལཱི་ལ་ཕོག །རཾ་ཉིད་མེ་འབར། ཞེས་སོ། །དེའི་རྐྱེན་གྱིས་ཨ་ཤད་ལས་མེ་འབར་བ་མཚན་ཉིད་བཞི་དང་ལྡན་པ༔ རྣམ་པ་མེ་ལ་རླུང་མེའི་དྲོད་ཅན་གྱི་ངོ་བོར་གྲུབ་པའི་རེག་བྱ་ཚ་བ་དང་༔ རྩེ་མོ་རྣོ་ལ་ཉི་མའི་ཆོས་ཉིད་རྣམ་པར་དག་པས་ཁ་དོག་དམར་བའོ༔ བྱང་སེམས་ཡེ་ཤེས་ཀྱི་བདུད་རྩི་དམ་པའི་ཕྱིར་ཉམས་མྱོང་བདེ་བ། ཆོས་དབྱིངས་ཤེར་ཕྱིན་གྱི་ངོ་བོ་ཉིད་པས་རང་བཞིན་སྟོང་བའོ། །ཞེས་དང་། གཞན་དུ་རྣམ་པ་གསལ་བ་རེག་བྱ་ཚ་བ་རྩེ་མོ་རྣོ་བ་ངོ་བོ་བདེ་བ་ཞེས་པ་ཡང་ཡོད་དོ། །གོང་མ་གསུམ་སྟེ་བརྒྱུད་པ་གསུམ་དང་རྒྱལ་ཀུན་འདི་ལ་ཨ་ཐུང་ལས་འོད་འཕྲོས་ཏེ་བརྒྱུད་པ་གསུམ་ལྡན་གྱི་བླ་མ་སོགས་རྩ་བ་མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར་ཐམས་ཅད་དང་རྒྱལ་བ་སྲས་བཅས་རྟེན་དང་བརྟེན་པར་བཅས་པ་འོད་ཀྱི་རྣམ་པར་བྱོན་ནས་ཨ་ཤད་ལ་ཐིམ་པར་བསྒོམ་པ་ཞལ་ཤེས་གནད་ཀྱི་མན་ངག་གོ །དེ་ཡང་གཏུམ་མོ་བྱིན་རླབས་ཀྱི་ལམ་ཡིན་གསུང་སྙམ། བྱིན་རླབས་མེ༔དེ་ཡང་ཐོག་མར་མེ་འབར་བ་རྒྱ་ཁབ་ཀྱི་རྩེ་མོ་ལྟ་བུའི་ཆེ་ཆུང་གི་ཚད་ཙམ་ལ་སེམས་བཟུང་ནས་མ་གོམས་བར་དུ་དམིགས་སྐོར་ཕྱི་མར་མི་འཇུག་ཅིང་དེ་ནས་མེ་དེ་ལྟེ་བའི་འཁོར་ལོའི་དབུས་ཙམ་དུ་སླེབས་པ་དང་། ཡང་སྙིང་གའི་འཁོར་ལོའི་དབུས་དང་མགྲིན་པ་དང་སྤྱི་བོ་དང་དེ་ལས་ཆེར་མཆེད་དེ་འཁོར་ལོ་ལྔ་སོ་སོ་དང་། འཁོར་མཐའི་ནད་བསྐྱེད་ཀྱི་རྩ་སོགས་སྟོང་ཕྲག་༧༢ཏུ་མཆེད་ཅིང་གང་ནས་བ་སྤུའི་རྩེ་མོ་ཐམས་ཅད་ནས་མེ་ལྕེ་ཤིན་ཏུ་ཕྲ་བའི་རེ་ཁ་ཙམ་དུ་བྱུང་བ་དང་། བདེ་དྲོད་བསྐྱེད་པའི་དོན་དུ་མེའི་གའུ་ཁ་སྦྱོར་གྱི་བར་ན་ཡོད་པར་བསྒོམ་པ་རྣམས་གོམས་ཤིང་མཐར་མེ་ལྕེ་ཆེར་མཆེད་ནས་རྣམ་པར་འཁྱུག་པ་འཁོར་ལོ་ལྔ་ལ་ཁྱབ༔ མ་དག་ལས་ཉོན་གནས་དོན་ལུས་གསུམ་གྱི་བག་ཆགས་དང་གནོད་བྱེད་གདོན་བགེགས་སྡིག་སྒྲིབ་བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་བསྲེགས༔ བདེ་དྲོད་ཉི་ཟླ་ལྟ་བུར་འབར་བསམ་ཞིང་༔ རྒྱ་མཚོ་ལས། ཟག་མེད་བདེ་བས་མེ་སྤར་དེ། །བསྲེག་པ་སྟེང་གི་འཇོ་བར་བཤད། །ཅེས་གསུང་པ་འདི་ནི་སྟེང་སྒོ་སྤྱི་དང་བསྟུན་པ་ལས༔ འོག་སྒོ་སྦྱོང་བས་གསང་གནས་ཡཾ་རླུང་དཀྱིལ༔ ལྟེ་འོག་སོར་གཉིས་མཚམས་སུ་ཨ་ཤད་གཉིས༔ བྱིན་རླབས་ཡེ་ཤེས་ཀྱི་རླུང་གིས་སྦྲེབ་དང་བདེ་དྲོད་ཡེ་ཤེས་ཀྱི་མེ་སྤར་བ་འདི་ནི་གཞན་དུ་སྟེང་སྒོ་ཁོ་ན་ལམ་དུ་བྱེད་ཚུལ་གསུང་བ་ལས་འདིར་ནི་འོག་སྒོ་སྦྱོང་ཚུལ་ཡང་བསྟན་པས་ཁྱད་པར་དུ་འགྱུར་རོ༔ དུས་དང་རྣམ་པ་ཀུན་ཏུ་ཉམས་བླང་བས༔ ཐིག་ལེའི་གཞི་ནི་གཏུམ་མོའི་རྣལ་འབྱོར་ཡིན༔ གཏུམ་མོའི་སྦར་བྱེད་སྲོག་གི་རྣལ་འབྱོར་ཡིན༔ སྔ་མ་ལས། རླུང་ཉིད་ལས་རུང་དྲོད་སྦར་བས། །ཐིག་ལེ་ཞུ་ནས་བདེ་དྲོད་འབར། །དེ་ཡི་མན་ངག་འབར་འཛག་གནད། །སྟེང་འོག་གཉིས་ཀྱི་རླུང་ཡང་ནི། །ཧ་ཅང་བསྡམས་དྲག་མ་ཡིན་ཏེ། །སྐབས་སུ་གསེང་ཞིང་འཚམས་པར་མནན། །ཞེས་སོ། །བུམ་ཅན་བསྒོམ་པས་སྲོག་མ་སྨིན་ན་གཏུམ་མོ་སྦར་མི་ནུས༔ དེ་ཉིད་ལས། དེ་ཕྱིར་བྱང་སེམས་འཇུ་བའི་ལས། །གཏུམ་མོ་ཉིད་ཀྱི་དེ་ལ་ལྔ། །ཞེས་སོ། །དེ་ལ་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བཞིན་ཕྱིའི། ཨ་ཐུང་ནང་གི ཁ་སྦྱོར་གསང་བའི་གཏུམ་མོ་གསུམ་དུ་གསུང་པའི་ཉམས་ལེན་གསུམ་བསྒྲིབ་དུ་བྱེད་པ་འདི་ཡིན་ལ། དེ་ཡང་ཙཎྜ་ལིའི་སྒྲ་ལས་དྲག་ཅིང་གཏུམ་ལ་བསྲེགས་པར་བྱེད་པ་སྟེ། འདི་ལྟར་གནད་དུ་བསྣུན་ན་ལས་ཉོན་རྟོག་གནས་ཕུང་ཁམས་བག་ཆགས་དང་བཅས་པ་མྱུར་དུ་བསྲེགས་ཤིང་བདེ་སྟོང་དཔྱིད་ཀྱི་དུས་སྟོན་གཡུར་དུ་བཟའ་བ་ལས་གཞན་དུ་གཏུམ་མོ་མ་གོམས་ཐིག་ལེ་འཇུ་འདུར་མིན༔ དེ་ཕྱིར་སྔ་ཕྱིའི་འབྲེལ་བ་ཅན་གྱི་སྔོན་དུ་འགྲོས༔ རྡོར་ཕྲེང་ལས། ཤེས་བྱ་དབུས་སུ་རླུང་རྒྱུ་བ། །མེ་སད་བྱེད་པར་ཤེས་པར་བྱ། །ཞེས་དང་ཁ་སྦྱོར་ལས། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །ཞེས་དང་། ཞལ་ལུང་ལས། །སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་མདོར་གྲུ་གསུམ་མེ་འབར་བས། ཁམས་བཞུས་ནས་ནི་བཅུ་དྲུག་ཆར། །ཞེས་གསུངས་པའི་ཕྱིར་རོ། །གནས་སྐབས་གོས་མི་དགོས་ཤིང་མཐར་ཐུག་བདེ་དྲོད་ཡེ་ཤེས་སུ་རབ་ཏུ་འབར༔ སམ་བྷུ་ཌི་ལས། ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ཚངས་པའི་མེ་ནི་སུམ་མདོར་འབར། །ཞེས་སོ། །སྔར་གྱི་ལུང་གི་འཕྲོས། དོན་དམ་ཙཎྜ་ལཱི་ལ་ཕོག །རཾ་ཉིད་མེ་འབར་ལྟེ་བ་ཡིས། །སྤྲུལ་པའི་འཁོར་ལོ་འོད་དུ་འབར། །དེ་རྟགས་ལུས་ནི་བེམ་བེམ་བྱེད། །སེམས་ཀྱང་བག་ཙམ་གནས་པ་འབྱུང་། །དེ་ནས་མེ་ཉིད་སྙིང་ཀར་སླེབ། །ཆོས་ཀྱི་འཁོར་ལོ་འོད་དུ་འབར། །ཕུང་པོ་ལྔ་ཡི་རྟོག་པ་དང་། །དུག་ལྔ་བསྲེག་པས་བདེ་དྲོད་འབར། །ལུས་འདར་འཕར་དང་སྤྲུག་པ་འོང་། །དེ་ནས་མེ་ལྕེ་མགྲིན་པར་སླེབ། །དེ་རྟགས་དགོད་དང་ཨ་ཨི་ཟེར། །དེ་ནས་མེ་ལྕེ་ཀླད་དཀྱིལ་དྲང་། །ཀླད་པ་བདེ་ཆེན་འཁོར་ལོ་དྲོས། །ལྟེ་བ་ཐིག་ལེ་ཞེས་པའི་བར་དང་། །དེ་ཉིད་ཉམས་ལེན་ལག་ཆེ་སྟེ། །ལུས་ལ་རྩ་གནས་རྩ་ནང་ན། །བྱང་སེམས་གནས་ཏེ་དེ་ཞུ་ནས། །བདེ་མཆོག་ཡེ་ཤེས་འཁོར་ལོ་འབར། །ཞེས་སོ། །ཐུན་མོང་གི་ཏིང་འཛིན་ཟད་པར་མེ་ལ་མངའ་དབང་བསྒྱུར༔ འབྲས་དུས་ཀྱི་གཏུམ་མོ་ནི། དུས་འཁོར་ལས། ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེས་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། །ཞེས་བདུད་དཔུང་འཇོམས་པ་སོགས་ཀྱི་བྱེད་ལས་ཅན་སོ་སོར་རྟོགས་པའི་ཡེ་ཤེས་ལ་བཤད་དོ། །འདི་ཡང་ག་ག་ཨ་བྷྱེའི་བསྡུས་ཁྲིགས་ཏེ༔ ཙི་ཏྲ་ཀ་དང་གཡེར་མའི་བསིལ་གསུམ་ཟས༔ ཚ་བའི་སྨན་གྱི་རྣལ་འབྱོར་སྤང་བ་མན་ངག་གོ༔ གཏུམ་མོའི་དམ་ཚིག་ཡིན་པས་ཤ་ཅན་གྱི་གོས་མ་གྱོན་ན་བཟང་། ས་མ་ཡཱ༔ དེ་ནས་དཔྱིད་དང་ཐིག་ལེའི་རྣལ་འབྱོར་ཟུང་འཇུག་ཏུ་ཉམས་ལེན་པ་ལ༔ རྒྱུད་སྡེ་སྤྱི་སྦས་ཀྱི་འཆད་ཚུལ་སྔར་བསྟན་ལྟར་ལ་འདིར་རྫས་ཐིག་བསྟན་པའི་གོ་ས་ནས་ཟུར་བྱུང་རྫོགས་ཆེན་གྱི་ཚིག་བརྗོད་ལྟར་ན་ཕྱི་ལྟར་རགས་པ་ཀུན་རྫོབ་རྒྱུའི་ཐིག་ལེ་དང་དྭངས་མ་རྦ་རླབས་གཏེམས་པའི་ཐིག་ལེ་དང་༔ རང་བྱུང་གི་རིག་པ་ཡེ་ཤེས་ལྔའི་འཁོར་གྱིས་བརྒྱན་པ་དང་བཅས་པའི་ཐིག་ལེ་སྙིང་ཀ་ན་གནས་པ་དང་། རང་བཞིན་དབྱིངས་ཀྱི་ཐིག་ལེ་དབྱིངས་རིག་ཟད་པའི་དགོངས་པའི་འཆར་གཞི་རྐྱང་མ་ན་གནས་པ་དང་༔ འབྲས་བུ་རང་སྨིན་པའི་ཐིག་ལེ་ཡེ་ཤེས་མཁའ་གསལ་གྱི་སྒྲོན་མ་དྲུག་གི་སྣང་བ་ལ་སོགས་རྣམས་མང་ཡང་༔ འདིར་རགས་པའི་ཐིག་ལེ་ཀུན་རྫོབ་རྒྱུ་ལ་བརྟེན༔པའི་བྱེད་བཅིངས་ཀྱི་ཐབས་ཤེས་ཁྱད་པར་ཅན་གྱི་རང་བཞིན་སྤྲོས་པ་དང་བྲལ་བའི་ཀ་དག་གི་ཆོས་ཉིད་དང་། ལྷུན་གྲུབ་ཡེ་ཤེས་ཀྱི་ཐིག་ལེ་དབྱེར་མེད་པའི་བདེ་ཆེན་མངོན་དུ་འཆར་ཞིང་དེས་དག་སྣང་ལྷ་སྐུའི་རྣམ་ཆ་དང་བཅས་པ་འབྱུང་བ་དང་། གལ་ཏེ་རྩལ་སྦྱོང་གི་གནད་དུ་རྦ་རླབས་དྭངས་མའི་ཐིག་ལེ་ལམ་བོགས་ཐོན༔ བརྟགས་གཉིས་ལས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །ཁྱད་པར་འབྱུང་བ་རླུང་གི་དྭངས་མའི་ཐིག་ལེའི་སྒྲ༔ སྒྲ་བཞིའི་རྣལ་འབྱོར་ལ་བསླབ་པ་དང་། འོད་གསལ་མུན་པའི་རྣལ་འབྱོར་སྦྱོང་བ་མ་དང་མཁའ་འགྲོའི་ཁྱད་ཆོས་ཅན༔ རྡོ་རྗེ་འཆང་གི་ཐུགས་ལ་གནས་ན་ཡང་༔ སྐལ་མེད་ལ་གབ་གསང་དོན་རྣ་བའི་མཁའ་འགྲོའི་སྒྲའི་འོད་གསལ་ཡེ་ཤེས་ཀྱི་རང་སྒྲ་གསང་སྔགས་ཀྱི་རོལ་མོར་ཉམས་སུ་ལེན་པའི་ཐབས། མངོན་དུ་མ་གྱུར་གཉིས༔ ལ་སོགས་པ་མང་དུ་མཆིས་པ་དང་། ཡང་ཅིག་དབྱུང་བའི་ཁྱད་ཀྱིས་སྣ་ཡི་སྦུ་གུའི་ལམ༔ གཉིས་ནའང་ཡེ་ཤེས་ཀྱི་འོད་རྩ་ཡེ་གནས་དེ་ལ་ཡེ་ཤེས་ཀྱི་འོད་དང་ཐིག་ལེའི་ཉམས་ལེན་གནད་ཀྱི་དངོས༔ སྒྲ་སྦྱངས་དང་དྲི་སྦྱང་འདི་གཉིས་རྫོགས་ཆེན་ཐོད་རྒལ་གྱི་དཔེ་དོན་རྟགས་ཀྱི་ངོ་སྤྲོད་ཀྱིས་འཕྲོ་བའི་ལམ་ཁྱེར་ཡིན་པས་རྣམ་གྲངས་ཙམ་དུ་བགྲང་པའོ། །གཞན་ཡང་ཐུན་མོང་གི་གསང་རྒྱུད་དག་ལས་རླུང་བཟུང་མུན་པའི་རྣལ་འབྱོར་དུ༔ རླུང་བཅུ་དབུ་མར་ཚུད་པའི་བྱེད་ལས་ཀྱིས༔ ཤེས་ཉམས་མཚན་ལྟས་དུ་བ་སྨིག་རྒྱུ་ནམ་མཁའ་མར་མེ་ལྟ་བུ་སྟེ་བཞི་ཉིན་ལྟས་འབར་བ་ཟླ་བ་ཉི་མ་རྡོ་རྗེ་ཆ་ལང་ཐིག་ལེ་ལྟ་བུ་སྟེ་དྲུག་འཆར་བས་རྟགས་བཅུའི་སྐར་མ་ལམ་མེ་བ༔ སྣང་བའི་རྟགས་བཅུ་པོ་དེ་དང་ནང་རང་ལུས་ལ་འབྱུང་བས་མི་གནོད་པའི་རྟགས་བཅུ་སོགས་ཀྱི་རྟགས་དང་། གསང་བ་བརྟག་གཉིས་ལས་གསུང་པ་ལྟར། འཇིགས་༡སྨྱོ་༢སྡུག་བསྔལ་༣མྱ་ངན་༤འཚེ་བ་ལྔ་༥། དུག་གསུམ་རྣམས་ཀྱིས་མི་གཡོ་བའི་དྲོད་རྟགས་ཆུང་འབྲིང་གཉིས་༦། སྤྱན་༧མངོན་ཤེས་༨རྫུ་འཕྲུལ་༩སྟོབས་ལྔ་༡༠སྟེ། ཕྱི་ནང་གསང་བའི་དྲོད་རྟགས་བཅུ་བཅུ་འབྱུང་༔ དེ་ལྟར་རྣམ་གྲངས་རྣམ་པར་བསྒྲངས་ནས་འདིར་ཁམས་ལྔ་རྫས་ཀྱི་ཐིག་ལེ་གཉིས་བཅིངས་པའི་ཐབས་ཀྱིས་ཕྱི་ནང་གསང་བའི་ཡང་གསང་གི་ཐིག་ལེ་ཐམས་ཅད་ཤུགས་ཀྱིས་འཆིང་བས་དེས་ན་དེའི་ལམ་ཉམས་སུ་ལེན་པ་ལ་ཐིག་ལེ་གཙོ་ཕལ་གྱི་རྣལ་འབྱོར་ཤེས་དགོས་པས་དེ་ལ་ཐིག་ལེའི་ཤེས་བྱ་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གཙོ་བོའི་འབྱུང་གནས་ཀྱི་རྩ་བ་ནི་དྭངས་མའི་དྭངས་མ་དྷུ་ཏཱིའི་རྩེར༔ ཡབ་ཧེ་རུ་ཀའི་ངོ་བོ་ཕ་ལས་ཐོབ་པའི་ཐིག་ལེ་ཁ་དོག་དཀར་པོ་སྣུམ་ལ་འདྲིལ་བ་ཆེ་ཆུང་ཡུངས་དཀར་ཕྲ་མོའི་འབྲས་བུ་ཙམ་ཧཾ་ཡིག་གིས་མཚན་པ་ཤེལ་ལྟར་དྭངས་བ་མགོ་ཐུར་བསྟན་དང་༔ མར་སྣར་དམར་ཆ་ཨ་ཐུང་གི་གནས་རྩ་གསུམ་གྱི་འདུས་མདོར་མ་ལས་ཐོབ་པའི་རཀྟ་དམར༔ དཔལ་ཡང་དག་སྦྱོང་བའི་ཐིག་ལེའི་རྒྱུད་ལས། རུས་པ་རྐང་དང་ཁུ་བ་ཉིད། །ཕ་ལས་སྐྱེས་པ་གསུམ་དུ་གསུངས། །པགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་གསུམ་ཞེས་བསྒྲགས། །ཞེས་སོ། །དཀར་དམར་གཉིས་པོ་འདི་ལ་རྒྱུ་ལམ་འབྲས་གསུམ་གྱི་བྱང་སེམས་ཡོད་པས། རྒྱུ་ནི་ཐོག་མཐའ་མེད་པའི་བྱང་ཆུབ་སེམས་སོ། །ལམ་ལ་སྤྱི་སྦས་གཉིས་ལས། དང་པོ་ནི། ཐུན་མོང་གི་བདེན་གཉིས་བྱང་སེམས་སོ། །སྦས་དོན་ནི་སྒྲིབ་མེད་དྭངས་མའི་བྱང་སེམས་དེ་མཆོག་ཏུ་གྱུར་བས་ན་དེ་ཉིད་ཞུ་བདེའི་རྟེན་འབྲེལ་གྱིས་སྔ་མ་ཤུགས་ལ་སྐྱེ་བ་དང་། སེམས་ཀྱི་བྱང་སེམས་དེ་ལུས་ཀྱི་བྱང་སེམས་ལ་ལྟོས་པའི་ཕྱིར་ཁམས་དཀར་དམར་ལ་བྱང་སེམས་ཀྱི་སྒྲས་གསུངས་པའོ། །འབྲས་བུ་ནི་རྡོ་རྗེ་འཆང་ཉིད་དོ། །དེ་གཉིས་ཀྱི་བར་དབུ་མར་ཀུན་གཞི་སྲོག་གི་རླུང་ཆེན་པོ་བརྟེན་པ་དཀར་དམར་གྱི་ཐིག་ལེ་གཉིས་པོ་དེ་རོ་མའི་ཡར་སྣ་དང་རྐྱང་མའི་མར་སྣའི་ནང་ནས་བཅུད་བྱུང་སྟེ༔ དབུ་མ་ལ་ཐིམ་ཨ་ཧཾ་རྣམ་པར་བཞུགས༔ དེ་ཡང་བཅུད༵་ཕྱུང༵་སྟེ༵་ཞེས་པའི་དོན་རོ་རྐྱང་དཀར་དམར་གྱི་ལམ་ཡིན་པས་གཉིས་ཀའི་བཅུད་ཀྱི་དྭངས་མ་སོ་སོའི་རྩ་རྩེ་ཨ་ཧཾ་གི་ཐད་དབུ་མར་ཟུག་མཚམས་ན་བཞུགས་པའི་དོན་ལ་དགོངས་ཏེ་དབུ་མ་ལ་ཐིམ་ཞེས་གསུངས་སྙམ། དྭངས་མ་དེ་གཉིས་ལས་བདེ་བའི་མཐར་དབྱུང་བ་སོགས་ཉི་ཟླའི་རྒྱུན་ཐམས་ཅད་གཅིག་ཏུ་འདྲིལ་ནས་རོ་རྐྱང་གི་ལམ་ནས་རྩ་ཕྲན་ཡང་ཕྲན་དང་བཅས་པར་ཕྲ་མོ་གྲངས་ཀྱིས་མི་ཆོད་འཁོར་ལོའི་མཐའ༔ ཐམས་ཅད་དུ་འབབ་པས་སྐར་མའི་གྲངས་ཀྱིས་ཐིག་ལེ་དཀར་དམར་པ༔ ཞེས་གྲངས་མེད་པར་ཡོད་ཀྱང་རགས་རིམ་ཙམ་དུ། གསང་རྫོགས་ལས། རྩ་གནས་ལུས་ལ་རབ་བརྟེན་པས། །བྱང་སེམས་སྟོང་ཕྲག་བྱེ་བ་དང་། །ཕྱེད་དང་བཞི་བརྒྱ་ཡོད་ན་ཡང་། །བསྡུ་ན་དྭངས་སྙིགས་སྲོག་འཛིན་གསུམ། །ཞེས་སོ། །དྭངས་མའི་དྭངས་མ་དཀར་དམར་གཉིས་དང་སྲོག་འཛིན་ཏེ། རླུང་སེམས་གཉིས་ཀྱི་དྭངས་མ་དང་གསུམ་ལས་སྔ་མ་གཉིས་ནི་གོང་ལྟར་ལ། ཕྱི་མ་ནི་དེ་ཉིད་ལས། སྲོག་འཛིན་པ་ཡི་བྱང་སེམས་ནི། །སྙིང་དབུས་ཁྲག་གི་དྭངས་མ་སྟེ། །བྱེའུ་ལེབ་མའི་སྒོང་ཚད་ཀྱི། །དཀྱིལ་ན་འོད་ཀྱི་གོང་བུ་ནི། །སྲན་མའི་གའུ་ཁ་སྦྱར་ཚད། །དེ་དབུས་དྲན་བྱེད་ཤེས་པ་གནས། །ཞེས་སོ། །དེ་དག་གི་སྙིགས་མ་ལའང་དྭངས་སྙིགས་གཉིས་ལས། དྭངས་མ་བཅུ་གཉིས་ཀྱི་ངོ་གྲངས་ནི། སྙིང་གར་རྩ་འདབ་བརྒྱད་དང་ཡར་མར་ཀྱི་ཆ་གཉིས་དང་བཅུ། དེའི་སྟེང་དུ་དབུ་མ་ལ་རླུང་དང་ཁམས་འབབ་པའི་རྩ་གཉིས་སུ་ཕྱེ་བའི་བཅུ་གཉིས་ཀྱི་ཁམས་སུ་གསུངས་སོ། །དེའི་སྙིགས་མ་ནི་སྤྱི་བོའི་མི་ཕྱེད་མ་ལས་སོ་དང་སེན་མོ། །སྤྱི་གཙུག་གི་ཕྲ་གཟུགས་མ་ལས་སྐྲ་དང་ཁ་སྤུ་འབབ། རྣ་བ་གཡས་སུ་རྩེ་བ་མ་ལས་ལྤགས་པ་དང་དྲི་མ་འབབ། མགོ་རྒྱབ་ཏུ་གཡོན་པ་མ་ལས་ཤ་འབབ། རྣ་བ་གཡོན་དུ་ཐུང་ངུ་མ་ལས་རྒྱུས་པ་འབབ། སྨིན་དབུས་སུ་རུས་སྦལ་སྐྱེས་ལས་རུས་པ་འབབ། མིག་གཉིས་སྒོམ་པ་མ་ལས་མཆིན་པ། དཔུང་པ་གཉིས་སུ་རྩ་དབང་བསྐུར་མ་ལས་སྙིང་། མཆན་ཁུང་སྐྱོན་མ་མ་ལས་མིག་འབྲས་ཏེ་ཤ ནུ་མ་གཉིས་སུ་འཇུག་མ་ལས་མཁྲིས་པ། ལྟེ་བར་མ་མོ་མ་ལས་གློ་བ། སྣ་རྩེ་མཚན་མོ་མ་ལས་རྒྱུ་མའི་ཕྲེང་བ། ཁར་ནི་བསིལ་སྦྱིན་མ་ལས་གཉེ་མ་དང་གྲོད་པ། མགྲིན་པར་ཚ་བ་མ་ལས་ལྟོ་བ། སྙིང་ཁར་རྩ་གཞོལ་མ་ལས་བཤང་བ། མདོམས་དང་མཚོག་མའི་བར་དུ་འབྲེལ་བའི་རྩ་རངས་མ་ལས་རྒྱུང་པ་འབབ། མཚན་མར་གཟུགས་ཅན་མ་ལས་བད་ཀན། བཤང་ལམ་དུ་ཐུན་མོང་མ་ལས་རྣག །བརླ་གཉིས་སུ་རྒྱུ་སྦྱིན་མ་ལས་ཁྲག །བྱིན་པ་གཉིས་སུ་སྦྱོར་བྲལ་མ་ལས་རྡུལ། རྐང་སོར་རྩ་སྡུག་གུ་མ་ལས་ཚིལ། རྐང་པའི་བོལ་གྲུབ་མ་ལས་མཆི་མ། མཐེ་བོང་འཚེད་མ་ལས་མཆིལ་མ་དང་ངར་སྣབས། པུས་མོར་ཡིད་བཟང་མ་ལས་སྣ་ཆུ་འབབ་པའོ། །དེ་ལྟར་དྭངས་མ་བཅུ་གཉིས་དང་། སྙིགས་མ་ཉེར་བཞི་སྟེ་ཁམས་སོ་དྲུག་ཏུ་བཤད་པ་ཞིག་དང་། ཉེར་བཞི་བོའི་སྟེང་དུ་སུམ་སྐོར་མ་སོགས་ལྔ་དང་། དབུ་རྐྱང་རོ་གསུམ་སྟེ་སོ་གཉིས་ཀྱི་སྟེང་དུ་སྦས་པའི་རྩ་ལྔ་བསྣན་པས་བྱང་སེམས་འབབ་པའི་རྩ་སོ་བདུན་གྲངས་ཀྱི་ཁམས་དང་། དེ་དག་གི་ནང་ནས་གནས་ཀྱི་རྩ་གཙོ་བོ་ཉེར་བཞི་ལ་ཐིམ་ལོངས་བདག་གསུམ་གྱིས་དབྱེ་བས་དོན་གཉིས། དེ་རེ་རེ་ལ་འཁོར་སྟོང་སྟོང་ཡོད་པས་དེ་ཉིད་ཀྱི་ཁམས་ཀྱང་ཡོད་པར་གསུངས་སོ། །ཁྱད་པར་ཟླ་བའི་དྭངས་མ་ཆ་བཅུ་དྲུག་ཁམས་བཞི་དང་ལྡན་པ་འཁོར་ལོ་སོ་སོ་ནས་གཏུམ་མོའི་མེ་ལ་བབས་པའམ་མེས་བཞུ་ནས་དགའ་བའི་མཐར་འབྱུང་བ་དང་། ཡང་ཟས་སྐོམ་ཞག་བདུན་དུ་དྭངས་སྙིགས་བཅུ་བཞིར་ཕྱེ་བས་ནང་གི་སྐྱེ་བ་བདུན་པ་ཞེས་དུས་འཁོར་ལས་གསུང་བ་ལུས་ཀྱི་ཟུངས་སུ་གྱུར་པ་རྫས་ཀྱི་ཐིག་ལེའི་ཚུལ་ཡིན་ལ། དེ་དག་ནི་ནང་གི་ཁམས་དང་། ཕྱི་སྣོད་ཀྱིས་བསྡུས་པ་ནི་ཕྱིའི་ཁམས་ཞེས་བྱ་སྟེ། ནང་གི་ཁམས་ཀྱི་རང་གདངས་སུ་ཤར་བ་ཡིན་པས་རྨི་ལམ་དང་བར་དོའི་དུས་ཀུན་འབྱུང་བཞིའི་སྣང་བ་འབྱུང་བའང་ཡེ་ཤེས་ཀྱི་རང་མདངས་ལ་གཞན་ལྷའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་རྫོགས་པའི་ཀུན་རྫོབ་དག་པ་ཆེན་པོ་བདག་ཏུ་བཟུང་བ་ལས་ཡིན་པས་སོ། །གསང་བ་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ཁམས་མཁའ་འགྲོའི་སྐུ་གསུང་ཐུགས་སུ་བཞུགས་ཚུལ་སྒྲོན་མ་གསལ་རྒྱན་ལས་བསྙད་པ་ལྟར་ཡིན་པའི་གནད་ཀྱིས་ཕྱི་ནང་གི་ཁམས་དེ་དག་གི་ངོ་བོ་ནི་དཔའ་བོ་ཡབ་ཡུམ་ཏུ་རྣམ་པར་དག་པས། རྩ་མཁའ་འགྲོའི་དཀྱིལ་འཁོར་ཁམས་དེའི་སྐུ་རང་བཞིན་དུ་གནས་པས་ན། དཔའ་བོ་ཡབ་ཡུམ་ཁ་འཐོར་ཚུལ་དུ་བཞུགས༔ མངོན་བརྗོད་ལས། སོ་སེན་ཐོད་པའི་དུམ་བུ་དང་རབ་གཏུམ་མ། སྐྲ་སྤུ་ཀེང་རུས་ཆེན་པོ་དང་གཏུམ་མིག་མ། པགས་དྲི་ཀེང་རུས་དང་འོད་ལྡན་མ། ཤ་མཆེ་བ་རྣམ་གཙིགས་དང་སྣ་ཆེན། རྩ་རྒྱུས་ལྷ་དགྲ་དང་དཔའ་བའི་བློ་གྲོས་མ། རུས་པ་འོད་དཔག་མེད་དང་མིའུ་ཐུང་མ། མཁལ་མ་རྡོ་རྗེ་འོད་དང་ལིངྐའི་དབང་ཕྱུག་མ། སྙིང་རྡོ་རྗེ་ལུས་སམ་སྐུ་རྡོ་རྗེ་དང་ཤིང་གྲིབ་མ། མིག་རྡོ་རྗེ་མྱུ་གུ་དང་ས་བསྲུང་མ། མཁྲིས་པ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། །གློ་བ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། རྒྱུ་མ་རྡོ་རྗེ་ཧཱུྃ་མཚན་དང་ཆང་འཐུང་མའོ། །གཉེ་མ་རབ་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ། །ལྟོ་བ་རྡོ་རྗེ་བཟང་པོ་དང་རབ་བཟང་ལྷ་མོ། །ལྒང་བ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། སྐྲ་མཚམས་མིག་མི་བཟང་དང་བྱ་གདོང་མ། བད་ཀན་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། རྣག་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། ཁྲག་རྟ་མགྲིན་དང་ཆང་འཚོངས་མ། རྔུལ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཚིལ་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །མཆི་མ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོའོ། །མཆིལ་མ་རྣམ་པར་སྣང་མཛད་དང་འཁོར་ལོའི་སྒྱུར་མ། སྣབས་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །ཞེས་སོ། །བཤད་མ་ཐག་པའི་དོན་དེ་དག་ལ་གོམས་པར་བྱེད་པའི་རྣལ་འབྱོར་བས༔ ཤེས་རབ་སྐྱེ་བ་མེད་པའི་ཞུགས་སམ་མེ་ཉིད་ཀྱིས་ཐབས་བདེ་བ་ཆེན་པོའི་ངོ་བོ་རི་བོང་ཅན་བཞུས་པས༔ འདོད་ཆགས་ཆེན་པོའི་དགྱེས་མཉམ་མཆོད་པའི་སྤྲིན༔ གྲོལ་ཐར་ཕྱག་རྒྱའི་ལམ་ལ་ཉེ་རྒྱུར་འགྱུར༔ ཞེས་ཞུ་བདེའི་ཙནྟྲ་ལི་འདིས་གཞན་ལུས་བདེ་སྟོང་གི་ཙནྟྲ་ལིའི་ཉེ་རྒྱུ་དང་། ལམ་རྟེན་གྱི་རྣམ་པའི་དབྱིངས་བསྟན་པའོ། །དེ་ཡི་དམིགས་པ་དེ་ཡང་བྱེད་བཅིངས་གསུམ་དང་རྩ་གསུམ་འཁོར་ལྔ་ལ་སོགས་སྔར་ལྟར་གསལ་གདབ་པ་གཞིར་བཞག་གི་འཁོར་དབུས་ཀྱི་ཡི་གེ་རྣམས་ལྷར་བསྐྱེད་པ་ཡིན་པའི་གོ་དོན་དུ་བཟུང་བར་བྱའོ། །བཤགས་རྒྱུད་ལས། ཨོཾ་བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། །སྤྱི་མགྲིན་སྙིང་ཀ་ལྟེ་བ་གསང་གནད་སུ། །དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་སྐུ། །བསྐྱེད་རིམ་དབྱིབས་ཀྱི་ཞེས་པ་ལྟར་སྤྱི་བོའི་འཁོར་ལོ་རུ༔ བཾ་ཡིག་ཡོངས་གྱུར་རྣམ་སྣང་འཁོར་ལོ་དང་དྲིལ་བུ་འཛིན༔ མགྲིན་པར་རཾ་ལས་སྣང་མཐའ་པདྨ་འཛིན༔ ཐུགས་ཀར་ཨེ་ལས་སེམས་དཔའ་རྡོ་རྗེ་འཛིན༔ ལྟེ་བར་ལཾ་ལས་རིན་ཆེན་ནོར་བུ་འཛིན༔ གསང་བར་ཡཾ་ལས་རྔ་སྒྲ་རྒྱ་གྲམ་འབར༔ རང་རང་རིགས་ཀྱི་ཡུམ་དང་བཅས་པ་དང་༔ འཁྲིལ་སྦྱོར་གཡོན་པས་དྲིལ་བུ་རིགས་ཀྱི་མཚན༔ རིགས་ཆུང་སེམས་དཔའ་འཁོར་གྱིས་ཡོངས་བསྐོར་གསལ༔ ཞི་བ་རྐྱང་བ་ལས་མི་བསྒོམས་པའི་ལམ་བྱེད་ནི་དེ་འདྲ་བས་འཐུས་ལ༔ ཡང་ན་ཞི་ཁྲོ་རོལ་པའི་དཀྱིལ་འཁོར་མཉམ་པར་ཁ་སྦྱོར་བ་སྒོམ་པའི་ནང་གི་དཀྱིལ་འཁོར་རྒྱལ་མཆོག་གི་ཞིང་སྦྱོང་བ་དང་། ཚོགས་བསགས་པ་བདུད་རྩི་འབེབས་སྦྱོང་གི་བྱིན་བསྡུ་བ་དང་། རང་རྒྱུད་ཀྱི་སྒྲིབ་པ་སྦྱངས་ནས་གོ་འཕང་གི་ཆོས་སུ་སྨིན་པའི་ཐབས་ནི༔ སྔ་འགྱུར་རྫོགས་པ་ཆེན་པོའི་རང་ལུགས་སུ་བྱས་ན། ཁྱད་པར་སྙིང་ཀའི་འཁོར་ལོའི་རྩ་འདབ་ཀྱི༔ དྭངས་མའི་རྩ་འདབ་ཀུན་ན་གཞི་ཡི་ལྷ༔ ལྷ་འདི་དག་གསལ་བ་ལའང་རྫོགས་ཆེན་གྱི་རྒྱུད་རང་རྐང་ལྟར་གསེར་གྱི་རྩ་ཆེན་གྱི་དབུས་དང་། ཡང་ན་གསང་ཐིག་གི་ལྟར། རྒྱབ་ཡོན་ཏན་གྱི་རྩའི་སྣང་ཆའི་ཞིང་ཁམས་སུ། མདུན་ཆོས་ཉིད་ཀྱི་རྩའི་རང་གདངས་སྐུ་གསུམ་གྱི་ཆོས་ཉིད། གཡས་ཡེ་ཤེས་ཀྱི་རྩའི་བྱེད་པའི་ཐུགས་རྣམ་པ་ཐམས་ཅད་པ་དང་ལྡན་པའི་ཞི་བ་བཞི་བཅུ་རྩ་གཉིས་རྫོགས་པར་ལྡན༔ དེ་ལས་འོད་འཕྲོས་པའམ་དེའི་དབུ་རྒྱན་གྱི་ཚུལ་དུ་དུང་ཁང་དཀར་པོ་ནས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ཚོམ་བུར་བཅས༔ ཡབ་ཡུམ་རྒྱན་དང་གཞལ་ཡས་ཁང་བཅས་རྫོགས༔ ཀུན་ཀྱང་རང་བཞིན་དག་པའི་འོད་རྩ་ན༔ མི་འགྱུར་མི་ཤིགས་ཡེ་ཤེས་ལྔ་ལྡན་པ༔ ཡང་སྤྲུལ་ཟེར་གྱི་སྐུ་ལ་གོང་བསྟན་དཔའ་བོ་ཡབ་ཡུམ་དག་གིས་མཚོན་རབ་འབྱམས་ལས་གསུང་བའི་བསམ་མི་ཁྱབ་པར་འཕྲོ༔ དེ་ནས་ཕྱི་ཡི་དབུ་མ་སྟོང་སངས་པ༔ དབུ་མ་མཚན་ཉིད་བཞི་ལྡན་མར་སྣེའི་རྟ་གདོང་ཅན༔ ཐབས་ཤེས་ཀྱི་རྒྱུ་ལམ་རོ་རྐྱང་ནས་རླུང་གིས་བསྐུལ་བ་ལས༔ ཨ་ཐུང་ལས་མཚན་ཉིད་བཞི་ལྡན་གྱི་གཏུམ་མོའི་མེ་རབ་ཏུ་ཕྲ་བ་ཞིག༔ འཁྱུགས་ཤིང་གོང་དུ་བསྙེགས་པས་མས་ནས་རིམ་པ་བཞིན་ལྷ་ཚོགས་རྣམས༔ ཡེ་ཤེས་དྲོད་ཀྱིས་དགྱེས་པ་རབ་བསྐྱེད་ནས༔ ཡར་འཕར་ག་བུར་དབང་པོའི་རྡུལ་ལ་རེག༔ དེ་ལས་ཕྲ་བའི་ཐིག་ལེ་བབས་པ་དང་༔ ཕ་ལས་ཐོབ་པའི་དཀར་ཆའི་དྭངས་མ་ཧཾ་ཡིག་ནི་ཟླ་བའི་ཁམས་ཀྱི་ཆ་ཡིན་པས་ཕྱིར་དཀར་བ། ཐབས་ཀྱི་རང་བཞིན་མུ་ཏིག་གི་རྡོག་ལྟར་འཚེར་བ། བྱང་ཆུབ་སེམས་ཀྱི་བདུད་རྩིའི་བཅུད་དང་ལྡན་པས་སྣུམ་པ། རྩ་གནས་གང་དུའང་སྤྱན་དྲོངས་བདེ་བས་ཟླུམ་ལ་འདྲིལ་བའི་མཚན་ཉིད་བཞི་ལྡན། མེ་དང་ཐིག་ལེ་བྲོས་དེད་ཚུལ་དུ་བྱུང་ཨ་ཤད་ལ་ཕོག་དེ་ཡིས་མེ་གསོས་བྱས༔ ཆེར་འབར་ཐིག་ལེ་ཆུ་རྒྱུན་བཞིན་བབས་པར༔ ཕྱག་ཆེན་ཐིག་ལེ་ལས། དེ་ཡིས་མེ་འབར་ཡང་དག་གིས། བདེ་ཆེན་འཁོར་ལོ་ཞུ་བར་འགྱུར། །བཞུས་པས་རྩ་ནི་ཐམས་ཅད་ལས། །མཆོག་གི་བདུད་རྩི་འཛག་པའོ། །ཞེས་སོ། །དམིགས་པས་དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ངོ་བོ་འོད་དཀར་དམར༔ མཐིང་གསུམ་རྣམ་པར་ཐིམ་པས་ལར་འདི་ལ་ཨ་ཧཾ་ལས་འོད་འཕྲོས་ཏེ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་ཡབ་རྣམས་ཧཾ་ཡིག་དང་ཡུམ་རྣམས་ཨ་ཤད་ལ་བསྟིམས་པ་དང་། གཞན་ཡང་ལུས་གནས་ཀྱི་ལྷ་སེམས་དཔའ་སུམ་བརྩེགས་སོགས་གསལ་ཞིང་དབྱིངས་ནས་རྒྱལ་བའི་དཀྱིལ་འཁོར་སྤྱན་དྲངས་ཏེ་བསྟིམ་པ་སོགས་ཀྱང་བྱེད་དགོས་ལ། སྤྱིར་ཧཾ་ཡིག་དབུ་གྱེན་བསྟན་དུ་ཡོད་ཀྱང་བྱིན་དབབ་པའི་རྐྱེན་གྱིས་ཐུར་བསྟན་དུ་ལོག་པར་བཤད་པའང་རྟོག་དཔྱོད་ཆེ་བའི་རིགས་ལ་དགོངས་པ་ཙམ་དུ་མངོན་ཏེ་འདི་དག་ནི་ཞར་བྱུང་འཕྲོས་དོན་དུ་སྨོས་པའོ། །བདུད་རྩི་ནི༔ ཁ་དོག་རབ་དཀར་ཟླ་བ་འབུམ་བརྩེགས་ལྟའི༔ སྤྱི་བོའི་རྩ་འཁོར་མ་ལུས་ཁྱབ་པ་དང་༔ དེའི་སྟོབས་ལུས་ཀྱི་སྒོ་ནས་བསགས་སྡིག་སོགས༔ བ་སྤུ་ཀུན་ནས་ཆུ་རྒྱུན་བཞིན་དུ་བཏོན༔ ཟག་མེད་ཡེ་ཤེས་བདུད་རྩིའི་ལྟེམས་ཀྱིས་གང་༔ དེ་ན་བཞུགས་པའི་མགོན་པོ་སྲས་བཅས་མཆོད༔ རྩ་ཡི་ལམ་བྱང་དཔའ་བོ་ཡབ་ཡུམ་གྱིས༔ རྣལ་འབྱོར་པ་ཡི་མཆོད་པ་བླངས་ནས་སུ༔ དབྱེར་མེད་རྣམ་འདྲེས་སྐུ་ཡི་དངོས་གྲུབ་ཐོབ༔ འདི་དག་ནི་བསྒོམ་པའི་དགའ་བཞི་ཞེས་བྱ་སྟེ་དམིགས་པ་གལ་ཆེ་བ་དང་དེའི་སྟོབས་ཀྱིས་གནས་ཀྱི་ཡེ་ཤེས་བཅུ་དྲུག་ལ་སོགས་པའི་ཉམས་མྱོང་རིམ་གྱིས་འཆར་བའི་ངོ་བོ་ལ་ལྟ་གསུང་། དང་པོའི་དབང་ཐོབ་བསམ་གཏན་དང་པོའི་ཡན་ལག་ཡོངས་སུ་རྫོགས་པའི་ངོ་བོ་ཅན་གྱི་དགའ་བའི་ཡེ་ཤེས་དང་དྲན་ཉེར་བཞི་ཡང་དག་སྤོང་བཞི། རྫུ་འཕྲུལ་རྐང་བཞིའི་མངོན་རྟོགས་ཀྱི་རིམ་པ་རྣམས་རྒྱུད་ལ་སྐྱེས༔ འདི་ཡང་གནས་ཀྱི་དབང་གིས་སྐུའི་དགའ་བཞི་སྟེ་དགའ་བའི་དགའ་བ་མཆོག་དགའ་ཁྱད་དགའ་ལྷན་དགའ་བཞིར་ཉམས་སུ་མྱོང་བའི་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་མཐར་ཕྱིན་དེ་ནས་མར་བབས་ཏེ༔ མགྲིན་པའི་འཁོར་ལོ་གང་བས་གོང་བཞིན་དུ༔ དེ་ན་བཞུགས་པའི་མགོན་པོ་སྲས་བཅས་མཆོད༔ རྩ་ཡི་ལམ་བྱང་དཔའ་བོ་ཡབ་ཡུམ་གྱིས༔ རྣལ་འབྱོར་བ་ཡི་མཆོད་པ་བླངས་ནས་སུ༔ དབྱེར་མེད་རྣམ་འདྲེས་གསུང་གི་དངོས་གྲུབ་ཐོབ༔ གསང་བའི་དབང་ཐོབ་བསམ་གཏན་གཉིས་པའི་ངོ་བོའི་གསུང་མཆོག་དགའི་དགའ་བཞིའི་ཡེ་ཤེས་དང་དབང་པོ་ལྔ་དང་སྟོབས་ལྔའི་རིམ་པའི་མངོན་རྟོགས་རྒྱུད་ལ་སྐྱེས༔ སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་མཐར་ཕྱིན་དེ་ནས་མར་བབས་ཏེ༔ སྙིང་ཀའི་འཁོར་ལོ་གང་བས་གོང་བཞིན་དུ༔ དེ་ན་བཞུགས་པའི་མགོན་པོ་སྲས་བཅས་མཆོད༔ རྩ་ཡི་ལམ་བྱང་དཔའ་བོ་ཡབ་ཡུམ་གྱིས༔ རྣལ་འབྱོར་པ་ཡི་མཆོད་པ་བླངས་ནས་སུ༔ དབྱེར་མེད་རྣམ་འདྲེས་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཤེས་རབ་དབང་ཐོབ་བསམ་གཏན་གསུམ་པའི་ངོ་བོ་ཅན་ཐུགས་ཁྱད་དགའི་དགའ་བཞིའི་ཡེ་ཤེས་དང་བྱང་ལག་བདུན་གྱི་མངོན་རྟོགས་རྒྱུད་ལ་སྐྱེས༔ མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་མཐར་ཕྱིན་དེ་ནས་མར་བབས་ཏེ༔ ལྟེ་བའི་འཁོར་ལོར་གང་བས་གོང་བཞིན་དུ༔ དེ་ན་བཞུགས་པའི་མགོན་པོ་སྲས་བཅས་མཆོད༔ རྩ་ཡི་ལམ་བྱང་དཔའ་བོ་ཡབ་ཡུམ་གྱིས༔ རྣལ་འབྱོར་བ་ཡི་མཆོད་པ་བླངས་ནས་སུ༔ དབྱེར་མེད་རྣམ་འདྲེས་ཡོན་ཏན་དངོས་གྲུབ་ཐོབ༔ ཚིག་གི་དབང་བསམ་གཏན་བཞི་བའི་ངོ་བོ་ཅན་ཡེ་ཤེས་རྡོ་རྗེ་ཐོབ་ལྷན་དགའི་དགའ་བཞིའི་ཡེ་ཤེས་འཕགས་ལམ་བརྒྱད་ཀྱི་མངོན་རྟོགས་རྒྱུད་ལ་སྐྱེས༔ སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་མཐར་ཕྱིན་ས་དགུའི་རྟོགས་པ་འཆར༔ འོག་སྒོ་སྦྱོང་བའི་སྔོན་འགྲོ་བྱེད་ན། དེ་ནས་མར་བབས་གསང་བའི་འཁོར་ལོར་ཁྱབ༔ དེ་ན་བཞུགས་པའི་མགོན་པོ་སྲས་བཅས་མཆོད༔ རྩ་ཡི་ལམ་བྱང་དཔའ་བོ་ཡབ་ཡུམ་གྱིས༔ རྣལ་འབྱོར་བ་ཡི་མཆོད་པ་བླངས་ནས་སུ༔ དབྱེར་མེད་རྣམ་འདྲེས་ཕྲིན་ལས་དངོས་གྲུབ་ཐོབ༔ འོད་ཟེར་དབང་ཐོབ་གཟུགས་མེད་སྙོམས་འཇུག་བཞིའི་ངོ་བོ་ཅན་དགའ་བྲལ་ཡེ་ཤེས་དང་ཀུན་ཏུ་འོད་ཀྱི་སའི་སྤངས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས༔ ནས་དགའ་བྲལ་གྱི་དགའ་བཞི་ཉམས་སུ་མྱོང་ནས། མི་སློབ་པའི་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་མཐར་ཕྱིན་ཏེ་ཞི་ཁྲོ་ཡི༔ ལྷ་ཚོགས་ཡོངས་ཀྱི་དགྱེས་པ་བསྐྱེད་བྱས་ཏེ༔ འབར་འཛག་འདི་དག་གི་དོན། ལར་དཀར་ཆ་ཆུ་ཁམས་ཐུར་ལ་འབབ་པ་ཡིན་པས་དགའ་བཞི་བས་བརྟན་དུ་སྐྱེ་དགོས་པ་འདྲ་ཡང་ཐིག་ལེས་མེ་གསོས་བྱས་ནས་མེ་ཆེར་འབར་བའི་ཤུགས་ཀྱིས་བཏེགས་ནས་རྩ་འཁོར་གྱི་དབུས་དང་ཡང་ཕྲན་དང་བཅས་པ་གང་ནས་ད་དུང་བདུད་རྩི་བབ་པའི་ཤུགས་ཀྱིས་མེ་ཐུར་མནན་ནས་འཁོར་ལོ་འོག་མ་ལ་རིམ་པར་ཁྱབ་པའི་དོན་ནོ་གསུང་། ༼ གོ་རིམ་ལ་ལྟོས་པའི་དགའ་བཞི་ནི་ཡས་བརྟན་དང་མས་བརྟན་གཉིས་ལས། མཆན། ༽ ཡས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་ནི། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང་། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་སོ། །སླར་ཡང་མས་བརྟན་རླུང་གི་སྟོབས་ཀྱིས་ལྡོག༔ དེ་ཡང་མས་བརྟན་གྱི་དགའ་བཞི་ནི། མངོན་བརྗོད་བླ་མ་ལས། ལྟེ་བ་སྙིང་པད་ནུ་མའི་དབུས། ལྕེ་ཡི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །ཞེས་དང་། མན་ངག་སྙེ་མར། མས་བརྟན་གྱི་དགའ་བ་བཞི་ཀ་ལྷུན་སྐྱེས་ལ་ཆུང་ངུ་དང་བར་མ་དང་ཆེན་པོ་དང་ཆེན་པོའི་ཆེན་པོར་ཕྱེ་བར་བཤད་རྒྱུད་ཀྱི་དོན་ཡིན་ཏེ། །བརྟགས་གཉིས་ལས། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་སོ། །ཡབ་ ༼ དགའ་མཆོག་མཆན། ༽ ཡུམ་ ༼ བྲལ་སྐྱེས། མཆན། ༽ གཉིས་ཀྱི་རྣམ་རྟོག་རགས་པ་དང་ཐམས་ཅད་འགགས་པས་སྤངས་བྱ་ལ་ལྟོས་པའི་དགའ་བཞི་དང་དེ་གཉིས་ཀྱི་ལུས་ཁོལ་བུ་དང་ཁྱབ་པར་བདེ་བ་སྐྱེས་པས་གནས་ལ་ལྟོས་པའི་དགའ་བཞི་ཞེས་ཀུན་མཁྱེན་པས་གསུངས་སོ། །༈དེ་ལྟ་བུའི་དགའ་བ་དེ་དག་ཀྱང་། །སྣང་བ་མཆེད་པ་ཐོབ་པ་འོད་གསལ་དང་བཞིས་ཡེ་ཤེས་དང་བསམ་གཏན་བཞི་སྟོང་བ་སྟོང་ཆེན་ཐམས་ཅད་སྟོང་བ་ཤིན་ཏུ་སྟོང་བ་བཞི་དང་། གཟུགས་མེད་བཞིའི་སྙོམས་འཇུག་གི་རོ་དང་ལྡན་པ་སྟེ། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། སྣང་བ་མཆེད་པ་མཆོག་ཏུ་བཤད། ཁྱད་དགའ་ཉེ་བར་ཐོབ་པར་ཤེས། ལྷན་ཅིག་སྐྱེས་དེ་འོད་གསལ་སྦ། ཞེས་སོ། །འདི་ལ་ས་ལམ་གྱི་རྫོགས་ཚུལ་ནི། ༼ གསང་སྙིང་ལེའུ་བཅུ་གསུམ་པའི་འགྲེལ་བ་མུན་སེལ་ལས་གསལ། མཆན། ༽རྡོ་རྗེ་ལས་རིམ་ལས། གནས་ཀྱི་ཡེ་ཤེས་བཅུ་དྲུག་པོ། །ཚོགས་སྦྱོར་ས་སོགས་དང་པོ་ནས། །མཐར་ཕྱིན་སངས་རྒྱས་ས་ཉིད་དེ། །གནས་བཞི་དེ་བཞིན་དབྱེ་བ་ལས། །གཉིས་པའི་བར་ས་རབ་དགའ་སོགས། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་སོ། །སྔར་གྱི་ཉམས་ཞེན་འགྱུར་བདེའི་བག་ཆགས་བཅས༔ ཡོངས་སྦྱངས་གཙུག་ཏོར་འཁོར་ལོ་ལ་སླེབས་ཏེ༔ དེ་ནས་རྩ་གནས་ཀུན་ཏུ་འཁྲུལ་འཁོར་དགྲམ༔མ་དག་རྩ་རླུང་ཐིག་ལེའི་རྒྱུ་བ་ཀུན༔ བཅོམ་ནས་དག་དབྱིངས་དྭངས་མའི་དཔལ་ཆེན་པོ༔ མངོན་གྱུར་རྩ་མདུད་ཕྲ་བ་ཞིག་སྟོབས་ཀྱིས༔ རླུང་སེམས་འབྱོར་དང་ལས་རུང་མཐར་ཕྱིན་ཏེ༔ ཡི་གེ་འཁོར་ལོ་ཚོགས་ཆེན་མངོན་གྱུར་བསམ༔ དེ་ནས་རྗེས་ཤེས་ཀྱི་ངོ་བོ་སྤྱི་གཙུག་ཐིག་ལེ་རབ་ཕྲ་བ༔ ཐིག་ལེ་སྟོང་པའི་སྒྲོན་མ་འོད་དང་འོད་ཟེར་རབ་ཏུ་འབར་བ་སྐུ་ལྔའི་ངོ་བོ་ཉིད༔ ཀྱི་ལྷ་སྐུའི་མཚན་དཔེའི་ངོ་བོར་གསལ་ཞིང་ཡེ་ཤེས་མིག་གིས་དེ་ལ་བལྟ་བ་དང་། དེའི་རང་བཞིན་བལྟ་དཀའ་བསམ་གྱིས་མི་ཁྱབ་ཆོས་ཉིད་རིགས་ཆེན་གཙུག་ཏོར་ཆེ༔ ན་པོ། བརྗོད་བྲལ་ཀ་དག་ཆེན་པོར་གཞོན་ནུུ་བུམ་པ་སྐུའི་ངང་དུ་ལ་ཡང་བཟླ༔ ཡང་ཀུན་མཁྱེན་ཆེན་པོས། ལུས་གནད་ཀྱིས་ལ་བཟླ་ཚུལ་དུ་གསུང་བའང་ཡོད་དོ། །འདི་ལའང་ཁམས་ཐིག་ལེའི་འཕོ་བ་དབང་མེད་དུ་མི་འཛག་པར་བཟུང་བ་དང་གྱེན་དུ་ལྡོག་པ་དང་རྩལ་དགྲམ་པ་རྣམས་རླུང་གི་སྟོབས་ཀྱིས་བྱེད་པ་དང་དེ་ལས་གཞན༔ ཡང་འཁྲུལ་འཁོར། སྟག་མོའི་འགྱུར་སྟངས་སེང་གེ་རྩལ་སྤྲུགས་དང་༔ གཞུ་འགེངས་དར་པོ་ཆེ་བསྐྱོད་འགྱིང་ཚུགས་བཟུང་༔ འཇག་མའི་ཕྱུར་སྟངས་རྣམ་པ་དྲུག་གིས་ལྡོག༔ འདི་རྣམས་ནི་ཐབས་ལམ་རིམ་གཅིག་ཆར་གཉིས་ཀ་ལ་ཟབ་པའི་ལུས་སྦྱོང་ངོ་། །ལམ་གྱི་གཞི་མ་སྒྱུ་ལུས་ལྟར་སྒོམ་ཞིང་། ལམ་གྱི་རྩ་བ་གཏུམ་མོ་ཉམས་སུ་བླངས་ནས། དྲོད་ཚད་རྨི་ལམ་གྱིས་འཛིན་པ་སྦྱོང་བསྒྱུར་བཅད་གསུམ་གྱི་ཐབས་དང་། ལམ་གྱི་སྙིང་པོ་འོད་གསལ་རྣམས་སྦྱོང་། སུན་མ་བར་དོའི་གདམས་ངག་དང་བཅས་པ་ཟུར་བ་ལྟར་ལ་འདིར་རྫོགས་ཆེན་གྱི་རྒྱུད་བུ་ལྟར་གཉིད་ཀྱི་རྣལ་འབྱོར་འོད་གསལ་སྦ་བའི་ཐབས༔ དང་བྱེ་བྲག་ཏུ་གཉིད་དུས་འབར་འཛག་གི་དཔྱིད་ཐིག་རྗེས་གཞིག་གིས་སྙིང་དབུས་དྭངས་མའི་རྩ་ལ་སྦ་བ་དང་། དེས་རྣམ་རྟོག་ཆོས་སྐུར་འཆར་ཞིང་། ཐིག་ལེའི་རྣལ་འབྱོར་དྭངས་མའི་རྩ་ལ་སྦ༔ རྣམ་རྟོག་རང་བཞིན་འོད་གསལ་ཆོས་སྐུར་སྦ༔ བདེ་བ་ཡེ་ནས་ལྷུན་འབྱམས་ཆེན་པོར་སྦ༔ འོག་གསལ་འཛིན་མེད་གཞོན་ནུ་བུམ་སྐུར་སྦ༔ དེ་ཡང་རང་བབས་དགོངས་པའི་ངོ་བོར་སྦ༔ གཉིད་འོད་གསལ་དུ་སྦ་བ་སྟེ། འབར་འཛག་ཀྱི་རྒྱུན་ལ་སེམས་བཟུང་ནས་འོད་གསལ་འཆར་བས་ལམ་དུ་ཁྱེར་བ་དང་། འཁོར་ལོ་ལྔའི་དབུས་ཀྱི་ཐིག༵་ལེ༵་དང་རྩ་རླུང་གི་བདེ་སྤྲིན་གྱི་རྒྱུན་ཐམས་ཅད་བསམ་གཏན་གཉིས་ཀྱི་བསྡུ་རིམ་གྱིས་སྙིང་ཀའི་མི་ཤིགས་པ་དང་ཨེ་ཡིག་ལ་སྦ་བ་དེས་དྲངས་བའི་དགའ་བཞིའི་བདེ་བའང་རྒྱུ་དུས་ཀྱི་དུག་ཅན་སེམས་ཀྱི་གཡའ་དང་བྲལ་བ་རིག་པ་བྱང་ཆུབ་ཀྱི་སེམས་ཕྱག་རྫོགས་དབྱེར་མེད་ཀྱི་དགོངས་པ་འབྲས་དུས་ཀྱི་དུག་མེད་དམ་འབྲས་བུའི་ངོ་བོ་དངོས་མངོན་སུམ་ལམ་བྱེད་འོད་གསལ་ཆོས་སྐུར་སྦ་བའམ་ལ་བཟླ་བ་དང་། འགྱུར་བའི་བདེ་བ་ལ་དཔྱད་སྟོང་གི་ལྷན་པ་འདེབས་པའི་སྟོང་ཉིད་རྒྱས་འདེབས་ལྟ་བུར་མ་ཤོར་བར་བདེ་བ་དེའི་ངོ་བོ་ལྷུན་འབྱམས་ཡངས་པ་ཆེན་པོར་རྣལ་དུ་འབྱོར་བའི་གསང་སྔགས་གྱི་དེ་ཁོ་ན་ཉིད་དུ་སྦ་བ་དང་། དེ་ལྟ་བུའི་འོད་གསལ་དེ་ལམ་དུས་ཀྱི་ཁྱད་ཆོས་དྲུག་གི་རྟོགས་པའི་གདེང་གིས་གཞོན་ནུ་བུམ་པའི་སྐུར་སྦ་བ་དང་༔ བདེ་སྟོང་གི་ཡུལ་༥དབང་༥ཤེས་༥གསུམ་རང་བཞིན་དང་དབང་པོ་ཡུལ་དུས་ཀྱི་སྦྱོར་སྒྲོལ་ལྔའི་དགོངས་ཀློང་རང་བཞིན་བབས་ཀྱིས་གནས་ལུགས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཆོས་སྐུའི་ཡོ་ལང་ཆེན་པོར་དུག་ལྔ་དང་ཚོགས་དྲུག་སྒོ་ཡུལ་རང་གྲོལ་དུ་ཤར་བ་ནི་དཔེར་ན་རིམ་པ་དང་པོར་གང་སྣང་ལྷར་འཆར་བ་ཞིག་དགོས་པ་བཞིན་དུ་རིམ་པ་གཉིས་པར་གང་སྣང་བདེ་བར་འཆར་བ་ནི་ཨ་ནུ་ཡོ་གའི་ཉམས་ལེན་གྱི་མཐིལ་སོ་ཡང་དག་པ་སྟེ། དེ་ལྟ་བུའི་ངང་དུ་སྦ་བའམ་གདེང་ཆོས་པར་བྱའོ། །སྦ་བ་དྲུག་དང་ལྡན་པའི་ཁྱད་ཆོས་འདི༔ རྟོག་གེ་རྟོགས་འདོད་ཅན་གྱི་ཡུལ་མ་ཡིན༔ ཟོག་པོ་འདོད་ཆགས་ཅན་གྱི་ཡུལ་མ་ཡིན༔ རྫུན་མ་མགོ་བསྐོར་མཁན་གྱི་ཡུལ་མ་ཡིན༔ ཕྲག་དོག་རླུང་འཚུབ་སྔགས་པའི་ཡུལ་མ་ཡིན༔ ཆགས་བྲལ་སྡུག་སྲན་བྱེད་པའི་ཡུལ་མ་ཡིན༔ རང་མཐོང་གྲགས་འདོད་ཅན་གྱི་ཡུལ་མ་ཡིན༔ གནས་སྐབས་ཡོན་ཏན་གོང་གི་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་ཐུན་མོང་ཀུན་རྫོབ་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ༔ མཐར་ཐུགས་ཡོན་ཏན་ཁ་སྦྱོར་ཡན་ལག་བདུན༔ མཚན་དཔེས་བརྒྱན་པའི་སྐུ་སོགས་ཕུན་ཚོགས་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པ་དང་༡། འདོད་ཡོན་རྒྱན་དུ་ཤར་བ་དང་ཐབས་ཤེས་དབྱེར་མེད་ཆེན་པོའི་རང་སྣང་གི་ཕྱག་རྒྱ་དང་ཁ་སྦྱོར་དུ་བཞུགས་པ་དང་༢། ཐུགས་ཟག་མེད་ཀྱི་བདེ་བ་ཆེན་པོ་དང་ལྡན་པ་དང་༣། དེ་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་དགྱེས་པར་རོལ་བའི་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་༤དང་། དམིགས་མེད་ཐུགས་རྗེ་ཀུན་ཁྱབ་སྙིང་རྗེས་ཡོངས་སུ་གང་བ་༥དང་། དེའི་འབྲེལ་ལས་སྲིད་པ་ཇི་སྲིད་དུ་འགྲོ་བ་འདུལ་བའི་གཟུགས་སྐུ་རྒྱུན་མི་ཆད་པ་འབྱུང་བ་དང་༦། ཞི་བ་ཕྱོགས་གཅིག་གི་ས་ལ་འགོག་པ་མེད་པར་གཞན་ཕན་གྱི་ཕྲིན་ལས་ལྷུན་གྲུབ་སྟེ་༧། ཡང་གསང་ཡོན་ཏན་གཞོན་ནུ་བུམ་སྐུའི་ཁྱད་ཆོས་དྲུག་དང་ལྡན༔ དེ་ལྟར་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་ནི། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བའི་ནམ་མཁའི་བ༔ བཞོས་པས་སྟེང་དུ་རྣམ་པར་གྲགས། །ཞེས་པ་ལྟར་རོ། །རྡོ་རྗེ་གཟི་བརྗིད་འཇིགས་བྲལ་གླིང་བ་དང་༔ བདུད་འཇོམས་རྡོ་རྗེའི་ཁྱད་ཆོས་བླ་ན་མེད༔ འདི་ཡི་ཐབས་ཀྱི་ངེས་པའི་ལམ་གྱི་ཕྱོགས་གཅིག་འོག་སྒོ་བདེ་བ་ཆེན་པོ་ཅིག་ཆར་ཐབས་ལམ་ཉེ་རྒྱུར་བྱེད༔ རླུང་གི་གེགས་སེལ་ཐིག་ལེའི་གེགས་སེལ་བཅས༔ སྲིད་པ་མཐར་བྱེད་ཇི་བཞིན་ཉམས་ ༼ འོག་ཏུ་འབེམས་གྱི་མན་ངག་ལྔ་ཞེས་པ་དང་ཕྲ་མོ་ལས་འཆོས་གསང་དེམ་གྱི་ཡི་གེ་ལྔ་ཞེས་པ་རྣམས་ཀྱང་ལུས་སྦྱོང་འདིའི་ནང་ན་ཡོད་དེ་ད་སྔོན་ཕབ་མ་གྲུ། མཆན། ༽ ཀློང་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་འདི་དག་ཟངས་ཤོག་ཅན་ལས་འགྲེལ་བ་ཤེས་པར་བྱས་པས་འཐེར་རོ༔ བཀའ་འདི་གནོད་སྦྱིན་ཤན་པ་ཆེན་པོ་དང་༔ ཟླ་བའི་དབང་པོ་འཁོར་དང་བཅས་པ་དང་༔ ཁྱད་པར་ཌཀྐིའི་དབང་མོ་ཚེ་རིང་མ༔ མཆེད་ལྔ་འཁོར་དང་བཅས་ལ་གཏད་དོ་རྒྱ༔ སྒྲོ་སྐུར་བཀའ་རྐུན་དཔང་ཟ་བྱེད་པ་ཡི༔ སྙིང་ཁྲག་ཧུབ་ཀྱིས་ཐོབ་ཅིག་དམ་ཚིག་ཅན༔ ཚུལ་བཞིན་སྒྲུབ་པའི་སྐུ་ཚེ་མཛད་ཕྲིན་དང་༔ ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་སྤེལ༔ བཀྲ་ཤིས་དཔལ་གྱིས་ས་གསུམ་ཁྱབ་གྱུར་ཅིག༔ ཅེས་པ་འདི་ཡང་མི་ལོ་ཉེར་ལྔའི་གོང་ཐོག་ནས་རྒྱུད་ལ་ཐོབ་ཀྱང་སྤེལ་བའི་དུས་ལ་མ་བབས་པས་བཀའ་རྒྱས་བཏབ་ལ་སླར་རང་ལོ་སོ་བཞི་པ་ན་རྣལ་འབྱོར་བ་ཆེན་པོ་པདྨ་མ་ཏིས་བསྐུལ་ངོར་༧ག་ག་ཨ་བྷྱེས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས་བསྒྱུར་ཞིང་གཏན་ལ་ཕབ་པའི་རྣམ་པར་རིག་པའི་འདུ་བྱེད་ཀྱི་རྫུ་འཕྲུལ་གནས་བརྟན་རྫོགས་ཆེན་དོན་གྱི་དབང་ཐོབ་འགྱུར་མེད་རྣམ་པར་རྒྱལ་པའི་སྡེའོ། །མཆན་འགྲེལ་འདི་ཡང་བསླབ་གསུམ་རྒྱན་གྱིས་མཛེས་འབར་པདྨ་བིདྱ་ནས་བསྐུལ་བའི་ངོར་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །


previousབདེ་སྟོང་དཔྱིད་ཀྱི་ཐིག་ལེའི་འགྲེལ་བ། next