Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དུས་ཀྱི་འཁོར་ལོའི་རྫོགས་རིམ་བསྡུས་དོན་ཉི་ཟླའི་ཟེར་ཐིག
   
   
   
   
   
   
   
   
   
   
   
   
   
   


 
previousདུས་ཀྱི་འཁོར་ལོའི་རྫོགས་རིམ་བསྡུས་དོན་ཉི་ཟླའི་ཟེར་ཐིགnext

དུས་ཀྱི་འཁོར་ལོའི་རྫོགས་རིམ་བསྡུས་དོན་ཉི་ཟླའི་ཟེར་ཐིག

དུས་ཀྱི་འཁོར་ལོའི་རྫོགས་རིམ་བསྡུས་དོན་ཉི་ཟླའི་ཟེར་ཐིག་བཞུགས་སོ། །

སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཡིད་ཆེས་གསུམ་ལྡན་གྱི་ལམ་ལ། ཐུན་མོང་གི་སྔོན་འགྲོ། སྐྱབས་སེམས་སྡིག་བཤགས་མཎྜལ་བླ་མའི་རྣལ་འབྱོར་རྣམས་དང་། ཐུན་མིན་རྟེན་བསྐྱེད་དང་ཉེར་བསྡོགས་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ལ་སྤྲོས་མེད་བཞི་ལྡན་ནམ། ལུས་བྱ་བའི། ངག་སྨྲ་བརྗོད་ཀྱི། སེམས་རྣམ་རྟོག་གིས་དབེན་པའི་སྔོན་འགྲོ་ཐུན་མིན་གྱི་མུན་པའི་ཁང་བར་ལུས་གནད་ཆོས་བདུན་གྱིས་རླུང་རོ་གསུམ་སྣ་ནས་བསལ། མཐར་རླུང་རང་བབས་སུ་བཞག །སེམས་བཟོ་བཅོས་སྤྲོ་བསྡུ་མེད་པར་ལྷོད་དེ་འོག་འགྱུ་དང་རྒྱ་འབྱམས་སུ་མ་ཤོར་བར་རྩེ་གཅིག་ཏུ་བཞག་གོ །

དངོས་གཞི་ལ་ཐོག་མར་དགེ་བ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག་སོར་བསམ་གཉིས། བར་དུ་དགེ་བ་གསུང་རྡོ་རྗེ་ཉེར་བསྒྲུབ་ཀྱི་ཡན་ལག་སྲོག་འཛིན་གཉིས། ཐ་མར་དགེ་བ་ཐུགས་རྡོ་རྗེ་སྒྲུབ་པའི་ཡན་ལག་རྗེས་དྲན། ཡེ་ཤེས་རྡོ་རྗེ་སྒྲུབ་ཆེན་གྱི་ཡན་ལག་ཏིང་ངེ་འཛིན་གཉིས་ཏེ་དྲུག་ལས།

དང་པོ་ལ། གཟུགས་མ་གྲུབ་པ་སྒྲུབ་བྱེད་སོར་སྡུད་དང་། གྲུབ་ཟིན་བརྟན་བྱེད་བསམ་གཏན་གྱི་ཡན་ལག་གོ །དང་བོ་ལ་མཚན་དོན། ས་མཚམས། ཇི་ལྟར་བསྒོམ་པའི་མཚན་ཉིད། ཚད་མ། དག་དབྱེ། འབྲས་བུའོ། །དང་པོ་ནི། སཾ་སྐྲི་ཏའི་སྐད་དུ། པྲ་ཏི་ཨ་ཧ་ར་སོ་སོར་སྡུད་པ་སྟེ། དབང་ལྔ་ཐ་མལ་གྱི་ཡུལ་སོ་སོ་ལ་འཇུག་པ་བཀག་ནས་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའོ། །

གཉིས་པ་ནི། སྣ་བུག་གཡོན་གྱི་རླུང་གཡས་སུ་འཕོ་མ་ཐག་པའི་དུས་སུའོ། །

གསུམ་པ་ལ། རྣལ་འབྱོར་སོ་སོས་བསྒོམ་ཚུལ་དང་། སྤོགས་ཆོག་གོ ། དང་པོ་ལ་གཉིས་ལས། མཚན་མོའི་རྣལ་འབྱོར་ལ། གནས་། ལུས་གནད། ལྟ་སྟངས། དབང་པོའི་ཕྱེད་བཅིངས། མྱོང་བ་སྐྱེ་ཚུལ། དམིགས་པ་གཏོད་ཡུལ་དང་དྲུག་ལས། དང་པོ་ནི་མུན་ཁང་ངོ་། །གཉིས་པ་ནི། སྐྱིལ་ཀྲུང་ཁུ་ཚུར་བརླ་སྟེང་དུ་བཞག་པའོ། །གསུམ་པ་ནི་གཙུག་ཏོར་འཁོར་ལོ་བསྒྱུར་བའི་ལྟ་སྟངས་སོ། །བཞི་བ་ནི་ལྟ་སྟངས་སྨིན་མའི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་བཞག་པས་རྩ་བ་དང་ཡན་ལག་གི་རླུང་གཉིས་དབུ་མར་ཚུད་ནས། དཔྲལ་བར་མ་དག་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་ཡོད་པ་སོར་སྡུད་ཀྱིས་སྦྱངས་ནས་ལུས་བསྐྱེད་པའི་སྐུ་རྡོ་རྗེའི་རྣལ་འབྱོར་དུ་རིགས་སོ། །ལྔ་བ་ནི། མཚན་རྟགས་བཞི་འཆར་བའོ། །དྲུག་པ་དམིགས་པ་གཏོད་ཡུལ་ནི། ཕྱེད་བཅིངས་སུ་འདུའོ། །

གཉིས་པ་ཉིན་མོའི་རྣལ་འབྱོར། གནས་ནི་བླ་གབ་མེད་པར་ཉི་མ་ལ་རྒྱབ་ཕྱོགས་སྔ་དྲོ་དང་ཕྱི་ཕྲེད་དུ་བསྒོམས་ལུས་གནད་སོགས་གཞན་སྔ་མ་ལྟར་ལ་བསྒོམ་པས་ཉིན་རྟགས་དྲུག་གི་མྱོང་བ་སྐྱེ་བར་འགྱུར་རོ། །དེའི་རླུང་དྷཱུ་ཏཱིར་ཚུད་ཙམ་གྱིས་མཚན་རྟགས་བཞི་བ་དང་ཞུགས་གནས་ཐིམ་པས་ཉིན་རྟགས་བཞི་འཆར་རོ། །

གཉིས་པ་སྤོགས་ཆོག་ནི་བཙན་ཐབས་ཀྱི་སྦྱོར་བའི་ནཱ་དཱ་བསྒོམ་པའོ། །བཞི་བ་ཚད་མ་ནི། ཡིད་ཀྱི་དབང་པོའི་མངོན་སུམ་རྟོག་བྲལ་ལོ། །གཙོ་ཆེར་དབང་མངོན་ཏེ་ཤའི་སྤྱན་གྱི་ཞེས་སོ། །ལྔ་བ་དག་དབྱེ་ནི། ཡེ་ཤེས་ཀྱི་ཁམས་དང་། ཕུང་པོ་དག་པའོ། །དྲུག་པ་འབྲས་བུ་ནི། གནས་སྐབས་སྔགས་ཚིག་འཛིན་པ་དང་། མཐར་ཐུག་ཡེ་ཤེས་ཀྱི་ཕུང་པོ་དྲུག་དྲི་བྲལ་དུ་གྱུར་ནས་རྡོ་རྗེ་སེམས་དཔའི་སྐུ་འགྲུབ་པའོ། །

གཉིས་པ་གཟུགས་གྲུབ་པ་བརྟན་པར་བྱེད་པའི་བསམ་གཏན་ལ། དངོས་དང་། སྤོགས་ཆོག་གོ །དང་པོ་ལ་མཚན་དོན་ནི། ལེགས་སྦྱར་བས་དྷྱཱ་ནི་བསམ་གཏན་ཏེ་དམིགས་པ་ལས་མི་གཡོ་བའོ། །དུས་མཚམས་ནི། རྟགས་བཅུ་རྫོགས་ནས་སོ། །གང་སྒོམ་པའི་ཡན་ལག་ནི། གཟུགས་གྲུབ་པ་བརྟན་པའི་ཕྱིར་དམིགས་པ་སྔ་མ་དེ་ཉིད་ཀྱིས་བསྒོམ་པས་སྟོང་གཟུགས་ཕྲ་རགས་མཐོང་བའི་རྟོག༵་དཔྱོད༵་གཉིས་དང་། སེམས་དང་ལུས་ལ་ཤིན་སྦྱངས་ཐོབ་པའི་དག༵འ་བདེ༵། སེམས་རྩེ་གཅིག་པའི་ཤེས༵་རབ་སྟེ༵་ཡན་ལག་ལྔ་ལྡན་གྱི་བསམ་གཏན་གྲུབ་པའོ། སྤོགས་ཆོག་ནི། སོར་སྡུད་ལྟར་རོ། །རྟགས་ཚད་ནི། རྟགས་བཅུས་མཐོང་བ་སོར་སྡུད་ལས་ཆེས་ཆེར་འཕགས་པ་གསལ་འཚེར་འོད་ཟེར་འཕྲོ་ཞིང་གཞིག་དགའ་བའོ། །དག་བྱ་ནི་རྣམ་ཤེས་ཕུང་པོའོ། །དབྱེ་བ་ཡན་ལག་ལྔ་བ་ཡུལ་ཡུལ་ཅན་གྱིས་ཕྱེ་བའི་བཅུར་འགྱུར་རོ། །འབྲས་བུ་གནས་སྐབས་སུ་མངོན་ཤེས་ལྔ་ཐོབ། སངས་རྒྱས་ལས་ཆོས་ཉན། མཐར་ཐུག་ནམ་མཁའི་ཁམས་དང་། རྣམ་ཤེས་ཀྱི་ཕུང་བོ་སོགས་དྲུག་ཚན་གཅིག་མི་བསྐྱོད་པ་སོགས་དྲུག་ཚན་གཅིག་ཏུ་འགྲུབ་པའོ། །

གཉིས་པ་བར་དུ་དགེ་བ་གསུང་རྡོ་རྗེ་ཉེར་བསྒྲུབ་ཀྱི་ཡན་ལག་ལ་གཉིས་ལས། དང་བོ་སྲོག་རྩོལ་གྱི་ཡན་ལག་ལ། མཚན་དོན་ནི། སཾ་སྐྲི་ཏའི་སྐད་དུ་པྲཱ་ཎ་ཨ་ཡ་ཏེ་སྲོག་འགོག་པ་ཞེས་སྲོག་རྩོལ་དུ་འཇུག་ལ། རོ་རྐྱང་དུ་རྒྱུ་བའི་དཀྱིལ་འཁོར་བཅུ། དབུ་མར་འཇུག་བྱེད་སྲོག་རྩོལ་ཞེས་བྱའོ། །དུས་མཚམས་ནི་བསམ་གཏན་གྱི་རྟགས་རྫོགས་པ་ནའོ། །ཡན་ལག་དངོས་ལ། དབྱེ་བ་རྡོར་བཟླས་དང་། བུམ་ཅན་གཉིས་སོ། །བསྒོམ་ཚུལ་ནི། ཐོག་མར་གཡས་གཡོན་གྱི་རྒྱུ་བ་དངོས་སུ་མ་བཀག་པར་རྡོར་བཟླས་བསྒོམ་པའི་གནས་དང་། ལུས་གནད་མཉམ་བཞག་བྱ་བའི་ཁྱད་པར་ཙམ་ལས་སྔ་མ་ལྟར་གྱིས་ཀྱང་ཆོག་ལ། དེ་ཡང་རླུང་ཨོཾ་གྱི་གདངས་ཀྱིས་སྟོང་གཟུགས་དང་ལྷན་གཅིག་ཏུ་རྔུབ་ནས། ལྟེ་བའི་དབུ་མའི་ནང་དུ་ཧཱུྃ་གདངས་སུ་གནས། ཕྱིར་ཨཱཿགདངས་ཀྱིས་ལྡང་བའི་རླུང་དྷཱུ་ཏཱིར་ཚུད་ཅིང་། དེ་ནས་སྟོང་གཟུགས་ཁྱད་པར་རགས་སུ་བཞེངས་བ་དང་། སྟེང་འོག་གི་རླུང་སེམས་དབུ་མར་བརྟན་པར་བྱེད་ཅིང་། ཉམས་སྣང་རྩ་འཁོར་དང་དེའི་ཁ་དོག །འཇིག་རྟེན་ཁམས་མང་གི་མཐོང་སྣང་ཡང་འཆར་རོ། །རོ་རྐྱང་གི་རླུང་རྒྱུ་བ་དངོས་སུ་བཀག་ནས་བུམ་ཅན་ལ་གནས་སོགས་གཞན་རྡོར་བཟླས་ལྟར་ལ། ཕྱེད་བཅིངས་སྔོན་ལ་སྟེང་རླུང་དང་དེ་ནས་འོག་རླུང་དང་བཅས་པ་དབུ་མ་རོ་རྐྱང་གིས་བཅིངས་པའི་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་དུ་ཁ་སྦྱོར་དུ་བྱས་ནས་དེ་ལ་སེམས་གཏད་དོ། །དེས་ཁམས་མི་བདེ་བ་སོགས་བྱུང་ན་དེ་ནས་འཛིན་པ་ལ་འབུང་ངོ་། །རྟགས་ཚད་ནི་དེས་རླུང་དབུ་མར་ཚུད་པའི་རྟགས་འཁྲུལ་མེད་ཀྱི་ཉམས་མྱོང་འབྱུང་ངོ་། །དེ་ནས་ཅིས་ཀྱང་རླུང་དབུ་མར་མ་ཚུད་ན་དུ་སོགས་རྟགས་ཙམ་གྱི་ལྷན་སྐྱེས་འདྲེན་མི་ནུས་པའི་སྤོགས་ཆོག་ནཱ་ད་བསྒོམ་པའི་བཙན་ཐབས་ཞེས། རླུང་སྣ་ནས་ཧཱུྃ་གི་སྒྲ་གདངས་སུ་མོས་པས་རྔུབ། ཐུར་སེལ་ལྟེ་གོང་དུ་འཐེན་ལ་དེ་ནས་ཇེ་མཐོར་འདྲེན་པ་དྲག་ལ་རྒྱུན་རིང་དུ་འཐེན་ནོ། །རླུང་བཅུ་འགགས་པའི་དབྱེ་བ་བཅུའོ། །ཚད་མ་ནི་ཡིད་ཀྱི་མངོན་སུམ་མོ། །དག་དབྱེ་དང་འབྲས་བུ་ནི་རླུང་ཁམས་དང་འདུ་བྱེད་ཀྱི་ཕུང་བོའི་དྲུག་ཚན་གཉིས་དག་ནས་དོན་འགྲུབ་ཀྱི་དྲུག་ཚན་གཅིག་ཐོབ་པོ། །

གཉིས་པ་འཛིན་པའི་ཡན་ལག་ལ་དངོས་དང་སྤོགས་ཆོག་གོ ། དང་པོ་ལ་མཚན་དོན་ནི། ལེགས་སྦྱར་སྐད་དུ་དྷཱ་ར་འཛིན་པ་སྟེ། སྲོག་རྩོལ་གྱི་རླུང་དབུ་མར་བཙུད་པ་གནས་པར་བྱེད་པའོ། །དུས་མཚམས་ནི་སྲོག་རྩོལ་དབུ་མར་ཚུད་པའི་རྟགས་ཤར་ནས་སོ། །བསྒོམ་ཚུལ་ནི་རིམ་པར་ལྟེ། སྙིང་། མགྲིན། སྤྱི་གཙུག །གསང་རྣམས་ཀྱི་དྷུ་ཏཱིའི་ནང་དུ་གནས་སྐབས་བཞི་དང་། ནམ་མཁའ་དང་ཡེ་ཤེས་ཀྱི་ཐིག་ལེ་དྲུག་ལ་བརྟེན་ནས་རླུང་སེམས་ཤིན་ཕྲ་དང་། སྲོག་ཐུར་བསྲེས་ཏེ་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་རྣམས་རིམ་པར་ཐིམ་པའི་ཚུལ་བཞིན་ཏུ་འཁོར་ལོ་དྲུག་ལ་གནད་དུ་བསྣུན་པས་དེས་རླུང་སེམས་ཕྲ་བའང་སྡུད་ནུས་པའོ། །རྟགས་ཚད་ནི་རེ་ཁ་ནག་པོ་དང་། གཏུམ་མོའི་འབར་སྣང་གཞོམ་མེད་ཀྱི་སྒྲས་ལྷག་ཞིང་། ཚད་མ་ནི་སྲོག་རྩོལ་དང་འདྲའོ། །དག་བྱ་ཚོར་ཕུང་སོགས་མེ་ཁམས་པ་དྲུག་ཚན་གཅིག །དག་བྱེད་འཁོར་ལོ་དྲུག་དུ་རླུང་འཛིན་པའི་དྲུག་གོ །འབྲས་བུ་ནི་གནས་སྐབས་བདུད་བགེགས་གཞོམས་པ་དང་། མཐར་ཐུག་མེ་ཁམས་དང་ཚོར་བའི་དྲུག་ཚན་གཉིས་དག་ནས་རིན་འབྱུང་གི་དྲུག་ཚན་གཅིག་སྒྲིབ་བྲལ་གྱི་འབྲས་བུ་ཐོབ་པོ། །

གསུམ་པ་ཐ་མར་དགེ་བ་ལ་གཉིས་ལས། དང་པོ་ཐུགས་རྡོ་རྗེ་བསྒྲུབ་པའི་ཡན་ལག་རྗེས་དྲན་ལ། མཚན་དོན་ནི། ལེགས་སྦྱར་སྐད་དུ་ཨ་ནུ་སྨྲི་ཏི་སྟེ་སྟོང་གཟུགས་ཕྱག་ཆེན་རྗེས་སུ་དྲན་པའི་དོན་ནོ། །དུས་མཚམས་ནི། རྩ་རླུང་ཐིག་ལེ་ལ་དབང་བསྒྱུར། གཏུམ་མོའི་སྣང་བ་ལྷ་སྐུར་ཤར་བ་ནའོ། །བསྒོམ་ཚུལ་དངོས་ནི། དབང་པོ་དམན་འབྲིང་མཆོག་གསུམ་ཐིག་ལེ་སླ་བ་དང་། ཅུང་ཟད་སྐ་བ་དང་། ཤིན་ཏུ་སྐ་བའི་རིམ་པས་ལས་དང་ཡེ་ཤེས། རྗེས་མཐུན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་རྣམས་ལ་སྦྱར་ནས་ཞུ་བདེ་ཁྱད་པར་ཅན་འདྲེན་པ་གོམས་སྟོབས་ཀྱིས་མཐར་ནུས་མ་བཅུའི་གྲངས་སྙེད་ཀྱི་རྣལ་འབྱོར་མའི་ཕྱག་རྒྱ་ཆེན་པོ་དངོས་ལ་སྦྱར་བས་བདེ་སྟོང་རྫོགས་པར་འདྲེན་པའོ། །རྟགས་ཚད་ནི་དགའ་བཞི་རྫོགས་པར་དྲངས་པའི་གཏུམ་མོའི་འབར་སྣང་འཕྲོ། ཀུནྡྷར་ཤུགས་ཀྱིས་ལྡོག །རང་ལུས་སྟོང་གཟུགས་ཀྱི་དཀྱིལ་འཁོར་དུ་སྣང་བ་ལ་སོགས་པའོ། །ཚད་མ་ནི། རང་རིག་མངོན་སུམ་གཙོ་ཆེ། དག་བྱ་འདུ་ཤེས་སོགས་ཆུའི་ཁམས་དྲུག །དག་བྱེད་རྗེས་དྲན་གྱི་ཡན་ལག་གི་བདེ་བ་ཐོབ་པའོ། །འབྲས་བུ་ནི། གནས་སྐབས་སེམས་ལྷའི་སྐུ་དངོས་སུ་སྨིན་པ་སོགས་དང་མཐར་ཐུག་འོད་དཔག་ཏུ་མེད་པ་སོགས་ཆུ་ཁམས། དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་བ་ཡིན་ནོ། །

གཉིས་པ་ཡེ་ཤེས་རྡོ་རྗེ་སྒྲུབ་ཆེན་གྱི་ཡན་ལག་ཏིང་ངེ་འཛིན་ལ། མཚན་དོན་ནི། སཾ་སྐྲི་ཏའི་སྐད་དུ། ས་མ་དྷི་ཞེས་པ་ཏིང་ངེ་འཛིན་ཏེ། དུས་མཚམས་ནི་རྗེས་དྲན་མཐར་ཕྱིན་ནུས་པ་ཐོབ་པའོ། །བསྒོམ་པའི་ཚུལ་ནི། སྔ་ཕྱི་གནས་འགྱུར་གྱི་ཐིག་ལེ་དབབ་བཟློག་གི་ཞུ་བདེ་འཛག་མེད་གཉིས་ཚོགས་ཀྱི་ངང་ནས་སྟོང་གཟུགས་ལ་ཤིན་ཏུ་ཆགས་པས་འཛག་མེད་སྒྲུབ་པ་དང་། རྗེས་ཐོབ་སྤྲོས་བཅས་ཀྱི་སྤྱོད་པ་སྤོགས་ཆོག་དང་བཅས་པའི་སེམས་ཤེས་རབ་འགྱུར་མེད་ཀྱི་བདེ་བ་དང་ལུས་ཐབས་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཀ་ལ་ཙཀྲ་ཡབ་ཡུམ་དུ་ཤར་བའི་སྐུ་གཉིས་ཐ་དད་དུ་མཐོང་བས་གཉིས་སྣང་མེད་པར་ཤེས་དང་ཤེས་བྱ་རོ་གཅིག་ཏུ་མྱོང་བའི་རྩ་རླུང་ཁམས་གསུམ་གྱི་ཆ་རེ་དབུ་མར་ཐིམ་པས་ཕྱིན་ཆད་འཛག་མེད་ཐོབ་པ་དང་ངོ་བོ་གཅིག་པའི་ཡེ་ཤེས་དེ་ནི་ཏིང་ངེ་འཛིན་ནོ། །རྟགས་ནི་འཇིག་རྟེན་ཁམས་གཅིག་ནས་སྟོང་དང་ཉེར་བཞིའི་དོན་མཐོང་། ཚད་མ་ནི། གཙོ་ཆེར་རྣལ་འབྱོར་མངོན་སུམ་མོ། །དག་བྱ་གཟུགས་ཕུང་སོགས་ས་ཁམས་པ་དྲུག་ཚན་གཅིག་དག་བྱེད་རླུང་བཅུ་འགགས་པའི་ཏིང་ངེ་འཛིན་བཅུའོ། །འབྲས་བུ་ནི་གནས་སྐབས་རྣམ་སྨིན་གྱི་ལུས་དབྱིངས་སུ་ཐིམ་ནས་མཐར་ཐུག་རྒྱལ་བ་རྣམས་སྣང་སོགས་ལྷ་ས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་གྲུབ་པོ། །

དེ་ལྟར་སོར་བསམ་སྔགས་ཀྱི་ཚོགས་ལམ་ཆེན་པོ་དང་། སྲོག་རྩོལ་གྱི་སྦྱོར་ལམ། དྲོད་རྩེ་རྗེས་དྲན་ཀྱི་བཟོད་ཆོས། གསང་འཁོར་གྱི་ཕྱེད་མི་འགྱུར་བའི་བྱང་སེམས་ཀྱིས་གང་བས་ས་དང་པོ་ཐོབ། ཕྱེད་ཕྱི་མ་གང་བས་ས་གཉིས་པ་སྟེ། དེའི་འགྲེས་ཀྱིས་མས་བརྟན་དུ་འཁོར་ལོ་དྲུག་དང་ལུས་ཐམས་ཅད་གང་བས་ས་བཅུ་གསུམ་ཐོབ། ཡན་ལག་གི་རླུང་སྟོང་བརྒྱད་བརྒྱ་ཁམས་སོ་གཉིས་རྩ་ཉི་ཁྲི་དགུ་འབུམ་ལ་སོགས་པ་དག་ནས་ནང་གི་གནས་ཡུལ་བགྲོད་དེ་མཐར་ཐུག་གི་འབྲས་བུ་རྣམས་མེད་རྣམ་པ་ཅན་གྱི་རང་གཟུགས་སྐུ་དྲུག་ཡོངས་སུ་རྫོགས་པ་ཁྱབ་བདག་དུས་ཀྱི་འཁོར་ལོའི་གོ་འཕང་བརྙེས་པར་འགྱུར་རོ། །

དང་བོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཡི། །རྫོགས་པའི་རིམ་པ་སྦྱོར་བ་ཡན་ལག་དྲུག །བསྡུས་པའི་སྙིང་པོ་ཤིན་ཏུ་འཁྱེར་བདེ་བ། །འདི་ཡང་ག་ག་ཨ་བྷྱེས་སྨྲས་པའོ། །དགེའོ། །


previousདུས་ཀྱི་འཁོར་ལོའི་རྫོགས་རིམ་བསྡུས་དོན་ཉི་ཟླའི་ཟེར་ཐིགnext