Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྡ་ཆེན་དབྱིངས་ཀྱི་གབ་བྱང་འབྱེད་པ་འཕྲུལ་གྱི་ལྡེའུ་མིག
   
   
   
   
   
   
   
   
   


 
previousབརྡ་ཆེན་དབྱིངས་ཀྱི་གབ་བྱང་འབྱེད་པ་འཕྲུལ་གྱི་ལྡེའུ་མིགnext

བརྡ་ཆེན་དབྱིངས་ཀྱི་གབ་བྱང་འབྱེད་པ་འཕྲུལ་གྱི་ལྡེའུ་མིག

བརྡ་ཆེན་དབྱིངས་ཀྱི་གབ་བྱང་འབྱེད་པ་འཕྲུལ་གྱི་ལྡེའུ་མིག་བཞུགས་སོ། །

ན་མོ་གུ་རུ་ས་མནྟ་བྷ་དྲ་དྷརྨཱ་ཀིརྟི་ཡེ། ཐོག་མར་རྒྱུད་ཆེན་པོ་སེང་གེ་རྩལ་རྫོགས་ཀྱི་མཆན་འགྲེལ་ལྟར་ན། འགྲོ་བ་ཀུན་གྱི་ ༼ ཀུན་ཏུ་རྟོག་པའི་ ༽ སྲོག་བཅད་ན༔ ཆོས་ཉིད་དམ་ཚིག་ཆེན་པོ་ཡིན༔ སློབ་དཔོན་རྒྱ་མཚོ་ཆེན་པོར་བསྐྱིལ༔ རྡོ་རྗེའི་མཆེད་ལྕམ་དོང་དུ་གཞུག༔ ༼ རླུང་སེམས་ཡེ་ཤེས་ཀྱི་དོང་དུ་བཅུག་ན་ ༽ཕ་དང་མ་གཉིས་ཐང་ལ་བཏོན༔ ༼ དབྱིངས་རིག་ ༽ མཆོད་རྟེན་ཕྱགས་ནས་ཆུ་ལ་ཕོ༔ ༼ རང་སྣང་ནམ་མཁར་བྱུང་བའོ། །༽དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ ༼ དྲན་བསམ་རྒྱུན་བཅད་ ༽ ཕྱོགས༔ དུས་གསུམ་སངས་རྒྱས་ ༼ དུག་ལྔ་ ༽ བསྒྲལ་ནས་ ༼ ཡེ་ཤེས་ཀྱི་དོང་དུ་བཅུག་ན། ༽ ཀྱང་༔ ༼ གཟུང་འཛིན་ ༽ཆོས་རྣམས་ ༼ ཡེ་ཤེས་ ༽ མེར་བསྲེགས་ ༼ བདེ་ཆེན་གྱི་ ༽ཆུ་ལ་ཕོ༔ སེམས་ཅན་ཐམས་ཅད་ ༼ དྲན་རྟོག་འཆར་སྒོ་ ༽ དུས་གཅིག་བསྒྲལ༔ ༼ རིག་པ་རྟོག་མེད་ ༽ རང་ ༼ གཟུང་འཛིན་ ༽ སྲོག་རང་གིས་བཅད་པར་བྱ༔ དཀྱིལ་འཁོར་ལྷ་ཚོགས་ ༼ ཐིག་ལེ་འགུལ་འགྲིགས་མེད་པ་ ༽ བཙོན་དུ་བཟུང་༔ དེས་ནི་དངོས་གྲུབ་ཉེ་བར་གསུངས༔ ༼ དེ་དག་ནི་རྒྱུད་མཆན་དངོས་སོ། །ཞེས་དང་། ༽ དམ་ཚིག་བསྲུང་བས་དམྱལ་བར་ལྷུང་༔ དམ་ཚིག་རལ་བས་རྫོགས་སངས་རྒྱས༔ ཚུལ་ཁྲིམས་བསྲུང་བས་འཁོར་བར་ལྷུང་༔ ཚུལ་ཁྲིམས་འཆལ་བས་གྲུབ་པ་ཐོབ༔ ཞེས་སོ། །ད་ནི་རྩལ་བཤད་ཅུང་ཟད་བྱས་ན། རྐང་བ་དང་པོ་དང་གཉིས་པའི་དོན། འདི་འདྲའི་རིགས་ལ་སོམ་ཉིས་སྐུར་འདེབས་ནི་མི་འཚལ་དེ། འདི་ཡང་ཚིག་དོན་ལྟར་ན། ཚོམས་ལས། ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་བསྐོར་དང་བཅས་པའོ། །བསྐྱེད་རྫོགས་སྤྱི་སྦས་ལྟར་རྡོ་རྗེའི་རིགས་ལ་སྲོག་གཅོད་བྱ་བར་གསུངས་བས། ཕྱི་ཞིང་བཅུ་ནང་རླུང་བཅུ་། ༼ ཟླ་ཉི་སྒྲ་གཅན་གྱི་དབྱིངས་སུ་ ༽ དང་གསང་བ་སྲོག་ཆེན་པོའི་མིང་གིས་བསྟན་པས་རྣམ་རྟོག་གསད་དགོས་པ་ལ་དགོངས་ནས། ཧེ་བཛྲ་ལས། ཁྱོད་ཀྱིས་སྲོག་ཆགས་གསད་བྱ་ཞིང་། །ཞེས་དང་། གསང་སྙིང་ལས། བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་འདིར་ཁམས་གསུམ་གྱི་ཀུན་ཏུ་རྟོག་པའི་སྲོག་སྐྱེ་མེད་དུ་བཅད་པ་དང་། མཐར་ཐུག་གི་དོན་ལྟར་ན་འདིར་མན་ངག་སྡེ་ལས། སེམས་དང་ཡེ་ཤེས་དབྱེ་བའི་སྒོ་ནས་རྫོགས་ཆེན་བསྒོམ་ཡོད་པས་བློན་པོ་བཙོན་དུ་བཟུང་བ་སོགས་ཀྱི་ཐབས་དང་། བསྒོམ་མེད་པས་ངང་དྭངས་རང་བཞག་ཆེན་པོའི་གནད་བཞིའི་སྐྱེ་མེད་དུ་རང་གྲོལ་བར་བྱེད་པ་ནི་ཆོས་ཉིད་ཀྱི་དམ་ཚིག་ཡིན་ཞེས་པ་དང་། རྐང་བ་གསུམ་པ་། སློབ་དཔོན་ངན་པ་ནི་སེམས་ཡིན་ཏེ། དེ་ཐ་མལ་གྱི་ཡུལ་གཟུགས་སོགས་ལ་འཇུག་པ་སོ་སོར་སྡུད་པའི་གནད་རིག་པ་མིག་དང་། མིག་བར་སྣང་ལ་གཏད་པས་ནམ་མཁའ་སུམ་སྤྲུག་གི་དགོངས་པ་འཆར་བ་དང་། ཐོད་རྒལ་དང་འབྲེལ་ན་རྟེན་གསུམ་ལས་དབྱིངས་ཐིག་འཆར་པའི་དོན་ནོ། །རྐང་བ་བཞི་བའི་དོན། རྟག་ཏུ་འགྲོགས་པའི་མཆེད་ལྕམ་རླུང་སེམས་གཉིས་དང་། གཟུང་འཛིན་གཉིས་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་གཅུན་པས་གཅོང་རོང་གི་དོང་དུ་གཞུག་པ་ལྟར་རང་འགགས་ལ་སོང་ནས་རིག་པའི་ཡེ་ཤེས་ཀྱི་སྐུ་དང་མི་འབྲལ་ཞེས་པའོ། །ལྔ་བའི་དོན། སྤྱིར་ཕ་མ་གཉིས་ནི་དཀར་ཆའི་དབང་བྱས་པ་ལས་འཛིན་པ་སེམས། བདག་རྟོག་ཏུ་འཇུག་པ་ཉིད་ཀྱིས་སྲེད༵་ཅིང་། དམར་ཆའི་དབང་བྱས་པ་ལས་ཡུལ་གཟུང་བ་གཞན་དང་སྣང་བ་སྟེ་གཞན་རྟོག་འཇུག་པས་འདོད་ཡོན་དང་དུ་ལེན༵་པ་གཉིས་ཀྱིས་འཁོར་བར་འདུ་བྱེད་པས་ན་སྲེད་ལེན་དེ་ལེན་དེ་དག་བཅད་དགོས་པའི་དོན་ཏེ། ཚོམས་ལས། ཕ་དང་མ་ནི་བསད་པ་ཡིན། །ཞེས་དང་། ཁྱད་པར་བ་བཞུགས་སྟངས་དང་། གཟིགས་སྟངས་སོགས་ཀྱི་དབྱིངས་རིག་གི་མཐོང་བ་ཁོང་ནས་ཅུར་འབྱིན་དུ་བརྟོལ་བའོ། །དྲུག་པ་ནི། ཕྱི་ལྟར་ཀུན་གཞི་བག་ཆགས་སྣ་ཚོགས་ཀྱི་རྟེན་གཞིར་གྱུར་བས་རྒྱལ་པོ། བྲམ་ཟེ་འཇིག་ལྟ་དང་། དགེ་སློང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་གཙང་སྦྲ་ཅན་གཉིས་བཅོམ་པ་ལ་བཤད་དེ། ཆེད་དུ་བརྗོད་པའི་ཚོམས་ལས། རྒྱལ་པོ་གཙང་སྦྲ་ཅན་གཉིས་བཅོམ། །ཞེས་སོ། །ཡང་ཤིན་ཏུ་གཅེས་སྤྲས་ཀྱིས་བཀུར་སྟིའི་གནས་བདག་འཛིན་ནི་རྒྱལ་པོ་དང་གཙང་སྦྲ་ཅན་ཏེ། དེ་དག་ཡུལ་བྱུང་བ་དང་། གསང་བ་ལྟར་ན་རང་སྣང་དབྱིངས་རིག་སྐུ་དང་ཡེ་ཤེས་ཀྱི་མཐོང་བ་ནམ་མཁར་ཕྱིང་བ་སྟེ་རྒྱང་ཞགས་སུ་ཤར་བའི་དོན་ནོ། །བདུན་པའི་དོན་གསང་བའི་སྐྱབས་གནས་རང་བཞིན་བྱང་ཆུབ་ཀྱི་སེམས་སྒྲོན་མ་ནང་གསལ་རང་ལ་ཡོད་པས་ན། ཕྱི་རོལ་མཚན་མ་ཡུལ་ཞེན་གྱི་རྟོག་པས་བཏགས་པའི་དཀོན་མཆོག་གསུམ་ལ་མཆོད་པ་དང་། བསྒོམ་བསྒྲུབ་ཀྱི་རེ་ཡུལ་གཞན་ནས་མི་བཙལ་བར་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱིངས་རིག་གི་ངང་ལ་མཉམ་པར་བཞག་པས་ཞིང་ཁམས་ནང་ནས་མཐོང་བའོ། །བརྒྱད་པ་ནི། དུས་གསུམ་སངས་རྒྱས་ཞེས་པ་དུག་ལྔའམ་ཕུང་ལྔ་སོགས་ལ་བརྗོད་དེ། རྒྱུད་ལས། དེ་བཞིན་གཤེགས་པ་ལྔ་བསྲེགས་ནས། ཞེས་དང་། ཐུན་མིན་རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་ཡིན། །སངས་རྒྱས་རྣམ་གསུམ་དེ་ལྟར་རོ། །ཞེས་པ་སྟེ། ཕྱི་འཇིག་རྟེན། བར་སེམས་ཅན། ནང་རང་ལུས་ཀུན་ལུས་སུ་དགོངས་པའམ། བར་དབང་པོ་དྭངས་མས་ཡུལ་སེམས་མཚམས་སྦྱོར་བས་བརྡ་སྤྲོད་ལའང་ངག་ཞེས་དང་། ནང་ཚོགས་བརྒྱད་ཐམས་ཅད་ལ་སེམས་ཞེས་བྱ་བ་དང་། སྣང་། ཕྱེད་སྣང་། མི་སྣང་པའི་སྲིད་པ་ཐམས་ཅད་དུ་འཛིན་པ་བསྒྲལ་བས་རང་རིག་རྟོགས་པར་འགྱུར་ཞེས་དང་དགུ་བའི་དོན། འཁོར་ཆོས་ཉི་ཤུ་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་བདེ་ཆེན་གྱི་ཆུ་ལ་ཕོ་བའོ། །བཅུ་བ་རང་གཞུང་ལྟར་དྲན་རྟོག་འཆར་སྒོའི་འཁྲུལ་སྣང་ལ་བཤད། བཅུ་གཅིག་པ་ནི། གཞུང་བཞིན། གཟུང་འཛིན་གྱི་སྟེ། གསང་སྙིང་ལས། ཐོག་མར་བདག་ཉིད་རྟོག་གམ་བསྒྲལ། །ཞེས་སོ། །བཅུ་གཉིས་པ་ནི་སྤྱིར་སེམས་འཛིན་གྱི་བསམ་གཏན། ཞི་ལྷག་གི་ཏིང་འཛིན་ཐམས་ཅད་དང་། བསྐྱེད་རིམ་པས་ཏིང་ངེ་འཛིན་ལྷའི་གཟེར། རྫོགས་རིམ་པས་མ་དག་པའི་རྩ་རླུང་ཐིག་ལེ་བཅིངས་པས་རྒྱུ་འོད་ལ་རང་དབང་དུ་བྱས་པ་དང་། ཁྱད་པར་ལྷན་ཅིག་སྐྱེས་སྦྱོར་བཞིའི་རྒྱུད་ཀྱི་སྣང་བ་དང་མུན་པའི་ལམ་བྱེད་རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ནས་བསམ་གཏན་གྱི་རྟགས་བཅུའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་སྙོམས་པར་འཇུག་པ་དང་། འདིར་དངོས་ཀྱི་དོན་དབྱིངས་ཐིག་གི་ར་བར་ལུ་གུ་རྒྱུད་གདངས་བཅས་པ་འཛིན་པ་ལའོ། །བཅུ་གསུམ་པ་ནི། རྩོལ་བཅས་མཚན་མར་འཛིན་པའི་གཡེང་བས་དམ་ཚིག་ལ་གནས་ཀྱང་འཁོར་བ་ལས་མི་འདའ་ཞིང་སྡུག་བསྔལ་གསུམ་གྱིས་མནར་བར་འགྱུར་བ་ལ་དམྱལ་བའི་མིང་གིས་བརྡ་སྦྱར་རོ། །རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། དམ་ཚིག་བསྲུང་བས་སངས་མི་རྒྱ། །ཞེས་དང་། ཕྲེང་བ་ལས། འདའ་བར་འདོད་པའི་དམ་ཚིག་ལ། །བསྲུང་བར་འདོད་པ་འཆིངས་པ་ཉིད། །ཅེས་སོ། །བཅུ་བཞི། བསྲུང་ཉམས་ཀྱི་འདུ་ཤེས་དམ་པོའི་ཤེས་བྱའི་སྒྲིབ་པའི་འཆིངས་རྒྱ་ལས་གྲོལ་བའི་བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་བཞིའི་དོན་ཡང་དག་པ་ཉིད་དུ་ལ་བཟླས་པས་ཀློང་དུ་གྱུར་ནས་རྣམ་པར་གྲོལ་བའོ། །བཅོ་ལྔ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ཀུན་ཏུ་སྦྱོར་བས་འཁོར་བ་ལས་འདའ་མི་ནུས་པས། ཇི་སྐད་དུ་ཚུལ་ཁྲིམས་ནི་བདུད་ཀྱི་ལས་སོ། །ཞེས་པ་ལྟར་རོ། །བཅུ་དྲུག་པ། འཁོར་གསུམ་བདེན་ཞེན་གྱི་དྲི་མ་དང་བྲལ་བ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱིས་མཆོག་དང་ཐུན་མོང་གི་གྲུབ་པ་ཐོབ་པའོ། །ལར་འདི་དག་སུས་ཀྱང་བློ་ལ་ཤོང་དཀའ་བས་ཅ་ཅོ་སྣ་ཚོགས་སྒྲོགས་པ་ལ་དོགས་ནས་རང་སློབ་དམ་པ་པན་སྐྱབས་སོགས་ཀྱིས་བསྐུལ་ངོར་ག་གཱས་སོ། །


previousབརྡ་ཆེན་དབྱིངས་ཀྱི་གབ་བྱང་འབྱེད་པ་འཕྲུལ་གྱི་ལྡེའུ་མིགnext