Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བར་དོའི་གདམས་པའི་རྒྱབ་ཆོས་ལོག་རྟོག་ཆུ་བོ་རྒྱུན་གཅོད།


 
previousབར་དོའི་གདམས་པའི་རྒྱབ་ཆོས་ལོག་རྟོག་ཆུ་བོ་རྒྱུན་གཅོད།no next

བར་དོའི་གདམས་པའི་རྒྱབ་ཆོས་ལོག་རྟོག་ཆུ་བོ་རྒྱུན་གཅོད།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བར་དོའི་གདམས་པའི་རྒྱབ་ཆོས་ལོག་རྟོག་ཆུ་བོ་རྒྱུན་གཅོད་ཅེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ འགྲོ་ཀུན་ལས་དང་ཉོན་མོངས་འཁོར་བའི་རྒྱུ༔ དེ་ཡི་འབྲས་བུ་སྡུག་བསྔལ་བར་མ་དོ༔ རྣམ་བྱང་འགོག་པའི་བདེན་པར་གསལ་བྱེད་ལམ༔ ཆུ་བོ་རྒྱུན་གཅོད་ཆེན་པོའི་ཚད་མའི་ལུང་༔ སྔ་ན་མེད་པའི་སར་པའང་མ་ཡིན་མོད༔ དོན་གྱི་ཁོང་སྙིང་སྡེབ་ལས་རྟོགས་སླ་ཞིང་༔ ཟབ་བརླིང་སྙིང་གི་ཐིག་ལེ་ངེས་པ་ཞིག༔ པདྨ་ཀཱ་ར་བདག་གིས་བཤད་ཀྱི་ཉོན༔ ཞེས་པས་མདུན་བསུས་ཁྱུང་རི་གནམ་རྫོང་གི་ཆོས་སྐོར་འདི་ལ་ས་གཏེར་གྱི་རྟེན་འབྲེལ་མ་འགྲིགས་ཀྱང་༔ ཇི་སྐད་དུ༔ དུས་གསུམ་རྒྱལ་བའི་དགོངས་གཏེར་འབྱུང་༔ རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་༔ ཞེས་གསུངས་པ་ལྟ་བུའི་ཚུལ་དུ་བཀའ་བབས་པའི་འགྲོ་དོན་འགོག་པར་མ་གྱུར་ཏེ་བྱུང་བ་ལ༔ རྒྱུད་འབྱུང་པའི་ཁྱད་པར་ཅན་གྱི་གླེང་གཞི་དང་༔ དེ་ལས་བྱུང་བའི་དངོས་གཞི་གཉིས་ལས༔

དང་པོ་ནི༔ འདི་ནི་ཐུན་མོང་གི་གླེང་གཞི་བསླང་བདག་དང་མི་འདྲ་སྟེ༔ དེ་དག་སྟོན་འཁོར་རྒྱུད་གཞན་པའི་ཚུལ་གྱིས་བཤད་པའང་ཡོད༔ མི་གཞན་པའི་སྔོན་བྱུང་ལྟར་ཡང་དུས་ཕྱི་མར་གོ་ཕྱེ་བས་དོན་དུ་འཆད་པ་དང་དེ་ལས་ཀྱང་རིང་པོར་སོན་པར་སྣང་བའི་ཕྱིར་རོ༔ འདིར་ནི་ཚུལ་གཞན་གྱི་རྣམ་པར་བཞག་པ་སྟེ༔ དེ་ཡང་གནས་ཕུན་སུམ་ཚོགས་པ་ནས་༴ ད་ལྟ་བ་ཞིག་གོ༔ ཉི་ཟླ་ཁ་སྦྱོར་ལས་གསུངས་ཚུལ་སྒྲོན་མའི་རྒྱན་ནས་གསལ་བ་ནི་གཞི་སྣང་གི་ཕུན་ཚོགས༔ འདིར་ནི་གཞི་དང་སྣང་གི་གླེང་གཞིའི་འབྱུང་རྒྱུ་གཉིས་ཆར་ད་ལྟ་ནས་ཚང་བའི་ཡེ་ཐོག་ཞེས་དུས་སྔ་མོ་ལ་འདྲེན་མི་དགོས་ཤིང་༔ གཞི་སྣང་སྙིང་ཁར་སྐུ་གསུམ་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ལས་ད་ལྟ་མངོན་དུ་གྱུར་པ་ཙམ་ན་འོག་མིན་ན་རྟག་པ་རྒྱུན་གྱི་ཆོས་འཁོར་ཡོད་པས་ན༔ རིན་པོ་ཆེ་སྤུངས་པའི་རྒྱུད་ལས༔ མེད་པ་སྟོང་བའི་ཆོས་འབྱུང་ནས༔ ཡེ་ཐོག་དང་པོའི་སངས་རྒྱས་ཀྱི༔ རིག་པ་ཡེ་ཤེས་ཁྱད་པར་ལས༔ ཆོས་ཉིད་ཞི་བའི་རང་སྒྲར་ནི༔ ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར༔ ཐོག་མ་བར་དང་ཐ་མེད་པར༔ ཞེས་དང་༔ ཐལ་འགྱུར་ལས༔ ས་ཆུ་མེ་རླུང་འབྱུང་བ་བཞི༔ འདུས་ཤིང་བསྐྱེད་པའི་གཞལ་ཡས་ན༔ རང་བྱུང་རིག་པ་བཅོས་པ་མེད༔ འཁྲུལ་པ་ཡོངས་སུ་དག་པ་ལ༔ བདེ་ཆེན་འདུས་པ་ཐབས་ཀྱི་འཁོར༔ སྐུ་དང་ཡེ་ཤེས་ཤེས་རབ་ཀློང་༔ མི་འབྱེད་སྣ་ཚོགས་དམིགས་པ་མེད༔ རྩ་རླུང་ཐབས་ཀྱི་བདེ་ཆེན་ཆོས༔ སོ་སོའི་ཉམས་དང་མཐུན་པར་བཤད༔ འདས་དང་མ་འོངས་ད་ལྟ་མེད༔ མ་ཕྱེ་འབྱེད་པ་ཡོངས་སུ་མེད༔ ཐམས་ཅད་རང་བྱུང་ཡེ་ཤེས་སོ༔ ཞེས་པས་ན་ཆོས་ཅན་ལ་ལྟོས་པའི་ད་ལྟར་དང་༔ ཆོས་ལ་ལྟོས་པའི་ཐོག་མ་དང་ཐ་མ་མེད་པའི་ཕྱིར༔ སྔར་བྱུང་གིས་བསླད་ནས་རྒྱུད་འབྱུང་བར་མི་འདོད་པ་ནི༔ རྟག་པ་རྒྱུན་གྱི་འཁོར་ལོ་དང་༔ བྱིན་གྱིས་བརླབ་པའི་བཀའ་དང་༔ འཁོར་འདས་རང་སྣང་དུ་ཤར་བ་ལ་གཉིས་འཛིན་གྱི་ཀུན་དུ་བརྟགས་པས་བདེན་པར་བཟུང་ནས༔ ཡོངས་སུ་གྲུབ་པའི་ཕྱོགས་ཙམ་ཡང་མ་རྟོགས་པར་ཟད་དོ༔ སངས་རྒྱས་རྣམས་ལས་གདམས་ངག་དང་༔ ཡེ་ཤེས་ཡངས་བ་ཐོབ་པར་འགྱུར་བ་ལ་བརྒྱུད་པ་མེད་དོ་ཞེས་ངན་སྨྲས་ཀྱི༔ ཀླན་ཀ་དེ་རང་ལ་འབབས་པ་རང་གིས་ཀྱང་མ་རིག་པའི་སྒྲིབ་པའང་ཡོད་དོ༔ མན་ངག་འདིའི་སྔ་ན་༴སོགས་། དེ་ཡང་དབང་བསྐུར་བའི་ཕན་ཡོན༔ མ་ཐོབ་བའི་ཉེས་པ༔ བསྐུར་བོ༔ བསྐུར་ཡུལ༔ བསྐུར་ཚུལ་ལ་སོགས་པ་དབང་ལས་འབྱུང་བ་ལྟར་རོ༔

གཉིས་པ་དེ་ལས་རྒྱུད་དོན་དངོས་གཞི་ལ༔ ཐོག་མར་སྦྱངས་གཞི་༴སོགས་ནས༔ དགོས་སོ༔ ཞེས་པའི་བར་དེ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་འདི་རུ་མ་འདུས་པ་མེད་པས་ན༔ ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས༔ བར་དོ་ཞེས་བྱ་ཆོས་སྤྱིའི་སྐད༔ འདི་རུ་ཆོས་ཀུན་མ་འདུས་མེད༔ ཞེས་སོ༔

དང་པོ་ལ་སྣང་ཚུལ་༴ སོགས་ནས། འཛིན་ཏོ༔ འདིའི་དབང་ལུང་ནི་འོག་ནས་དག་པ་ཆོས་ཉིད་ཀྱི་བར་དོའི་སྐུ་གསུམ་ཡེ་ཤེས་དང་བཅས་པའི་སྣང་བ་ལས་མ་དག་འཁྲུལ་བའི་བར་དོར་འཁྲུལ་ཚུལ་རང་བཞིན་འབྲས་བུ་རྟགས་ཀྱི་ལྟ་བ་ལྷུན་གྲུབ་བསྒྲུབ་པ་དག་ལས་མང་དུ་འབྱུང་བས་འཐུས་སོ༔

གཉིས་པ་བར་དོའི་ངེས་ཚིག་ལ་༴ ཞེས་སོགས་ནས༔ དེ་དག་ནི་ངེས་ཚིག་གོ༔ ཡང་ངེས་དོན་ཆོས་ཉིད་ཀ་དག་གཞི་འབྲས་ཀྱི་དབུས་སུ་ཚུད་པ་ནི༔ བར་དོ་ཐམས་ཅད་ཀྱི་ངེས་ཕྱི་མོ་སྟེ༔ ཀུན་གསལ་ལས༔ ངེས་པའི་དོན་ལ་མི་གནས་པའི༔ རང་ས་མ་ཟིན་བར་དོའམ༔ ངེས་པའི་གཏན་ཚིག་ཞེས་བྱའོ༔ དཔེར་ན་འཇིག་རྟེན་དོན་གཉེར་བ༔ འགྲོ་སར་མ་ཕྱིན་བར་ཞག་བཞིན༔ ཞེས་སོ༔ ཡང་ལྟ་བ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ འཁོར་འདས་གཉིས་ཀྱི་བར་དོ་རུ༔ ཐོག་མཐའ་གཅོད་ནི་མ་ཤེས་ན༔ སྐྱེ་རྒ་ན་འཆི་ལས་མི་ཐར༔ ས་མཁན་མེད་བའི་ཚོང་བ་འདྲ༔ ཞེས་ཆོས་ཉིད་རང་བྱུང་གི་གཞི་འཁོར་འདས་ཀྱི་ཕྱོགས་གང་དུའང་མ་ལྷུང་བར་བཞུགས་པ་ལ་ངེས་ཚིག་གནང་༔ སྐྱེ་བ་ལེན་དུས་སྲིད་པའི་མཐའ་དང་༔ ཤི་སྲིད་ཀྱི་བར་དོ་གཉིས་ཀྱི་དབུས་ན་ཡོད་པ་ལས་རང་བཞིན་གྱི་བར་དོར་བཏགས་ཏེ༔ སྐྱེ་ཤི་གཉིས་ཀྱི་བར་དོ་རུ༔ ཆོས་སྐུ་ངོ་སྤྲོད་མ་ཤེས་ན༔ མ་རིག་མུན་པ་སངས་དུས་མེད༔ སྒྲོན་མེ་མེད་པའི་མུན་ཁུང་འདྲ༔ ཞེས་དང་༔ རྗེས་ཐོབ་སྔ་ཕྱིའི་བར་གྱི་མཉམ་བཞག་ལ་ཏིང་འཛིན་བསམ་གཏན་གྱི་ངེས་ཚིག་གིས་གསལ་བར༔ མཉམ་བཞག་རྗེས་ཐོབ་བར་དོ་རུ༔ ཞེས་དང་༔ སྲིད་པ་དག་གི་བར་དོ་རུ༔ ཞེས་དང་༔ ཚིག་གསུམ་པའི་རྒྱུད་ལས༔ སྲིད་པ་བར་དོ་ནི་ལུང་བསྟན་ནས་རང་འོད་དུ་ངོ་ཤེས་ནས་སངས་མི་རྒྱ་མི་སྲིད་པའི་བར་དོ་ཡིན་ནོ༔ རང་གི་རིག་པའི་རང་འོད་ངོ་མ་ཤེས་ན་འགྲོ་དྲུག་ཏུ་མི་འཁོར་མི་སྲིད་པས་ཀྱང་སྲིད་པ་བར་དོ་ཡིན་ནོ༔ ཞེས་སོགས་ཀྱི་ཆོས་ཟླས་དྲངས་བར་གཞན་གྱི་ངེས་ཚིག་ཤུགས་ལ་བསྟན་ནོ༔ ས་མ་ཡཱ༔

གསུམ་པ་བར་དོའི་དབྱེ་བ་ནི་དྲུག་དུ་ཕྱེད་དེ་༴ ནས་བཞིར་ཡང་པོ་གསུངས་ཏེ་ཆོས་ཉིད་ཀྱི་བར་དོ་ནི་བླ་མ་འགའ་ཞིག་གིས་མེད་ཅེས་སུ་ཡང་གསུངས་ཀྱང་༔ དཔལ་ལྡན་མར་མེ་མཛད་ཀྱིས་འབྲོམ་སྟོན་པ་ལ་འཆི་ཁའི་བར་དོའི་སྐབས་སུ་ཆོས་ཉིད་སྐུ་གསུམ་གྱི་སྣང་བ་མཐོང་བར་བཤད་པ་དེ་ཆོས་ཉིད་བར་དོ་ཡིན་ཏེ༔ དེ་ཡང་བཀའ་གདམས་གླེགས་བམ་ལས༔ མདོར་ན་འབྲོམ་རྗེ་ང་ལ་ཉོན༔ ཞི་ཁྲོའི་ལྷ་ཚོགས་དཔག་མེད་མཐོང་༔ གོམས་པས་སྐྱེས་བུའི་ཤེས་གྱུར་ན༔ གྲོགས་དང་སྐྱབས་གནས་དགའ་བར་ཚོལ༔ ཞེས་གསུངས་སོ༔ གཞན་ཡང་ཡོད་དོ༔ ཐེག་པའི་རྒྱལ་པོ་ལས་༴ སོགས་ནས། བཞིར་བཤད་དེ༔ ཐལ་འགྱུར་ལས༔ བར་མ་དོ་ཡི་སྣང་བ་ནི༔ རང་བཞིན་གནས་པའི་ཕུང་པོ་དང་༔ ཁམས་དང་སྐྱེ་མཆེད་ཡུལ་དུ་སྣང་༔ འཆི་ཁའི་ན་བུན་ལམ་ལིང་དང་༔ ཤེས་པ་གཅིག་ཏུ་མི་གནས་པའོ༔ ཆོས་ཉིད་བར་དོའི་སྐུ་དང་ཡང་༔ ཡེ་ཤེས་འོད་དང་ཁ་དོག་གོ༔ ཐིག་ལེ་མཆེད་དང་འབྱུང་སྣང་དག༔ ཅིར་སྣང་ཆོས་ཉིད་གཞལ་ཡས་སོ༔ སྲིད་པའི་སྣང་བ་ཕྱད་ཕྱོད་དང་༔ ཞེས་སོགས་གསུངས་པ་དང་༔ བར་དོའི་ཆོས་ཉིད་འདི་ལྟ་བུ༔ རབ་ཏུ་གསང་བའི་ཆོས་ཉིད་བཤད༔ དབྱེ་ན་རྣམ་པ་བཞི་དག་ལས༔ འདིར་ནི་ཆོས་ཉིད་བར་དོ་བཤད༔ ཅེས་པའི་རྩ་བ་ནས་འཕྲོས་པ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས་ཀྱང་བཞིར་སྤྲོས་སོ༔ རབ་འབྱམས་ལས༔ བར་དོ་རྣམ་པ་བཞི་ཡིན་ཏེ༔ དང་པོ་སྐྱེ་གནས་བར་དོ་དང་༔ འཆི་ཁ་སྡུག་བསྔལ་བར་དོ་དང་༔ ཆོས་ཉིད་ཞི་ཁྲོའི་བར་དོ་དང་༔ སྲིད་པར་འཁྱམས་པའི་བར་དོའོ༔ ཞེས་གསུངས་སོ༔ དེའི་སྟེང་དུ་རྨི་ལམ་བག་ཆགས་ཀྱིས་༴ བསྟན་པར་བྱའོ༔ བསྟན་པ་བུ་གཅིག་གི་རྒྱུད་ལས༔ ཆོས་ཉིད་ཀྱི་བར་དོ་དང་༔ སྲིད་པའི་བར་དོ་དང་༔ རྨི་ལམ་གྱི་བར་དོ་དང་གསུམ་མོ༔ ཞེས་དང་༔ མན་ངག་སྙིང་དགོངས་ལས༔ རང་བཞིན་གྱི་བར་དོ་དང་༔ ཏིང་ངེ་འཛིན་གྱི་བར་དོ་དང་༔ རྨི་ལམ་གྱི་བར་དོ་དང་༔ ཆོས་ཉིད་ཀྱི་བར་དོ་བཞི་ལ་ངོ་སྤྲད་དོ༔ ཞེས་དང་༔ ཀུན་གསལ་ནི༔ བར་དོ་རྣམ་པ་བཞི་བོ་ནི༔ རང་བཞིན་དག་གི་བར་དོ་དང་༔ ཏིང་འཛིན་གྱི་བར་དོ་དང་༔ ཆོས་ཉིད་འོད་གསལ་བར་དོ་དང་༔ སྲིད་པའི་བར་དོ་རྣམས་ཡིན་ནོ༔ ཞེས་སོ༔ གཞན་ཡང་རྣམ་གྲངས་བསྒྲང་ན་རྒྱུ་མ་རིག་གསུམ་རྐྱེན་དེར་རྟོགས་དེར་ཞེན་གྱི་གོལ་ས་༡བར་དོའི་ལུས་གསུམ་གསུམ་འདུས་པ་མ་རིག་འཁྲུལ་བའི་བར་དོ་སྡུག་བསྔལ་སྣ་ཚོགས་འདུ་བྱེད་པ་དང་༔ ངན་སོང་གི་སྡུག་བསྔལ་ལ་སྐྲག་ནས་དགེ་བ་བཅུ་སོགས་སྤྱད་པའི་འབྲས་བུ་ལྷ་མི་ཐོབ་པའི་བདེ་བར་ཀུན་བརྟགས་གྱེས་པའི་༢བར་དོ༔ བསྐྱེད་པའི་ཏིང་འཛིན་དང་རྫོགས་རིམ་གྱི་ལྷ་སྐུ་གཉིས་ནི་རྟོགས་པ་གནས་འགྱུར་གྱི་འབྲས་བུ་འདོད་པའི་གནས་འགྱུར་ལྷ་ཡི་༣བར་དོ་ཞེས༔ རྣམ་ཤེས་རླུང་ཞོན་སྲིད་པ་༤བར་དོ་དང་༔ རྟོག་པ་མངོན་གྱུར་གྱི་ཆོས་སྐུའི་ཕྲིན་ལས་༥གཟུགས་སྐུ་གཉིས་སུ་སྣང་བ་དེ་ལྔར་གསུངས་བ་སྲིད་པ་བར་དོ་ལས་ཕྱེ་བ་ཡིན་ཡང་འདིར་རིམ་པ་བཞིན༔ སེམས་ཅན་འཁྲུལ་ཚུལ༔ བར་དོའི་དགེ་སྡིག་གི་རང་གཟུགས་ཀྱི་ཉམས་དང་སྣང་བ་དང་༔ རང་བཞིན་དུ་རིགས་དྲུག་གི་བདེ་སྡུག་ཏུ་སྣང་ཚུལ་དང་༔ བསམ་གཏན་བར་དོའི་བསྐྱེད་རྫོགས་ཀྱི་ལྷ་སྐུར་བསྒོམ་པ་དང་༔ སྲིད་པ་བར་དོར་སྒྱུ་ལུས་ལྷ་སྐུར་ལྡང་པ༔ ཐ་མལ་བའི་རྣམ་ཤེས་ཚུགས་མེད་པར་འཁྱར་བ་དང་༔ རྣལ་འབྱོར་སྦྱངས་སྟོབས་ཕྲ་བས་འཕོ་བས་སྟོང་འདེབས་པ༔ གང་ཟག་རབ་འབྲིང་གི་གྲོལ་བ་ཐོབ་པས་གཞན་ངོར་སྤྲུལ་སྐུ་ཕྲིན་ལས་དང་བཅས་འབྱུང་བ་འབྲས་བུའི་གནས་སྐབས་སུ་བཤད་པ་རྣམས་ལ་ལྷག་ཆད་མེད་པར་འུབ་ཆུབ་པའོ༔ ཡེ་ཤེས་མཁའ་མཉམ་ལས༔ ད་ཡང་འདུས་པའི་སྙིང་པོ་ཉོན༔ སྲིད་པའི་བར་དོ་རྣམ་ལྔ་ལ༔ མ་རིག་འཁྲུལ་བའི་བར་དོ་དང་༔ གནས་འགྱུར་ལྷ་ཡི་བར་དོ་དང་༔ རྣམ་ཤེས་རླུང་གི་བར་དོ་དང་༔ ཀུན་བརྟགས་གྱེས་པའི་བར་དོ་དང་༔ རྟོགས་པ་མངོན་གྱུར་བར་དོ་ཡིན༔ ཞེས་སོ༔ ཡང་འཁོར་འདས་བར་དོའི་ལུས་ནི་གང་༔ སྐྱེ་ཤི་བར་དོའི་གདམས་ངག་གང་༔ ཡུལ་སེམས་བར་དོ་ཅིའི་མི་འགལ༔ ཏིང་འཛིན་བར་དོ་འབྲེལ་ལམ་གང་༔ སྲིད་པ་བར་དོ་ཅི་ལྟ་བུ༔ ཞེས་པས་འཁོར་འདས་བར་དོ་ནི་གནས་སྣང་ཀ་དག་གི་གཞི་ཆོས་ཉིད་དང་༔ ངོ་བོ་གཞི་སྣང་བཤད་པའོ༔ ཡུལ་སེམས་བར་དོ་ནི་ཡུལ་སེམས་གཉིས་ཀྱི་བར་དུ་ཤར་བའི་རིག་པ་ལ་ངོས་བཟུང་བ༔ རང་བཞིན་གྱི་བར་དོ་གདམས་པའི་ཐག་བཅད་པ་ལ་འུབ་ཆུབ་པོ༔ ཡང་ཡེ་ཤེས་གཏིང་རྫོགས་ལས༔ བདག་གཞན་རྩོད་པའི་བར་དོ་ནི༔ ༼ གལ་མདོ་ཚིག་གི་འཕྲང་མེད་ན༔ ཐེག་པ་གཞན་ལས་བོག་མི་ཐོན༔ གཡུལ་ངོར་ཕམ་པའི་བློན་པོ་འདྲ༔ ཞེས་པ་ནི༔ འདི་ལ་བརྒལ་ལན་སྐབས་བབས་རྣམས་དང་༔ ལྟ་བ་བརྒལ་རྟགས་ཀྱིས་གཏན་ལ་ཕབས་པའི་ཡོན་ཏན་ཡར་ལྡན་དུ་བྱུང་བའོ༔ བཞི་བ་ས་མཚམས་ནི༔ རིགས་དྲུག་གི་༴ ནས། ས་མཚམས་སུ་ངེས་སོ༔ ༽ དེ་ཡང་རབ་འབྱམས་རྒྱལ་པོའི་རྒྱུད་ལས༔ ས་མཚམས་སྐྱེ་གནས་བར་དོ་ནི༔ མ་ལ་སྐྱེས་ནས་འཆི་རྐྱེན་གྱི༔ ནད་ཀྱིས་བཏབ་པ་ཚུན་ཆད་དོ༔ འཆི་ཁའི་བར་དོ་ནད་ཐེབས་ནས༔ ནང་དབུགས་ཆད་པ་ཚུན་ཆད་དོ༔ ཆོས་ཉིད་བར་དོ་དབུགས་ཆད་ནས༔ ལྷུན་གྲུབ་སྣང་བ་ཤར་བའོ༔ སྲིད་པ་བར་དོའི་ས་མཚམས་ནི༔ ལྷན་གྲུབ་སྣང་བ་ཡོངས་ཐིམས་ནས༔ མངལ་དུ་ཚུད་པ་ཚུན་ཆད་དོ༔ ཞེས་སོ༔ ཞར་བྱུང་ནི་འགྲེ་དེས་གོ་སླའོ༔

ལྔ་བ་གྲངས་ངེས་ནི༔ དྲུག་པ་གོ་རིམ་ནི་༴ ནས། གཉིས་སུ་བཞག་གོ༔ དེས་ན་རྒྱུད་སྡེ་ཀུན་གྱི་གོ་རིམ་འབྲེལ་མར་གསུངས་སོ༔

བདུན་པ་བར་དོ་དྲུག་གི་སྣང་ཚུལ་ལམ་འཆར་ཚུལ་བསྟན་པ་དངོས་ལ༔ ནས། ཐ་དད་པ་ལྟ་བུའོ༔ སྣང་སྲིད་ཁ་སྦྱོར་ཆེན་པོའི་རྒྱུད་ལས༔ ཀྱེ་མ་ཀྱེ་མ་ཧོ༔ ཡང་དག་དོན་ལས་གོལ་བ་རྣམས༔ རྣམ་རྟོག་བདག་ཏུ་བཟུང་བ་ཡིས༔ ནན་གྱིས་ནམ་མཁར་མདུད་པ་བྱས༔ རང་གི་མགོ་བོ་རྐང་བས་མནན༔ རང་གི་སྐེ་ལག་རང་གིས་བཅིངས༔ རང་གི་རིན་ཆེན་རང་གིས་སྟོར༔ རང་གི་སྒྲོན་མེ་རང་གིས་བསད༔ རང་གི་ཉི་ཟླ་རང་གིས་བསྣུབ༔ སངས་རྒྱས་སེམས་ཅན་གཉིས་ཀྱི་གཞི༔ ངོ་བོ་སྤྱི་ས་མཉམ་པ་ལ༔ རང་ས་མ་ཟིནགསུམ་གྱི་ལན༔ ཞེས༔ འཆར་གཞིའམ་འཁྲུལ་གཞི་བཤད་པ་དང་༔ དེ་ལྟར་མེད་ལ་ཡོད་བཟུང་གིས༔ རིགས་དྲུག་སྐྱེ་དགུ་ལ་སོགས་བྱུང་༔ མི་བདེན་བདེན་བཟུང་རྟོག་ཚོགས་ཀྱིས༔ ཐམས་ཅད་འཁྲུལ་པའི་འབྲས་བུར་སྨིན༔ ཞེས་དང་༔ མུ་ཏིག་ཕྲེང་བ་ལས༔ དེ་མ་ཡིན་ལ་དེར་བཟུང་བའི༔ ཕྱི་ནང་སྣོད་བཅུད་གཉིས་སུ་འཁོར༔ ཞེས་དང་༔ བཅུད་ཐིག་ལས༔ མིན་ལས་ཆོས་ལ་ཡིན་བཟུང་བའི༔ དེ་ཡི་འཁྲུལ་བའི་འབྲས་བུར་སྨིན༔ ཞེས་དང་༔ སྣང་བ་ངེས་པ་མེད་པའང་༔ ཡེ་ཤེས་མཁའ་མཉམ་ལས༔ དཔེར་ན་འཁྲུལ་བའི་སྣང་བ་ནི༔ གཙང་དང་མི་གཙང་གཉིས་ཀའི་གཞི༔ ལུད་པ་ལ་སོགས་གང་རུང་ལ༔ བྱ་ཁྱི་རྣམས་ཀྱིས་ཟས་སུ་མཐོང་༔ མི་རྣམས་ཀྱིས་ནི་མི་གཙང་མཐོང་༔ དེ་བས་སྣང་བ་མ་ངེས་ཕྱིར༔ དོན་ལ་བླང་དོར་མེད་པ་ཡིན༔ ཞེས་དང་ལྟ་བའི་སྙིང་པོ་ལས༔ གཙང་དང་མི་གཙང་གཉིས་ཀ་བཞིན༔ ལུད་པ་ལ་སོགས་གང་རུང་ལ༔ བྱ་ཁྱི་ཡིས་ནི་ཟས་སུ་མཐོང་༔ དེ་ཕྱིར་བླང་དོར་མེད་པའོ༔ ཞེས་སོ༔ དབུ་མའི་རྒྱན་ལས༔ ཡང་དག་དུ་ན་གཅིག་པ་དང་༔ དུ་མ་ཡི་ནི་བྲལ་བའི་ཕྱིར༔ ཞེས་གསུངས་པས་སོ༔ ས་མ་ཡཱ༔

སྤྱི་ཚན་ལ་༴ ཡོད་དོ༔ བདེན་གཉིས་ལས༔ དངོས་གཅིག་ཡིད་ནི་ཐ་དད་པའི༔ དོན་མ་གྲུབ་པ་ཉིད་དུ་མཐོང་༔ ཞེས་དང་༔ ཀུན་གསལ་ལས༔ ཤེས་བྱའི་དཀྱིལ་འཁོར་མ་འགགས་པའི༔ སྣང་བའི་དངོས་པོ་འདི་ཉིད་ལ༔ དམྱལ་བས་ཚ་གྲང་གཉིས་སུ་མཐོང་༔ ཡི་དྭགས་གསུམ་ལ་སྣང་བ་གསུམ༔ ཕྱི་ནང་སྤྱི་མཐུན་སྣང་བའོ༔ ཕྱི་ཡི་ཟས་སྐོམ་རྣག་ཁྲག་དང་༔ གོས་ལ་ཚེར་མ་ལྟ་བུའོ༔ གཅིག་ལ་ཟས་སྣང་སྲུང་མས་བསྲུང་༔ གཅིག་ལ་བསྲུང་མེད་ཟོས་པས་དུག༔ དེ་བཞིན་ཡི་དྭགས་གསུམ་ལ་སྣང་༔ བྱོལ་སོང་གཉིས་ལ་སྣང་བ་གཉིས༔ བྱིངས་ན་གནས་ལ་མུན་པ་དང་༔ ཁ་འཐོར་གནས་ལ་གྱེན་ཐུར་སྣང་༔ མི་ལ་མཐུན་སྣང་འདི་ཉིད་དེ༔ རང་རང་ཡུལ་མི་ཁྱིམ་མཚེས་སོགས༔ ལྷ་མ་ཡིན་ལ་གོ་མཚོན་དང་༔ ལྷ་ལ་རིན་ཆེན་བདུད་རྩིར་སྣང་༔ བློ་སྣང་ཞེན་པའི་བག་ཆགས་ཡིན༔ ཞེས་པ་ཉིད་ལྟར་རོ༔ དེ་དག་ཀྱང་ཡོད་ནས་མི་སྣང་བར༔ ཀུན་གསལ་ལས༔ དེ་ལ་རང་བཞིན་བར་དོ་ནི༔ ད་ལྟའི་འཁྲུལ་སྣང་འདི་ཉིད་ཡིན༔ ཞེས་དང་༔ མེད་ནས་སྣང་བ་སྒྱུ་མའི་དཔེ་བཅུ་ལྟ་བུ་སྟེ༔ སྒྱུ་མའི་ཚོགས་སྤྲུལ་ཡོད་པ་མེད༔ སྒྲ་བརྙན་སྨིག་རྒྱུ་གཟུགས་བརྙན་དང་༔ མིག་ཡོར་ཆུ་ཟླ་སྤྲུལ་པ་རྣམས༔ ཡོད་ནས་མི་སྣང་མེད་ནས་སྣང་༔ ཞེས་སྐུ་གསུང་ཐུགས་རྩ་བའི་རྒྱུད་ནས་གསུངས་པས་མཚོན་བསམ་གྱིས་མི་ཁྱབ་པོ༔ ས་མ་ཡཱ༔

བར་དོ་དང་པོ་སྐྱེ་གནས་ཀྱི་བར་དོ་༴ ནས། སྤྱོད་པ་སྟེ༔ རང་གིས་རང་བཅིངས་སངས་རྒྱས་ཀྱི་ཆོས་ལྷུན་རྫོགས་བྱང་ཆུབ་སྙིང་པོ་རང་ལ་གསང་བ་སྟེ༔ སྒྱུ་འཕྲུལ་ལས༔ ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ ནས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད༔ ཅེས་དང་༔ རིན་ཆེན་སྤུང་པ་ལས༔ བདག་རྟོག་བཅིངས་བས་ཉོན་མོངས་ལྔ༔ ཡེ་ནས་རིག་པར་རང་ཤར་བའི༔ ཡེ་ཤེས་ཡིན་པ་ཞལ་མ་འཚོ༔ ཞེས་དང་༔ བདུད་རྩི་མངོན་འབྱུང་གི་རྒྱུད་ལས༔ གཟུགས་ཕུང་རྣམ་པར་སྣང་མཛད་དེ༔ ཚོར་བ་རིན་ཆེན་འབྱུང་ལྡན་ནོ༔ འདུ་ཤེས་སྣང་བ་མཐའ་ཡས་ཉིད༔ འདུ་བྱེད་དོན་ཡོད་གྲུབ་པ་སྟེ༔ རྣམ་པར་ཤེས་པ་མི་བསྐྱོད་པ༔ ཞེས་དང་༔ དེ་དག་ཀྱང་སྒྲིབ་གཞི་དང་སྒྲིབ་ཆོས་ཡིན་པས༔ ཡང་དག་དང་ལོག་པའི་ཀུན་རྫོབ་ཏུ་གནས་པའང་ཚུལ་འདིས་ཀུན་འགྲེལ་ནས༔ གསེར་ཕྲེང་ལས༔ མཐིང་ཀ་དཀར་པོ་སེར་ལེབ་རྒན༔ ལྗང་གུ་ལྔ་ལ་བདག་བཟུང་བས༔ ནམ་མཁའ་ཆུ་བོ་ས་དང་མེ༔ རླུང་ལྔའི་འབྱུང་བར་རང་ཤར་རོ༔ ཞེས་སོ༔ དེ་ཡང་རང་བཞིན་གྱི་བར་དོ་ལ་ཉོན་མོངས་འཁོར་བའི་རྒྱུ་འབའ་ཞིག་གི་གནས་ཚུལ་ཡིན་ཏེ༔ གཏན་ལ་ཕབ་ནས་ཤེས་པར་བྱས་པའི་སྣང་བ་ཐམས་ཅད་ལ་དབང་སྒྱུར་ཐོབ་པ་སྟེ༔ ཉི་ཟླ་ཁ་སྦྱོར་ལས༔ ཁམས་རྣམས་དང་ནི་ཕུང་པོ་དང་༔ སྐྱེ་མཆེད་རྣམས་དང་དབང་པོ་དང་༔ ཡུལ་དང་ཡུལ་ཅན་ཤེས་པ་རྣམས༔ ཇི་ལྟར་གནས་པ་གཏན་ལ་དབབ༔ འདི་དག་ཤེས་པའི་རྣལ་འབྱོར་བས༔ སྣང་བ་ཐམས་ཅད་དབང་བསྒྱུར་ཐོབ༔ ཅེས་དང་༔ ཁམས་དང་སྐྱེ་མཆེད་དེ་དག་ཀྱང་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔

གཉིས་པ་རང་བཞིན་བར་དོ་ནི༔ རང་ལུས་འདོམ་གང་གྲུ་བཞི་འདི༔ ཁམས་རྣམས་དང་ནི་ཕུང་པོ་དང་༔ སྐྱེ་མཆེད་རྣམས་དང་དབང་པོ་དང་༔ ཡུལ་དང་ཡུལ་ཅན་ཉོན་མོངས་རྣམས༔ ཇི་ལྟར་གནས་པ་གཏན་ལ་ཕབ༔ འདི་དག་ཤེས་པའི་རྣལ་འབྱོར་བས༔ སྣང་བ་ཐམས་ཅད་དབང་བསྒྱུར་ནུས༔ ཁམས་ལ་རྣམ་པ་གཉིས་ཡིན་ཏེ༔ ཡུལ་གྱིས་བསྡུས་པ་ཕྱི་ཡི་ཁམས༔ སེམས་ཀྱིས་བསྡུས་པ་ནང་གི་ཁམས༔ ཁམས་ཀྱི་རྣམ་པ་དེ་དག་ཀྱང་༔ ཡུལ་ཀུན་འཛིན་པ་འཁྲུལ་བའོ༔ ཕུང་པོ་རྟོག་པ་དང་བཅས་པ༔ དངོས་པོ་ཐམས་ཅད་གཅིག་ཏུ་སྡུད༔ རྟོག་པ་མེད་པའི་ཕུང་པོ་འདི༔ བསམ་གཏན་གཅིག་འདུས་རང་བཞིན་ནི༔ སྐྱེ་མཆེད་གཟུང་འཛིན་གཉིས་ཡིན་ཏེ༔ གཟུང་བའི་སྐྱེ་མཆེད་བཅུ་གཉིས་དང་༔ འཛིན་པའི་སྐྱེ་མཆེད་བཅུ་གཉིས་སོ༔ དབང་པོ་གཟུགས་ཀྱི་ཆ་འཛིན་དང་༔ ཤེས་རབ་ཆ་འཛིན་དབང་པོའོ༔ ཡུལ་ལ་དངོས་པོའི་ཡུལ་དང་ནི༔ དངོས་པོ་མེད་པའི་ཡུལ་གཉིས་སོ༔ ཡུལ་ཅན་ཐམས་ཅད་རྣམ་པར་དག༔ དག་ཅེས་བྱ་བ་ཆོས་ཟད་དོ༔ ཉོན་མོངས་པ་ནི་དྲུག་ཡིན་ཏེ༔ མ་རིག་གཏི་མུག་ཞེ་སྡང་དང་༔ ང་རྒྱལ་འདོད་ཆགས་ཕྲག་དོག་གོ༔ ཞེས་དང་༔ ཉི་ཟླ་ཁ་སྦྱོར་ལས༔ དེ་ཉིད་གསལ་རྒྱས་རྫོགས་པར་བསྟན་ཏོ༔ དེ་ཀུན་འཁོར་བའི་རྒྱུ་འབའ་ཞིག་ལགས་པས་རང་བཞིན་གྱི་བར་མ་དོ་འདི་ལ༔ མྱ་ངན་ལས་འདས་པའི་རྒྱུ་གནས་པ་ལགས་སམ༔ འོན་ཏེ་གོང་དུ་གནས་པ་དེ་དག་དང་རྒྱུ་གཅིག་པ་ལགས་སམ༔ ཡང་ན་གཏན་མེད་པ་ལགས༔ འདི་ལ་ཐེ་ཚོམ་ཟ་བས་བསལ་དུ་གསོལ༔ ཞེས་ཞུས་པས༔ སྟོན་པས་བཀའ་སྩལ་པ༔ ཀྱེ་ཐུབ་པ་ཆེན་པོ་ཉོན་ཅིག༔ རང་བཞིན་གནས་པའི་བར་དོའི་སེམས་ཅན་ལུས་ཀྱིས་བསྡུས་པ་ཐམས་ཅད་ལ༔ མྱ་ངན་ལས་འདས་པའི་རྒྱུ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་དང་༔ ཁྱད་མེད་པར་གནས་པ་ཡིན་ནོ༔ དེ་ཡང་སྐུ་རྣམས་ཀྱི་བདག་ཉིད་དང་༔ ཡེ་ཤེས་དང་༔ འོད་དང་༔ ཐིག་ལེ་དང་༔ རིག་པ་རང་གི་ངོར་གནས་པ་ཡིན་ནོ༔ ཞེས་གསུངས་པས་གནས་ཚུལ་གྱི་དབང་གིས་ཡེ་ཤེས་ཀྱི་༴ ནས། རྟོག་དཔྱོད་ཀྱི་རང་བཞིན་དུ་སྣང་ངོ་ཞེས་སོ༔ དེ་དག་གི་ཚུལ་རྒྱས་པར་རྒྱན་གཉིས་དང་རིན་ཆེན་སྒྲོམ་བུ་གོང་སྦྲེལ་བས་དབང་ལུང་ཚད་མ་ཚང་ངོ་༔

གཉིས་པ་བྱེ་བྲག་ཏུ་༴ ནས། ལུས་ཡོད་དོ༔ དེ་ཡང་ལྷ་མི་གླིང་བཞི་སོགས་ན་ལྟོས་པས་ཡིན་གྱི་རང་རང་ཚན་གཅིག་པ་ལ་གོ་བར་བྱ་བ་མ་ཡིན་ནོ༔ འཇིག་རྟེན་གདགས་པར༔ འཛམ་བུ་གླིང་གི་མི་ཁ་ཅིག་ནི་ཁྲུ་ཕྱེད་དང་བཞི་པའོ༔ ཁ་ཅིག་ནི་ཁྲུ་བཞི་པའོ༔ ཤར་ལུས་འཕགས་པོ་རྣམས་ནི་ཁྲུ་བརྒྱད་པའོ༔ ནུབ་གྱི་བ་ལང་སྤྱོད་པ་རྣམས་ནི་ཁྲུ་བཅུ་དྲུག་པའོ༔ བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་ཁྲུ་སུམ་ཅུ་རྩ་གཉིས་པའོ༔ རྒྱལ་ཆེན་བཞིའི་ལྷ་རྣམས་ནི་རྒྱང་གྲགས་ཀྱི་བཞི་ཆའོ༔ སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནི་རྒྱང་གྲགས་ཀྱི་ཕྲེད་དོ༔ འཐབ་བྲལ་བ་རྣམས་ཀྱི་ནི་རྒྱང་གྲགས་ཀྱི་བཞི་ཆ་གསུམ་མོ༔ ཞེས་པ་ལ་སོགས་པས་མཚོན་པ་ཉིད་དོ༔ ཡང་རབ་འབྱམས་ལས༔ འོད་གཟུགས་ཤ་གཟུགས་ཡིད་གཟུགས་གསུམ༔ དེ་ཡི་འཁོར་འདས་གཉིས་སུ་གྱེས༔ ཞེས་སོ༔ དེས་མཚོན་ཏེ་མཚན་མའི་ལུས་ལྔའམ་བདུན་ལ་སོགས་པ་ཡང་ཡོད་དོ༔ ངག་ནི་འདོད་པ་ན་༴སོགས་། ཡོད་དོའི་བར་རོ༔ སེམས་ནི་འདོད་པ་ནས་ཇེ་སྲབ་པོ༔ དེ་ཡང་ཕྲི་ལུགས་གཟུགས་མེད་ན་ཞི་གནས་རྩེ་གཅིག་གི་སེམས་མིང་གཞིའི་ཕུང་པོ་ལ་བརྟེན་པ་དང་༔ གཟུགས་ཁམས་བསམ་གཏན་གྱི་སེམས་འོད་ལུས་ལ་བརྟེན༔ འདོད་ཁམས་རྟོག་བཅས་ཀྱི་སེམས་རྡོས་བཅས་ཀྱི་སེམས་ལ་བརྟེན་པ་དེ་ཁམས་གོང་མ་གཉིས་ན་རྩ་རླུང་ཐིག་ལེ་ཕྱི་གསལ་རགས་པ་མེད་པའི་རིག་གདངས་ནང་གསལ་ལས་རྟོག་པར་མི་འཕྲོ་ལ༔ དེ་ཡང་གཟུགས་མེད་ན་དམིགས་པའི་ཡུལ་ཡང་མེད༔ གཟུགས་ཁམས་དེ་བས་ཡུལ་ཤེས་རགས་ཤིང་༔ འདོད་ཁམས་ལྟར་མེད་པའང་ཡིན་ལ༔ ཁམས་གསུམ་པས་སེམས་གསུམ་ལ་བརྟེན་པས་ཁྱད་པར་ཡང་ཡོད་དོ༔ དེས་ན་ངག་ཀྱང་རགས་པ་མེད་པའི་རྒྱུ་མཚན་ཡིན་ནོ༔ གནས་ནི་འདོད་ཁམས་ཀྱིས་༴ སོགས་ནས། ཤས་ཆེའོ༔ ཞེས་པའི་བར་གྱིས་བསྟན་ཏེ༔ བསམ་གཏན་གྱི་ལྷ་ལ་འོད་གསལ་གྱི་ཡུལ༔ གཟུགས་མེད་ལ་ཡུལ་མེད་དེ་ཡོད་ན་མི་རྟོག་ཡིད་ཀྱི་ཡུལ་ཙམ་ལས་མེད་ཀྱང་འདོད་པའི་ཁྱད་པར་རྒྱས་པ་ནི༔ ཐུན་མོང་གི་སྔོན་འགྲོ་ལས་འབྱུང་བའི་ཕྱིར་འདིར་མ་སྨོས་སོ༔ འོན་ཀྱང་ཡུལ་ནི་ཆོས་ཀྱི་དབྱིངས་ཡིན་པའི་ཁྱད་པར་མེད་མོད་འཛིན་པའི་དབང་གིས་མི་འདྲ་བ་སྟེ༔ ཀློང་གསལ་ལས༔ ཡེ་ཤེས་ངོ་བོ་གཅིག་ཉིད་ལས༔ འཛིན་པ་ལོག་པའི་ཐ་དད་སྣང་ཞེས་དང་༔ ཡེ་ཤེས་གསང་འཁོར་ལས༔ ཡུལ་དུ་སྣང་བ་རྨི་ལམ་ཙམ༔ དོན་ལ་ཡེ་ཤེས་རྩལ་དུ་སྣང་༔ ལས་ཀྱི་སོགས་ཚུལ་ནི་༴ སོགས་ནས། བག་ཆགས་སོག་གོའི་བར༔ དེ་ཡང་འདོད་ཁམས་མ་གཏོགས་པ་ན་སྒོ་གསུམ་དང་འཛིན་པ་རགས་པར་མེད་པའི་ཕྱིར་རོ༔ ཁམ་ཟས་རགས་པ་༴ སོགས་ནས། རྒྱུའོ༔ ཞེས་པ་སྟེ༔ དེའི་ཚུལ་ནི༔ འདོད་ཁམས་ཡན་ཆད་ན་བཀྲེས་སྐོམས་ཀྱང་མེད་ལ༔ དེས་ན་ཁམས་ཟས་དང་དེ་ལས་བྱུང་བའི་བཤང་གཅི་ཡང་མེད་དེ༔ འདོད་པའི་ཁམ་ཟས་ཡང་༔ སྒྲ་མི་སྙན་གྱི་ས་ལུ༔ འདོད་ལྷ་རིགས་དྲུག་གིས་བདུད་རྩིའི་ཟས་ཟ་སྟེ༔ འཇིག་རྟེན་གཞག་པ་ལས༔ ཇི་ལྟར་འཛམ་གླིང་གི་མི་རྣམས་ལ་བཀྲེས་པ་དང་༔ སྐོམ་པ་ཡོད་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་༔ ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་༔ བྱང་གི་སྒྲ་མི་སྙན་པ་རྣམས་དང་༔ རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་༔ སུམ་ཅུ་རྩ་གསུམ་པ་རྣམས་དང་༔ འཐབ་བྲལ་བ་རྣམས་དང་༔ དགའ་ལྡན་པ་རྣམས་དང་༔ འཕྲུལ་དགའ་བ་རྣམས་དང་༔ གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ༔ དེ་ཕན་ཆད་ལ་ནི་བཀྲེས་པ་དང་སྐོམ་པ་མེད་དོ༔ དེ་ལྟར་འཛམ་བུ་གླིང་གི་མི་རྣམས་ལ་ཁ་ཟས་འདི་ལྟ་སྟེ༔ འབྲས་ཆེན་དང་༔ ཟན་དང་༔ ཕྱེ་དང་༔ ཤ་དང་༔ ཁུར་བ་རྣམས་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས་པོ་དང་༔ ནུབ་ཀྱི་བ་ལང་སྤྱོད་ལ་ཡང་ཡོད་དོ༔ བྱང་གི་སྒྲ་མི་སྙན་གྱི་རྣམས་ནི་མ་རྨོས་མ་བཏབ་པའི་འབྲས་ས་ལུའི་འབྲུ་ཟའོ༔ རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནི་དྲི་ཟའི་ཟས་དང་བདུད་རྩིའི་ཟས་ཟའོ༔ རྒྱལ་ཆེན་བཞིའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང་༔ འཐབ་བྲལ་བ་རྣམས་དང་༔ དགའ་ལྡན་པ་རྣམས་དང་༔ འཕྲུལ་དགའ་པ་རྣམས་དང་༔ གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་དེ་བཞིན་ནོ༔ དེ་ཡན་ཆད་ལ་ནི་ཁམ་གྱི་ཟས་མེད་དོ༔ རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་བདུད་རྩི་ནི་རྣམ་པ་བཞི་སྟེ༔ སྔོན་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ དཀར་པོ་རྣམས་སོ༔ རྒྱལ་ཆེན་བཞིའི་ལྷ་རྣམས༔ ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང་༔ འཐབ་བྲལ་བ་རྣམས་དང་༔ དགའ་ལྡན་པ་རྣམས་དང་༔ འཕྲུལ་དགའ་བ་རྣམས་དང་༔ གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་དེ་བཞིན་ནོ༔ ཚངས་རིས་པ་རྣམས་ལ་ནི་མེད་དོ༔ དེ་ཡན་ཆད་པ་ལའང་མེད་དོ༔ ཞེས་སོ༔ ཏིང་ངེ་འཛིན་ནི་ཡིད་ཀྱི་ཟས་ཀྱི་ཆ་ཤས་ཡིན་པས༔ ཁམས་གོང་མ་ན་དེ་ཡོད་པའི་ཕྱིར་རོ༔ རང་བཞིན་བར་དོ་ཞེས་པ་གཙོ་ཆེ་བར་སྐྱེ་གནས་༴ སོགས་ནས། རྣམས་སོ་ཞེས་བའི་བར་གྱིས་ལར་ཡེ་ཤེས་ལྔ་ལས་འབྱུང་བ་བཞིར་འཁྲུལ་སྟོབས་ཀྱིས་སྐྱེ་གནས་བཞི་ལ་སོགས་པ་འབྱུང་བ་སྟེ༔ ཀློང་གསལ་ལས༔ འཁྲུལ་ལུགས་རྣམ་པ་མང་བཤད་ཀྱང་༔ ཡེ་ཤེས་ལྔ་ཡི་རྩལ་ཉིད་ཡིན༔ རྩལ་གྱི་ཡེ་ཤེས་ངོ་མ་ཤེས༔ དངོས་པོ་འཛིན་པ་ཅན་དུ་འཁྲུལ༔ ཡེ་ཤེས་ལྔ་ལས་འབྱུང་བ་ལྔ༔ འབྱུང་བ་ལྔ་ལས་སྐྱེ་གནས་བཞི༔ རིགས་དང་སེམས་ཅན་དཔག་མེད་འབྱུང་༔ ཁམས་གསུམ་འཁོར་བའི་ཁང་པ་རུ༔ རྒྱུད་དྲུག་སེམས་ཅན་རེས་མོས་འཁོར༔ ཞེས་སོ༔ སྐྱེ་གནས་དེ་དག་ལ་ཡང་༔ རང་དབང་ཅན་དང་༔ རང་དབང་མེད་པར་འཁོར་བ་གཉིས་སུ་ཡོད་དེ༔ རབ་འབྱམས་ལས༔ རང་དབང་ཅན་དུ་འཁོར་བ་དང་༔ རང་དབང་མེད་པར་འཁོར་ཚུལ་གཉིས༔ ཞེས་སོ༔ དེ་ཡང་སྐྱེ་གནས་བཞི་ནི༔ དེ་ཉིད་ལས༔ མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས༔ བརྫུས་སྐྱེས་སྐྱེ་དང་བཞི་ཡིན་ནོ༔ ཞེས་སོ༔ དེ་ལ་འཁོར་ཚུལ་ནི༔ ཀློང་གསལ་ལས༔ དེ་བཞིན་སྐྱེ་བ་རྣམ་པ་བཞི༔ ཡར་དང་མར་གཉིས་ཤེས་པར་བྱ༔ ཡར་གྱི་སྒོང་སྐྱེས་རྡོ་རྗེ་སེམས༔ མར་གྱི་སྒོང་སྐྱེས་བྱ་དང་སྲིན༔ ཡར་གྱི་བརྫུས་སྐྱེས་སྤྲུལ་སྐུ་ལྔ༔ མར་གྱི་བརྫུས་སྐྱེས་ཡི་དྭགས་ཚོགས༔ ཡར་གྱི་དྲོད་སྐྱེས་མི་ལྷ་ཚོགས༔ མར་གྱི་དྲོད་སྐྱེས་འབུ་སྲིན་ཚོགས༔ ཡར་གྱི་རླན་སྐྱེས་ཆུ་ཡི་ལྷ༔ མར་གྱི་རླན་སྐྱེས་གྲང་དམྱལ་དང་༔ ཡར་གྱི་མངལ་སྐྱེས་སྤྲུལ་སྐུ་དྲུག༔ མར་གྱི་མངལ་སྐྱེས་ཉོན་མོངས་དྲུག༔ འདྲ་བ་འདྲ་སྟེ་ནོར་ལ་རེ༔ ཞེས་སོ༔ ཡང་ཁམས་གསུམ་ཐམས་ཅད་སྐྱེ་གནས་བཞིས་བསྡུས་པ་ཡིན་ཏེ༔ གོང་མ་གཉིས་བརྫུས་སྐྱེས་དང་༔ འདོད་པས་བཞི་ག་ཡོད་དེ༔ དེས་ན་གླིང་བཞི་ཡང་སྐྱེ་གནས་བཞིར་གཏོགས་པ་ལ་ཕོ་མོའི་དབང་པོ་དང་༔ བག་མ་གཏོང་ལེན་དང་༔ འཁྲིག་ཆོས་དང་༔ ཕ་མ་དང་༔ མངལ་སྦྲུལ་བཙའ་སོགས་ཀྱི་ཐ་སྙད་ཡོད་པའང་༔ བལྟས་རྒོད་དང་བཅང་འཁྱུད་ཀྱིས་ཁྱད་པར་ཙམ་མོ༔ དེ་སྐད་དུ་འཇིག་རྟེན་བཞག་པ་ལས་གསུངས་སོ༔ ཚེ་ཚད་ནི༔ གཟུགས་མེད་བསྐལ་ཆེན་བརྒྱད་ཁྲི་འགོག་པ་༴ སོགས་ནས། ཆོས་ནས་བསྟན་པ་ལྟར་རོ༔ ཞེས་པའི་བར་སྟེ༔ འཇིག་རྟེན་བཞག་པ་ལས༔ དམྱལ་བའི་སེམས་ཅན་གྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་བ་གཅིག་སྟེ༔ བར་མ་དོར་འཆི་བ་ནི་ཡོད་དོ༔ དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི༔ མཐའི་བསྐལ་བ་གཅིག་སྟེ༔ བར་མ་དོར་འཆི་བ་ནི་ཡོད་དོ༔ ཡི་དྭགས་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་ལྔ་བརྒྱ་སྟེ༔ བར་མ་དོར་འཆི་བ་ནི་ཡོད་དོ༔ དེ་མིའི་ལྟར་བརྩིས་ན་ལོ་ཁྲི་ལྔ་སྟོང་ཡོད་དོ༔ ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ༔ བར་མ་དོར་འཆི་བ་ནི་ཡོད་དོ༔ ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་ལྔ་བརྒྱ་སྟེ༔ བར་མ་དོར་འཆི་བ་ནི་ཡོད་དོ༔ བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ཀྱི་མཐས་ནི་ལོ་སྟོང་སྟེ༔ བར་མ་དོར་འཆི་བ་ནི་མེད་དོ༔ ཅིའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་བར་མ་དོར་འཆི་བ་མེད་ཅེ་ན༔ དེ་དག་ལ་བདག་གི་མེད་ཅིང་ཡོངས་སུ་འཛིན་པ་མེད་དེ༔ ཚེ་ངེས་ཤིང་ཁྱད་པར་དུ་འགྲོ་བ་ཡིན་པས་དེའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་བར་མ་དོར་འཆི་བ་མེད་དོ༔ འཛམ་བུ་གླིང་མི་རྣམས་ལ་ནི་ཡར་སྐྱེ་བ་དང་༔ མར་འགྲོ་བ་ཡོད་དོ༔ འཛམ་བུ་གླིང་གི་མི་རྣམས་རེས་འགའ་ནི་ཚེ་དཔག་ཏུ་མེད་པར་འགྱུར་ལ༔ རེས་འགའ་ནི་ཚེ་ལོ་བཅུ་བར་འགྱུར་ལ༔ ཞེས་དང་༔ རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ༔ བར་མ་དོར་འཆི་བ་ནི་ཡོད་དོ༔ ཞེས་དང་༔ ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་བ་ཕྱེད་དེ་བར་མ་དོར་འཆི་བ་ནི་ཡོད་དོ༔ ཞེས་དང་༔ འདུ་ཤེས་དང་འདུ་ཤེས་མེད་མིན་སྐྱེ་མཆེད་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་མཐའ་ནི་བསྐལ་པ་བརྒྱ་ཁྲི་སྟེ༔ བར་མ་དོར་འཆི་བ་ནི་ཡོད་དོ༔ ཞེས་སོ༔ འདིའི་གདམས་པ་ནི་༴ ནས། པདྨ་ང་ཡི་གསང་ཚིག་ངེས་པའོ༔ ཞེས་ཏེ༔ ཆེད་དུ་བརྗོད་པའི་ཚོམས་ལས༔ ཀྱཻ་མ༔ འདུས་བྱས་རྣམས་མི་རྟག༔ སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན༔ སྐྱེས་ནས་འཇིག་པར་འགྱུར་པ་ནས༔ དེ་བས་མྱུར་དུ་ཞི་བ་མེད༔ ཅེས་དང་༔ དཔལ་མར་མེ་མཛད་ཀྱིས༔ བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ༔ ཞེས་དང་༔ བྱས་པ་མི་རྟག་རང་བཞིན་གཅིག་པའི་ཕྱིར་དང་༔ ཨཱརྱ་དཱེ་ཝས༔ འཆི་བའི་རྐྱེན་ནི་གྲངས་མང་ཞིང་༔ འཚོ་བའི་རྐྱེན་ནི་ཉུང་བ་དེ༔ དེ་ཡང་འཆི་བའི་རྐྱེན་དུ་འགྱུར༔ ཞེས་དང་༔ ས་འོག་ས་སྟེང་ས་བླ་ནི༔ ལ་ལ་སྐྱེས་ནས་མ་ཤི་བ༔ འགའ་ཞིག་ཁྱོད་ཀྱིས་མཐོང་བའམ༔ ཐོས་སམ་འོན་ཏེ་ཐེ་ཚོམ་ཟ༔ ཞེས་དང་༔ མདོ་ལས༔ བདག་ནི་གདོན་མི་ཟ་བར་འཆི་འགྱུར་ཏེ༔ ཤི་ནས་གཞན་གྱི་གཏམ་འདི་འགྱུར་ཏེ་འོང་༔ ཞེས་སོ༔ ཉི་ཟླ་ཁ་སྦྱོར་ལས༔ གང་ཞིག་ལུས་ཅན་སྐྱེས་བུ་རྣམས༔ ཚེ་ནི་མི་རྟག་རྨི་ལམ་འདྲ༔ རྨི་ལམ་གྱིས་ནི་གྲུབ་པ་མེད༔ ཚེ་ནི་མི་རྟག་ཆུ་དྲག་འདྲ༔ འབབ་ཆུ་གཅིག་ཏུ་བསྡད་པ་མེད༔ ཚེ་འདི་མི་ཟིན་རླུང་དང་འདྲ༔ རླུང་གིས་སྐྱེས་བུ་བཟུང་བ་མེ༔ ཚེ་འདི་ཡུན་ཐུང་སྤྲུལ་བ་འདྲ༔ སྤྲུལ་བ་རྟག་ཏུ་གནས་པ་མེད༔ ཚེ་འདི་བདེན་མེད་སྒྱུ་མ་འདྲ༔ སྒྱུ་མས་བདེན་པའི་ས་གཟུང་མེད༔ ཚེ་འདི་མི་སྡོད་མགྲོན་པོ་འདྲ༔ མགྲོན་པོ་རྟག་ཏུ་བསྡད་པ་མེད༔ ཚེ་འདི་མ་ངེས་ཆར་སྤྲིན་འདྲ༔ སྤྲིན་གྱི་དུས་ཚོད་བཟུང་བ་མེད༔ དེ་ལྟར་སྐྱེས་བུའི་ཚེ་ཡི་ཚད༔ འདི་ལྟར་གཅིག་ཏུ་མ་ངེས་ཏེ༔ གློ་བུར་བ་དང་ཐོག་བབས་སུ༔ དུས་ཚོད་འདི་འདྲ་བཟུང་བ་མེད༔ ཅེས་སོ༔ ས་མ་ཡཱ༔

གཉིས་པ་འཆི་བའི་རྟགས་དང་༴སོགས་ནས། སྤྱིའི་རྟགས་ཟེར་རོ༔ ཞེས་པའི་བར་ཏེ༔ བདེ་མཆོག་འབྱུང་བ་ལས༔ གང་ཞིག་གི་ནི་རྨི་ལམ་མཐར༔ བྱེ་མའམ་ཐལ་བའི་ཕུང་པོའམ༔ ལྷ་ཁང་ངམ་ནི་མཆོད་སྡོང་འཛེག༔ དེ་ནི་སྔོན་བཞིན་འཆི་བར་འགྱུར༔ གལ་ཏེ་བོང་བུའམ་སྤྲེལ་ཞོན་ནས༔ གྲོག་མཁར་ཕྱག་དར་ཕུང་པོ་ལ༔ མངོན་འཛེགས་ལྷོ་ཕྱོགས་འགྲོ་བར་ནི༔ གང་གིས་རྨི་ལམ་མཐར་མཐོང་ན༔ བུད་མེད་གང་ཞིག་གོས་གནག་ཅིང་༔ མདོག་གནག་མི་ནི་འདོད་སྤྱོད་པ༔ དེ་ནི་དུས་མཚོན་ཡིན་ཞེས་བྱ༔ གཤིན་རྗེའི་ལྟོ་བར་འགྲོ་བར་འགྱུར༔ བྱ་རྒོད་ཅེ་སྤྱང་ཁྱི་དང་ཁྲ༔ དྲེད་དང་ཡི་དྭགས་ཤ་ཟ་ཡིས༔ ཟ་བར་རྨི་ལམ་མཐོང་ན་ནི༔ ལོ་གཅིག་ན་ནི་ངེས་པར་འཆི༔ གོས་ནི་དམར་པོས་གཡོག་པ་དང་༔ ཕྲེང་བ་དམར་པོས་བརྒྱན་པ་དང་༔ ཏིལ་མར་གྱིས་བསྐུས་རྨི་ལམ་མཐོང་༔ ཟླ་བ་དྲུག་ན་གསོན་མི་འགྱུར༔ མན་ངག་ཇི་བཞིན་ལྡན་པ་ཡིས༔ ཞེས་དང་༔ ཡང་ནང་གི་རྟགས་ནི་༴ ནས། མ་བརྟགས་པར་གསལ་བ་ཞིག་ཡིན་ནོ༔ ཞེས་པའི་བར་ཏེ༔ དེ་ཡང་བཤད་ཚུལ་གཞན་དུ་མིག་གི་ཚིག་འཁྲུལ་པ་ནི་གྱེན་དུ་ལོག་ལོག་ལྟ་བའོ༔ སྣ་གཡས་གཡོན་དུ་ཡོ་ན་སྣ་ཡི་མ་སུ་ག་ཆད་པ་ཞེས་བྱའོ༔ དེ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ནི༔ སེན་མོའི་ཁྲག་ནི་མེད་གྱུར་ན༔ ཉིན་ཞག་བཅུ་ན་ཡང་དག་ཉལ༔ ཞེས་དང་༔ མིག་གི་ཆུ་ནི་ཆད་གྱུར་ན༔ ཉི་མ་ལྔ་ན་འཆི་བར་འགྱུར༔ ཞེས་དང་༔ དོན་གསལ་ལས༔ དཔག་བསམ་ཡལ་འདབ་ཆག་གམ་མ་ཆག་བལྟ༔ སྐྲ་དང་བ་སྤུ་ལོག་ན་ལོ་འདབ་སྐམ༔ རྩ་ཕྲན་ནང་དུ་འཁུམས་པས་འཆི་བའི་རྟགས༔ ཞེས་གསུངས་པ་སྟེ༔ འདིར་རྣ་ལྟག་གི་རྩ་ལ་གྱེན་བསྒྲེངས་སུ་ནག་པོ༔ མིའི་གཟུགས་འདྲ་བ་བབས་པ་ལ་འགྲེལ་ཚུལ་ཡང་ཡོད་དོ༔ ཁ་སྦྱོར་ལས༔ རྐང་པའི་ལོང་བའི་ཕྱིར་ཐོན་ན༔ དེ་ནི་ཟླ་བ་གཅིག་ནའོ༔ ཞེས་དང་༔ གལ་ཏེ་གཞན་གྱི་ལུས་བརྟགས་ན༔ སྐྱེས་བུ་ནད་ཀྱིས་བཏབ་པའི་ཚེ༔ སོ་ཡི་རྩ་བར་དྲག་༼ དྲེག་དཔྱད། ༽པ་ཆགས༔ ཞག་དགུ་ན་ནི་དེ་ཡང་འཆི༔ ཞེས་དང་༔ མཁའ་འགྲོ་ལས་ནི༔ སྣ་ཡི་པར་ཤ་ཆད་གྱུར་ན༔ ཉིན་ཞག་བདུན་གྱིས་ཐེ་ཚོམ་མེད༔ ཅེས་དང་༔ ཁ་སྦྱོར་ལས༔ མིག་ནི་འབྲུ་ཚུག་བལྟ་བ་ན༔ ཞག་གསུམ་ནས་ནི་འཆི་བར་འགྱུར༔ ཞེས་དང་༔ མིག་གི་ཚིག་རྣམས་རབ་འཁྲུལ་ན༔ དེ་ནི་ཟླ་བ་ཕྱེད་ནའོ༔ ཞེས་དང་༔ མཁའ་འགྲོ་རྒྱ་མཚོ་ལས༔ རྣ་བ་གཡོན་དང་འགྲམ་པ་ཡི༔ ངོས་ཀྱི་མཚན་མ་དག་ལས་ནི༔ ཉིན་ཞག་གཅིག་ལས་མི་འཚོའོ༔ ཞེས་དང་༔ ཁ་སྦྱོར་ལས༔ སྣ་ཡི་མ་སུ་ག་ཆད་ན༔ ཞག་བདུན་ན་ནི་འགུམ་པར་འགྱུར༔ མིག་གི་པ་ར་ཎ་ཆད་ན༔ ཞག་ལྔ་དག་ན་དེ་ཡང་འགུམ༔ འགྲམ་པ་གཡོན་གྱི་ཤ་ཤོར་ན༔ ཞག་གཅིག་ན་ནི་དེ་ཡང་འགུམ༔ ཞེས་དང་༔ མཁའ་འགྲོ་ལས༔ ལྕེ་ཡི་སྐུད་པ་ནག་མཐོང་ན༔ ལུས་ཅན་དུས་ཀྱི་ཉིན་ཞག་འཆི༔ སྟེང་འོག་སོ་ནི་འཐོམ་གྱུར་ན༔ འབྱུང་བ་དག་ནི་མ་ལུས་འདྲེན༔ སྲོག་ནི་དུས་དང་ཉིན་ཞག་འགྲོ༔ ཞེས་དང་༔ ཁ་སྦྱོར་ལས༔ རྣ་བ་མགོ་ན་འབྱར་གྱུར་ན༔ དེ་ནི་དེ་ནུབ་ནམ་ཕྱེད་ནའོ༔ ཞེས་དང་༔ མཁའ་འགྲོ་ལས༔ བྲང་གི་དྲ་བ་གཞོམ་གྱུར་ན༔ ཟླ་བ་ཕྱེད་ན་གདོན་མི་ཟ༔ གཉིད་ལོ་རྩ་ནི་མེད་པ་ན༔ དེ་ཡང་ཟླ་བ་ཕྱེད་ནའོ༔ ཞེས་སོ༔ ཡང་རྒྱུ་མེད་པར་ཅེས་པ་ལ་༴སོགས་ནས། མ་བརྟགས་གསལ་བ་ཞེས་པའི་བར་དེ༔ མཁའ་འགྲོ་རྒྱ་མཚོ་ལས༔ གལ་ཏེ་ཁུ་བ་དཀར་དམར་འགྱུར༔ ཟླ་བ་དྲུག་ན་དེ་འཆི་སྟེ༔ ཞེས་དང་༔ བཤང་དང་གཅི་བའི་དུས་སུ་ནི༔ གལ་ཏེ་སྦྲིད་བ་བྱུང་བ་ན༔ དེ་ཡི་ད་ལྟར་དུས་ཚོད་ཀྱི༔ ལོ་ན་ངེས་པར་འཆི་བའོ༔ ཞེས་དང་༔ གཤེད་དམར་གྱི་རྒྱུད་ལས༔ སྣའི་རྩེ་མོ་མ་མཐོང་བ་ལས་ཟླ་བ་ཕྱེད་ཀྱིས་སོ༔ ཞེས་དང་༔ ལྷ་མོ་ལྕེ་རྩེ་མ་མཐོང་ན༔ དེ་ནི་ཞག་གསུམ་ན་ནི་འཆི༔ ཞེས་སོ༔ ནད་པའི་རྩ་ཆད་པ་ནི༔ གཉིད་ལོག་གི་རྩ་མེད་པས་བཤད་ལུགས་ཡིན་ནོ༔ སྤྲོས་བྲལ་དོན་གསལ་ལས༔ དུས་ཀྱི་ཆུ་ཀླུང་ཉལ་མ་ཉལ༔ བླ་རྩ་འཁྱམ་པོ་མེད་ན་འཆི༔ ཞེས་སོ༔ བརྟག་པའི་བརྟག་པ་༴སོགས་ནས། འདིར་དེ་ཙམ་མོ་ཞེས་པའི་བར་ནི༔ ཁ་སྦྱོར་ལས༔ གལ་ཏེ་རང་གི་དོན་བྱེད་ན༔ ནམ་མཁའི་ཁམས་ཀྱི་གཟུགས་བརྙན་ནི༔ མི་རྟག་གྱུར་ཏེ་ཡལ་བ་ན༔ ཟླ་གཟུགས་མེད་དེ་འཆི་བ་ཡིན༔ ཡན་ལག་བཞི་ཆད་ཟླ་བཞིའོ༔ དེ་སྟེང་མགོ་ཆད་ཟླ་གསུམ་ནའོ༔ སྟོད་སྨད་ཕྱེ་ན་ཟླ་གཉིས་ནའོ༔ ཐུམ་པོར་དྲིལ་ན་ཟླ་གཅིག་ནའོ༔ དེ་ཡི་དུས་ཚོད་ཤེས་པར་བྱ༔ ཞེས་དང་༔ གཟུགས་བརྙན་ཆོ་འཕྲུལ་ཡལ་མ་ཡལ༔ རང་གྲིབ་བར་སྣང་གཟུགས་ལ་བལྟ༔ གཟུགས་མེད་སྣང་བ་ལོག་ནས་འཆི༔ ཞེས་སོ༔ བདེ་མཆོག་འབྱུང་བ་ལས༔ དེར་ཡང་ཉིན་མོ་གྲིབ་མ་ནི༔ སྐྱེ་བོའི་གཟུགས་ཅན་བལྟ་བྱ་སྟེ༔ དེ་ཡི་མགོ་བོ་མ་མཐོང་ན༔ ལོ་གཅིག་གི་ནི་ནང་དུ་འཆི༔ ལག་པ་གཡོན་པ་མ་མཐོང་ན༔ བུ་དང་ཆུང་མ་ངེས་བརླག་འགྱུར༔ ལག་པ་གཡས་པ་མ་མཐོང་ན༔ ཕ་དང་བུ་སོགས་ཚེགས་ཆེན་འཆི༔ ཞེས་དང་༔ ཡང་ལྗོན་ལ་བརྟག་པ་༴ སོགས་ནས། མི་གནས་སོས་བར་དེ༔ ཀུན་གསལ་ལས༔ རྣམ་ཤེས་འབྲེལ་ཐག་ཆད་མ་ཆད༔ ལག་པ་མིག་སྔར་བྱ་བའི་རྟགས༔ ཆད་ན་ཨ་ཏོ་ལི་ག་ཉམས་ཏེ་འཆི༔ ཞེས་སོ༔ ཁ་སྦྱོར་ལས་ཀྱང་༔ གནམ་ས་གཉིས་ཀྱི་འབྲེལ་ཐག་ནི༔ གལ་ཏེ་ཆད་པར་གྱུར་པ་ན༔ ཞག་ནི་བཅུ་དགུ་ལས་མི་ཐུབ༔ ཅེས་སོ༔ གསུམ་པ་གསང་བ་རླུང་ལ་༴ ནས། བྱང་བ་གལ་ཆེའོ༔ ཞེས་པའི་བར་ནི༔ རྡོ་རྗེ་མཁའ་འགྲོ་ལས༔ དབུགས་ནི་རྣམ་པར་དགོད་གྱུར་ན༔ ལུས་ཅན་དྲུག་དང་གཉིས་ཀྱིས་འཆི༔ ཞེས་དང་༔ བདེ་མཆོག་འབྱུང་བའི་རྒྱུད་ལས༔ ཉི་མ་གཅིག་གཉིས་གསུམ་དང་བཞི༔ ལྔ་དང་དྲུག་ཏུ་གང་ཚེ་རླུང་༔ ཕྱིན་ཅི་ལོག་ཏུ་རྟག་རྒྱུ་ན༔ དེ་ཚེ་རྩོད་པ་ཆེན་པོར་འགྱུར༔ ཟླ་ཕྱེད་རྟག་ཏུ་ལོག་པར་རྒྱུ༔ ནད་ནི་ཆེན་པོ་ཡང་དག་འབྱུང༔ ཟླ་བ་གཅིག་ཏུ་ལོག་པར་རྒྱུ༔ སྙིང་སྡུག་གཉེན་ནི་བརླག་པར་འགྱུར༔ ཕྱེད་དང་གཉིས་ནི་ལོག་པར་རྒྱུ༔ ཟླ་བ་དྲུག་ན་འཆི་བར་འགྱུར༔ ཐུན་མོང་དུས་སུ་ཤེས་པར་བྱ༔ ཞེས་དང་༔ འགྲེས་བྱང་ཙམ་གྱི་དཔྱད་སྒོར་འདྲེན་ན༔ ཞེས་དང་༔ དེ་ཡང་ཇི་སྐད་དུ༔ ང་ཡི་སྤྲུལ་བས༔ ཞག་དྲུག་གོ་ལོག་འཐབ་རྩོད་དང་༔ སྡུག་བསྔལ་དྲག་པོ་འབྱུང་བར་འགྱུར༔ ཟླ་ཕྱེད་གོ་ལོག་ནད་གདོན་འབྱུང་༔ ཟླ་གཅིག་གོ་ལོག་ཉེ་འབྲེལ་དུ༔ ཟླ་བ་ཕྱེད་གཉིས་གོ་ལོག་ན༔ ཟླ་བ་དྲུག་ན་འཆི་བར་འགྱུར༔ དེ་རྣམས་ངེས་པའི་འཆི་ལྟས་ཏེ༔ ངེས་པའི་འཆི་ལྟས་གཞན་དག་ཀྱང་༔ རྒྱས་པའི་འཆི་ལྟས་ལ་སོགས་པ༔ ཡི་གེར་འཇིགས་ཕྱིར་འདིར་མ་བྲིས༔ ཞེས་སོ༔ རྡོ་རྗེ་མཁའ་འགྲོ་ལས༔ སྒོ་གཅིག་ནས་ནི་ཉིན་དྲུག་ཏུ༔ གང་ཚེ་དབུགས་ནི་རྒྱུ་གྱུར་བ༔ ཡོན་ཏན་གསུམ་གྱི་ལོ་དག་ན༔ ཞེས་དང་༔ གལ་ཏེ་ཉིན་བཅུ་རྒྱུར་གྱུར་ན༔ ལོ་གཉིས་ལུས་ནི་མི་འཚོའོ༔ གང་ཞིག་ཉི་མ་ལྔ་གསུམ་དུ༔ གཡས་ཀྱི་སྒོ་ནས་རླུང་རྒྱུ་ན༔ ལོ་གཅིག་ན་ནི་གདོན་མི་ཟ༔ གལ་ཏེ་ཉིན་ཞག་ཉི་ཤུ་ནི༔ རྒྱུ་བ་ཟླ་བ་དྲུག་ན་དང་༔ ཉིན་ཞག་ཉི་ཤུ་ལྔ་རྒྱུ་ན༔ ཟླ་བ་གསུམ་ལས་མི་འཚོའོ༔ ཞེས་དང་༔ གཤེད་དམར་རྒྱུད་དུ༔ ལུས་ལ་དྲི་ངན་པ་ལས་མཚན་མོ་བདུན་གྱིས་སོ༔ ཞེས་སོགས་གསུངས་པ་ལྟར་གྱི་འགྲེས་འོག་མ་ལའང་སྦྱོར་དུ་ཡོད་པ་ཡི་གེས་འཇིགས་སོ༔ ཡང་གསང་བ་སེམས་རིག་ལ་བརྟགས་༴སོགས་ནས། གཉིད་ཚུལ་གྱིས་སོ་ཞེས་པའི་བར་དང་༔ གཉིས་པ་རིག་པ་ལ་ནི་གཉིས་༴ ནས། ཞག་གཅིག་ནས་ཀྱང་འཆིའི་བར་ཏེ་རིམ་པ་བཞིན༔ སྤྲོས་བྲལ་དོན་གསལ་ལས༔ མཁའ་འགྲོའི་སྒྲ་སྒྲོག་ཆགས་གམ་མ་ཆག་བརྟགས༔ རྣ་བ་གཉིས་བཙིར་པས་ནི་མངོན་པ་སྟེ༔ སྒྲ་ཆག་གཞི་ལ་རྩལ་འདུས་འཆི་བའོ༔ ཞེས་དང་༔ གསལ་བ་ཤེལ་གྱི་མེ་ལོང་གིས༔ གདངས་དེ་ནུབ་བམ་མ་ནུབ་བལྟ༔ མེ་ལོང་བཙིར་བས་བལྟས་པ་དེར༔ མདངས་ཤོར་གཞི་ལུས་འཆི་བའི་རྟགས༔ ཞེས་དང་༔ ཁ་སྦྱོར་ལས༔ ས་ཡི་གྲོང་དག་ཏུ་ནི༔ དགེ་སྦྱོང་དུ་བ་ཆད་པ་ན༔ ཞག་ནི་དགུ་ནས་དེ་ཡང་འགུམ༔ ཞེས་དང་༔ མཁའ་འགྲོ་རྒྱ་མཚོ་ལས༔ གལ་ཏེ་ཁུ་བ་ནག་པོར་མཐོང་༔ དེ་ཚེ་ཟླ་བ་དྲུག་ན་འཆི༔ ཡང་ན་ཁ་སྦྱོར་ལས༔ རི་རབ་ཀྱི་ནི་ལོགས་དག་ནས༔ སེང་གེ་དཀར་མོ་མི་འབབ་ན༔ བཅུ་དྲུག་ཞག་གིས་གདོན་མི་ཟ༔ ཞེས་སོ༔ དགོངས་བཤད་ལྟར་༴ ནས། བསམ་གྱིས་མི་ཁྱབ་བོ་ཞེས་བར་ལ༔ མཁའ་འགྲོ་ལས༔ མེ་ལོང་ངམ་ནི་ཆུར་གང་ཞིག༔ རང་གི་གྲིབ་མ་མ་མཐོང་དང་༔ ཞེས་དང་༔ གཤེད་དམར་གྱི་རྒྱུད་ལས༔ ཧ་འདེབས་པས་གྲང་བར་ཚོར་ན་ཞག་བདུན་གྱིས་སོ༔ ཞེས་སོ༔ རྡོ་རྗེ་མཁའ་འགྲོ་ལས༔ སྣ་དང་མིག་གི་ཕྱོགས་དང་ནི༔ འགྲམ་པ་དང་ནི་རྣ་བའི་རྩར༔ ལྕེ་དང་མཆེ་བའི་མཚམས་དང་ནི༔ མགྲིན་པ་རྩིབ་ལོགས་དེ་བཞིན་དུ༔ སྙིང་གི་གུར་དང་ལྟེ་བ་དང་༔ བརླ་དང་བྱིན་པ་དེ་བཞིན་གཞན༔ མདོམས་དང་ལིང་ག་དག་དེ་བཞིན༔ མགོ་བོ་དང་ནི་སྤྱི་བོའི་ཕྱོགས༔ མཚམས་ནི་དེ་རྣམས་ཐམས་ཅད་དུ༔ དབུགས་ནི་ཆད་ཅིང་ཆད་པའོ༔ ལུས་ཀྱི་མཚན་མ་དགུ་རྣམས་ཏེ༔ འཆི་བའི་དུས་ནི་བསྟན་པ་ཡིན༔ ཞེས་སོ༔ ཆུའི་སྤྲིས་མ་སོགས་ལ་བརྟགས་ན༔ བི་མ་ལས༔ རྒྱ་མཚོའི་གཏིང་དུ་ཆུའི་སྤྲིས་མ་བརྟག་པ་ནི༔ མཚན་མོ་ཆང་མང་པོ་མ་འཐུང་༔ འཁྲིག་པ་མ་སྤྱད༔ གཏམ་མང་པོ་མ་སྨྲས་པའི་ནང་པར་ཉི་མ་རྩེ་ཤར་ལ་ཤར་དུ་བལྟས་ཏེ་འཁར་ཕོར་ལ་སོགས་པ་སྣོད་དཀར་ནག་རན་པར་རང་གི་ཆུ་ལ་བརྟག་པ་སྟེ་རླངས་པ་སྔོ་དམར་དུ་བྱུང་ན་ཟླ་བ་ཕྱེད་ན་འཆིའོ༔ ནག་པོ་ཧྲལ་ཧྲོལ་དུ་སོང་ན་ཞག་བཅུ་གཅིག་ནའོ༔ དམར་པོ་ཐིག་ལེ་ཅན་ནི་ཞག་དགུ་ནའོ༔ ཞེས་དང་༔ རྡོ་རྗེ་མཁའ་འགྲོ་ལས༔ གཅིན་ནི་རྒྱུན་ལྔར་འགྱུར་བ་དང་༔ གཡོན་ནས་འཁོར་ཞིང་དྲི་ང་དང་༔ སྐྱུར་བ་ལ་སོགས་གཅིན་བྱུང་ན༔ ཟླ་དྲུག་ནང་དུ་འཆི་བར་འགྱུར༔ ཞེས་སོ༔ དེ་ལྟར་ཕྱི་ནང་གསང་བ་༴ ནས། གཞན་གྱིས་ཤེས་སོ་ཞེས་པའི་བར་ལ༔ སྡོམ་འབྱུང་ལས༔ སྒྲ་མེད་བཟླས་པར་འབུམ་ཕྲག་ནི༔ ཡོངས་སུ་རྫོགས་པས་སྒྲུབ་པའོ༔ ཚེ་ཟད་པ་ཡང་ལོ་ལྔ་རུ༔ འཚོ་བར་འདི་ནི་ཐེ་ཚོམ་མེད༔ ཅེས་དང་༔ ཡང་ན་བུམ་པའི་རྣལ་འབྱོར་གྱིས༔ རྟག་ཏུ་འཆི་བདག་ལས་རྒྱལ་བྱ༔ ཞེས་དང་༔ བདེ་མཆོག་འབྱུང་བ་ལས༔ སྒྲུབ་པོས་སྒྲ་དང་བྲལ་བ་ནི༔ འབུམ་བཟླས་ཡོངས་སུ་རྫོགས་པ་ན༔ ཚེ་ཟད་པ་ཡང་ལོ་ལྔ་རུ༔ འཚོ་བར་འདིར་ནི་ཐེ་ཚོམ་མེད༔ རྟག་ཏུ་ནང་པར་ཡར་ལངས་རླུང་༔ སྟོང་ཕྲག་གཅིག་ཏུ་བགྲང་བྱ་སྟེ༔ དེ་བས་རླུང་གི་རྣལ་འབྱོར་ལ༔ རྟག་ཏུ་མཉམ་གཞག་གནས་པར་བྱ༔ ཡང་ན་བུམ་པའི་རྣལ་འབྱོར་གྱིས༔ རྟགཏུ་འཆི་བདག་ལས་རྒྱལ་བྱ༔ ཞེས་དང་༔ བུམ་པ་ཅན་ནི་ཤེས་བྱས་ནས༔ འགོག་ལ་བརྟན་པར་གནས་པ་ན༔ དེ་ལ་བསྐལ་པ་སྟོང་དུ་ཡང་༔ འཆི་བདག་ཉེ་བར་འོང་མི་འགྱུར༔ ཞེས་དང་༔ སྡོམ་འབྱུང་ལས༔ སྦྱོར་བས་ནམ་མཁའ་ཟས་སུ་ཟ༔ ནམ་མཁའ་བཞིན་དུ་འཆི་མེད་འགྱུར༔ ཞེས་སོ༔ གསུམ་པ་སྡུག་བསྔལ་དངོས་ནས་བློས་མི་འཁྱུད་པའི་སྡུག་བསྔལ་ཡོད་དོ༔ མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ལས༔ ཀྱེ་གསང་བའི་བདག་པོ༔ མལ་གྱི་ཐ་མར་ནི་ཉལ༔ གོས་གྱི་ཐ་མར་ནི་བགོས༔ ཟས་གྱི་ཐ་མར་ནི་ཟ༔ སྐོམ་གྱི་ཐ་མར་ནི་འཐུང་༔ གཏམ་གྱི་ཐ་མ་ནི་སྨྲ་བའི་དུས་དེར༔ རང་ལ་འཆི་བའི་སྡུག་བསྔལ་དྲག་པོ་འོང་ངོ་༔ རང་གི་དབུགས་རང་ངར་ཕར་འགྲོ་ཚུར་འགྲོ་བྱེད་པའི་དུས་དེར༔ ཉེ་བ་དང་འབྲེལ་པ་ན་རེ་ཁྱོད་ནི་ན་དང་ངེད་ཙུག་ཅི་བྱེད་ཟེར་བའི་དུས་སུ༔ ཉེ་བ་དང་འབྲེལ་བས་གདུང་བའི་སྨྲེ་སྔགས་བཏོན་ནོ༔ དེ་ཙམ་ན་ད་རེས་ངས་མི་ཐར་བ་འདུག་པ་ཙུག་བྱེད་ན་སྙམ་པའི་སྡུག་བསྔལ་མི་བཟོད་པ་ཡོང་ངོ་༔ སྔ་མའི་ལུས་མི་འདྲ་བར་སོང་ནས༔ རང་གི་ལག་མགོ་དང་ཁ་ལྕེ་ཡང་མི་མྱུར་པར་སོང་བའི་དུས་སུ༔ ལུས་ཀྱི་ཉམས་སོ་བྲི་པའི་སྡུག་བསྔལ་ཡོང་ངོ་༔ ང་ཤི་ནས་ཅིར་སྐྱེ་ན་སྙམ་པའི་ཕུང་པོ་ཉིང་མཚམས་སྦྱར་བའི་སྡུག་བསྔལ་དྲག་པོ་མི་བཟོད་པ་ཡོང་ངོ་༔ ངས་སྡུག་བཙིར་བྱས་ནས་བསགས་པ་ལུས་སོ་སྙམ་ནས་ནོར་རྫས་དོར་བས་སྡུག་བསྔལ་མི་བཟོད་པ་ཡོང་ངོ་༔ ཀྱཻ་གསང་བའི་བདག་པོ་༔ སེམས་ཅན་ཐམས་ཅད་སྐྱེས་པ་དང་ཉིན་མཚན་མེད་པར་ཚེ་རྐུ་བས་མི་སྡོད་པར་འགྲོའོ༔ ད་རེས་ཤི་ནས་འདིར་མི་ཡོང་བར་མི་སྡོད་པར་འགྲོའོ༔ སང་ནང་པར་མི་ཤི་བའི་དཔེ་མེད་པས་མགྱོགས་པར་འགྲོའོ༔ ཆ་མེད་ཀྱི་ཡུལ་དུ་འགྲོ་བས་ལམ་རྒྱུས་མེད་པར་འགྲོའོ༔ ད་ང་ཙུག་བྱེད་ན་སྙམ་ནས་སྙིང་མི་དགའ་འོ༔ གཤིན་རྗེའི་རྐུངས་སར་འགྲོ་བས་འཇིགས་པ་ཆེའོ༔ སྐྱེལ་མ་མི་རྙེད་པར་མགོན་སྐྱབས་མེད་དོ༔ རང་དགེ་སྡིག་གཉིས་ལས་མི་ཤོངས་པ་འཕྲང་དོག་གོ༔ ལམ་དེ་ལ་ཐམས་ཅད་མི་འགྲོ་མི་སྲིད་པས་བཟུར་ས་མེད་དོ༔ ཞེས་དང་༔ སྤྱོད་འཇུག་ལས༔ ཡིད་བརྟན་མི་རུང་འཆི་བདག་འདི༔ བྱས་དང་མ་བྱས་མི་སྡོད་པས༔ ན་དང་མི་ན་ཀུན་གྱིས་ཀྱང་༔ གློ་བུར་ཚེ་ལ་ཡིད་མི་བརྟན༔ ཐམས་ཅད་བོར་ཏེ་ཆ་དགོས་པར༔ བདག་གིས་དེ་ལྟར་མ་ཤེས་པས༔ མཛའ་དང་མི་མཛའི་དོན་གྱི་ཕྱིར༔ སྡིག་པ་རྣམ་པ་སྣ་ཚོགས་བྱས༔ མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང་༔ མཛའ་བ་རྣམས་ཀྱང་མེད་པར་འགྱུར༔ བདག་ཀྱང་མེད་པར་འགྱུར་བ་སྟེ༔ དེ་བཞིན་ཐམས་ཅད་མེད་པར་འགྱུར༔ རྨི་ལམ་ཉམས་སུ་མྱོང་བ་བཞིན༔ དངོས་པོ་གང་དང་གང་སྤྱད་པ༔ དེ་དེ་དྲན་པའི་ཡུལ་དུ་འགྱུར༔ འདས་པ་ཐམས་ཅད་མཐོང་མི་འགྱུར༔ རེ་ཞིག་གསོན་ཚེ་འདི་ཉིད་ལའང་༔ མཛའ་དང་མི་མཛའ་དུ་མ་འདས༔ དེ་དག་དོན་དུ་བྱས་པའི་སྡིག༔ མི་བཟད་གང་ཡིན་མདུན་ན་གནས༔ དེ་ལྟར་བདག་ནི་གློ་བུར་ཞེས༔ བདག་གིས་རྟོགས་པར་མ་གྱུར་པས༔ གཏི་མུག་ཆགས་དང་ཞེ་སྡང་གིས༔ སྡིག་པ་རྣམ་པ་དུ་མ་བྱས༔ ཉིན་མཚན་སྡོད་པ་ཡོང་མེད་པར༔ ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་༔ སྣོན་པ་གུད་ནས་འོང་མེད་ན༔ བདག་ལྟ་འཆི་བར་ཅིས་མི་འགྱུར༔ བདག་ནི་མལ་ན་འདུག་བཞིན་དུ༔ གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་༔ སྲོག་ཆད་པ་ཡི་ཚོར་བ་དག༔ བདག་ཉིད་གཅིག་པུས་མྱོང་བར་འགྱུར༔ གཤིན་རྗེའི་ཕོ་ཉས་ཟིན་པ་ལ༔ གཉེན་གྱིས་ཅི་ཕན་བཤེས་ཅི་ཕན༔ དེ་ཚེ་བསོད་ནམས་གཅིག་སྐྱབས་ན༔ དེ་ཡང་བདག་གིས་མ་བསྟེན་ནོ༔ ཞེས་དང་༔ ཡེ་ཤེས་གཏིང་རྫོགས་གྱི་རྒྱུད་ལས༔ དེ་ཚེ་ཆགས་སྡང་མི་མནོ་དགུ་གཅིག་བསམ༔ གནད་གཅོད་དྲགས་ནས་དྲན་པ་བརླག་པར་འགྱུར༔ འདི་ནི་སྣང་བ་ནུབ་ཁའི་དུས་ཡིན་ཏེ༔ ཞེས་དང་༔ རབ་འབྱམས་ལས༔ འཆི་ཁ་མ་ཡི་ཆོས་ཉིད་ནི༔ འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུགས༔ ལུས་ངག་ཡིད་གསུམ་སྡུག་བསྔལ་ཏེ༔ འཛིན་ཆགས་ཞེན་པའི་མཚོ་རྡོལ་ནས༔ ལུས་སེམས་བྲལ་གྱིས་དོགས་པ་ཡིས༔ སྡུག་བསྔལ་ཤིན་ཏུ་རགས་པ་སྟེ༔ བན་བུན་དང་ནི་ལང་ལོང་དང་༔ ཤེས་པ་གཅིག་ཏུ་མི་གནས་པའོ༔ ཞེས་སོ༔ ཕར་བལྟས་པས་གཤིན་རྗེ་༴སོགས་ནས། བརྒྱ་ཆར་ཡང་མི་ཕོད་དོ༔ ཞེས་པའི་བར་དེ༔ ས་མ་ཡཱ༔ དེ་སྐད་དུ་ཡང་སངས་རྒྱས་རང་ཆས་སྲིད་པ་བར་དོའི་རྒྱུད་ལས༔ སྡིག་པ་བྱེད་པ་འཆི་བའི་སྣང་བ་དེ༔ ཤ་ཟ་སྲིན་པོ་མང་མཐོང་བ་དང་༔ མི་སྡུག་གཟུགས་ཉིད་སྣ་ཚོགས་སྟོན་པར་བྱེད༔ ཚེ་སྲོག་དབུགས་ཀྱིས་བརྒྱལ་བ་མི་རྟོགས་ཏེ༔ ངུ་ཞིང་ཆོ་ངེ་མང་པོ་འདོན་པར་བྱེད༔ ཞགས་ཐོགས་མཚོན་ཐོགས་མང་པོ་གཤིན་རྗེ་ཡིས༔ ད་འདོང་ཟེར་ཞིང་རྒྱབ་ནས་ཕུལ་བར་བྱེད༔ ཞེས་དང་༔ སྤྱོད་འཇུག་ལས༔ མགོན་པོ་བག་མེད་བདག་གིས་ནི༔ འཇིགས་པ་འདི་འདྲ་མ་འཚལ་ནས༔ མི་རྟག་ཚེ་འདིའི་ཆེད་དག་དུ༔ སྡིག་པ་མང་པོ་ཉེ་བར་བསྒྲུབས༔ སྐྱེ་བོ་ཡན་ལག་གཅོད་པའི་སར༔ དེ་རིང་ཁྲིད་པའང་བྲེད་འགྱུར་ཏེ༔ ཁ་སྐམ་མིག་རྩ་ངན་ལ་སོགས༔ སྔ་ལས་གཞན་དུ་འགྱུར་སྣང་ན༔ གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི༔ ཤ་ཚུགས་ཅན་གྱིས་བཟུང་གྱུར་ཞིང་༔ འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་བ༔ རབ་ཏུ་ཉམ་ཐག་སྨོས་ཅི་དགོས༔ སུ་ཞིག་འཇིགས་ཆེན་འདི་ལས་བདག༔ ལེགས་པར་སྐྱོབས་པར་བྱེད་འགྱུར་ཞེས༔ བྲེད་ཤ་ཐོན་པའི་མིག་བསྒྲད་ནས༔ ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད༔ ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི༔ དེ་ནས་ཀུན་ཏུ་ཡི་མུག་འགྱུར༔ གནས་དེར་སྐྱབས་ཡོད་མ་ཡིན་ན༔ དེ་ཚེ་བདག་གིས་ཇི་ལྟར་བྱ༔ ཞེས་སོ༔

གཉིས་པ་འབྱུང་བའི་ཐིམ་ཚུལ་༴ སོགས་ནས། ཆོས་ཉིད་དེ་ལྟོས་བརྟག་གོ༔ དེ་ལ་འབྱུང་བའི་ཐིམ་ཚུལ་དང༔ སྐྱེ་གནས་ཀྱི་རྟགས་གཉིས་ལས༔ དང་པོ་རང་ཤར་ལས༔ ཀྱེ་གྲོགས་པོ་དག༔ སེམས་ཅན་རྣམས་དབུགས་འཕོ་བའི་ཚེ༔ ཕྱི་ཡི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ༔ ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ༔ གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ་ནས༔ ལམ་ཆེན་པོ་ལ་འཇུག་པའི་ཚེ༔ འདི་ལྟར་ཤེས་པར་བྱའོ༔ ཞེས་སོ༔ གཟུགས་ཐིམ་པས་༴ སོགས་ནས། ཇེ་ཆུང་ལ་འགྲོ་བ་ཡིན་ཏེ༔ ཡེ་ཤེས་མངོན་པར་འབྱུང་བའི་རྒྱུད་ཕྱི་མ་ལས༔ ལུས་ཅན་རྣམས་ནི་འཆི་བའི་ཚེ༔ གཟུགས་ནི་སྒྲ་ལ་ཐིམ་པར་འགྱུར༔ སྒྲ་དྲི་རོ་ནི་རེག་ལ་ཐིམ༔ རེག་ནི་ཆོས་ལ་ཐིམ་པར་འགྱུར༔ ཞེས་སོ༔ དེ་ཡང་ལུས་འདི་ཐོག་མར་འབྱུང་བ་ལྔ་ཟུག་སྨིན་གྱི་གཅིག་གྲོགས་གཅིག་གིས་བྱས་ཏེ་བསྐྱེད་པ་ལ༔ འཆི་བའི་དུས་བྱེར་འཁྲུག་གི་ནང་ཕན་ཚུན་དགྲར་ལྡང་སྟེ་གཅིག་ནུས་གཅིག་གིས་བཅོམ་སྟེ༔ འཇིག་པའི་རྒྱུར་བྱེད་པའང་ཡིན་ལ༔ ཕྱི་ལུས་ཀྱི་འབྱུང་ལྔ༔ ནང་སེམས་དང་༔ དེ་ཉིད་གསང་བ་ཡེ་ཤེས་དང་༔ དེའི་གདངས་ནང་དུ་ཐིམ་པ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་ཐ་སྙད་དུ་ཁོ་བོས་བཞག་པ་སྟེ༔ ཚུལ་གཞན་ཞིག་ཡིན་ནོ༔ དེ་ཡང་ཉི་ཟླ་ཁ་སྦྱོར་ལས༔ མི་རྟོག་ཐུབ་པ་ཡང་ཉོན་ཅིག༔ གལ་ཏེ་ཚེ་ཡི་དུས་ཟད་ན༔ སྐྱེས་བུ་ཤི་བ་ཞེས་བྱར་འགྱུར༔ གཟུགས་ཀྱི་ཕུང་པོ་རྡོས་པ་ཅན༔ ཐོག་མ་འབྱུང་བས་བསྐྱེད་པའི་ཕྱིར༔ ཐ་མ་ཡང་ནི་འབྱུང་བས་འཇིག༔ ལུས་ཀྱི་འབྱུང་བ་ལྔ་རྣམས་ནི༔ ནང་མི་མཐུན་པའི་རྐྱེན་གྱིས་ནི༔ ཚེ་ཡི་འདུ་བྱེད་གང་བྱས་པ༔ གློ་བུར་རྐྱེན་གྱིས་ཤི་བའོ༔ འབྱུང་བ་རང་ལ་རང་ཐིམ་ནས༔ སྐྱེས་བུ་ཚེ་ཡི་དུས་ཚོད་ཟད༔ འཆི་བའི་དུས་ལ་བབས་ཉེས་བྱ༔ ཞེས་སོ༔ དེ་དག་གི་སྟེང་དུ་འཇུག་ཤེས་དྲུག་རྣམ་ཤེས་ལ་བསྡུས་ནས་འབྱུང་མ་རགས་པའི་ཁམས་ལྔ་དང་༔ ཉོན་མོངས་དུག་ལྔ་ཕྱི་ཤར་རགས་པའི་སྣང་གསུམ་ཐིམ་པ་ལ་འཁོར་བའི་ཆོས་ཉི་ཤུའམ་རགས་པ་ཉི་ཤུར་བྱས་ཀྱང་རུང་སྟེ་ཇི་སྐད་དུ༔ འབྱུང་བ་ལྔ་དང་ཉོན་མོངས་ཕུང་པོ་ལྔ༔ དབང་པོ་རྣམ་ལྔའི་ཞེན་པ་དང་བྲལ་ནས༔ ཞེས་པ་ལྟར་རམ༔ ཡང་ན་ཕུང་ལྔ༔ དབང་ལྔ༔ འཇུག་ཤེས་ལྔ༔ འབྱུང་བ་ལྔ༔ བཤད་པ་འདི་ཡང་འཐད་པར་མངོན་ནོ༔ འབྱུང་ལྔའི་ཐིམ་ཚུལ་ལ་༴ ཞེས་པ་ནས། དབང་ལྔའི་ནུས་པ་ཞན་གྱི་བར་ཏེ༔ སྲིད་པ་བར་དོའི་རྒྱུད་ལས༔ སེམས་ཅན་ལུས་སུ་གྲུབ་པ་ཐམས་ཅད་ལ༔ རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡིན་པས་ན༔ རྒྱུའི་ནུས་པ་ཟད་པས་འཆི་བར་སྣང་༔ ནུས་པ་ཟད་པའི་རྟགས་ནི་འདི་རྣམས་འབྱུང་༔ འབྱུང་བ་ལྔ་ཡིས་བསྐྱེད་པའི་ལུས་ཡིན་པས༔ ས་ཡི་ནུས་པ་ཟད་པས་སྐམ་པོར་སྣང་༔ ཆུ་ཡི་ནུས་པ་ཟད་པས་ལྕི་བར་སྣང་༔ མེ་ཡི་ནུས་པ་ཟད་པས་གྲང་བར་འོང་༔ རླུང་གི་ནུས་པ་ཟད་པས་ལྡང་བར་ནུབ༔ ནམ་མཁའི་ནུས་པ་ཟད་པས་བཀྲག་མདངས་ཉམས༔ ཞེས་དང་༔ ཁ་སྦྱོར་དང་རབ་འབྱམས་ཀྱི་རྒྱུད་མཐུན་པར༔ ས་ནི་ས་ལ་ཐིམ་པ་ན༔ ལུས་ནི་ལྕི་ཞིང་ཟས་མི་ལེན༔ ལང་འདུག་འགྲོ་བས་སྟོབས་ཀུན་ཟད༔ ཆུ་ནི་ཆུ་ལ་ཐིམ་པའི་ཚེ༔ ཁ་ཆུ་སྣ་ཆུ་འཛག་པར་བྱེད༔ དེ་བཞིན་མེ་ལ་མེ་ཐིམ་པས༔ ཁ་སྣ་དག་ནི་རབ་ཏུ་སྐམ༔ ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར༔ དེ་བཞིན་རླུང་ལ་རླུང་ཐིམ་པས༔ དབུགས་ནི་ངར་ངར་རབ་ཏུ་གཡོབ༔ མིག་ཀྱང་གྱེན་ལ་ལྡོག་པའོ༔ རྟགས་འདི་སུ་ལ་བྱུང་བ་དེ༔ འདི་ལ་མི་གནས་ཕ་རོལ་ཏུ༔ ཞེས་སོ༔ ས་རླུང་རྩ་ཕྲན་༴ ནས། གསལ་བ་ཡང་འབྱུང་ལ་སྟེ༔ ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས༔ དེ་ཚེ་སྣང་བ་གཉིས་ནི་ཉམས་སུ་མྱོང་༔ དང་པོ་སྣང་བ་སྨིག་རྒྱུ་དུ་བ་ལྟར༔ བུན་ནེ་ལང་ལོང་འཇིག་རྟེན་ཞིག་པར་མཐོང་༔ དེ་ཚེ་འཕོས་མ་ཐག་ཏུ་སྣང་བ་མཆེད༔ སྲིན་འབུ་མེ་ཁྱེར་ལྟ་བུར་ཧྲབ་ཧྲིབ་ཙམ༔ སྣང་བ་ཐོབ་པ་མར་མེའི་རྩེ་མོ་ལྟར༔ ཤིན་ཏུ་བརྟག་དཀའ་རབ་རིབ་འབྱུང་བའི་ཚེ༔ ཡེ་ཤེས་ཉུག་གིས་བྱུང་སྟེ་མ་རིག་བསྒྲིབས༔ ཞེས་སོ༔ ནང་འབྱུང་ཕྲ་བུ་༴ ནས། མ་བཟློས་སོ་སྟེ༔ འདི་ཡན་ཆད་ཀྱི་གོ་དོན་ཐམས་ཅད་འདིས་སློང་ནུས་པས་ན༔རིག་པ་རང་ཤར་ལས༔ དེ་ནས་ནང་གི་འབྱུང་བ་ལྔ་ཕྱི་ལ་ཐིམ་པའི་རྟགས་སུ་འདི་ལྟར་ཤེས་པར་བྱའོ༔ ས་ས་ལ་ཐིམ༔ ཆུ་ཆུ་ལ་ཐིམ༔ མེ་མེ་ལ་ཐིམ༔ རླུང་རླུང་ལ་ཐིམ༔ ནམ་མཁའ་ནམ་མཁའ་ལ་ཐིམ་ནས༔ དེ་ཡང་ས་ལ་ས་ཐིམ་པ་ལ་གཉིས་ཏེ༔ ཕྱིའི་ས་ནང་གི་ས་ལ་ཐིམ༔ ནང་གི་ས་ཕྱིའི་ས་ལ་ཐིམ༔ ཕྱིའི་ས་ནང་གི་ས་ལ་ཐིམ་པའི་དུས་ནི༔ དང་པོའི་དུས་སོ༔ ནང་གི་ས་ཕྱིའི་ས་ལ་ཐིམ་པའི་རྟགས་སུ༔ ལུས་ཀྱི་སྟོབས་འཆོར་རོ༔ དེ་ཡང་འདི་ལྟ་སྟེ༔ ཀུན་ཏུ་སྣང་བའི་ས་ཐིམ་པའི་རྟགས་སུ༔ ཕྱིའི་ཤེས་པ་རྨུགས༔ མི་འགྱུར་བ་རྡོ་རྗེའི་ས་ཐིམ་པའི་རྟགས་སུ༔ ལུས་ཀྱི་སྟོབས་འཆོར་རོ༔ ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིམ་པའི་རྟགས་སུ་སྟོབས་ཉམས་ནས་ལྡང་མི་ནུས༔ སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་ཐིམ་པའི་རྟགས་སུ༔ ལོངས་སྤྱོད་རྫོགས་པའི་སྟོབས་འཆོར་ནས་དགོངས་པ་མི་གསལ་ལོ༔ སྒྲུབ་པ་མཐར་ཕྱིན་པའི་ས་ཐིམ་པའི་རྟགས་སུ༔ སྒྲོན་མའི་སྣང་བ་འགགས་སོ༔ ནང་གི་ཆུ་ཕྱིའི་ཆུ་ལ་ཐིམ་པའི་རྟགས་སུ༔ ཆུ་མི་ཐུབ་སྟེ༔ འགྱུར་བ་མེད་པའི་ཆུ་ཐིམ་པའི་རྟགས་སུ༔ ཁ་སྣ་སྐམ་པ་ཡིན༔ འཛིན་མེད་རྫོགས་པའི་ཆུ་ཐིམ་པའི་རྟགས་སུ་རྣ་བས་སྒྲ་མི་ཐོས་པ་ཡིན་ནོ༔ ནང་གི་མེ་ཕྱིའི་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་དྲོད་འཆོར་བ་ཡིན་ནོ༔ དེ་ཡང་འདི་ལྟར་ཤེས་པར་བྱའོ༔ ཕྱི་ནང་ཀུན་ཁྱབ་ཀྱི་མེ་ཐིམ་པའི་རྟགས་སུ༔ ནང་གི་དྲོད་ཤོར་ཞིང་ཤེས་པ་མི་གསལ༔ ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཐིམ་པའི་རྟགས་སུ༔ གསང་བའི་དྲོད་འཆོར༔ ཕྱི་ནང་གི་བྱ་བ་རྫོགས་པའི་མེ་ཐིམ་པའི་རྟགས་སུ༔ ཡོངས་སུ་རྫོགས་པའི་དྲོད་འཆོར༔ ཕྱི་ནང་གི་བྱ་བ་གྲུབ་པའི་མེ་ཐིམ་པའི་རྟགས་སུ༔ སྟོང་པའི་སྒྲོན་མ་མི་མཐོང་ངོ་༔ ཕྱི་ནང་རྫོགས་པའི་མེ་ཐིམ་པའི་རྟགས་སུ༔ ཤེས་པ་རེས་གསལ་རེས་མི་གསལ་ལོ༔ ནང་རླུང་ཕྱི་རླུང་ལ་ཐིམ་པའི་རྟགས་སུ༔ ལུས་ཀྱི་རྩལ་ཤོར༔ དེ་ཡང་འདི་ལྟར་ཤེས་པར་བྱའོ༔ བཀྲག་མདངས་དང་གཟི་མདངས་བསྐྱེད་པའི་རླུང་ཐིམ་པའི་རྟགས་སུ༔ ལུས་ཀྱི་བཀྲག་འཆོར༔ མེ་དང་མཉམ་དུ་གནས་པའི་རླུང་ཐིམ་པའི་རྟགས་སུ༔ ལུས་ནས་ཆུ་འབྲུབ༔ སྲོག་འཛིན་པའི་རླུང་ཐིམ་པའི་རྟགས་སུ་དབུགས་མི་ཐུབ༔ ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ཐིམ་པའི་རྟགས་སུ༔ ལུས་ཀྱི་བཀྲག་དང་དྲན་པ་འཆོར༔ སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཐིམ་པའི་རྟགས་སུ༔ ཕྱི་དབུགས་ཆད་པ་ཡིན་ནོ༔ དེ་ནི་ཕྱིའི་འབྱུང་བ་ཞེས་བྱའོ༔ ནམ་མཁའ་ནམ་མཁའ་ལ་ཐིམ་པ་ནི༔ ཕྱི་ཀུན་ལ་ཁྱབ་པའི་ནམ་མཁའ་སྒྲོན་མ་རྣམ་པར་དག་པ་ལ་ཐིམ་མོ༔ ཡུལ་མེད་གསལ་དག་གི་ནམ་མཁའ་རིག་པ་ལ་ཐིམ་མོ༔ མ་འདྲེས་པ་དག་པའི་ནམ་མཁའ་དབྱིངས་ལ་ཐིམ་མོ༔ དོན་མཚོན་བྱེད་ཀྱི་ནམ་མཁའ་ཤེས་རབ་ལ་ཐིམ་མོ༔ དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་ཉི་ཤུ་རྩ་གཅིག་དོན་ལ་ཐིམ་མོ༔ དེ་ནི་ནང་གི་འབྱུང་བ་ཞེས་བྱའོ༔ རྩ་བ་འཛིན་པའི་སྲོག་ཐིག་ལེ་ལ་ཐིམ་མོ༔ སྐྱོབ་བྱེད་ཀྱི་སྲོག་ནམ་མཁའ་ལ་འཁྱིལ་ལོ༔ རྣམ་པར་འཕྲོ་བའི་སྲོག་ལུས་ལ་འཁྱིལ་ལོ༔ མི་གཙང་བའི་སྲོག་ནམ་མཁའ་ལ་ཡལ་ལོ༔ རྣམ་པར་འདར་བྱེད་ཀྱི་སྲོག་དབྱིངས་སུ་ཐིམ་མོ༔ དེ་ནི་གསང་བའི་འབྱུང་བ་ཞེས་བྱའོ༔ དྭངས་སྙིགས་འབྱེད་པའི་རླུང་ཚོམ་བུ་ལ་ཐིམ་མོ༔ དྲོད་བསྐྱེད་བའི་རླུང་འོད་ལ་ཐིམ་མོ༔ གསལ་འགྱུར་གྱི་རླུང་སྐུ་ལ་ཐིམ་མོ༔ རྣམས་པར་སྡུད་པའི་རླུང་ཡེ་ཤེས་ལ་ཐིམ་མོ༔ རྣམ་པར་གཟེངས་བསྟོད་པའི་རླུང་ཐུགས་རྗེ་ལ་ཐིམ་མོ༔ རྣམ་པར་ཤེས་པ་བསྐྱེད་པའི་རླུང་སྟོང་པ་ལ་ཐིམ་མོ༔ རྣམ་པར་ཡིད་འབྱུང་བའི་རླུང་གཉིས་མེད་ལ་ཐིམ་མོ༔ རྣམ་པར་མདངས་དང་ལྡན་པའི་རླུང་མཐའ་གྲོལ་ལ་ཐིམ་མོ༔ རྣམ་པར་སྲེག་པའི་རླུང་བདེ་བ་ཆེན་པོ་ལ་ཐིམ་མོ༔ རྣམ་པར་དགོད་པའི་རླུང་གསལ་བ་ལ་ཐིམ་མོ༔ གཞི་ལ་ཁྱབ་བྱེད་ཀྱི་རླུང་མཁའ་གསལ་ལ་ཐིམ་མོ༔ འཕྲ་ལ་ཁྱབ་བྱེད་ཀྱི་རླུང་གཏིང་གསལ་ལ་ཐིམ་མོ༔ སྔངས་ཤིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཡུལ་ལ་ཐིམ་མོ༔ དྲན་པ་ཁྱབ་བྱེད་ཀྱི་རླུང་བར་དོ་ལ་ཐིམ་མོ༔ འཛིན་པས་ལུས་ཀུན་ཁྱབ་པའི་རླུང་རང་སྣང་ལ་ཐིམ་མོ༔ རྣམ་པར་སྐྱོད་བྱེད་ཀྱི་རླུང་གིས་རིག་པ་མཁའ་ལ་བསྐྱོད་དོ༔ རྣམ་པར་སྒྲོལ་བྱེད་ཀྱི་རླུང་གིས་ཕྱི་ནང་གི་ཆོས་དང་ཕྲལ་ལོ༔ རྣམ་པར་ལྡོག་བྱེད་ཀྱི་རླུང་གིས་རང་གི་རིག་པ་གཞི་ལ་ལྡོག་གོ༔ རྣམ་པར་མྱུར་བྱེད་ཀྱི་རླུང་གིས་རིག་པའི་ཡུལ་མཐོང་ངོ་༔ སྐད་ཅིག་མའི་རླུང་གི་སྐད་ཅིག་མ་གསུམ་ལ་ཀ་དག་གི་ས་ལ་ཕྱིན་པར་བྱེད་དོ༔ དེ་ནི་ཡོངས་སུ་རྫོགས་པའི་འབྱུང་པའོ༔ ཞེས་སོ༔ བརྒྱད་པ་ཡང་ཕྲ་༴ སོགས་ནས། རབ་རིབ་དུ་འབྱུང་ངོ་༔ བར་ལ་སྣང་སྟོང་གི་ཆ་གཉིས་ལས་སྣང་ཆ་ལྷ་སྐུའི་ཆ་ནི༔ གཉིས་མེད་རྣམ་རྒྱལ་ལས༔ དང་པོ་སྨིག་རྒྱུད་དེ་ཉིད་ཀྱང་༔ འོད་ཟེར་ལྔ་དང་ལྡན་པ་མཐོང་ཞེས་སོ༔ འོད་གསལ་སྣང་སྟོང་གི་ཆ་གཉིས་ནི༔ གཟུང་རྟོག་འགག་ཆའི་སྟོང་པའི་འོད་གསལ་སེམས་གསལ་ཆའི་སྣང་བའི་འོད་གསལ་ཡིན་ཏེ༔ དེ་ཉིད་ལས༔ སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ༔ གསལ་བའི་ཆ་དེ་གཟུང་རྟོག་སྤངས་བ་ལས༔ འབྱུང་བ་མི་འབྱུང་རླུང་དང་བཅས་པ་གང་༔ ལྷང་ངེར་གནས་པ་སྐད་ཅིག་དང་པོ་ཡིན༔ ཞེས་སོ༔ སྣང་སྟོང་གི་ཡེ་ཤེས་དེའི་ངོ་བོ་མེ་ལོང་ལྟ་བུ་ཡིན་པའི་ཕྱིར༔ ཞེ་སྡང་གི་རྟོག་པ་སོ་གསུམ་འགགས་པ་ནི༔ ཨཱརྱ་དེ་ཝའི་སྤྱོད་བསྡུས་ལས༔ རྣམ་རྟོག་སུམ་ཅུ་རྩ་གསུམ་པོའི་མིང་གང་ཞེ་ན༔ འདོད་ཆགས་དང་བྲལ་བ་དང་༔ འདོད་ཆགས་དང་བྲལ་བ་བར་མ་དང་༔ ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་༔ ཡིད་ཀྱིས་འགྲོ་བ་དང་༔ སོང་བ་དང་༔ མྱ་ངན་དང་༔ མྱ་ངན་བར་མ་དང་༔ ཤིན་ཏུ་མྱ་ངན་དང་༔ ཞི་བ་དང་རྣམ་རྟོག་དང་༔ འཇིགས་པ་དང་༔ འཇིག་པ་བར་མ་དང་༔ ཤིན་ཏུ་འཇིགས་པ་དང་༔ སྲེད་པ་དང་༔ སྲེད་པ་བར་མ་དང་༔ ཤིན་ཏུ་སྲེད་པ་དང་༔ ཉེ་བར་ལེན་པ་དང་༔ མི་དགེ་བ་དང་༔ བཀྲེས་པ་དང་༔ སྐོམ་པ་དང་༔ ཚོར་བ་དང་༔ ཚོར་བ་བར་མ་དང་༔ ཤིན་ཏུ་ཚོར་བ་དང་༔ རིག་པ་པོ་དང་༔ རིག་གཞི་དང་༔ སོ་སོར་རྟོག་པ་དང་༔ ངོ་ཚ་ཤེས་པ་དང་༔ བརྩེ་བ་དང་༔ བརྩེ་བ་བར་མ་དང་༔ ཤིན་ཏུ་བརྩེ་བ་དང་༔ དོགས་པ་དང་བཅས་པ་དང་༔ བསགས་པ་ཉིད་དང་༔ ཕྲག་དོག་སྟེ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་མོ༔ ཞེས་སོ༔

གཉིས་པ་དེ་ནས་དབུ་མའི་ཡར་སྣང་༴ སོགས་ནས། ཆེན་པོ་སྟོང་པ་ཡང་ཟེར་རོའི་བར་གྱི༔ ལྷ་སྐུ་ལ་སྔ་མ་ལས༔ གཉིས་པ་ཟླ་བ་ལྟ་བུ་དང་༔ ཞེས་དང་༔ འོད་གསལ་སྣང་སྟོང་ལ༔ དེ་ཉིད་ལས༔ མཆེད་པ་རྣམ་པར་རབ་ཏུ་མི་རྟོག་སྟེ༔ ཚེ་གསལ་བ་ལ་འཛིན་རྟོག་མ་ཞུགས་པ༔ ཡེ་ཤེས་ཕྲ་བ་རླུང་དང་མི་རྟོག་པ༔ ལྷན་ནེར་གནས་པ་སྐད་ཅིག་གཉིས་པ་ཡིན༔ ཞེས་སོ༔ ཡེ་ཤེས་དེ་ནི་སོར་རྟོགས་ཀྱི་ངོ་བོའི་ཆ་ཡོད་པས༔ འདོད་ཆགས་གྱི་རྟོག་པ་བཞི་བཅུ་འགག་པ་ནི༔ སྤྱོད་བསྡུས་ལས༔ འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ་གང་ཞེ་ན༔ ཆགས་པ་དང་༔ ཆགས་པ་བར་མ་དང་༔ ཀུན་ཏུ་ཆགས་པ་དང་༔ དགའ་པ་དང་༔ དགའ་བ་བར་མ་དང་༔ ཤིན་ཏུ་དགའ་བ་དང་༔ རངས་པ་དང་༔ རབ་ཏུ་མགུ་བ་དང་༔ ངོ་མཚར་བ་དང་༔ དགོད་པ་དང་༔ ཚིམ་པ་དང་༔ འཁྱུད་པ་དང་༔ འོ་བྱེད་པ་དང་༔ འཇིབ་པ་དང་༔ བརྟན་པ་དང་༔ བརྩོན་པ་དང་༔ ང་རྒྱལ་དང་༔ བྱ་བ་དང་༔ འགྲོགས་པ་དང་༔ སྟོབས་དང་༔ དབྲོག་པ་དང་༔ སྤྲོ་བ་དང་༔ ལྷན་ཅིག་བྱེད་པའི་དགའ་བ་ལ་སྦྱོར་བ་དང་༔ ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་༔ སྒེགས་པ་དང་༔ རྣམ་པར་སྒེག་པ་དང་༔ ཞེ་འགྲས་པ་དང་༔ དགེ་བ་དང་༔ ཚིག་གསལ་བ་དང་༔ བདེན་པ་དང་༔ མི་བདེན་པ་དང་༔ ངེས་པ་དང་༔ ཉེ་བར་ལེན་པ་དང་༔ སྦྱིན་པ་པོ་དང་༔ གཞན་ལ་སྐུར་བ་དང་༔ དཔའ་བོ་དང་༔ ངོ་ཚ་བ་མེད་པ་དང་༔ གཡོ་སྒྱུ་དང་༔ སྡུག་པ་དང་༔ མི་སྲུན་པ་དང་༔ གྱ་གྱུ་ཆེ་བ་སྟེ་འདོད་ཆགས་ལས་གྱུར་པའ་རྟོག་པ་བཞི་བཅུའོ༔ ཞེས་སོ༔

གསུམ་པ་དེ་ནས་མཆེད་པ་ཐོབ་པ་ལ་༴ སོགས་ནས། ཐོབ་པའི་ཡེ་ཤེས་ཞེས་བྱའོ༔ དེའི་ལྷ་སྐུའི་ཆ་ལས༔ གཉིས་མེད་རྣམ་རྒྱལ་ལས༔ གསུམ་པ་ཉི་མ་ལྟ་བུ་དང་༔ ཞེས་དང་༔ འོད་གསལ་སྣང་སྟོང་ལས༔ ཐོབ་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ༔ གསལ་བ་ཙམ་དུའང་མི་གནས་ཤིན་ཏུ་ཕྲ༔ རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ༔ ལྷམ་མེར་གནས་པ་སྐད་ཅིག་གསུམ་པ་ཡིན༔ ཞེས་སོ༔ འདི་སོར་རྟོགས་ཡེ་ཤེས་ཡིན་ཡང་ཆོས་དབྱིངས་ཀྱིས་ཁྱབ་པའི་ཆས་གཏི་མུག་གི་རྟོག་པ་བདུན་བཅོམ་པས་ཤིན་ཏུ་སྟོང་བ་ཀ་དག་སྟེ༔ སྤྱོད་བསྡུས་ལས༔ གཏི་མུག་གི་ལས་གྱུར་པའི་རྟོག་པ་བདུན་གང་ཞེ་ན༔ མི་གསལ་བ་དང་༔ བརྗེད་ངེས་པ་དང་༔ འཁྲུལ་བ་དང་༔ མི་སྨྲ་བ་དང་༔ སྐྱོ་བ་དང་༔ ལེ་ལོ་དང་༔ ཐེ་ཚོམ་སྟེ༔ ཐམས་ཅད་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་དེ་དག་འགག་གོ༔ ཞེས་སོ༔

བཞི་པ༔ དེ་ནས་དཀར་དམར་སྙིང་གར་འདྲེས་པ་༴ སོགས་ནས། སྐད་ཅིག་བཞི་པ་སྟེ༔ ཡང་དེའི་ལྷ་སྐུའི་ཆ་ལས༔ བཞི་པ་མུན་པ་ལྟ་བུ་དང་༔ ཞེས་རྣམ་རྒྱལ་ལས་གསུངས་པ་ལྟ་བུ་དང་༔ འོད་གསལ་སྣང་སྟོང་གི་ཆ་ནས༔ ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ༔ རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད༔ ཕྲ་རགས་རང་བཞིན་ཏིང་འཛིན་མཆོག་མི་འགྱུར༔ སྐད་ཅིག་བཞི་པར་མི་འགྱུར་ཁྱབ་བྱེད་ཡིན༔ ཞེས་སོ༔ དེ་དག་ནི་རྣམ་ཤེས་སྣང་བ་ལ་ཐིམ་པ༔ སྣང་བ་མཆེད་པ་ལ་ཐིམ་པ༔ མཆེད་པ་ཐོབ་པ་ལ་ཐིམ་པ༔ ཐོབ་པ་ཉེར་ཐོབ་ལ་ཐིམ་པ་ཞེས་བྱ་བ་རྣམས་སོ༔ དེ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ་ནི༔ མ་དག་པའི་སྣང་སེམས་བཞི་༴ ནས། བར་གྱི་བཤད་ཟིན་སྟེ༔ སྟེང་སྣང་སྟོང་ཟུང་འཇུག་ལྷན་སྐྱེས་དོན་གྱི་ཡེ་ཤེས་དེ་ནི་ཀ་དག་གདོད་མའི་རྒྱལ་ས་ཡིན་པས་སྐྱོན་གྱིས་མ་གོས་པའི་ཆ་ནས༔ རྣམ་རྒྱལ་ལས༔ ལྔ་བ་སྤྲིན་མེད་ནམ་མཁའ་ལ༔ མི་རྟོག་མཐའ་དབུས་མེད་པ་འཆར༔ ཞེས་དང་༔ འོད་གསལ་བ་ནི་བསམ་གཏན་ཟག་པ་མེད༔ རྡུལ་མེད་ས་བོན་མེད་པ་མི་གཡོ་བ༔ ལྷན་ཅིག་གནས་པ་ཆོས་སྐུའི་སྙིང་བོ་ནི༔ ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད༔ ཅེས་དང་༔ ཟུང་འཇུག་བདེ་བ་ཆེན་པོའི་མཚན་ཉིད་ཅན༔ ཆོས་དབྱིངས་ཆོས་ཉིད་དབྱེར་མེད་དག་པའི་སྐུ༔ ཐ་དད་རྣམ་བྲལ་མི་ཕྱེད་ཡེ་ཤེས་ཏེ༔ གསང་བ་ཆེན་པོའི་ལམ་ལས་འདིར་རྟོགས་བྱ༔ ཞེས་དང་༔ དེ་དག་ཀྱང་ཇི་སྐད་དུ༔ སྣང་བ་ཐིམ་དང་རྟོག་པ་ཐིམ༔ ཕྲ་བ་ཐིམ་དང་རགས་པ་ཐིམ༔ ཐིམ་པས་རྗེས་ལ་གོམ་པ་ཡིས༔རང་བཞིན་གྱིས་ནི་འོད་གསལ་འཆར༔ ཞེས་དང་༔ འཕགས་པ་ལྷས༔ དེ་བཞིན་སྟོང་པ་རྣམ་པ་བཞི༔ དངོས་པོ་བརྒྱད་དུ་ཤེས་པར་བྱ༔ ཞེས་དང་༔ ས་ཡིས་ཁམས་ནི་ཆུ་ལ་ཐིམ༔ ཆུ་ནི་མེ་ལ་ཐིམ་པའོ༔ མེ་ཡང་ཕྲ་བའི་ཁམས་ལའོ༔ རླུང་ནི་སེམས་ལ་རྣམ་པར་ཐིམ༔ སེམས་ནི་སེམས་ལས་བྱུང་ལ་ཐིམ༔ མ་རིག་པ་ལས་སེམས་བྱུང་ངོ་༔ དེ་ཡང་འོད་གསལ་བ་ལ་འགྲོ༔ འདི་ནི་སྲིད་གསུམ་འགོག་པའོ༔ ཞེས་སོ༔ འདིའི་ལྷ་སྐུ་རྣམས་དང་༔ སྔར་གྱི་ས་རླུང་སོགས་ཐིམ་པའི་རྟགས་གཉིས་ངོ་བོ་གཅིག་ལ་ཕྲ་རགས་ཕྱི་ནང་གི་ཁྱད་པར་ཅུང་ཟད་ཀྱང་ཡོད་ལ༔ འོད་གསལ་སྣང་སྟོང་བརྒྱད་པོ་ཁྲེགས་ཆོད་ཀྱི་ལྟ་བསྒོམ་གཉིས་ཀའི་གཞིའམ་རྫོགས་རིམ་སྣང་མེད་ཀྱི་སྙིང་རྡོ་ཡིན་པས་ཀ་དག་གི་བརྒྱད་དོ༔ ལྷ་སྐུ་ནི་ལྷུན་གྲུབ་ཀྱི་ཆ་ཙམ་ཡིན་ནའང་༔ འབྲས་ཆོས་མ་ལུས་པ་གསལ་རྫོགས་སུ་མེད་པ་དང་༔ ནང་ཐིམ་གྱི་འཆར་རིམ་ཡིན་པས་ལོངས་སྐུའི་བར་དོ་དང་༔ འོད་གསལ་དངོས་མ་རྟོགས་པས་སྟོང་བཞིའི་གཞན་རྣམས་ཀྱང་ཆོས་སྐུའི་བར་དོ་ཁྱད་པར་པ་མིན་ནོ༔ འོད་གསལ་དངོས་འདི་འཁོར་འདས་བར་དོའང་ཡིན་ནོ༔ འདི་དང་གཞུང་༔ འོད་གསལ་ཉམས་ལེན་རྣམས་ཀྱི་ཆ་བརྒྱད་པོ་བཏགས་ཚུལ་ཅུང་མི་འདྲ་ཡང་༔ སོ་སོ་ནས་རྒྱུད་ཀྱི་དགོངས་པ་རེ་ཡིན་ཞིང་༔ རྒྱུད་གཅིག་ལའང་མཐའ་དྲུག་ཚུལ་བཞིའི་དགོངས་པ་ལེན་ཚུལ་ཡོད་པས༔ གང་ལྟར་ཡང་འགལ་བ་མེད་དོ༔ ཡང་ཐིམ་རིམ་གྱི་ལྷ་སྐུ་འདི་ནང་གི་འབྱུང་བ་ལྔ་ཡོངས་རྫོགས་ཀྱི་འབྱུང་བ་ལ་ཐིམ་ཞེས་པས༔ ཡོངས་རྫོགས་ཀྱི་འབྱུང་བར་གོ་དོན་བླང་ནའང་ཤིན་ཏུ་ལེགས་སོ༔

གཉིས་པ་འཕྲོས་དོན་སྐྱེ་གནས་ཀྱི་རྟགས་ལ༔ རྟགས་དངོས་དང་༔ དེ་སྦྱངས་བ་གཉིས་ལས༔ དང་པོ་ལ༔ རྣམ་འགྱུར་དང་༔ དྲོད་ལ་དབུགས་དང་གསལ་བ་གསུམ་སྟེ༔ བར་དོའི་རྒྱུད་ལས༔ མཐོ་རིས་ངན་སོང་གར་འགྲོ་བ༔ དབུགས་དང་དྲོད་ཀྱི་ཆ་ཡི་ཤེས༔ ཞེས་ཕྱི་དང་ནང་གི་རྟགས་དེ་གཉིས་བཞག༔ ཉི་ཟླ་ཁ་སྦྱོར་ལས༔ ཕྱིའི་རྟགས་ནི་དེ་དག་དང་༔ ནང་གི་རྟགས་ནི་འདི་དག་སྦྱར༔ ཞེས་ཕྱིའི་རྟགས་སུ་རྣམ་འགྱུར་དང་༔ ནང་རྟགས་དྲོད་དང་དབུགས་ལ་གསུངས་པ་ལྟར༔ དང་པོ་ཕྱི་རྟགས་རྣམ་འགྱུར་ནི༔ ཉི་ཟླ་ཁ་སྦྱོར་ལས༔ ཕྱི་ཡི་སྣང་བ་འདི་ལྟ་བུ༔ གལ་ཏེ་དྲོད་ནི་གྱེན་ཡལ་ནས༔ དབུགས་ཆེན་འབྱིན་པར་བྱེད་པ་ཡིན༔ མིག་ནི་མི་གསལ་རབ་རིབ་ན༔ ངན་སོང་གནས་རྣམས་དག་ཏུ་སྐྱེ༔ ལག་པ་དག་ནི་གཡས་གཡོབ་ན༔ མི་དེ་ལྷ་ཡི་གནས་ནའོ༔ ཁ་ནས་ཚིག་ནི་འཆོལ་བ་ན༔ ལྷ་མིན་གནས་སུ་དེ་བཞིན་སྐྱེ༔ རྐང་པ་གཡོན་པ་ས་ལ་བརྡེག༔ དེ་ནི་དམྱལ་བའི་གནས་སུའོ༔ ལུས་ཀྱི་བཀྲག་ནི་སེར་བཀྲག་མེད༔ འདི་ནི་ཡི་དྭགས་གནས་སུའོ༔ ཁ་ནས་སེམས་ཅན་སྐད་བཞིན་འདོན༔ དེ་ནི་བྱོལ་སོང་གནས་སུའོ༔ ཡང་ན་ཁ་ལྐུག་སོ་འཐམ་ན༔ དེ་བཞིན་བྱོལ་སོང་སྐྱེ་ངེས་སོ༔ ཚིག་གསལ་དྲན་པ་མ་ཉམས་ན༔ དེ་ནི་མི་ཡི་གནས་སུའོ༔ ཕྱི་ཡི་རྟགས་ནི་དེ་དག་དང་༔ ཞེས་སོ༔

གཉིས་པ་ནང་དྲོད་དང་དབུགས་ཀྱི་རྟགས་ལ་གཉིས་ལས༔ དང་པོ་ལ་དྲོད་འདུ་ཚུལ་དང་ཡས་ཚུལ་གྱིས་བཤད་པ་གཉིས་ལས་དང་པོ་ནི༔ སྔ་མ་ལས༔ ནང་གི་རྟགས་ནི་འདི་དག་སྦྱར༔ སྤྱི་བོར་དྲོད་རྣམས་འདུས་པ་ན༔ དེ་ནི་ལྷ་ཡི་གནས་སུའོ༔ དེ་བཞིན་རྐང་མཐིལ་དྲོད་འདུས་ན༔ དེ་ནི་དམྱལ་བའི་གནས་སུའོ༔ མཆན་ཁུང་གཡས་སུ་དྲོད་འདུས་ན༔ དེ་ནི་ལྷ་མིན་གནས་སུའོ༔ དེ་བཞིན་ཁར་ནི་དྲོད་འདུས་ན༔ མི་དེ་ཡི་དྭགས་གནས་སུ་སྐྱེ༔ དེ་བཞིན་མཚན་མར་དྲོད་འདུས་ན༔ དེ་ནི་བྱོལ་སོང་སྐྱེ་གནས་སོ༔ མིག་ཏུ་དྲོད་རྣམས་འདུས་པ་ན༔ མི་ཡི་གནས་སུ་སྐྱེ་བ་ཡིན༔ དེ་ལྟར་རྟགས་དང་སུ་ལྡན་ན༔ འདི་ནི་ངེས་པ་ཁོ་ནའོ༔ ཞེས་སོ༔

གཉིས་པ་ནི༔ བར་དོའི་རྒྱུད་ལས༔ མཐོ་རིས་འགྲོ་བས་དྲོད་དེ་ནི༔ རྐང་མཐིལ་དག་ཏུ་དྲོད་ཡལ་ན༔ སྲིད་པ་ཆགས་པའི་ལྟེ་བ་རུ༔ ལུས་ཀྱི་དྲོད་ནི་དེར་འདུས་ན༔ ཁྱད་པར་ལྷ་ཡི་གནས་སུ་སྐྱེ༔ དེ་ནས་སྙིང་དྲོད་ཡར་བསྡུས་ཏེ༔ མགྲིན་པའི་ངག་གི་གནས་དེར་སྡུད༔ ལུས་ཀྱི་དྲོད་ནི་དེར་འདུས་ན༔ ཁྱད་པར་ལྷ་མིན་གནས་སུ་སྐྱེ༔ མགྲིན་པའི་དྲོད་དེ་ཡར་བསྡུས་ནས༔ སྤྱི་བོར་ཚངས་པའི་གནས་དེར་འདུས༔ བསྡུས་ཏེ་འཇའ་ཚོན་བཞིན་དུ་སོང་༔ ཕྱག་རྒྱ་ཆེན་པོའི་རྒྱུ་རུ་སྐྱེ༔ ཞེས་དང་༔ ངན་སོང་སྐྱེ་བའི་དྲོད་དེ་ནི༔ སྤྱི་བོའི་གཙུགས་ནས་དྲོད་ཡལ་ཏེ༔ ལྟེ་བའི་གནས་སུ་དྲོད་བསྡུས་ན༔ གླེན་ལྐུག་བྱོལ་སོང་གནས་སུ་སྐྱེ༔ ལྟེ་བ་ནས་བཟུང་དྲོད་ཡལ་ན༔ དམྱལ་བའི་གནས་སུ་ངེས་པར་སྐྱེ༔ ལུས་ཀྱི་ཕྱི་རུ་དྲོད་བྲོས་ནས༔ ཐད་ཀ་རང་རང་ཡལ་བ་ན༔ བཀྲེས་སྐོམ་ཡི་དྭགས་གནས་སུ་སྐྱེ༔ ཞེས་སོ༔ གཉིས་པ་དབུགས་ཀྱི་རྟགས་ནི༔ བར་དོའི་རྒྱུད་ལས༔ མཐོ་རིས་ཐོབ་པའི་དབུགས་རྟགས་ནི༔ ནང་དུ་སུམ་ཆ་རྔུབ་པས་ན༔ ལྷ་དང་ལྷ་མིན་ཁྱད་པར་ཐོབ༔ ཕྱི་རུ་སུམ་གཉིས་རྔུབ་པ་ན༔ རིག་པ་འཛིན་པའི་ས་རུ་སྐྱེ༔ ཞེས་དང་༔ ངན་སོང་འགྲོ་བའི་དབུགས་དེ་ནི༔ ནང་དུ་སུམ་ཉིས་རྔུབ་པ་དང་༔ ཕྱི་རུ་སུམ་ཆ་སྤྲོ་བ་ནི༔ ངན་སོང་གནས་སུ་སྐྱེ་བར་ངེས༔ ཞེས་སོ༔

གཉིས་པ་སྐྱེ་གནས་ངན་པའི་རྟགས་དང་ལྡན་ན༔ དེ་ཉིད་སྦྱངས་བའི་ཐབས་ལ༔ རང་གཞན་གཉིས་ལས༔ དང་པོ་རང་གིས་སྦྱངས་བ་ནི༔ འཕོ་བ་ཡིན་ཏེ༔ དེ་ལ་ཡེ་ཤེས་གསལ་སྟོན་གྱི་རྒྱུད་ལས༔ རབ་ནི་ཆོས་སྐུ་དག་ལ་འཕོ༔ འབྲིང་ནི་གཟུགས་སྐུ་དག་ལ་འཕོ༔ ཐ་མ་ཞིང་ཁམས་དག་དུ་འཕོ༔ ཞེས་གསུམ་དུ་གསུངས་བས་འདིར་ཡང་སྤྱིར་རྣམས་རབ་འབྲིང་ཐ་མ་གསུམ་དུ་ཡོད་པ་ལས༔ རབ་ནི༔ སྤྱིར་དབང་བཞི་རང་རང་གི་ལྟ་བའི་ངང་དུ་འཕོ་བ་ཡིན་ལ༔ འདིར་ནི་དབྱིངས་རིག་གཉིས་ལས་དབྱིངས་ལ་འཕོ་བ༔ འཆི་སྦྱང་གིས་དེ་ལྟར་ཁྲེགས་ཆོད་ཙམ་གྱི་ངོ་སྐལ་དུ་ཡིན་ཏེ༔ དེའི་ཚུལ་གཙོ་ཆེ་བ་ནི༔ བར་དོའི་རྒྱུད་ལས༔ ཆོས་ཉིད་མི་འགྱུར་ནམ་མཁའ་ལ༔ རང་བཞིན་མེད་པར་རྟོགས་པ་ན༔ སངས་རྒྱས་ཆོས་སྐུའི་སྙིང་པོ་ཐོབ༔ འཆི་བ་དབུགས་ཀྱི་བར་དོ་རུ༔ ཆོས་རྣམས་ཐམས་ཅད་དྲན་མི་བྱ༔ དྲན་རྟོགས་མེད་པའི་ནམ་མཁའ་ལ༔ དམིགས་པ་མེད་པར་སང་ངེ་བཞག༔ བག་ཆགས་མི་གཡོ་ཡེ་ཤེས་ཏེ༔ རང་བཞིན་མེད་པར་རྟོགས་གྱུར་ན༔ སངས་རྒྱས་ཀུན་གྱི་སྙིང་པོ་ཐོབ༔ ཆོས་རྣམས་ནམ་མཁའི་རང་བཞིན་ལ༔ མཚན་མའི་རྣམ་རྟོག་ཅི་ཤར་ཡང་༔ རྟོག་མེད་ནམ་མཁའི་ངང་དུ་བསྒོམ༔ ཆོས་རྣམས་ཐམས་ཅད་ལྟ་བས་གཅོད༔ ལུས་ངག་སྤྱོད་པ་ཆེན་པོ་དེ༔ ལུས་ཀྱི་སྡུག་བསྔལ་ཐམས་ཅད་བྱུང་ཡང་༔ རིག་པས་ཤེས་པ་དེ་དག་ཀུན༔ རིག་མེད་དབུགས་ཀྱི་རྟ་ཕོ་ལ༔ རྣམ་རྟོག་བཅས་ཏེ་མཁའ་ལ་བཞག༔ རྣམ་རྟོག་བསྐྱེད་མི་ཡིད་ཡིན་པས༔ ཡིད་ཀྱིས་ཡེ་ཤེས་མིང་མེད་བསྒོམ༔ ལོ་དང་བསྐལ་བ་མང་པོ་རུ༔ ཉོན་མོངས་བག་ཆགས་མང་ཡོད་ཀྱང་༔ བར་དོའི་ཡེ་ཤེས་སྐད་ཅིག་ལ༔ གསལ་བས་ཐམས་ཅད་དག་པར་བྱེད༔ འཆི་ཁའི་ཡེ་ཤེས་རྟོག་དྲག་ན༔ གོང་གི་རྣམ་རྟོག་ཉོན་མོངས་ཀུན༔ ཡེ་ཤེས་སྐད་ཅིག་གཅིག་གིས་སེལ༔ འཆི་ཁའི་ཡེ་ཤེས་སྟོབས་ཞན་ན༔ ལོ་དང་བསྐལ་པའི་བག་ཆགས་ཀུན༔ དུས་དེ་ཉིད་ལ་རྫོགས་པར་སྣང་༔ ཞེས་སོ༔ འོན་ཀྱང་ཐོད་རྒལ་གྱིས་དབྱིངས་རིག་ཟུང་འཇུག་ནི༔ ལྷ་སྐུའི་མཆོག་འོད་གསལ་བ་ཡིན་པས༔ དེ་ལས་ཕུལ་དུ་བྱུང་བ་མེད་དེ༔ དེའི་སྣང་སྟོང་གི་ཆ་སོ་སོ་ནས་བཟུང་ནའང་༔ རིག་སྟོང་ཤེས་རབ་རང་བྱུང་སྒྲོན་མ་ཁྲེགས་ཆོད་མཐར་ཐུག་ལ་འཕོ་བ་ནི་ཡེ་ཤེས་དང་༔ དེའི་གདངས་དབྱིངས་དང་ཐིག་ལེའི་སྣང་བ་ཐོད་རྒལ་གྱི་ཆ་ལས་ལྷ་སྐུར་ཉིད་ལ་འཕོ་བ་སྟེ༔ སྣང་སྟོང་གི་ལམ་གཉིས་ཟུང་འཇུག་དུ་བསྒོམ་ནའམ༔ ཡང་ན་ཐོད་རྒལ་རྐྱང་པའང་འདིའི་རང་ལམ་གྱི་ནི་བསྐྱེད་རྫོགས་ཀྱང་ཡིན་ནོ༔ དེ་ལྟར་འཕོ་བའི་ཚུལ་ཡང་༔ ཉི་ཟླ་ཁ་སྦྱོར་ལས༔ དེ་ཚེ་བླ་མའི་གདམ་ངག་རྣམས༔ རང་གི་རྒྱུད་ལ་འདྲེས་པར་བྱ༔ དོན་འདི་རྣམས་ཀྱིས་གསལ་ཡང་གདབ༔ དེ་ཚེ་སྐྱེས་བུ་སྐལ་ལྡན་དེ༔ སྣང་བ་ཉིད་ནི་རང་གསལ་ལ༔ མི་གནས་ཤེས་པ་རང་སོ་ཞེས༔ རླུང་བཞི་རིམ་གྱིས་ཞི་ནས་ཀྱང་༔ རླུང་ཆེན་དག་གིས་བསྐྱོད་པའི་ཚེ༔ ཡུལ་དང་གནས་ལ་འཇུག་པ་དང་༔ སྐུ་དང་ཡེ་ཤེས་འཇུག་ལུགས་བསྟན༔ ཞེས་རིག་པ་མིག་ལ་གཏད༔ མིག་དང་ཤེས་པ་བར་སྣང་ལ་གཏད༔ དབྱིངས་དང་རིག་གདངས་གང་རུང་ལ་འཕོ་བ་སྟེ༔ དེ་ཉིད་ལས༔ སྐུ་དང་ཡེ་ཤེས་འཇུག་ལུགས་ནི༔ རིག་པ་འདི་ལྟར་གཏད་པར་བྱ༔ ཕུང་པོ་སེང་གེ་ཉལ་ལུགས་ཀྱིས༔ རིག་པ་ཉིད་ནི་མིག་ལ་གཏད༔ ཡུད་ཙམ་བར་སྣང་ལམ་དུ་བྱ༔ དབྱིངས་དང་རིག་པ་མ་འགྱུར་ན༔ མི་དེ་བར་དོ་མེད་པར་ནི༔ སངས་རྒྱས་ས་ལ་ཐེ་ཚོམ་མེད༔ ཞེས་སོ༔ འཕོ་བའི་དེ་ནི་འདུན་པ་འཕོ་བ་དང་༔ འདི་ནི་དབྱིངས་རིག་མི་འགྱུར་བའི་ངང་ལ་མཉམ་པར་འཇོག་པ་རྒྱས་སྤྲོས་ཀྱི་ཁྱད་པར་ལས་བཟློས་སོ༔ འདི་ལ་དབྱིངས་རིག་རང་སོ་ལ་བཞག་པ་ཞེས་སུ་བྱའོ༔ གལ་ཏེ་དེ་ལ་དབྱིངས་རིག་མི་འགྱུར་བའི་རང་གདངས་མ་རྙེད་ན་ནི༔ ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་གྱིས་རིག་པའི་རང་སྣང་ལ་བཙན་ས་བཟུང་བའི་འདུན་པ་དང་བཅས་ཏེ༔ སངས་རྒྱས་སྐུ་གསུམ་གྱི་སུན་མ་འོང་བའི་འོད་དང་ཡེ་ཤེས་རྣམས་ཡིད་བྱེད་ཅིང་བསྒོམ་པས་གྲོལ་བ་ཐོབ་པའང་༔ ཁ་སྦྱོར་ལས༔ གལ་ཏེ་དབྱིངས་རིག་མི་གསལ་ན༔ ཆོས་ཉིད་བདེན་པའི་བར་མ་དོར༔ རིག་པའི་སྣང་བ་གཟུང་བའི་ཕྱིར༔ སྔར་བསྟན་འོད་རྣམས་ཡིད་ལ་བྱ༔ དེས་ནི་བདེན་པའི་སྣང་བ་ཐོབ༔ ཞེས་དང་༔ བར་དོའི་རྒྱུད་ལས༔ སྔར་རྣམ་རྟོག་བསྐྱེད་མི་ཡིད་ཡིན་པས༔ ཞེས་གསུངས་པའང་ཁྲེགས་ཆོད་པས་འདི་དང་མཐུན་པར་བསྒོམ་ཚུལ་གྱི་རང་ལམ་ཡིན་ནོ༔

གཉིས་པ་འབྲིང་གིས་ནི༔ སྟོང་དང་སྙིང་རྗེ༔ བསྐྱེད་དང་རྫོགས་པ༔ སྒྱུ་ལུས་དང་འོད་གསལ་གྱི་བསྒོམ་པ་ཡིད་ལ་བྱེད་བའི་བསྲེ་འཕོ་ནི༔ བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་གཞན་གྱི་ཚུལ་ལོ༔ གསུམ་པ་ཐ་མས་ནི༔ སྤྲུལ་སྐུ་ཚད་མེད་ཐུགས་རྗེས་འཕོ་བ་ཞེས་དམིགས་འདུན་དང་བཅས་པ་སྟེ༔ དེ་ལ་ཐེག་པ་སོ་སོ་དང་རྒྱུད་ཐ་དད་ཀྱི་དགོངས་པ་མང་ནའང་༔ འདིར་ཁ་སྦྱོར་ལས༔ ཡུལ་གནས་དག་ལ་འཇུག་ལུགས་ནི༔ གྲོང་འཕོ་གྲོང་འཇུག་གདམས་པ་སྟེ༔ རྣམ་ཤེས་རླུང་ཞོན་རླུང་ལ་སྦྱང་༔ དེ་ཡང་གོང་དུ་འབྱོངས་པ་གཅེས༔ རིག་པ་སྡུད་དང་འཕང་བ་གཅེས༔ དེ་ཡང་ཧིག་གིས་འཕང་པའོ༔ དེ་ཉིད་བླ་མའི་ཞལ་ལ་ཐུག༔ ཅེས་སོ༔ དེ་ལ་རྒྱུད་ཀྱི་བབ་མཐུན་གཙོ་བས་གསང་ལམ་ལ་འཕོ་བ་ཞེས་བྱ་བར་གནད་ཀྱི་གདམས་ངག་སྐོར་གསུམ་ལས་བཤད་པ་ལྟར་རོ༔ འདི་ཡང་འཕོ་ཁྲིད་ཀྱི་ནང་ནས༔ ཆོས་ཉིད་བར་དོའི་ནང་ཚན་གྱིས༔ ལྟ་བའི་འཕོ་བར་བཤད་ཀྱང་༔ ལྟ་བ་ལ་རྒྱས་འདེབས་སམ༔ སྟོང་འདེབས་ཙམ་ལས་ལྟ་བ་དངོས་ཀྱི་ངང་ལ་བཙན་ས་ཉིན་པ་ནི་མ་ཡིན་པས་འདིར་སྤྲུལ་སྐུར་བཤད་ཀྱང་ཤིན་ཏུ་འབྲེལ་ཆགས་སོ༔

དེ་ལྟ་ན་གསེབ་ལམ་ནས་འཕོ་བ་ནི༔ སྟོང་ལམ་ ༼ ཁྲེགས་ཆོད། ༽གྱི་དང་༔ གསང་ལམ་ ༼ ཐོད་རྒལ། ༽ ན་ནས་འཕོ་བ་ནི་སྣང་ལམ་གྱི་སྐལ་བར་ཐེམ་ཐང་དུ་འགྲོའོ༔ འདིར་གྲོལ་བའི་གདམས་པ་ནི༔ འཕོ་བ་ཡེ་ཤེས་གསང་ལམ་ནས་བར་དོ་ཟང་ཐལ་རྒྱབ་ཆོས་འདོན་ཆོག་དང་བཅས་པ་ལྟར་རོ༔ གཉིས་པ་གཞན་གྱིས་སྦྱངས་པ་ནི༔ འཆི་ཁ་དང་༔ རོ་དང་༔ དེ་མེད་པའི་རྗེས་སུ་སྦྱངས་པ་དང་གསུམ་ལས༔ དང་པོ་ནི༔ བླ་མའམ་མཆེད་གྲོགས་ཀྱིས་སྦྱངས་པ་སྟེ༔ བར་དོའི་རྒྱུད་ལས༔ རང་ཉིད་རྨུགས་པར་གྱུར་བ་ལ༔ ཁྱད་པར་ཅན་གྱི་བླ་མས་སྦྱངས༔ ལྟ་བ་བསྒོམ་པ་སྤྱོད་པ་ཡིས༔ སྦྱངས་ཏེ་ལམ་ལ་འཇུག་པར་བྱ༔ ཞེས་སོ༔ དེ་ཡང་མ་དག་འཁོར་བའི་སྒོ་དགུ་པོ་ཡི་གེ་ཨ་ཡིས་དགག་པ་སྟེ༔ པདྨ་འཁྱིལ་བའི་རྒྱུད་ལས༔ སྐྱེ་བའི་སྒོ་ཨས་ཁ་ཁོག་ཅིག༔ ཅེས་གསུང་པ་འདི་ནི་རང་གཞན་གཉིས་ཀའི་སྦྱངས་པ་ལ་འཇུག་སྟེ༔ གཞན་གྱིས་སྦྱངས་པའི་ཚེ་ན༔ ཉི་ཟླ་ཁ་སྦྱོར་ལས༔ དེ་དག་རྗེས་སུ་བཟུང་བའི་ཕྱིར༔ གནས་ནི་རིམ་པར་དྲངས་བའི་ཕྱིར༔ ཡི་གེ་ཨ་ཡི་སྦྱོར་བ་ཡིས༔ དབུགས་དང་དེ་ཡི་གྲངས་དང་སྦྱར༔ གལ་ཏེ་དེ་བར་མ་ཤི་ན༔ སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི༔ ཤེས་པ་ལུས་ཀྱི་དཀྱིལ་དུ་ཡང་༔ ཨ་ནི་དམིགས་ཏེ་བསྡུ་བར་བྱ༔ ཞེས་ཕ་རོལ་པོ་དང་གཞན་དོན་བྱེད་པའི་གང་ཟག་གཉིས་ཀའི་མི་དེའི་རྣམ་ཤེས་ཨ་དཀར་པོར་དམིགས་ཏེ༔ བཟླས་ནས་དབུགས་འགྲོ་དུས་སྤྱི་བོར་ཁ་གཏད་ནས་ཨ་ཉེར་གཅིག་བརྗོད་པས་མཐོ་རིས་སུ་འདྲོང་པར་གསུངས་པ་དང་༔ གནད་གཅིག་པར་རང་ངམ་ ༼ གཤིན་པོ། ༽ གྲོགས་ཀྱི་མཛུབ་མོ་གཡོན་པའི་པྲེ་ག་ལ་ཡི་གེ་ཨཱ་གཅིག་བསམ་ནས༔ གཤིན་པོར་ཆས་པ་དེའི་སྣ་བུག་གཡོན་དགག་པར་བྱའོ༔ དེའི་དུས་སུ་གསལ་གདབ་པ་ནི༔ མ་དག་འཁོར་བའི་སྒོ་དགུ་ཡི་གེ་ཨས་དགག་པར་བསྒོམ་དུ་གཞུག་པ་དང་༔ ཡི་གེ་དེ་བྲིས་ལ་སྒོ་དགུར་གདགས་པ་དང་ ༼ གཞན་དོན་བྱེད་པོ་གང་ཟག་གིས། མཆན། ༽ བསམ་པར་ཡང་བྱ་སྟེ༔ དེའི་སྤྱི་བོར་ཚངས་པའི་ཐད་ནས་སྐྲ་ཚོམ་གཅིག་ལ་གཟུངས་ཐག་གདགས་པའམ་ཡང་ན་སྣ་བུག་གཡས་འབྱུང་བའི་ལམ་ཡིན་པས་དེའི་ཐད་དུ་བཟུང་ནས་༔ ༼ འདྲེན་པ་པོ། ༽བདག་གསང་ཆེན་རིགས་གཅིག་གི་ལྷ་རྡོར་སེམས་སོགས་གང་རུང་དུ་བསྐྱེད་པས་སྲིན་ལག་ལ་གཟུངས་ཐག་དཀར་དམར་མཐིང་ཀ་སུམ་བསྒྲིལ་གྱི་སྣེ་བཏགས་ཏེ༔ དེ་ནས་ལྷའི་སྔགས་ཀྱི་སྙིང་པོའམ་ཨཱ་དེ་སྟོང་བཟླས་པའི་སྒྲ་ཡིས་བོས་པ་དང་མཉམ་དུ་ཁོའི་རྣམ་ཤེས་ཧཱུྃ་དུ་གྱུར་པ་སྤྱི་གཙུག་ནས་གཟུངས་ཐག་ལ་བརྒྱུད་དེ༔ བདག་ལྷར་གསལ་བའི་ཐུགས་ཀར་ཐིམ་པར་གཉིས་ཀས་བསམ་ནས་ཀྱང་༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔ་ལྡན་གྱི་རང་བཞིན་སྐྱེ་མེད་སྤྲོས་པ་དང་བྲལ་པ་ཨ་དོན་རང་བྱུང་གི་ཡེ་ཤེས་ལ་མཉམ་པར་བཞག་པས༔ གྲོལ་བ་ཐོབ་པའང་༔ པདྨ་འཁྱིལ་བའི་རྒྱུད་གསང་བ་ལས༔ རང་ངམ་གྲོགས་ཀྱི་མཛུབ་མོ་གཡོན་པའི་བྲེ་ག་ལ་ཡི་གེ་ཨཱ་གཅིག་བསམ་ནས་གཡོན་དགག་པར་བྱའོ༔ དེའི་དུས་སུ་ཕྱིར་མི་ལྡོག་པའི་གདམས་ངག་དྲན་པར་བྱའོ༔ བྱང་ཆུབ་སེམས་དཔའ་ཁྱོད་ལམ་དུ་འཇུག་པའི་ཚེ༔ གསང་བ་སྒོ་དགུའི་ནང་དགུ་ལ༔ ཡི་གེ་མ་བུའི་སྦྱོར་བས་དགག༔ གསང་བའི་སྒོ་དགུའི་གནད་དགུ་ནི༔ སྙིང་ག་ལྐོག་མའི་ཁ་ཕྱོགས་དང་༔ མིག་གཉིས་དང་ནི་རྣ་བ་དང་༔ ནོར་བུ་སྣ་ཡི་རྩེ་མོ་རུ༔ སྔགས་བྲིས་པས་ནི་དགག་པར་བྱ༔ བསམ་པར་བྱ་བ་དོན་ལ་གསུངས༔ ད་ནི་གསང་བའི་སྒོ་གསུམ་དབྱེ༔ འཇུག་པ་དེ་ཡི་འཐོར་ཏོ་ནས༔ ཚངས་པའི་སྐུད་པ་སུམ་བསྒྲིལ་ལ༔ བདག་ཉིད་ལྷ་ཡི་སྲིན་ལག་ལ༔ བཏགས་ཏེ་སྔགས་འདི་སྟོང་བཟླས་ནས༔ བཅུ་གཉིས་བཅུ་གཉིས་ཕྱི་སྒོ་ནས༔ བདག་ཉིད་ཡེ་ཤེས་སེམས་དཔའ་ཉིད༔ མེ་ལོང་ལྟ་བུའི་གཟུགས་བརྙན་ནི༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ གསུང་གི་སྒྲ་ཡིས་བོས་པའི་ཚེ༔ བདག་དང་གཉིས་མེད་ཐུགས་ཀར་ཐིམ༔ སྐྱེ་བ་མེད་པའི་ལམ་བསྟན་པའོ༔ མཇུག་གི་ཧཱུྃ་ནི་ཨཱ་རུ་ཐིམ༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ ཆོས་ཉིད་རྣམ་དག་ངང་དུ་བསྟིམ༔ དེ་ལ་གཉེན་པོས་བཤིག་ཏུ་མེད༔ དེ་ནི་ཡང་དག་རྫོགས་པའོ༔ འཆི་ཀ་མ་ལས་ཀྱི་རིན་པོ་ཆེ་རིག་པ་ལུ་གུ་རྒྱུད་དུ་དྲངས་པའོ༔ ཞེས་སོ༔ དེ་དག་ནི་ཆོས་འདིའི་སྒོ་མ་མཐོང་བ་དང་༔ མཐོང་ཡང་བརྟན་པ་མ་ཐོབ་པ་གཉིས་ཀའི་ཐུན་མོང་ཡིན་ལ༔ ཁྱད་པར་དུ་ལམ་འདིར་ཞུགས་ནས་གོམས་ཆ་རེ་ཡོད་པ་ལ་ནི༔ སུན་མ་གསུམ་གྱི་དུས་སུ་སྐྱེལ་མ་གསུམ་གྱི་ཕན་གདགས་པའི་ཕྱིར༔ བླ་མའམ་གྲོགས་ཀྱི་མགྲོན་པོ་ལ་བརྒལ་ལ་ཚངས་སྤྲུག་སུ་གདབ་པ་ནི༔ ཉི་ཟླ་ཁ་སྦྱོར་ལས༔ གལ་ཏེ་དེ་དག་མི་གསལ་ན༔ རང་གི་བླ་མ་གནས་པ་ན༔ གོང་གི་མན་ངག་གསལ་ཡང་གདབ༔ བླ་མ་མེད་ན་རྡོ་རྗེ་སྤུན༔ ཤེས་པའི་གསལ་ཡང་གདབ་པར་བྱ༔ ཞེས་པ་ལྟར་བྱ་བ་ལ༔ སུན་མ་གསུམ་ནི༔ སྤྱིར་བར་དོ་སྐུ་གསུམ་གྱི་སྣང་བའང་ཡིན་ལ༔ ཁྱད་པར་འདིའི་སྐབས་སུ་སུན་མ་གསུམ་ནི་སྐུའི་སུན་མ་སྣང་སྲིད་ཐམས་ཅད་འོད་ཁ་དོག་ལྔ་རུ་འཆར་རོ༔ གསུང་གི་སུན་མ་སྒྲ་རུ་འཆར་རོ༔ ཐུགས་ཀྱི་སུན་མ་ཟེར་དུ་འཆར་རོ༔ དེ་རྣམས་སྐུ་གསུང་ཐུགས་སུ་ངོ་ཤེས་པར་བྱས་པས༔ རིག་པ་རང་འོད་གཉིས་སུ་མེད་པར་ཐིམ་པ༔ དཔེར་ན་ཆུ་དང་འོ་མ་འདྲེས་ཙ་ན་ཆུ་ཡང་འོ་མའི་རང་བཞིན་འགྱུར་བས༔ དེ་ལྟར་རིག་པ་འོད་གསལ་དུ་ཐིམ་ནས་སངས་རྒྱའོ༔ སྐྱེལ་མ་གསུམ་ནི༔ སྔར་ཉམས་སུ་བླངས་པའི་སྐྱེལ་མ༔ ཉམས་གདངས་སུ་ཚུད་པའི་སྐྱེལ་མ༔ འཆི་ཁར་གྲོགས་སམ་རང་གི་གསལ་ཐེབས་པའི་སྐྱེལ་མ་སྟེ༔ འདི་ནི་འཕོ་བའི་དུས་ཐམས་ཅད་ལ་དགོས་པ་ཡིན་ཏེ༔ བསྟན་བུ་ལས༔ འཕོ་བའི་དུས་དེ་རྣམས་སུ་སྐྱེལ་མ་གསུམ་དང་ལྡན་པར་བྱས་ཏེ༔ སུན་མ་གསུམ་གྱི་སྟེང་དུ་འཕོའོ༔ དེ་ནི་རང་གི་རིག་པའི་འོད་གསལ་གཉིས་སུ་མེད་པར་ཐིམ་ནས༔ སྐྱེ་མེད་ཆོས་ཀྱི་སྐུར་སངས་རྒྱའོ༔ ཞེས་སོ༔ གདབ་ཚུལ་ནི༔ ཕ་རོལ་པོ་དབུགས་དང་བྲལ་ལ་ཁད་པ་དེའི་སྒོ་ཁ་སྣ་གསུམ་དང་༔ གདབ་མཁན་གྱི་སྒོ་གསུམ་སྤྲད་ཏེ༔ འཇམ་རླུང་ཨོཾ་ཨཱཿགཉིས་དང་༔ དམིགས་མེད་ཀྱི་ངང་དུ་འཕང་བ་གསུམ་པོ་དེའི་དབུགས་བསུས་ནས་ཚུར་རྔུབ་དུས་གསུམ་ག་ལ་ཁོའི་ཤེས་པ་ཧཱུྃ་མཐིང་ཀ་གསུམ་དུ་བསམ་སྟེ༔ ཚུར་དྲངས་ནས་རང་གི་རིག་པ་དང་དབྱེར་མེད་དུ་བསྲེས་ནས་སྟོང་ཉིད་ཀྱི་དོན་ལ་མཉམ་པར་བཞག་པས༔ རྣལ་འབྱོར་རྟོགས་པ་མཆོག་ལྡན་ཡིན་ན༔ གཞི་རང་བཞིན་དང་རྟོགས་པ་མངོན་གྱུར་བའི་བདེན་པ་ནང་འཕྲད་དེ་གྲོལ་བའམ༔ པདྨ་འཁྱིལ་བའི་རྒྱུད་ལས༔ རིག་པ་ལུ་གུ་རྒྱུད་དུ་དྲངས་བ་ནི༔ གང་ཞིག་གནས་ནས་ཐོན་པའི་ཚེ༔ སྒོ་གསུམ་སྒོ་གསུམ་སྒོ་སྤྲད་དེ༔ དབུགས་ཏེ་ཧཱུྃ་རེས་རྔུབ་པར་བྱ༔ མཇུག་ཏུ་ཧཱུྃ་ནི་ཨཱ་ལ་ཐིམ༔ ཨཱ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ ཆོས་ཉིད་རྣམ་དག་ངང་དུ་བསྟིམ༔ ཞེས་སོ༔ ཁ་སྦྱོར་ལས༔ དེ་ཉིད་ཐུགས་རྗེས་བཟུང་བའི་ཕྱིར༔ སྒོ་གསུམ་སྒོ་གསུམ་སྒོ་སྤྲད་དེ༔ དབུགས་ནི་རྔུབ་དང་བསྡུད་དང་འཕང་༔ ཡི་གེ་འབྲུ་གསུམ་གཞུག་པས་ནི༔ ལུས་ངག་ཡིད་གསུམ་སྟོབས་བསྐྱེད་ཕྱིར༔ དབུགས་དང་བཅས་ཏེ་མཁས་པས་བྱ༔ ཞེས་སོ༔ མིན་ཡང་ཤི་བ་སླར་ལོག་ནས་གདམས་ངག་ལ་ཉན་པར་དབང་བའི་རྟགས་སུ༔ མིག་དང་ཤེས་པ་གྲུང་བའི་ཧར་ལང་ནུས་པ་སོགས་བྱུང་ན་འདི་ལྟར་གདབ་པར་བྱ་སྟེ༔ སྨྱུག་སྦུབས་ལས༔ ཀྱེ་རིགས་ཀྱི་བུ་མ་ཡེངས་བར་ཉོན་ཅིག༔ ཆོས་ཉིད་ཀྱི་བར་དོ་ལ༔ འོད་དང་༔ ཟེར་དང་༔ སྒྲའི་སྣང་བ་གསུམ་འབྱུང་སྟེ༔ འོད་ནི༔ དབུགས་ཆད་པའི་དུས་སུ༔ སྣང་སྲིད་ཐམས་ཅད་ཁ་དོག་ལྔ་རུ་འཆར་ཏེ༔ བསམ་གཏན་གྱི་ཞག་གསུམ་གནས་སོ༔ འོད་ཀྱི་ཟེར་ནི་གདམས་ངག་མ་བསྟན་པ་ལ་ཟེར༔ མཚོན་ཆ་བཏབ་པ་ལྟ་བུར་སྣང་ངོ་༔ དེ་ལ་མ་འཇིགས་ཤིག༔ དེ་རང་འོད་དུ་ངོ་ཤེས་པས་ཆོག་གོ༔ བཏབ་པ་ལ་རྡོ་རྗེའི་བུ་ག་ཁོང་སེང་དུ་འོང་ངོ་༔ སྒྲ་ནི་ཕལ་བ་ལ་འཇིགས་པའི་སྒྲ་ཐོས༔ རྣལ་འབྱོལ་བ་ལ་ཆོས་ཉིད་ཀྱི་སྒྲ་ཐོས༔ དེ་ལ་མ་འཇིགས་ཤིག་དེ་ཆོས་ཉིད་ཀྱི་རང་སྒྲར་ངོ་ཤེས་པའི་ངང་དུ་བཙན་ས་ཟུངས་ཤིག༔ འོད་ཀྱི་སྙིང་པོ་ནི་སྐུ་དང་ཞིང་ཁམས་སུ་སྨིན་པར་འགྱུར་གྱིས༔ ཀྱཻ་རིགས་ཀྱི་བུ་གང་ཞིག་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་བར་འདོད་པས་འདི་ལྟར་ཤེས་པར་བྱའོ༔ རང་གི་སྙིང་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་སངས་རྒྱས་རྒྱལ་བ་རིགས་ལྔའི་སྐུ་ཚོམ་བུའི་དཀྱིལ་འཁོར་བཅས་པ་སྐུ་ཉུང་འབྲུ་ལ་སྤྱན་ཕུལ་ཐག་ཙམ་སྣ་ཚོགས་གཅེར་བུར་བཞུགས་སོ༔ སྐུ་དེ་ཡང་ངོ་བོ་གསལ་བ་ཟང་ཐལ་བ་འཛིན་རྟོག་དང་བྲལ་བའི་ཡེ་ཤེས་སུ་བཞུགས་སོ༔ དེ་ལྟར་རང་གི་སྙིང་གི་ནང་ནས་སངས་རྒྱས་ཀྱི་སྐུ་ཡུངས་འབྲུ་ཙམ་བཞུགས་ཤིང་འཁྲུལ་སྣང་འགགས་པའི་དུས་སུ་སྐུ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པ༔ འབྲིང་པོ་རི་རབ་ཙམ་གྱིས་ཁེངས་ནས་རང་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ དེ་ངོ་ཤེས་པས་ཆོག་གོ༔ རང་གི་རིག་པ་འོད་ལྔ་དང་འདུ་འབྲལ་མེད་པར་འགྲོགས་པ་ཡིན་ནོ༔ རིགས་ཀྱི་བུ་སངས་རྒྱས་ཀྱི་སྐུ་རང་ལ་ཡོད་པས་གཞན་དུ་མ་ཚོལ་ཞིག༔ སངས་རྒྱས་འོད་ལྔའི་ལུས་སུ་བཞུགས་ནས་གསལ་འགྲིབ་དང་བྲལ་ལོ༔ སངས་རྒྱས་གྱི་སྐུ་ལ་འགྱུར་བ་མེད་པས་སྐྱེ་འཆི་དང་བྲལ་ལོ༔ ལུས་གནས་ལ་སངས་རྒྱས་བཞུགས་པ་རྟེན་དང་བྲལ་བས་ཁྱོད་ལ་མངོན་སུམ་དུུ་སྣང་བ་ཡིན་ཏེ༔ མ་འཇིགས་ཤིག༔ མ་སྔངས་ཤིག༔ མ་སྐྲག་པར༔ སངས་རྒྱས་ཐམས་ཅད་རང་ངོ་ཤེས་པས་སངས་རྒྱས་པས་དཀའ་ཐུབ་དང་བྲལ་ལོ༔ དེས་ན་ཁྱོད་ཀྱང་མི་འགྱུར་པ་གསེར་གྱི་ཐུར་མས་ཐབས་མཆོག་ཏུ་དྲན་པར་གྱིས་ལ༔ རང་གདེངས་ཆོས་ཤིག༔ རང་ས་ཟུངས་ཤིག༔ ཀ་དག་ཏུ་སྐྱོལ་ཅིག༔ ཕྱིར་མི་ལྡོག་པར་བག་སྐྱོངས་ཤིག༔ ཅེས་བརྗོད་པའམ༔ ཡང་ན་པདྨ་འཁྱིལ་བའི་རྒྱུད་ལས༔ རིགས་ཀྱི་བུ་ནམ་འཆི་ཀ་མའི་དུས་ཀྱི་ཚེ༔ སངས་རྒྱས་ཉག་ཅིག་རྗེས་སུ་དྲན་པར་གྱིས་ཤིག༔ སྐྱེ་བའི་སྒོ་ཨས་ཁ་ཁོག༔ གཟུང་འཛིན་ཞིང་ཁམས་ལ་སྦྱོར་ཞིག༔ ཡི་གེ་གསུམ་གྱི་དོན་ཁོང་དུ་ཚུད་ཅིག༔ ལམ་འབྱུང་བའི་ཚེ་རི་དྭགས་ལྟ་བུར་ཤེས་པར་བྱའོ༔ རིགས་ཀྱི་བུ་བར་མ་དོའི་ཤེས་པ་ལ་བདུད་ཀྱི་བསླུ་བ་བཅོ་བརྒྱད་འབྱུང་ངོ་༔ སྒྱུ་ལུས་ཀྱི་ཕུང་བོ་ཨ་ལ་ཟློག་ཅིག༔ རྣམ་པར་རྟོག་པ་ཧཱུྃ་ལ་ཟློག་ཅིག༔ སྣང་བའི་སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ལ་ཟློག་ཅིག༔ རིག་པ་ཤེས་རབ་ཆེན་པོ་ལ་ཟློག་ཅིག༔ ཤེས་རབ་ཀྱི་མདངས་བག་ཆགས་ཀྱི་གཉིད་སད་པར་བྱའོ༔ འོད་སྣང་བའི་དུས་སུ་ཕྱིར་མི་ལྡོག་བའི་གདམས་ངག་སྨྲས་པ༔ རིགས་ཀྱི་བུ་ཡེ་ཤེས་ཀྱི་བདེན་པ་མཐོང་བའི་དུས་སུ༔ ཤེས་རབ་མཁའ་ལས་གསལ་བའི་དུས་ན༔ འུབ་ཆུབ་ཏིང་ངེ་འཛིན་གྱི་རྒྱས་ཐོབ་ཅིག༔ ཡེ་ཤེས་ལྔའི་འོད་སྣང་བའི་དུས་སུ༔ རིན་པོ་ཆེ་ཨའི་རྒྱས་ཐོབ་ཅིག༔ སངས་རྒྱས་ཀྱི་ཞིང་ཁམས་སྣང་བའི་དུས་སུ༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྒྱས་ཐོབ་ཅིག༔ ཅེས་གསུངས་པ་ལྟར་བརྗོད་པར་བྱའོ༔ དེ་ལྟར་དགོངས་པའི་ངང་ལ་བཞག་པ་དང་༔ རང་དང་གཞན་གྱི་བསྲེ་འཕོ་དང་སྦྱངས་བ་རྣམས་ཀྱི་ཚུལ་ཡང་༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ གལ་ཏེ་དེ་དག་མི་གསལ་ན༔ རང་གི་བླ་མ་བཞུགས་ན་རབ༔ བླ་མ་མེད་ན་རྡོ་རྗེའི་སྤུན༔ ལྟ་སྤྱོད་མཐུན་ཞིང་དམ་གཙང་པས༔ ཤེས་པ་གསལ་ཡང་གདབ་པར་བྱ༔ གལ་ཏེ་ཕྱི་དབུགས་ཆད་ན་ནི༔ རླུང་སྦྱངས་འཕོ་བའི་གནད་བྱས་ཏེ༔ གདམས་པ་བཏབ་པས་ངེས་པར་ཐེབས༔ གདམས་པའི་གནད་ནི་འདི་ལྟར་གདབ༔ ཕུང་པོ་སེང་གེའི་ཉལ་ལུགས་བཅོས༔ རིག་པ་ཉིད་ནི་མིག་ལ་གཏད༔ ཡིད་དང་ཤེས་པ་བར་སྣང་ལ༔ དབྱིངས་དང་རིག་པ་མི་འགྱུར་གཏད༔ ས་ལེ་ཧྲིག་གེ་སང་ངེ་བཞག༔ སྒྲ་རྣམས་ཐམས་ཅད་རང་གི་སྒྲ༔ འོད་ཟེར་ཐམས་ཅད་རང་གི་འོད༔ སྣང་བ་ཐམས་ཅད་རང་སྣང་ངོ་༔ གསལ་སྟོང་འཛིན་པ་མེད་པའོ༔ དབྱིངས་དང་རིག་པ་མ་འགྱུར་ན༔ མི་དེ་བར་དོ་མེད་པར་འགྱུར༔ གལ་ཏེ་དབྱིངས་ཉིད་མ་གསལ་ན༔ བླ་མས་བར་དོའི་འོད་སྣང་རྣམས༔ ཡང་ཡང་སྤྱི་བོར་ཁ་གཏད་བཤད༔ བཏགས་གྲོལ་རྒྱུད་དང་གདམས་པ་རྣམས༔ རྣ་བར་སྦུ་གུ་བཅུག་ལ་བཤད༔ དེས་ནི་བརྟན་པ་ཐོབ་པར་འགྱུར༔ ཞེས་སོ༔

གཉིས་པ་རོ་ལ་སྦྱངས་པ་ནི༔ གཞན་ན་ཐུགས་རྗེས་ཟླ་བའི་སྟོད་ཆ་བཏགས་པ་དེའི་ཁྲུས་ལུང་གིས་ཐེར་ཞིང་༔ གསུམ་པ་རྗེས་ལ་སྦྱངས་པ་ནི༔ དེ་དང་བཅས་པས་རིགས་དྲུག་གི་མཎྜལ་བཀོད་དེ༔ ཚེ་ཁྲུས་གནས་གསུམ་གྱི་ལུང་མཐར་ཕྱིན་པས༔ དབང་བསྐུར༔ ཟད་གཏད༔ ལམ་བསྟན༔ གནས་སྤར་གྱི་ཆོ་ག་ལ་སོགས་པ༔ རབ་བདུན་ཚན་བདུན་དུ་བགོས་ཏེ༔ བར་དོའི་ཚེ་ཚད་འབྲིང་ཡིན་པ་དང་༔ བདུན་མཚམས་ནས་འཆི་ཆུང་ཡོད་པའི་ཕྱིར་འཇིགས་པ་དེ་ལས་སྐྱོབས་པའི་དགོས་པའང་ཡོད་དོ༔ དགེ་སྟོབས་འདེགས་པས་དེ་ཚུན་ཐུང་པ་དང་༔ མི་དགེ་བའི་ལས་འགའ་ཞིག་གིས་རིང་བའང་སྲིད་པས༔ འབྲིང་མཐའ་གཉིས་ཀས་ཀྱང་བདུན་ཚན་གཉིས་གསུམ་ཚུན་ངེས་པར་གལ་ཆེ༔ ཡང་རབ་ཀྱིས་ནི་ལོ་ཟླ་མང་བོའི་བར་ཚད་བཟུང་དུ་མེད་པས་དགེ་རྩས་ཀྱང་ཕན་པ་རྒྱ་ཆེའོ༔ ཡང་ན་ས་བཅད་དེ་གཉིས་ཀ་ཆིངས་གཅིག་གིས་འོང་བའང་༔ འདི་ལྟར་ཡང་ན་རང་ཉིད་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ཞིག་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་ནྲཿཡིག་གི་རྣམ་པ་དེ་ལ་ཕོག་པས་ཨཱ༔ དཀར་པོ་གཅིག་ཏུ་གྱུར་ནས༔ མདུན་དུ་བཀུག་སྟེ་རོའམ་རུས་པ་མིང་བྱང་དྲི་གོས་ཀྱི་རྟེན་དག་ལ་བསྟིམས་པས༔ དེ་ཉིད་ཚེ་འདས་དངོས་སུ་གསལ་བའི་སྙིང་ཀ་ལ༔ སླར་ཡང་ཐུགས་ཀའི་ཕཊ༔ ཡིག་འོད་ཟེར་དང་བཅས་པ་ཐིམ་པས་སེམས་ཀྱི་སྒོ་ཕྱེས༔ མ་རིག་ཉོན་ཤེས་དང་གནས་རིས་ཀྱི་སྒྲིབ་པ་གཤེད་ལྕགས་ལོག་འདྲེན་དང་བཅས་པ་གཏོར་ཞིང་འགས་བའི་ལས་རྣམས་བྱས་ནས་ཆོས་ཉན་པའི་རང་དབང་ཐོབ་པར་བསམ་ཞིང་༔ སླར་ཡང་ཨཱཿཡི་ཁྲུས་ལུང་ཧཱུྃ་གིས་དབང་བསྐུར༔ ཕཊ་ཀྱིས་གནས་སྤར་དང་བཅས་པས་རྣམ་ཤེས་སྐྱེ་མེད་ཆོས་ཀྱི་སྐུའི་རང་བཞིན་ལ་རྒྱས་གདབ་པའི་མན་ངག་གི་ཆོ་ག་ཟུར་པ་ལ་ཡང་མདོར་འདུས་པ་སྟེ༔ སྲིད་པ་བར་དོའི་རྒྱུད་ལས༔ སྟོན་པས་སྟོན་པ་ཀུན་བཟང་གིས༔ ཚེ་འདས་རིགས་ཀྱི་བུ་དེ་ཡང་༔ དྲི་མ་རུས་པའི་རྟེན་དག་ལ༔ རིན་ཆེན་དར་དང་ཚོན་སྐུད་ཀྱིས༔ ལེགས་པར་རིགས་དྲུག་སྙིང་པོ་དགོད༔ ཡི་གེ་ཨཱཿཧཱུྃ་ཕཊ་དག་གི༔ རྒྱ་ཡིས་གདབ་སྟེ་གུར་ཆེན་དབུས༔ ཉོན་མོངས་སྦྱངས་ཕྱིར་བཀུག་ལ་བསྟིམ༔ ཡེ་ཤེས་ཕྱག་རྒྱ་ཀུན་བཟང་གིས༔ ཐུགས་ཀྱི་ཡི་གེ་ཧཱུྃ་བཏོན་ནས༔ ཨཱཿཡིས་བསྟིམ་སྟེ་ཕཊ་ཀྱིས་སྤར༔ ཕཊ་ཀྱི་འོད་ཟེར་ནག་པོ་ཡིས༔ ཉོན་མོངས་སྦྱངས་པས་ཡི་གེ་གསལ༔ ཡེ་ཤེས་དེ་ཡི་བྱིན་རླབས་ལས༔ བྱང་ཆུབ་སེམས་དེ་ཡི་གེ་ཨཱ༔ དམིགས་པ་མེད་པའི་ཆོས་ཉིད་བསྒོམ༔ དེ་ཡི་ཁྱད་པར་ཡོན་ཏན་ལ༔ ཉོན་མོངས་སྦྱངས་ཏེ་ཡེ་ཤེས་གསལ༔ རང་བཞིན་མེད་པས་ཆོས་སྐུ་ཐོབ༔ ཞེས་སོ༔

གསུམ་པ་ཆོས་ཉིད་སྐུ་གསུམ་གྱི་བར་དོ་༴ སོགས་ནས། འགལ་བའང་མེད་དོ༔ རབ་འབྱམས་ལས༔ ཆོས་ཉིད་བར་དོ་ཞེས་བྱ་བ༔ དེ་དུས་རླུང་གི་རྣམ་ཤེས་ལ༔ ཐིམ་པས་ནང་དབུགས་ཆད་པར་འགྱུར༔ རྣམ་ཤེས་ནམ་མཁའ་ལ་ཐིམ་པས༔ ལུས་དང་སེམས་ཀྱི་འབྲེལ་བ་ཆད༔ དབུགས་ནི་བར་སྣང་ཁམས་སུ་ཡལ༔ ལུས་པོ་བེམ་པོར་ལང་གིས་འགྲོ༔ རིག་པ་མེ་སྟག་ཡལ་བ་ལྟར༔ འོད་གསལ་ཆོས་ཉིད་ས་རུ་སླེབ༔ ཞེས་སོ༔ གཉིས་པ་གཞི་སྣང་༴ སོགས་ནས། དེའི་འོད་གསལ་གྱི་བར་དོ་བཤད་དོའི་བར་ཁ་སྦྱོར་ལས༔ དེ་ནས་བཅོམ་ལྡན་འདས་ཀྱིས་མི་སྣང་བ་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་ལས་བཞེངས་ནས་བཀའ་སྩལ་པ༔ ཀྱེ་མ་མི་རྟོག་ཐུབ་པ་ཆེན་པོ་ཉོན་ཅིག༔ དེ་ལྟར་ཚེ་ཡི་འདུ་བྱེད་བྱས་པ་ཐམས་ཅད་ལ་ཆོས་ཉིད་ཀྱི་བར་མ་དོ་ཞེས་བྱ་བ༔ འདི་ལྟར་སྣང་བ་འདི་ནུབ་སྟེ༔ ཕུང་པོ་མེད་ཅིང་ཟག་བཅས་བྲལ༔ སྣང་བ་ཐམས་ཅད་བདེ་བའི་ཞིང་༔ རང་སྣང་དག་པའི་སྐུར་སྣང་སྟེ༔ ཆོས་ཉིད་ཞིང་ཁམས་སྣང་བ་ལ༔ རང་སྣང་དག་པའི་སྐུར་སྣང་སྟེ༔ འདི་ལ་ཐེ་ཚོམ་སུས་ཟ་བ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་བསྒྲིབ༔ ཅེས་གསུངས་སོ༔ ཡང་གསོལ་བ༔ ཀྱེ་བཅོམ་ལྡན་འདས་དེ་ལྟ་བུའི་སྣང་བ་དེ་རང་ཅི་ལྟ་བུ་བདག་ལ་གསུངས་དང་༔ ཡང་བཀའ་སྩལ་པ༔ ཀྱེ་མི་རྟོག་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག༔ རང་བཞིན་དག་པའི་སྣང་བ་འདི་ལྟ་སྟེ༔ སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ༔ དབུགས་ཕྱི་ནང་གི་འགྲུལ་ཐག་ཆད་མ་ཐག་ཏུ༔ རང་གི་རྣམ་གྱི་ཆ་ལས་དངོས་པོར་སྣང་བ་མེད་དེ༔ ཡོད་སྙམ་པའི་ཤེས་པ་ནི་འབྱུང་ངོ་༔ རྡོས་བཅས་ཀྱི་ལུས་ནི་མི་སྣང་སྟེ༔ འོད་ཀྱི་ལུས་སུ་སྣང་བའོ༔ དེའི་ཚེ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་ཙམ་འོད་ཟེར་ལྔའི་དཀྱིལ་འཁོར་དུ་སྣང་བའོ༔ དེ་ཡང་སྣང་བ་དེ་དག་ནི་ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ་༔ ཕྱི་ནང་མེད་པ་ཀུན་ཏུ་ཟང་ཐལ་བ༔ ལྟེམ་བཞིན་པ༔ མེར་བཞིན་པ༔ མནན་ན་ནེམ་སྙམ་པ༔ བཏེགས་ན་འཕར་བ་སྙམ་པ༔ ཤིན་ཏུ་ཡིད་འཕྲོག་པ༔ ཁ་དོག་གསལ་བ་ལ༔ སོ་སོར་མ་འདྲེས་པར་རང་གསལ་པ༔ ཆ་མཉམ་པ་ལ་གསལ་བའི་ཆ་མ་འགགས་པ༔ ཡང་དག་པར་བལྟས་ན་ཤིན་ཏུ་ཕྲ་བ་དང་༔ འགྱུ་བ་དང་༔ འགུལ་བ་ལྟ་བུ་དང་༔ འཕྲིག་པ་ལྟ་བུ་དང་༔ རབ་ཏུ་འཚེར་བ་ལས་ལྷུན་བརྗིད་པའོ༔ ཤིན་ཏུ་རྒྱ་ཆེ་ལ་དཔག་པའམ་དམིགས་སུ་མ་ཚུད་པ༔ དཔང་མཐོ་ལ་རྩེ་མོ་ཡངས་པ་ཞེས་བྱ་སྟེ༔ དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་བཞུགས་པའོ༔ དེ་ཡང་ཁ་དོག་ནི་ལྔ་སྟེ༔ དཀར་པོ་རང་ས་ནི་གསལ་བ་ལ་ཟེར་འཕྲོ་བ་དང་༔ དེ་བཞིན་དུ་སེར་བོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་༔ དམར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་༔ ལྗང་གུ་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་༔ གདན་ནི་དེ་བཞིན་དུ་མཐིང་ག་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་སྟེ༔ དེ་དག་རེག་ལ་མ་འབྱར་བར་སོ་སོར་ཁ་དོག་རང་གསལ་བ་དང་༔ ཤིན་ཏུ་ལྷུན་སྡུག་པར་གནས་སོ༔ ཞེས་དང་༔ རབ་འབྱམས་ལས༔ ནམ་མཁའ་འོད་གསལ་ལ་ཐིམ་པས༔ ཕྱི་ཡི་ས་རྡོ་རི་བྲག་འགག༔ ནང་དུ་འོད་གསལ་ཆོས་ཉིད་འཆར༔ སྔར་གྱི་ལུས་ཀྱི་བག་ཆགས་ཀྱིས༔ རྡོས་བཅས་ལུས་འདི་མི་སྣང་ཡང་༔ ཡོད་དོ་སྙམ་པའི་ཤེས་པས་འབྱུང་༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན༔ བར་མཚམས་མེད་པ་འོད་ལྔའི་ཞིང་༔ ཕྱི་ནས་བལྟས་པས་ནང་ཡང་གསལ༔ ནང་ནས་བལྟས་པས་ཕྱི་ཡང་གསལ༔ ལྟེམ་ལྟེམ་བཞིན་ནམ་མེར་མེར་བཞིན༔ མནན་ན་ནེམ་ནེམ་བྱེད་པ་སྙམ༔ བཏེགས་ན་འཕར་བར་སྙམ་པ་དང་༔ ཤིན་ཏུ་ཡིད་དུ་འོང་བ་དང་༔ ཁ་དོག་ལྔ་རུ་གསལ་བ་དང་༔ འཕྲ་བ་འགུལ་བ་འཕྲིག་པ་དང་༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འཕྲོ༔ རྒྱ་ཆེ་ཁོག་ཡངས་དཔང་མཐོ་བ༔ རྩེ་མོ་ཡངས་བ་ཞེས་བྱ་སྟེ༔ བྱས་པ་མེད་པར་རང་བྱུང་བཞུགས༔ ཞེས་སོ༔

ད་ནི་ཟུང་འཇུག་གི་བར་དོ་༴ ནས། མཉམ་པར་སྣང་ངོའི་བར་དེ༔ མན་ངག་སྙིང་དགོངས་ལས༔ རྒྱལ་བ་འོད་ཀྱི་ཕུང་པོ་ཆེན་པོ་དཀྱིལ་འཁོར་ཆེན་པོ༔ འདབ་མ་བཞི་བ་ལྟེ་བ་དང་ལྔའི་ཚུལ༔ མེ་མར་སྟོང་པ་བཏེགས་པ་ལྟ་བུ༔ ཉི་མ་འབུམ་པས་ ༼ ལས་དཔྱད། ༽ ལྷག་པའི་པདྨའི་དབུས་ལྟེ་བ་ལ༔ རིག་པ་ངོ་བོ་སྟོང་པའི་ངོས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ ཡེ་ཤེས་དེའི་རང་གདངས་འོད་ཁ་དོག་མཐིང་གར་གསལ་ལོ༔ དེའི་འབྲས་བུ་གཟུགས་བརྙན་ཤར་བའི་སྐུ༔ བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད༔ ཆོས་ཉིད་མི་འགྱུར་བའི་རྟགས་སུ༔ སྐུ་མདོག་མཐིང་ག༔ དོན་གྱི་དགོངས་པ་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་འདུས་པའི་རྟགས་སུ༔ བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ ཐུགས་རིག་པའི་ཡེ་ཤེས་མ་རིག་པ་གཅོད་བའི་བརྡ་རུ༔ ཕྱག་མཚན་འཁོར་ལོ་བསྣམས་པ༔ ཡོན་ཏན་རིན་པོ་ཆེ་དུ་མས་སྤྲས་པའི་བརྡ་རུ༔ རིན་པོ་ཆེ་མཛེས་པའི་རྒྱན་གྱིས་སྤྲས་པ༔ སྐུ་ལ་རྩལ་གསུམ་རྫོགས་པའི་རྟགས་སུ་སེང་གེའི་གདན་ནོ༔ སྐུ་ལ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨའི་གདན༔ དེའི་སྟེང་དུ་ཐབས་ཤེས་རབ་འདུ་འབྲལ་མེད་པའི་བརྡ་རུ༔ ཉི་མ་དང་ཟླ་བའི་གདན་ལ་བཞུགས་སོ༔ འཁོར་ནི་ཚད་མེད་པ་བཞི་དང་ལྡན་པའི་བརྡ་རུ༔ རིགས་བཞིའི་སངས་རྒྱས་ཀྱིས་བསྐོར་ཏེ༔ སྐུ་མཆོག་དགོངས་པ་བརྡ་ཡིས་མཚོན་པ༔ ཚོམ་བུའི་དཀྱིལ་འཁོར་དུ་གསལ་ལོ༔ ཞེས་སོ༔

གཉིས་པ་སྐུ་ཞི་བའི་དཀྱིལ་འཁོར་ནས་སྣང་ངོའི་བར་རོ༔ སྙིང་དགོངས་ལས༔ ཤར་གྱི་པདྨའི་འདབ་མ་ལ༔ རིག་པ་རང་བཞིན་གསལ་བ་ལ་མེ་ལོང་ལྟ་བུའི་ཡེ་ཤེས༔ ཡེ་ཤེས་དེའི་རང་གདངས་འོད་ཁ་དོག་དཀར་པོ་གསལ་ལོ༔ དེའི་འབྲས་བུ་གཟུགས་བརྙན་ཤར་བའི་སྐུ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ༔ ཆོས་ཀྱི་སྐུ་དྲི་མ་མེད་པའི་བརྡ་རུ༔ སྐུ་མདོག་དཀར་པོ༔ ས་ཡོངས་སུ་རྫོགས་ཤིང་ནོན་པའི་བརྡ་རུ་ས་གནོན་གྱི་ཕྱག་རྒྱ༔ ཐུགས་རིག་པའི་ཡེ་ཤེས་ལས་འགྱུར་བ་མེད་ཅིང་༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་བའི་བརྡ་རུ༔ ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ༔ ཐབས་ཤེས་རབ་འདུ་འབྲལ་མེད་པའི་བརྡ་རུ༔ ཡུམ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པ༔ སྐུ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ༔ གདན་ནི་ཆོས་ཉིད་མི་འགྱུར་བའི་རྟགས་སུ་གླང་པོ་ཆེའི་གདན་ནོ༔ དེའི་སྟེང་དུ་ཉོན་མོངས་སྐྱོན་གྱིས་མ་གོས་པའི་བརྡ་རུ༔ པདྨའི་གདན་དང་ཉི་ཟླའི་གདན་ལ་བཞུགས་སོ༔ དེ་ཡང་རྡོ་རྗེ་སེམས་དཔའ་ཡབ་ཀྱི་ཐབས་འགག་པ་མེད་པའི་ཡེ་ཤེས་ཀྱི་ཆ་འཛིན་པའི་གཉིས་སུ་ཤར༔ དེ་ཡང་ས་ཡི་སྙིང་པོ་གཡས་ན་བཞུགས་བྱམས་པ་མེ་ཏྲི་གཡོན་ན་བཞུགས་སོ༔ ཡུམ་སངས་རྒྱས་སྤྱན་གྱི་ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་མཚན་ཉིད་འཛིན་པ་སེམས་མ་གཉིས་སུ་ཤར་ཏེ༔ ལཱ་སྱ་སྒེག་མོ་མདུན་བཞུགས་སོ༔ པུཥྤེ་མ་རྒྱབ་ན་བཞུགས་སོ༔ ཚོམ་བུའི་དཀྱིལ་འཁོར་དུ་རང་གསལ་ལོ༔ ཞེས་སོ༔

གསུམ་པ་ལ་ཡོན་ཏན་ཞི་བའི་དཀྱིལ་འཁོར་༴ ནས། སྣང་ངོ་བར༔ སྔ་མ་ལས༔ ལྷོའི་པདྨའི་འདབ་མ་ལ༔ རང་རིག་པ་གསལ་སྟོང་གཉིས་སུ་མེད་པ་ལ༔ མཉམ་པ་ཉིད་ཀྱི་ཡེ་ཤེས༔ ཡེ་ཤེས་དེའི་རང་གདངས༔ འོད་ཁ་དོག་སེར་བོ་རུ་གསལ་ལོ༔ དེའི་འབྲས་བུ་གཟུགས་བརྙན་གྱི་སྐུ་རུ་གསལ་བ༔ བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་དུ་གསལ་ཏེ༔ དེ་ཡང་རིན་པོ་ཆེ་དུ་མས་རྒྱས་པའི་རྟགས་སུ༔ སྐུ་མདོག་སེར་པོ༔ འགྲོ་བ་སེམས་ཅན་ལ་ཐུགས་རྗེ་འབྱུང་བའི་རྟགས་སུ༔ མཆོག་སྦྱིན་གྱི་ཕྱག་རྒྱ་ཅན༔ རིག་པ་རང་བྱུང་གི་ཡེ་ཤེས་ལ༔ ཡོན་ཏན་ཕྱོགས་མེད་དུ་འབྱུང་བའི་བརྡ་རུ༔ ཕྱག་མཚན་ནོར་བུ་རིན་པོ་ཆེ་བསྣམས་པའོ༔ ཐབས་ཤེས་རབ་འདུ་འབྲལ་མེད་པ་མཚོན་པའི་བརྡ་རུ༔ ཡུམ་མཱ་མ་ཀཱི་དང་གཉིས་སུ་མེད་པར་བཞུགས་པའོ༔ གདན་ནི་འཁོར་བའི་ཆོས་ཉིད་ཀློང་དུ་གྲོལ་བའམ༔ བསྐྱོད་པའི་བརྡ་རུ༔ རྟ་མཆོག་བསྣོལ་བའི་གདན་ནོ༔ སྐྱོན་གྱིས་མ་གོས་པའི་རྟགས༔ པདྨའི་གདན་ནོ༔ དེ་ཡང་ཡབ་ཀྱི་འགག་པ་མེད་པའི་ཡེ་ཤེས་ཀྱི་ཆ་འཛིན་པ༔ སེམས་དཔའ་གཉིས་སུ་ཤར་ཏེ༔ སེམས་དཔའ་ཀུན་དུ་བཟང་པོ་གཡས་ནའོ༔ ནམ་མཁའི་སྙིང་གཡོན་ནའོ༔ ཡུམ་གྱི་ཤེས་རབ་འགྱུར་བ་མེད་པའི་ཆ་འཛིན་པ་མཱ་ལེ་མེ་ཏོག་གི་ཕྲེང་བ་ཅན་མདུན་ན༔ དྷུཔྤེ་མ་རྒྱབ་ནའོ༔ ཚོམ་བུའི་དཀྱིལ་འཁོར་རང་གསལ་ལོ༔ ཞེས་སོ༔ བཞི་བ༔ གསུང་ཞི་བའི་དཀྱིལ་འཁོར་༴ནས། སྣང་ངོ་བར༔ སྙིང་དགོངས་ལས༔ ནུབ་ཀྱི་པདྨ་རིག་པའི་ཤེས་རབ་འགག་པ་མེད་པའི་སོ་སོར་རྟོགས་པའི་ཡེ་ཤེས༔ ཡེ་ཤེས་དེའི་རང་གདངས༔ འོད་ཁ་དོག་དམར་པོ་གསལ་ལོ༔ དེའི་འབྲས་བུ་གཟུགས་བརྙན་དུ་ཤར་བའི་སྐུ༔ བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་སུ་གསལ་ཏེ༔ ཐུགས་རྗེ་འགྲོ་བའི་དོན་ལ་ཆགས་པའི་བརྡ་རུ༔ སྐུ་མདོག་བྱེ་རུའི་མདོག་ལྟར་དམར་པོ་གསལ་ལོ༔ དོན་གྱི་དགོངས་པ་ཆོས་ཉིད་ངང་ལ་གནས་པའི་བརྡ་རུ༔ མཉམ་བཞག་གི་ཕྱག་རྒྱ་ཅན༔ ཐུགས་རིག་པའི་ཡེ་ཤེས་ལ་རྟོག་པ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་བའི་བརྡ་རུ༔ ཕྱག་མཚན་པདྨ་བསྣམས་པའོ༔ ཐབས་ཤེས་རབ་འདུ་འབྲལ་མེད་པའི་བརྡུ་རུ༔ ཡུམ་གོས་དཀར་མོ་དང་གཉིས་སུ་མེད་པའོ༔ གདན་ནི་འགྲོ་བའི་དོན་མཛད་པ་ལ་མཛེས་པའི་བརྡ་རུ༔ རྨ་བྱ་བསྣོལ་བའི་གདན་ནོ༔ དེའི་སྟེང་དུ་འཁོར་བའི་ཉོན་མོངས་པའི་སྐྱོན་ཀྱིས་མ་གོས་པའི་བརྡ་རུ་པདྨའི་གདན་ནོ༔ ཐབས་ཤེས་རབ་གཉིས་སུ་མེད་པའི་བརྡ་རུ༔ ཉི་ཟླའི་གདན་ནོ༔ དེ་ཡང་སྐུ་སྐྱིལ་ཀྲུང་༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ ཡབ་ཀྱི་ཐབས་འགག་པ་མེད་པའི་བརྡར༔ སེམས་དཔའ་གཉིས་སུ་ཤར་ཏེ༔ འཇམ་དཔལ་གཡས་ནའོ༔ སྤྱན་རས་གཟིགས་གཡོན་ནའོ༔ ཡུམ་གྱི་ཤེས་རབ་འགྱུར་བ་མེད་པའི་ཆ་འཛིན་པ་གཉིས་སུ་ཤར་ཏེ༔ ཨཱ་ལོ་ཀེ་སྣང་གསལ་འབུལ་བ་མདུན་ནའོ༔ གཱིརྟི་སྒྲའི་མཆོད་པ་འབུལ་བ་རྒྱབ་ནའོ༔ ཚོམ་བུའི་དཀྱིལ་འཁོར་དུ་རང་གསལ་ལོ༔ ཞེས་སོ༔

ལྔ་པ་ཕྲིན་ལས་ཞི་བའི་དཀྱིལ་འཁོར་༴ ནས། སྣང་ངོ་བར་དེ༔ ཡང་སྔ་མ་ལས༔ བྱང་གི་པདྨའི་འདབ་མ་ལ༔ ཤེས་བྱའི་ཐོགས་པ་མེད་པའི་བྱ་བ་གྲུབ་བའི་ཡེ་ཤེས༔ ཡེ་ཤེས་དེའི་རང་གདངས༔ འོད་ཁ་དོག་ལྗང་གུ་རུ་གསལ་ལོ༔ དེའི་འབྲས་བུ་གཟུགས་བརྙན་གྱི་སྐུར་ཤར་བ༔ བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ༔ སྐུ་མདོག་ལྗང་གུར་གསལ་ལོ༔ ཐུགས་རྗེས་སེམས་ཅན་གྱི་དོན་ལ་སྐྱོབ་པའི་བརྡ་རུ༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པའོ༔ མཚན་སུམ་ཅུ་རྩ་གཉིས་དང་༔ དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ༔ གདན་ནི་སྐྱོན་གྱིས་མ་གོས་པ་པདྨའི་གདན་དང་༔ ཐབས་ཤེས་རབ་འདུ་འབྲལ་མེད་པ་ཉི་ཟླའི་གདན་ནོ༔ འགྲོ་བའི་དོན་ཐོགས་པ་མེད་པ་མཛད་པའི་བརྡ་རུ༔ ཤང་ཤང་བསྣོལ་བའི་གདན་ནོ༔ དེ་ཡང་ཡབ་དོན་ཡོད་གྲུབ་པ་འགག་པ་མེད་པའི་བརྡ༔ སེམས་དཔའ་གཉིས་སུ་ཤར་ཏེ༔ ཕྱག་ན་རྡོ་རྗེ་གཡས་ན་དང་༔ སྒྲིབ་པ་རྣམ་སེལ་གཡོན་ནའོ༔ ཡུམ་ཤེས་རབ་འགག་པ་མེད་པའི་ཆ་འཛིན་པ༔ སེམས་མ་གཉིས་སུ་ཤར་ཏེ༔ དེ་ཡང་ནིརྟི་མ་སྒྲའི་མཆོད་པ་འབུམ་བ་མདུན་ན༔ གནྡྷེ་མ་དྲིའི་མཆོད་པ་འབུལ་བ་རྒྱབ་ནའོ༔ ཚོམ་བུའི་དཀྱིལ་འཁོར་དུ་རང་གསལ་ལོ༔ ཞེས་སོ༔ རིགས་ལྔ་རེ་རེའི་མཐའ་༴ ནས། ཞག་སྟེ་འཆར་རོའི་བར༔ དེ་ཉིད་ལས༔ ཀྱེ་གསང་བའི་བདག་པོ༔ ཚད་མེད་པ་བཞིའི་རང་བཞིན་ལས༔ སྒོ་བ་བཞིར་ཡང་སྣང་སྟེ༔ རྣམ་རྒྱལ་ཤར་ན༔ གཤིན་རྗེ་གཤེད་པོ་ལྷོ་ན༔ རྟ་མགྲིན་ནུབ་ན༔ བདུད་རྩི་འཁྱིལ་པ་བྱང་ནའོ༔ དེའི་ཡུལ་བཞི་ལ་སྒོ་མ་བཞིར་ཡང་སྣང་སྟེ༔ ལྕགས་ཀྱུ་མ་ཤར་ན༔ ཞགས་པ་མ་ལྷོ་ན༔ ལྕགས་སྒྲོགས་མ་ནུབ་ན༔ དྲིལ་བུ་མ་བྱང་ནའོ༔ དེ་མཐར་ཕྱིན་པའི་བརྡ་རུ༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཡང་ལྡན་ཏེ༔ ཐུབ་པ་དྲུག་ཏུ་གསལ་ལོ༔ དེའི་ཐབས་ཤེས་རབ་མ་འགགས་པས༔ ཡབ་ཀུན་ཏུ་བཟང་པོ༔ ཡུམ་ཀུན་ཏུ་བཟང་མོ་གསལ་ལོ༔ ཆོས་སྐུར་སྟོང་ཆ་ལ་ཞི་བའི་ལྷ་ཚོགས་སུ་གསལ་ལོ༔ ཞེས་སོ༔ དེ་དག་ཀྱང་ཐིག་ལེ་གསང་བའི་རྒྱུད་ལས༔ འོད་གསལ་ཡེ་ཤེས་སྒྱུ་མའི་སྦུབས༔ དབུགས་ཆད་ཡེ་ཤེས་འཆར་དུས་ན༔ ལྔ་ལྡན་བདེ་གཤེགས་སྣང་བ་འཆར༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི༔ རིགས་ལྔའི་འོད་གསལ་ཚོམ་བུ་ལྔ༔ རྣམ་སྣང་ཡབ་ཡུམ་དབུས་གནས་པས༔ རིགས་བཞི་ཡབ་ཡུམ་ཕྱོགས་བཞིར་བྱུང་༔ ཚོམ་བུའི་དཀྱིལ་འཁོར་དང་པོ་ལ༔ རྡོ་རྗེ་སེམས་དཔའ་སངས་རྒྱས་སྤྱན༔ ས་སྙིང་སྒེག་མོ་བྱམས་པ་དང་༔ མེ་ཏོག་བཞིས་བསྐོར་ཚོམ་བུ་གཉིས༔ མཱ་མ་ཀཱི་དང་རིན་འབྱུང་ལ༔ ནམ་སྙིང་ཕྲེང་བ་ཀུན་བཟང་དང་༔ སྤོས་མ་བཞིས་བསྐོར་ཚོམ་བུ་གསུམ༔ སྣང་བ་མཐའ་ཡས་གོས་དཀར་མོ༔ སྤྱན་རས་གླུ་མ་འཇམ་དཔལ་དང་༔ མར་མེ་བཞིས་བསྐོར་ཚོམ་བུ་བཞི༔ དོན་ཡོད་དམ་ཚིག་སྒྲོལ་མ་ལ༔ ཕྱག་རྡོར་གར་མ་སྒྲིབ་སེལ་དང་༔ དྲི་ཆབ་བཞིས་བསྐོར་ཚོམ་བུ་བཞི༔ འགྲོ་དྲུག་འདུལ་བའི་ཐུབ་པ་དྲུག༔ ཚད་མེད་བཞིས་འདུལ་སྒོ་བ་བཞི༔ མཐའ་བཞི་ལས་གྲོལ་སྒོ་མ་བཞི༔ དབྱིངས་དང་ཡེ་ཤེས་མི་འབྲལ་བ༔ ཀུན་བཟང་ཡབ་དང་ཡུམ་དུ་གནས༔ དཀར་དང་དམར་དང་སེར་དང་ལྗང་༔ འཁོར་ལོ་རྡོ་རྗེ་རིན་ཆེན་པད༔ རྒྱ་གྲམ་ཐུགས་ཀྱི་དགོངས་ནས་གསལ༔ མཚན་དཔེ་ཚུལ་དགུའི་བཞུགས་གདན་བཅས༔ སྣང་མེད་མཁའ་ལ་འཇའ་ཚོན་དགུ༔ བརྗོད་མེད་སྤྲོས་བྲལ་ཀློང་དུ་ཤར༔ ཞེས་དང་༔ གཉིས་པ་ལོངས་སྐུ་ཁྲོ་བོའི་༴ སོགས་ནས། ཞག་གཅིག་ལ་སྣང་ངོའི་བར༔ ཡང་དེ་ཉིད་ལས༔ ཀྱེ་གསང་བའི་བདག་པོ༔ རང་གི་སེམས་གློ་བ་ནས་འཐོན་ནས༔ དབུགས་སྣ་སྒོར་ཆད་པའི་ཚེ༔ ཆོས་ཉིད་དག་པའི་སྣང་བ་ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ༔ རང་བཞིན་བཀྲག་པ༔ མཛེས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ༔ ཉམ་ང་བ་སོས་ཁའི་ཐང་ལ༔ སྨིག་རྒྱུ་རྒྱུ་བ་བཞིན་དུ་མེ་རེ་རེ༔ རང་སྣང་ལོངས་སྐུ་རུ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ༔ སྒྲ་གྲགས་ལ་ལྡིར་ཆེ་བ༔ དི་རི་རི་བ་ཡོང་ངོ་༔ དེ་ལ་མ་དངངས་ཤིག༔ འོད་ལས་ཟེར་མཚོན་ཆའི་ཆར་བ་འབབ་པ་འདྲ་བ༔ མཚོན་ཆ་སྣ་ཚོགས་སུ་ཟིང་ཟིང་བ་ཡོད་དོ༔ དེ་ལ་མ་སྐྲག་ཅིག༔ ཀྱེ་གསང་བའི་བདག་པོ༔ ད་ལྟ་ངོ་མ་སྤྲད་ན༔ སྒོམ་སྒྲུབ་ཇི་ལྟར་བྱས་ཀྱང་༔ གདམས་པ་དང་མི་འཕྲད་པས༔ འོད་ཀྱིས་འཇིགས་སོ༔ སྒྲས་དངངས་སོ༔ ཟེར་གྱིས་སྐྲག་གོ༔ གདམས་པའི་གནད་མ་ཤེས་ན༔ སྒྲ་འོད་ཟེར་གསུམ་མ་ཤེས་ན་འཁོར་བར་འཁྱམ་མོ༔ ཀྱེ་གསང་བའི་བདག་པོ༔ བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་བུདྡྷ་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་དབུ་གསུམ་པ༔ ཕྱག་དྲུག་པ༔ ཞབས་བཞི་པ༔ ཞལ་གཡས་དཀར་བ༔ ཞལ་གཡོན་དམར་བ༔ དབུས་མཐིང་ནག༔ ལོངས་སྐུ་འོད་ཀྱི་ཕུང་པོར་འབར་བ༔ སྤྱན་དགུ་སྡང་མིག་ཏུ་གཟིགས་པ༔ སྨིན་མ་གློག་བཞིན་དུ་འགྱུར་བ༔ མཆེ་བ་ཟངས་ཡག་འབར་བ༔ ཨ་ཨ་ཧ་ཧའི་རྟ་སྐད་ཅན༔ སྤྱུག་པའི་སྒྲ་ཆེན་པོ་སྒྲོགས་པ༔ དབུ་སྐྲ་དམར་སེར་གྱེན་ཞིང་འཕྲོ་བ༔ ཉི་ཟླ་དང་ཐོད་སྐམ་གྱིས་བརྒྱན་པ༔ གླང་ཆེན་གྱི་ཐོད་རློན་དང་༔ ཞིང་ཆེན་གྱི་གཡང་གཞི་དང་༔ སྟག་གི་ཤམ་ཐབས་གསོལ་བ༔ ཐལ་ཆེན་གྱི་ཚོམ་བུ་དང་༔ རཀྟའི་ཐིག་ལེ་དང་༔ བ་སུ་ཏའི་རྒྱུ་ཞགས་དང་༔ སྦྲུལ་ནག་དང་ཐོད་པ་སྐམ་རློན་གྱིས་བརྒྱན་པ༔ ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་འཛིན་པ༔ བར་ན་རལ་གྲི༔ ཐ་མ་ན་དགྲ་སྟྭ༔ གཡོན་གྱི་དང་པོ་ན་དྲིལ་བུ༔ བར་ན་བྷནྡྷ་དམར་གྱིས་བཀང་བ༔ ཐ་མ་ན་ཐོང་གཤོལ་བསྣམས་པ༔ རྐན་སྒྲ་དང་ཐུག་ཆོས་དང་༔ འུར་སྒྲ་འབྲུག་སྟོང་ལྡིར་བ༔ རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་འབར་བ༔ ཁྱུང་གིས་འདེགས་པའི་གདན་ལ༔ བརྐྱང་བསྐུམ་དུ་བཞུགས་པ་ཡབ་ཡུམ་ཞལ་སྦྱོར་ནས་རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ནས་འཐོན་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ མ་དངངས་ཤིག༔ མ་སྐྲག་ཅིག༔ རང་གི་སངས་རྒྱས་རང་ལས་ཤར་བར་གྱིས་ཤིག༔ ཅེས་སོ༔ ཞག་གཉིས་པ་ལ་སྐུ་བཛྲ་༴ ནས། ཡོད་དོའི་བར༔ དེ་ཉིད་ལས༔ བཅོམ་ལྡན་འདས་དཔལ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གསུམ་པ༔ ཕྱག་དྲུག་པ༔ གཡས་དཀར་བ༔ གཡོན་དམར་བ༔ དབུས་སྔོ་ནག༔ ཡུམ་བཛྲ་ཀྲོ་དྷཱི་ཤྭ་རི་མ་དང་ཞལ་སྦྱོར་ནས༔ རང་གི་ཀླད་པ་དུང་ཁང་ནས་འཐོན་ནས་རང་ལ་འཆར་རོ༔ དེ་ངོ་ཤེས་པར་གྱིས་ལ་མ་འཇིགས༔ ཞེས་སོ༔ ཞག་གསུམ་པ༴ ནས། ཡོད་དོའི་བར༔ སྙིང་དགོངས་ལས༔ ཁྲག་འཐུང་རིན་ཆེན་ཡབ་ཡུམ་སྐུ་མདོག་སེར་ནག༔ ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར༔ གཡོན་དམར༔ དབུས་སེར་ནག༔ ཡབ་ཡུམ་རང་གི་དུང་ཁང་གི་ལྷོ་ནས་འཐོན་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་པར་རང་གི་སངས་རྒྱས་རང་ལ་ཤར་བས་ཤེས་པར་གྱིས་ཤིག༔ ཅེས་སོ༔ དེ་ནས་ཞག་བཞི་པ་ལ ༴ ནས། ཡོད་དོ་བར༔ ཡང་སྙིང་དགོངས་ལས༔ ཁྲག་འཐུང་པདྨ་ཡབ་ཡུམ་རང་གི་དུང་ཁང་གི་ནུབ་ནས་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ ཅེས་སོ༔ དེ་ནས་ཞག་ལྔ་པ༴ ནས། ཡོད་དོ་བར༔ སྔ་མ་ལས་ཁྲག་འཐུང་ལས་ཀྱི་ཡབ་ཡུམ་སྐུ་མདོག་ལྗང་ནག་དབུ་གསུམ་པ༔ ཕྱག་དྲུག་པ༔ ཞལ་གཡས་དཀར་བ༔ གཡོན་སྨུག་པ༔ རང་གི་ཀླད་པ་དུང་ཁང་གི་བྱང་ནས་འཐོན་ནས་འཆར་རོ༔ དེ་ལ་མ་འཇིགས་པར་བྲོད་པ་སྐྱེད་ཅིག༔ ཅེས་སོ༔ དེ་དག་གི་རྗེས་སུ་༴ནས་། ས་མ་ཡཱཿའི་བར༔ ཡང་སྔ་མ་དེ་ཉིད་ལས༔ རང་གི་ཀླད་པ་དུང་ཁང་ནས་ཀོའུ་རཱི་དཀར་མོ༔ གཡས་ཞིང་དབྱུག་ཐོགས་པ་གཡོན་བྷནྡྷ་དམར་གྱིས་བཀང་བསྣམས་པ༔ དུང་ཁང་གི་ལྷོ་ན་ཙོའུ་རཱི་མ་སེར་མོ་མདའ་གཞུ་འགེངས་པ་འཆར་རོ༔ དུང་ཁང་གི་ནུབ་ན་པྲ་མོ་དམར་མོ༔ གཡས་པ་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ༔ གཡོན་པ་བྷནྡྷ་དམར་གྱིས་བཀང་བ་འཆར་རོ༔ དུང་ཁང་གི་བྱང་ན་བེ་ཏཱ་ལི་ནག་མོ༔ གཡས་པ་སྡིགས་མཛུབ་ཀྱི་རྩེ་ལ་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གདེང་པ༔ གཡོན་པ་བྷནྡྷ་དམར་གྱི་བཀང་བ་འཛིན་པ་འཆར་རོ༔ དུང་ཁང་གི་ཤར་ལྷོ་མཚམས་ན་པུསྐ་དམར་སེར༔ ཕྱག་གཡས་གཡོན་གཉིས་ཀྱིས་རྒྱུ་ཞགས་འདྲེན་པ་འཆར་རོ༔ དུང་ཁང་གི་ལྷོ་ནུབ་ནས་གྷསྨ་རཱི་སྐུ་མདོག་ལྗང་ནག་དུང་དམར་ཕྱག་གཉིས་ཀྱིས་བཟུང་ནས་འཐུང་བ་འཆར་རོ༔ དུང་ཁང་གི་ནུབ་བྱང་མཚམས་ནས་ཙཎྜ་ལཱི་སེར་སྐྱ་ཕྱག་གཡས་པས་ཙིཏྟ་བསྣམས་པ༔ གཡོན་པ་ཞིང་ཆུང་བཟུང་བ་འཆར་རོ༔ དུང་ཁང་གི་བྱང་ཤར་མཚམས་ན༔ སྨ་ཤ་ནི་མཐིང་ནག་ཞིང་མགོ་ལུས་ཕྲལ་ནས་སྟོབས་པ་དང་༔ གནས་ཀྱི་ཀོའུ་རི་མ་བརྒྱད་པོ་དེ༔ རང་གི་ཀླད་པ་དུང་ཁང་གི་ནང་ནས་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ དེའི་ཕྱི་རིམ་ཀླད་པ་དུང་ཁང་གི་ཤར་ནས༔ སེང་ཧ་སེར་མོ་སེང་གེའི་མགོ་ཅན་ཕྱག་གཡས་གཡོན་ཐུགས་ཀར་བསྣོལ་བ་འཆར་རོ༔ ལྷོ་ནས་བྱཱ་གྷྲི་མུ་ཁ་དམར་མོ་སྟག་གི་མགོ་ཅན༔ རྡོ་རྗེ་ཁུ་ཚུར་དཔུང་ཁར་བསྣོལ་བ༔ ནུབ་ནས་སྲི་ལ་མུ་ཁ་ཝའི་མགོ་ཅན༔ ཞིང་ཁོག་པ་དྲལ་ནས་རཀྟ་ལྡག་པ༔ བྱང་ན་ཤྭ་ན་མུ་ཁ་མཐིང་ནག་སྤྱང་མོའི་མགོ་ཅན༔ ཕྱག་གཡོན་གྱིས་ ༼ ཞིང་དཔྱད། ༽ བཟུང་ནས༔ གཡས་ཀྱིས་སྒྲོལ་བ༔ ཤར་ལྷོ་མཚམས་ན་ཀྲི་ཏ་མ་དཀར་སེར་བྱ་རྒོད་ཀྱི་མགོ་ཅན༔ ཞིང་ཕྲག་ལ་བཀལ་ནས་གཡོན་པ་བྷནྡྷ་རཀྟས་བཀང་ནས་འཐུང་བ༔ ལྷོ་ནུབ་་མཚམས་ནས་ཀཾ་ཀ་མུ་ཁ་དམར་ནག་ཀཾ་ཀའི་མགོ་ཅན༔ ཞིང་ཕྲག་ལ་ཁུར་བ༔ ནུབ་བྱང་མཚམས་ནས་ཁ་ཁ་མུ་ཁ་ནག་མོ་བྱ་མགོ་ཅན༔ རྒྱུ་ཞགས་འདྲེན་པ༔ བྱང་ཤར་མཚམས་ནས་ཧུ་ལུ་མུ་ཁ་དཀར་ཁྲ་འུག་པའི་མགོ་ཅན༔ ཕྱག་གཡས་ལྕགས་ཀྱུ༔ གཡོན་པ་བྷནྡྷ་དམར་གྱིས་བཀང་བ་ཐོགས་ནས༔ ཁྲག་ཚིལ་ལྡག་ཅིང་ཟ་བ་དང་༔ རང་གི་ཀླད་པ་དུང་ཁང་གི་ནང་ན་ཡོད་པའི་ཕྲ་མེན་བརྒྱད་རང་ལ་འཆར་རོ༔ དེ་ལ་མ་འཇིགས་ཤིག༔ དུང་ཁང་གི་ཤར་ནས་རྟ་གདོང་དཀར་མོ་ལྕགས་ཀྱུ༔ གཡོན་བྷནྡྷ་དམར་གྱིས་བཀང་བ༔ ལྷོ་ནས་ཕག་གདོང་ཞགས་པ་མ་སེར་མོ་གཡས་ཞགས་པ༔ གཡོན་བྱ་རྒོད་ཀྱི་མཆེ་བ༔ ནུབ་ནས་ལྕགས་སྒྲོགས་མ་དམར་མོ༔ ཕྱག་གཉིས་རྡོ་རྗེ་ལྕགས་སྒྲོགས་བཟུང་བ༔ བྱང་ནས་དྲིལ་བུ་མ་ནག་མོ༔ གཡས་དྲིལ་བུ་གཡོན་བྷནྡྷ་དམར་གྱིས་བཀང་བ༔ སྒོ་མ་བཞི་རང་གི་ཀླད་པ་དུང་ཁང་གི་ནང་ནས་འཐོན་ནས་རང་ལ་འཆར་རོ༔ དེ་ངོ་ཤེས་པར་གྱིས་ཤིག༔ དེའི་ཕྱི་རིམ་དབང་མོ་ཉི་ཤུ་རྩ་བརྒྱད་ཧེ་རུ་ཀ་དྲག་པོའི་ལྷ་རང་བྱུང་གི་སུམ་ཅུའི་ཕྱི་རོལ་ན༔ ཀླད་རྒྱ་དང་གཉིས་ཀྱི་མཚམས་ནས་རང་ལ་འཆར་ཏེ༔ སྲིན་མོ་སྨུག་ནག་གཡག་གི་མགོ་རྡོ་རྗེ་ཐོད་ཁྲག་བསྣམས་པ་དང་༔ ཚངས་པ་སེར་མོ་པདྨ་ཐོགས་པ་དང་༔ ལྷ་ཆེན་དཀར་ལྗང་རྡོ་རྗེ་ཐོགས་པ་དང་༔ གཏོགས་འདོད་སྔོན་པོ་འཁོར་ལོ་འཛིན་པ་དང་༔ དགའ་བ་སེར་མོ་སྤུ་གྲི་འཛིན་པ་དང་༔ གཞོན་ནུ་དམར་མོ་མདུང་ཐུང་འཕེན་པ་དང་༔ རྡོ་རྗེ་ནག་མོ་ལྕགས་ཀྱུ་ཅན༔ ཤར་གྱི་མ་བདུན་འཆར་རོ༔ བརྒྱ་བྱིན་དཀར་མོ་རྒྱུ་ཞགས་ཐོགས་པ་དང་༔ ཞི་མ་དམར་མོ་བུམ་པ་འཛིན་པ་དང་༔ བདུད་རྩི་དམར་མོ་པདྨ་འཛིན་པ༔ ཟླ་བ་དཀར་མོ་རྡོ་རྗེ༔ བེ་ཅོན་ལྗང་ནག་དབྱུག་ཏོ༔ སྲིན་མོ་དམར་མོ་ཐོད་ཁྲག་འཐུང་བ༔ རྡོ་རྗེ་སེར་མོ་ཞགས་པ་ཐོགས་པ༔ ལྷོ་ནས་མ་བདུན་འཆར་རོ༔ ཟ་བ་ལྗང་ནག་བེ་ཅོན་ཐོགས་པ༔ དགའ་བ་དམར་མོ་ཁོག་ཆེན་འཛིན་པ༔ སྟོབས་ཆེན་དཀར་མོ་དབྱུག་ཏོ་འཕྱར་བ༔ སྲིན་མོ་རྡོ་རྗེ་སྤུ་གྲི་འཛིན་པ༔ འདོད་པ་དམར་མོ་མདའ་གཞུ་འགེངས་པ༔ ནོར་སྲུང་ལྗང་མོ་བུམ་པ་འཛིན་པ༔ རྡོ་རྗེ་དམར་མོ་ལྕགས་ཀྱུ་ཐོགས་པ༔ ནུབ་ཀྱི་མ་བདུན་འཆར་རོ༔ རླུང་ལྷ་སྔོན་མོ་བ་དན་འཕྱར་བ༔ མི་མོ་དམར་སེར་གསལ་ཤིང་ཐོགས་པ༔ ཕག་མོ་ནག་མོ་མཆེ་ཞགས་སྡོམ་པ༔ རྡོ་རྗེ་དམར་མོ་ཞིང་ཆུང་འཛིན་པ༔ སྣ་ཆེན་ལྗང་ནག་ཐོད་ཁྲག་འཐུང་བ་དང་༔ རྡོ་རྗེ་ལྗང་ནག་དྲིལ་བུ་འཛིན་པ༔ ༼ ཆུ་ལྷ་སྔོན་མོ་སྦྲུལ་ཞགས་བརྡ་ཆད་ཡིན་སྙམ་དཔྱད། ༽ མ་བདུན་བྱང་ནས་འཐོན་ནས་ཧེ་རུ་ཀ་དྲག་པོའི་སྐུའི་རྩལ་ལ༔ རང་གི་ཀླད་པ་དུང་ཁང་གི་ནང་ནས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་འཐོན་ནས༔ རང་ལ་འཆར་བའི་དུས་སུ༔ རང་གི་རིག་པའི་རང་གདངས་རང་ལ་ཤར་བར་ངོ་ཤེས་པས༔ ཁྲག་འཐུང་གི་སྐུ་ལ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་སོ༔ ད་ལྟར་ངོ་མ་སྤྲད་ན་ཁྲག་འཐུང་གི་ལྷ་ཐམས་ཅད་གཤིན་རྗེ་རུ་མཐོང་ནས་ཁྲག་འཐུང་གི་ལྷས་འཇིགས་སོ༔ དངངས་སོ༔ སྐྲག་གོ༔ བརྒྱལ་ལོ༔ རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམ་མོ༔ ཞེས་གསུངས་སོ༔ དེ་དག་ཀྱང་ཐལ་འགྱུར་ལས༔ འཇུག་ཅིང་སྨིན་པའི་རླུང་ལས་ཀྱང་༔ ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ༔ དེ་ལ་ཕྱོགས་ཀྱི་འོད་འདུས་པས༔ རིགས་ལྔ་སྐུ་ཡང་མངོན་པར་སྣང་༔ མཐིང་ག་དཀར་སེར་དམར་ལྗང་ནི༔ སོ་སོའི་ཡུམ་དང་བཅས་པར་སྣང་༔ འདི་ལ་མཆེད་དང་འཛིན་ཤེས་ན༔ སངས་རྒྱས་རྣམས་ཀྱི་ཡོན་ཏན་རྫོགས༔ ཁམས་གསུམ་འཇུག་པ་མ་ཡིན་ནོ༔ དེ་ཡི་མཚན་ཉིད་འདི་ལྟ་བུ༔ རགས་པའི་འབྱུང་བ་ལྟོས་བྲལ་བས༔ འོད་ལས་ཐིག་ལེ་ཟུང་དུ་འབར༔ ཐིག་ལེ་ལྔར་འབྲེལ་སྐུས་བཀང་སྟེ༔ ཕྱེད་སྐུ་ལས་ནི་གཟུགས་རྫོགས་པའོ༔ གཟུགས་ཕྱེད་སྐུ་ལས་ལྔ་ལྔའི་ཟུང་༔ སོ་སོའི་ཚོམ་བུར་རྫོགས་པ་ལ༔ ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་དང་༔ ཚོམ་བུ་སྟོང་དང་འབུམ་ཕྲག་ནི༔ བསམ་ངོར་རང་བཞིན་དག་པར་སྣང་༔ བརྗོད་ཀྱིས་མི་ལང་གྲངས་མེད་པ༔ འདི་ལ་རང་དང་གཞན་ཤེས་ན༔ སྐུ་གསུམ་གཅིག་ཏུ་དྲིལ་བ་ཐོབ༔ ཐོབ་པ་འདི་ལས་སླར་ལྡོག་མེད༔ གསལ་བཏབ་པ་ལས་བྱུང་བའོ༔ ཞེས་དང་༔ ཉི་ཟླ་ཁ་སྦྱོར་ལས༔ ད་ཡང་སྐྱེས་བུའི་འོད་གསལ་ལས་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ༔ ཡང་སྣང་བ་དེ་དག་སྐུའི་རྣམ་པར་རང་ཤར་ཏེ༔ སྐུ་དེ་དག་ཀྱང་༔ མི་ཆེ་བ༔ མི་ཆུང་བ༔ ཆ་མཉམ་པ༔ རྒྱན་དང་༔ ཁ་དོག་དང་༔ བཞུགས་ཚུལ་དང་༔ གདན་ཁྲི་དང་༔ ཕྱག་རྒྱ་དང་བཅས་ཏེ༔ སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ༔ ལྔ་ཚན་རེ་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ༔ ཡབ་ཀྱི་ཆ་འཛིན་པའི་རིགས་དང་༔ ཡུམ་གྱི་ཆ་འཛིན་པའི་རིགས་དང་༔ སེམས་དཔའ་དང་༔ སེམས་མ་དང་༔ དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ༔ དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ༔ དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་ཏེ་འཆར་རོ༔ དེ་ལ་རང་གིས་ཤེས་པ་ཟིན་ཏེ༔ མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་སོ༔ དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱ་སྟེ༔ སྣང་བ་དེ་ཀུན་ཀྱང་རབ་ཏུ་འཕྲིག་པར་མངོན་པར་འགྱུར་ཏེ༔ སྙིང་གའི་ཟེར་ཐག་དེ་ལ་ཡང་༔ ཐིག་ལེ་ཕྲ་མོ་གྲངས་མེད་པར་འཆར་རོ༔ དེ་ནས་ཡང་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་བསྒྲིལ་བ་ཙམ་ཞིག་འཆར་ཏེ༔ དེ་ནས་སྐུ་དེ་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་ཤར་ཏེ༔ དེ་ནི་འོད་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ༔ དེའི་ཚེ་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པ་མ་པང་བུ་འཇུག་པ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ༔ ཞེས་དང་༔ རབ་འབྱམས་ལས༔ ཇི་ལྟར་མཐོང་བའི་ཡུལ་སྣང་ཀུན༔ ཞི་བ་དང་ནི་ཁྲོ་བོའི་སྐུ༔ ཆེ་བ་ནམ་མཁའི་མཐའ་དང་མཉམ༔ ཆུང་བ་ཉུང་དཀར་འབྲུ་དགུ་ཙམ༔ འབྲིང་བ་རྣམས་ནི་རི་རབ་ཙམ༔ རང་གི་སྙིང་དང་ཀླད་པ་ནས༔ ཐོན་ནས་དེ་ལྟར་འཆར་བར་འགྱུར༔ མང་ཉུང་དཔག་ཏུ་མེད་པ་སྟེ༔ མགོ་བརྙན་མཚོན་ཆ་སྣ་ཚོགས་ཐོགས༔ འོད་ནི་ཉི་མ་འབུམ་ཤར་ཙམ༔ སྒྲ་ནི་འབྲུག་སྟོང་ལྡིར་བ་ཙམ༔ ཟེར་ནི་མཚོན་ཆ་གཟེངས་བ་ཙམ༔ སྐུ་ཡིས་སྐྲག་ཅིང་སྒྲ་ཡིས་སྔངས༔ ཟེར་གྱིས་སྣང་བ་ཡལ་བར་བྱེད༔ རང་གི་ཕྱོགས་སུ་རུབ་པ་སྙམ༔ དེ་ལ་འཇིགས་པར་མ་བྱེད་བར༔ རང་སྣང་ཡིན་པར་ཐག་ཆོད་ཅིག༔ རང་རིག་ཡིན་པར་ཐག་ཆོད་ཅིག༔ མ་བུ་གཉིས་པོ་མ་འཛོལ་ཞིག༔ ཅེས་སོ༔

འདི་ལྟར་འཆར་བ་བརྒྱུད་གཞན་ནའང་ཡོད་དེ༔ དཔལ་བརྟག་གཉིས་ལས༔ སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡང་སེམས་ཅན་ཐམས་ཅད་ཀྱི་ནང་ནས་འཆར་རོ༔ ཞེས་སོ༔ མཁས་གྲུབ་གཞན་གྱི་གསུངས་ལས་ཀྱང་བྱུང་བ་ནི༔ བཀའ་གདམ་གླེགས་བམ་ལས༔ གཞན་ཡང་འབྲོམ་རྗེ་ང་ལ་ཉོན༔ དེའི་ཚེ་ཤར་ནས་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་རི་བོ་ཙམ༔ རང་གི་ཁ་དོག་ཉིད་བྱས་ཏེ༔ རྒྱན་གྱིས་བརྒྱན་པའི་སྣང་བར་འོང་༔ དེའི་ཚེ་ལྷོ་ནས་བཅོམ་ལྡན་འདས༔ རིན་ཆེན་འབྱུང་གནས་གོང་བཞིན་འབྱུང་༔ དེའི་ཚེ་ནུབ་ནས་བཅོམ་ལྡན་འདས༔ སྣང་བ་མཐའ་ཡས་གོང་བཞིན་འབྱུང་༔ དེའི་ཚེ་བྱང་ནས་བཅོམ་ལྡན་འདས༔ དོན་ཡོད་གྲུབ་པ་གོང་བཞིན་འབྱུང་༔ གཞན་ཡང་རྣམ་སྣང་ལ་སོགས་པ༔ ལྷ་ཡི་ཚོགས་རབ་དུ་མ་མཐོང་༔ མདོར་ན་འབྲོམ་རྗེ་ང་ལ་ཉོན༔ ཁྲོ་བོའི་ལྷ་ཚོགས་དཔག་མེད་མཐོང་༔ གོམས་པའི་སྐྱེས་བུས་ཤེས་གྱུར་ནས༔ གྲོགས་དང་སྐྱབས་གནས་དགའ་བར་ཚོལ༔ ཀུན་ལ་སྐྱབས་འགྲོ་གསོལ་བ་འདེབས༔ དེ་དག་ཀུན་གྱི་རྗེས་སུ་འབྲངས༔ དེ་དག་ཀུན་གྱི་གནས་ལུགས་སྟོན༔ བླ་མ་དག་ཀྱང་དེར་བྱོན་ནོ༔ དེ་ཚེ་ཤེས་པར་བྱས་གྱུར་ཏེ༔ རྣམ་ཤེས་རིག་པ་ཐོགས་མེད་པས༔ རབ་ནི་ཆོས་ཀྱི་དབྱིངས་ལ་འཕོ༔ འབྲིང་ནི་བླ་མའི་ཐུགས་ཀར་འཕོ༔ ཐ་མ་ཡི་དམ་ཐུགས་ཀར་འཕོ༔ གཏན་གྱི་བཙན་ས་བཟུང་ཞིང་ཞུ༔ དེ་ཚེ་འདི་དུས་གང་གོམས་པའི༔ བག་ཆགས་དངོས་སུ་སད་པར་འགྱུར༔ ཞེས་དང་༔ དུས་འཁོར་ལས༔ འཆི་བ་འོད་གསལ་གྱི་སྐབས་སུ་སྟོང་གཟུགས་ཀྱི་སྣང་བ་ཚད་མེད་དུ་འཆར་བར་གསུངས་པའང་འདི་དག་ཡིན་ནོ༔ རབ་འབྱམས་ལས༔ ཆོས་ཉིད་བར་དོའི་ཆོས་ཉིད་ནི༔ ཕུང་བོ་མེད་ཅིང་ཟག་བཅས་བྲལ༔ ཞི་བའི་སྐུ་དང་ཁྲོ་བོའི་སྐུ༔ ཡེ་ཤེས་འོད་དང་ཁ་དོག་དང་༔ ཐིག་ལེ་མཆེད་དང་འབྱུང་སྣང་དག༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་༔ རང་སྣང་དག་པར་ཀུན་སྣང་སྟེ༔ ཅིར་སྣང་ཆོས་ཉིད་གཞལ་ཡས་སོ༔ ཞེས་གསུངས་སོ༔ དེ་ལ་ཁ་ཅིག་ན་རེ་༴ ནས། ཟུམ་པ་འོའི་བར་ཏེ༔ རང་ཤར་ལས༔ ཐ་མའི་འབྲིང་ནི༔ ཞག་བཅུ་དགུ་ཐོགས་ཏེ༔ ཡང་ཚོམ་བུ་ལ་ཞག་བཅུ་གཉིས་ཐོགས་སོ༔ ཡེ་ཤེས་པ་བཞི་གནས་སོ༔ སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་སངས་རྒྱས་ཀྱི་ས་ནོན་པའོ༔ ཞེས་སོ༔ ཟུང་འཇུག་ལས་ཡེ་ཤེས་བཞི་སྦྱོར་༴སོགས་ནས། འཕེན་པར་འགྱུར་རོའི་བར་ནི༔ ཉི་ཟླ་ཁ་སྦྱོར་ལས༔ ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ༔ དེའི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ་༔ དེ་ལ་རང་གི་མིག་གིས་མ་ཡེངས་པར་བལྟས་པས༔ སྣང་བ་དེ་དག་མ་འདྲེས་པར༔ ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ༔ དེ་ཡང་དང་པོ་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ་ཤིན་ཏུ་གསལ་ལ་འཚེར་བ༔ དེ་ལ་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ༔ ཞེས་དང་༔ ཚིག་གསུམ་པའི་རྒྱུད་ལས༔ ལྷ་མ་ཡིན་གྱི་འོད་སྔོན་པོ་བཀྲག་མེད༔ བྱོལ་སོང་ལྗང་གུ་ཞེས་ཅུང་ཟད་སྤྲུག་པར་བཤད་དོ༔ དེའི་སྟེང་དུ་རྡོ་རྗེ་སེམས་དཔའི་༴ ནས། སྐྱེ་བ་འཕེན་པར་འགྱུར་རོ༔ བར། ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་བ་གོང་དང་འདྲ་བ་འཆར་རོ༔ ཞེས་དང་༔ ཚིག་གསུམ་པ་ལས༔ ལྷའི་འོད་དཀར་པོ་བཀྲག་མེད་པར་འཆར་རོ༔ ཞེས་སོ༔ དེའི་སྟེང་དུ་རིན་ཆེན་འབྱུང་ལྡན༴ ནས། འཕེན་པར་འགྱུར་རོ་སྟེ༔ ཁ་སྦྱོར་ལས༔ སེར་པོའི་སྣམ་བུའི་སྟེང་དུ༔ ཡང་ཐིག་ལེ་གོང་དང་འདྲ་བར་འཆར་རོ༔ ཞེས་སོ༔ དེའི་སྟེང་དུ་སྣང་བ་༴ནས། འཕེན་ནོ༔ དེ་ཡང་ཁ་སྦྱོར་ལས༔ དེའི་སྟེང་དུ་ཡང་དམར་པོའི་སྣམ་བུའི་སྟེང་དུ༔ ཐིག་ལེ་གོང་མ་ལྟར་རོ༔ ཞེས་སོ༔ དེའི་སྟེང་དུ་དོན་ཡོད་༴ནས། འཕེན་པར་འགྱུར་རོ་སྟེ༔ འདིར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པས་མི་སྣང་ངོ་ཞེས་གསུངས་པ་ནི༔ འབྲས་བུའི་གཟུགས་སྐུ་ཕྲིན་ལས་དང་བཅས་པ་ལ་དགོངས་ཀྱི༔ གཞན་དུ་འོད་དང་ཐིག་ལེ་ཙམ་འགོག་པའི་ཤས་ཆེར་ལས་གསུངས་པ་ནི་མིན་པར༔ གཞི་དུས་ཀྱི་འབྱུང་བ་རླུང་དང་དབུགས༔ ལམ་དུས་ཀྱི་འོད་དང་ལྗང་གུ་བར་དོའི་འོད་གསལ་དང་ཟུང་འཇུག་གི་དོན་གྲུབ་པ་འོད་ཐིག་དང་བཅས་པ་ཡིན་ཞིང་༔ ཡང་ཚད་ཕེབ་ལའང་བྱ་གྲུབ་ཀྱི་རྩལ་ཇི་བཞིན་པར་མ་རྫོགས་ཀྱང་༔ སྨིན་པའི་འོད་དང་ཐིག་ལེ་ཡོད་པར་བཤད་པ་དག་གིས་ཤེས་སོ༔ དེའི་རྗེས་སུ་ལོངས་སྐུ་ཐམས་ཅད་ཀྱི་ནས་འཕེན་པར་འགྱུར་རོ༔ བར་ཏེ༔ སྙིང་དགོངས་ལས༔ ཡབ་ཀུན་ཏུ་བཟང་པོ༔ ཤེས་རབ་མ་འགགས་པས༔ ཡུམ་ཀུན་ཏུ་བཟང་མོར་གསལ་ལོ༔ ཆོས་སྐུར་སྟོང་ཆ་ལ་ཞི་བའི་ལྷ་ཚོགས་སུ་གསལ་ལོ༔ ཞེས་དང་༔ བསྟན་བུ་ལས༔ ཐབས་ཤེས་རབ་འདུ་འབྲལ་མེད་པ་ལས༔ ཀུན་བཟང་ཡབ་ཡུམ་དུ་འཆར་རོ༔ ལོངས་སྐུ་བཞི་བཅུ་རྩ་གཉིས༔ རང་གི་ལུས་ལས་འཆར་རོ༔ ཞེས་སོ༔

གཞན་ཡང་བྱང་ཆུབ་༴ ནས། དེ་བཞིན་ནོ༔ དེ་ཡང་གཞི་ལ་གནས་ཚུལ་དང་༔ ལམ་དང་བར་དོ་ལ་སྣང་ཚུལ་ལས༔ དང་པོའི་དབང་དུ་བྱས་ནས༔ ཡེ་ཤེས་མར་མེའི་རྒྱུད་ལས༔ ཀྱེ་གསང་བདག་ཉོན་ཅིག༔ རང་གི་སྤྱི་བོའི་བདེ་བ་ཆེན་པོའི་རྩའི་དཀྱིལ་ན་རང་བྱུང་གི་དབང་པོ་བརྒྱ་བྱིན་སྐུ་མདོག་དཀར་བོ་བཞུགས་སོ༔ རང་གི་ལྟག་པའི་རྩ་བ་མེན་གྱི་རྭ་ལྟ་བུ་དེའི་ནང་ན་རང་བྱུང་གི་ཐག་བཟང་རིས་སྐུ་མདོག་ལྗང་གུར་བཞུགས་སོ༔ རང་གི་སྙིང་ག་ན་རང་བྱུང་ནི་ཤཱཀ་ཐུབ་སྐུ་མདོག་སེར་པོར་བཞུགས་སོ༔ རང་གི་རྒྱབ་ཀྱི་ཕྱོགས་རྩ་དམར་པོའི་ནང་ན་རང་བྱུང་གི་རབ་བརྟན་མཐིང་གར་བཞུགས་སོ༔ ལྟེ་བ་སྤྲུལ་པའི་རྩ་བ་ན་རང་བྱུང་གི་ཁ་འབར་མ་དམར་པོ་བཞུགས་སོ༔ རང་གི་རྐང་བའི་མཐིལ་གྱི་རྩ་དཀྱིལ་ན་རང་བྱུང་ཆོས་རྒྱལ་ནག་པོ་བཞུགས་སོ༔ གསང་བདག་རང་གི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་སངས་རྒྱས་ཀྱི་གྲོང་ཁྱེར་དུ་ཤེས་པར་གྱིས་ཤིག༔ ཅེས་སོ༔ འདི་ལ་དུས་བདེ་གསང་གསུམ་ལ་སོགས་པ་དཀྱིལ་འཁོར་མ་ཚང་བ་མེད་པར་རྫོགས་པའི་མང་ཚིག་ལས༔ ཉི་ཁྲི་ཆིག་སྟོང་གི་བརྟག་མཐའ་བཟུང་ཡང་དེ་ཙམ་གྱིས་ཀྱང་མ་ཟད་པར༔ རབ་འབྱམས་ལས༔ རང་གི་ཙིཏྟའི་དཀྱིལ་ཉིད་ན༔ སངས་རྒྱས་བྱེ་བ་འབུམ་ཁྲི་དང་༔ ཞེས་ཞི་བའི་གྲངས་དང་༔ སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཞེས་ཁྲོ་བོ་དང་༔ ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ༔ ས་ཡ་གྲངས་དེའི་བརྗོད་མི་ལང་༔ ཞེས་མཁའ་འགྲོའི་གྲངས་སུ་གསུངས་པ་ལྟར་རང་གི་ལུས་ལ་བསམ་གྱིས་མི་ཁྱབ་པར་གནས་པ་ཉིད༔ གཉིས་པའི་དབང་དུ༔ སྙིང་དགོངས་ལས༔ ཕར་ཕྱིན་དྲུག་ལས་ཐུབ་པ་དྲུག་དུ་འཆར་རོ༔ སྤྱི་གཙུག་ནས་བརྒྱ་བྱིན༔ ལྟག་པ་ནས་ཐག་བཟང་རིས༔ སྲོག་རྩ་ནས་ཤཱཀྱ་ཐུབ༔ ལྟེ་བ་སེང་གེ་རབ་བརྟན༔ གསང་བ་ནས་ཁ་འབར་མ༔ རྐང་མཐིལ་ནས་གླང་མགོ་ཅན་འཆར་རོ༔ ཞེས་བར་དོའི་དུས་སུ་ཤར་བ་ཡིན་ནོ༔ དེ་དག་གི་ཐུགས་ཀའི་འོད་ཐག་ཀྱང་༔ ཚིག་གསུམ་པ་ལས༔ ཀྱེ་གསང་བའི་བདག་པོ་རང་གི་རིག་པའི་རང་འོད་ལ་རྟག་ཏུ་བལྟའོ༔ ཨེ་མ་ཧོ་ལས་ཀྱི་བར་དོ་ནི་སངས་རྒྱས་ཀྱི་རང་འོད་ངོ་མ་ཤེས་པས་འཁོར་བ་རུ་བཟློག་པར་རིགས་དྲུག་གི་སྣང་བ་འཆར་རོ༔ དུག་ལྔའི་ལམ་ལ་ཞག་དྲུག་འགྲིམ་མོ༔ ལྷའི་འོད་དཀར་པོ་བཀྲག་མེད་པར་འཆར་རོ༔ དེ་ལ་ཤེས་པ་ཞུགས་ན་ལྷར་སྐྱེའོ༔ དེ་བཞིན་དུ་ལྷ་མ་ཡིན་གྱི་འོད་སྔོན་པོ་བཀྲག་མེད༔ མིའི་དམར་པོ༔ བྱོལ་སོང་ལྗང་གུ༔ ཡི་དྭགས་སེར་པོ༔ དམྱལ་བའི་ནག་པོར་འཆར་རོ༔ ཨེ་མ་ཧོ་འགྲོ་བ་རིགས་དྲུག་གི་འོད་ལ་ཤེས་པ་ཞུགས་པས་སྐད་ཅིག་མ་གཉིས་པ་ལ་རྫོགས་ལྡན་མུན་པ་ནག་པོའི་ཁམས་ཉིན་མོ་ཉི་མའི་སྣང་བ་མེད༔ ནུབ་མོ་ཟླ་བའི་སྣང་བ་མེད༔ སྣང་ནུབ་མེའི་སྣང་བ་མེད༔ ཆར་དང་རླུང་དང་མུན་ནག་གི་ནང་ན་ཤིན་ཏུ་སྡུག་བསྔལ་ལོ༔ ཞེས་སོ༔

ཡང་ན་༴ ནས། འགོག་བསམ་པར་བྱའོ༔ བར༔ སྔར་བཞི་སྦྱོར་གྱི་རྩལ་རྫོགས་མ་རྫོགས་བཤད་མ་ཐག་པ་ལྟར་རོ༔ ཡེ་ཤེས་བཞི་སྦྱོར་གྱི་སྣང་བ༔ དེ་དག་ཀྱང་རབ་འབྱམས་ལས༔ འདི་དུས་ཡེ་ཤེས་བཞི་སྦྱོར་གྱི༔ སྣང་བ་རང་གི་སྙིང་ལས་འཆར༔ དཀར་སེར་དམར་དང་མཐིང་གའི་འོད༔ སྣམ་བུ་བརྐྱང་བ་ལྟ་བུའི་ཁར༔ ཐིག་ལེ་ཟེར་དང་ལྡན་པ་ནི༔ མེ་ལོང་ཁ་སྦུབ་བྱས་པ་ལྟར༔ ཤིན་ཏུ་གསལ་ལ་འཚེར་བ་ལ༔ རང་བཞིན་ཐིག་ལེ་ལྔ་ལྔ་ཡིས༔ འོད་སྣང་བཞི་ཀའི་སྟེང་དུ་བརྒྱན༔ དེ་ནི་ཡེ་ཤེས་བཞི་སྦྱོར་ཏེ༔ རྡོ་རྗེ་སེམས་དཔའ་ཁོང་སེང་ལམ༔ རིག་པའི་སྣ་ཐག་ཅེས་བྱའོ༔ ཞེས་དང་ཁ་སྦྱོར་ལས༔ དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་བ་སྟེ༔ རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱའོ༔ ཞེས་སོ༔

དོན་གསུམ་པ་ཡེ་ཤེས་ཀྱི་རྗེས་སུ་༴ ནས། ནས་སྔར་ལྟར་ཏེ༔ ཁ་སྦྱོར་ལས༔ དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ༔ དེའི་ཚེ་གོང་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ༔ ཤར་ལུགས་བརྒྱད་གང་ཞེ་ན༔ རྒྱུད་འདི་དང་དོན་གཅིག་པར༔ ཀློང་ཆེན་རབ་འབྱམས་ལས༔ དེའི་ཚེ་འཆར་ལུགས་བརྒྱད་འཆར་ཏེ༔ དེ་ཡང་རིག་པ་ཡེ་ཤེས་འདི༔ ཐུགས་རྗེ་ལྟར་དུ་ཤར་བས་ན༔ འཁོར་འདས་གཉིས་པོ་རྒྱ་མ་ཆད༔ རང་རིག་འོད་དུ་ཤར་བས་ན༔ སྣང་བ་ཐམས་ཅད་ནང་དུ་གསལ༔ རང་རིག་སྐུ་ལྟར་ཤར་བས་ན༔ ཤེས་པའི་ཁ་ནི་ཕྱིར་མ་ཤོར༔ རང་རིག་ཡེ་ཤེས་ལྟར་ཤར་བས༔ སྣང་བ་ཐམས་ཅད་ཟང་ཐལ་ཉིད༔ རང་རིག་གཉིས་མེད་ལྟར་ཤར་བས༔ རང་གི་ཤེས་པ་རྩེ་གཅིག་གནས༔ རང་རིག་མཐའ་གྲོལ་ལྟར་ཤར་བས༔ མཐའ་ནི་གང་ལ་ཡང་མི་གནས༔ མ་དག་འཁོར་བའི་སྒོ་ལྟར་འཆར༔ སྲིད་པའི་འབྱུང་ཁུངས་མ་འགགས་སོ༔ དག་པ་ཡེ་ཤེས་སྒོ་ལྟར་འཆར༔ ཆོས་ཉིད་མ་དང་བུ་འབྲེལ་ལོ༔ ཞེས་སོ༔

གསུམ་པ་སྤྲུལ་སྐུའི་བར་དོ་༴ ནས། བརྒྱད་ཀྱང་འཆར་རོ༔ བར་ཏེ༔ ཀློང་གསལ་ལས༔ འདི་ལས་ཤར་ཕྱོགས་འཇིག་རྟེན་ཁམས༔ ཞིང་ཁམས་མིང་ནི་མངོན་པར་དགའ༔ སྤྲུལ་སྐུའི་ཞིང་ཁམས་ཡངས་པ་དེར༔ གཞལ་ཡས་ཁང་ནི་འདི་ལྟ་སྟེ༔ ཤར་རི་དཀར་པོ་ཤེལ་ལས་གྲུབ༔ གྲུབ་བཞི་སྒོ་བཞི་རྟ་བབས་ལྡན༔ ས་གཞི་ཐམས་ཅད་རིན་པོ་ཆེ༔ ཡིད་དུ་འོང་ཞིང་ལྟ་ན་སྡུག༔ རིན་པོ་ཆེ་ཡི་ཐེམ་སྐས་དང་༔ ཕྱོགས་བཞི་གསེང་སྐར་ཆེན་པོ་བཞི༔ གསེང་ཀའི་ནང་དུ་ཉི་མ་ཤར༔ རིན་ཆེན་ཤེལ་གྱི་ཁྱིམ་དང་འཐབ༔ ནང་དུ་ཡེ་ཤེས་འོད་ལྔར་ལྡན༔ གཞལ་ཡས་དེ་ཡི་ཕྱི་རིམ་དུ༔ ཡན་ལག་བརྒྱད་ལྡན་ཆུ་བོ་དང་༔ དྲི་ཞིམ་ཁྲུས་ཀྱི་རྫིང་བུ་དང་༔ འཚོ་བྱེད་སྨན་གྱི་ལྡུམ་ར་ཡོད༔ དེ་ལ་ནད་ཀྱིས་ཉེན་པ་རྣམས༔ འཐུང་བཀྲུས་ཟོས་པས་ནད་རྣམས་བྱང་༔ དེ་ཡི་ཕྱི་རིམ་ལྕགས་རི་ལ༔ མཚོ་ལུ་ཆེན་པོ་བརྒྱད་ཡོད་དེ༔ དེ་ཡི་ནང་ན་བྱ་ཡི་རིགས༔ རྣམ་པ་སྣ་ཚོགས་ཉིད་དུ་སྟེ༔ བྱ་ཡི་རྒྱལ་པོ་ངང་པ་དང་༔ མཐིང་རིལ་དག་དང་ཀ་ཏི་དང་༔ རྨ་བྱ་ནེ་ཙོ་ཤང་ཤང་དང་༔ ཁུ་བྱུག་རི་སྐེགས་ལ་སོགས་པ༔ བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ ཡིད་འོང་བྱ་ནི་འདི་ལྟ་སྟེ༔ ཀང་ཀ་རི་དང་ཟེར་མོ་དང་༔ ཝབ་དང་བྱ་སྐད་དྲིལ་བུ་སྐད༔ ཀི་ཏིང་གསེར་གྱི་རྡོ་རྗེའི་གཟུགས༔ དེ་ལ་སོགས་པ་བྱ་ཡི་རིགས༔ གཡུ་ལྟར་སྔོ་ལ་དུང་ལྟར་དཀར༔ བྱི་རུ་ལྟར་དང་ཨིནྡྲ་དང་༔ རིགས་ལྡན་བྱ་ལ་ཡིད་དུ་འོང་༔ གསུང་སྙན་རྣམ་པ་སྣ་ཚོགས་སྒྲོག༔ དེ་དག་རྣམས་ཀྱི་ཕྱི་རིམ་དུ༔ རིན་ཆེན་བདུན་གྱི་ལྕགས་རི་ཡོད༔ དེ་དག་རྣམས་ཀྱི་དབུས་སུ་ནི༔ རིན་ཆེན་བདུན་གྱི་ཁྲི་རྐང་ཡོད༔ ཆོས་འཆད་པ་ཡི་བསྟན་པ་ཡོད༔ ཕོ་བྲང་དེ་ཡི་གཙོ་བོ་ནི༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཞེས༔ མཚན་དང་དཔེ་བྱད་ལྡན་པ་ལ༔ རྡོ་རྗེ་རིགས་ཀྱི་འཁོར་གྱིས་བསྐོར༔ སྲོད་ལ་རྒྱུ་ཡི་ཆོས་རྣམས་གསུང་༔ ཉིན་ཕྱེད་འབྲས་བུའི་ཆོས་རྣམས་གསུངས༔ དེ་ལྟར་དུས་བཞིར་ཐུན་བཞིའོ༔ དེ་རུ་གནས་པའི་བྱང་སེམས་རྣམས༔ སྐྱེ་བ་གཅིག་གིས་ཐོགས་པའོ༔ ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ༔ ཞིང་ཁམས་དེ་ནི་ཁྱད་པར་འཕགས༔ སྐོམ་རྣམས་བདུད་རྩིའི་ཆུ་འཐུང་བས༔ སྐོམ་པའི་ཚད་པ་མེད་པའོ༔ ཏིང་འཛིན་གཙང་མའི་ཟས་ཟ་བས༔ ཟས་ཞེས་བྱ་བའི་མིང་ཡང་མེད༔ འདོད་ཡོན་ལྔ་ལ་ལོངས་སྤྱོད་པས༔ ལྟོག་འཕྱུགས་བྱ་བའི་མིང་ཡང་མེད༔ གཞལ་ཡས་དེ་ཡི་ཟུར་བཞི་ལ༔ མུ་ཏིག་ཆེན་པོ་རྣམ་བཞི་ཡོད༔ བར་སྣང་ཐམས་ཅད་གཡེར་ཁས་སྦྲེལ༔ སྦྲེལ་ཐག་རླུང་གིས་བསྐྱོད་ཙམ་ལས༔ ཡིད་འོང་སྣ་ཚོགས་སྒྲ་དང་ལྡན༔ ཕྱོགས་བཞིར་རབ་བརྟན་སྣ་ཚོགས་བཞི༔ རླུང་གིས་བསྐྱོད་པའི་དྲི་ཞིམ་འཐིབ༔ ཞིང་ཁམས་དེ་ཡི་ཡོན་ཏན་ནི༔ དཔག་མེད་བསམ་ལས་འདས་པའོ༔ ཞིང་ཁམས་གནས་དང་བཅས་པ་དེ༔ འདི་ནས་ཤར་གྱི་ཕྱོགས་རོལ་དུ༔ དཔག་ཚད་ལྔ་བརྒྱ་འདས་པའི་སྟེ་༔ རིག་པ་རང་སྣང་ཡུལ་ན་བཞུགས༔ དེ་རུ་སྐྱེས་པའི་བྱང་སེམས་རྣམས༔ སུམ་ཅུ་རྩ་གསུམ་དག་དང་ནི༔ ལོངས་སྤྱོད་ཐམས་ཅད་མཉམ་པའོ༔ དེ་ནི་ས་ལ་གནས་པ་ཡིས༔ ཤར་ཕྱོགས་མངོན་དགའི་ཞིང་འཁོད་དོ༔ ཡང་གཅིག་རིགས་བཞིའི་བདག་མོ་དང་༔ འབྱུང་ལྔའི་བདག་མོ་ཐམས་ཅད་ཉོན༔ འདི་ནས་ལྷོ་ཡི་ཕྱོགས་རོལ་དུ༔ དཔལ་དང་ལྡན་པའི་ཞིང་ཁམས་ནི༔ རིན་ཆེན་གསེར་ལས་གྲུབ་པ་ལས༔ ཡོན་ཏན་ཐམས་ཅད་ཤར་དང་གཅིག༔ རིགས་ཀྱི་སྤྲུལ་སྐུ་རིན་ཆེན་འབྱུང་༔ འཁོར་དུ་རིན་ཆེན་མཁའ་འགྲོས་བསྐོར༔ ཁ་དོག་གཙོ་བོ་མ་གཏོགས་པ༔ གོང་དང་འདྲ་བས་རིགས་པས་བྱ༔ ཡང་གཅིག་འབྱུང་ལྔའི་བདག་མོས་ཉོན༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ པདྨ་བརྩེགས་པའི་ཞིང་ཁམས་ན༔ པདྨ་རཱ་ག་དག་ལས་གྲུབ༔ སྟོན་པ་སྣང་བ་མཐའ་ཡས་སོ༔ འཁོར་ནི་པདྨའི་རིགས་མཆོག་གོ༔ ཡོན་ཏན་གྲུབ་ཚུལ་ཐམས་ཅད་ཀུན༔ ཤར་དང་འདྲ་བར་རྫོགས་པའོ༔ ཡང་གཅིག་འབྱུང་ལྔའི་བདག་མོས་ཉོན༔ འདི་ནས་བྱང་གི་ཕྱོགས་རོལ་ན༔ ལས་རབ་བརྩེགས་པའི་ཞིང་ཁམས་ཡོད༔ ཨིནྡྲ་ནཱི་ལའི་གཞལ་ཡས་ཁང་༔ སྤྲུལ་སྐུ་དོན་ཡོད་གྲུབ་པ་ལ༔ ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར༔ གནས་ཀྱི་ཡོན་ཏན་བརྗོད་ཚུལ་རྣམས༔ མངོན་དགའ་དག་དང་མཚུངས་པའོ༔ བརྒྱད་ཀྱང་འཆར་རོ་ཞེས་པའི་དོན་ནི༔ རྫོགས་པ་རང་བྱུང་ལས༔ བྱང་ཤར་མཚམས་ན་སྟོབས་རྣམ་པར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་ཡངས་པ་ཞེས་བྱ་བ་ཡོད་ཀྱི༔ ཞིང་ཁམས་དེ་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱ་བ་ཡོད་ཀྱི༔ ཞེས་དང་༔ ཤར་ལྷོ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ན༔ ཞིང་ཁམས་ཐུགས་རྗེས་བརྒྱན་པ་ཞེས་བྱ་བ་དེ་ན༔ བཅོམ་ལྡན་འདས་ཐུགས་རྗེ་ཐམས་ཅད་ཀྱི་བདག་པོ༔ སྤྱན་རས་གཟིགས་དབང་ཕྱུག་ཞེས་བྱ་བ་ཡོད༔ ཞེས་དང་༔ ལྷོ་ནུབ་ཀྱི་འཇིག་རྟེན་གྱི་ཁམས་ན༔ ཞིང་ཁམས་འཇམ་པའི་མགོན་ཅེས་བྱ་བ་ཡོད་དེ༔ དེ་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་བྱ་བ་ཡོད་དེ༔ ཞེས་དང་༔ ནུབ་བྱང་གི་འཇིག་རྟེན་གྱི་ཁམས་ན༔ ཞིང་ཁམས་ཡིད་འཁྲུགས་པ་ཐམས་ཅད་ཞི་བར་བྱེད་པ་ཞེས་བྱ་བ་ཡོད་དེ༔ དེ་ན་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བ་ཡོད་ཀྱིས༔ ཞེས་གསུངས་པ་རྣམས་དང་༔ སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བའི་འཇིག་རྟེན་དང་༔ འོག་གི་ཕྱོགས་ན་ཞིང་ཁམས་མ་གཡོས་པ་ཞེས་བྱ་བ་དང་༔ དབུས་ཕྱོགས་ན་སྟུག་པོ་བཀོད་པའི་ཞིང་ཁམས་དང་བཅུ་གཅིག་ཀྱང་འཆར་བའོ༔

འགྲོ་འདུལ་སྤྲུལ་པའི་བར་དོ་ནི་༴ སོགས་ནས། ཟས་སྣང་བའོ༔ འི་བར་གྱི་ལྷུན་གྲབ་སྒོ་བརྒྱད་ལས་མ་དག་པ་ལྟར་ཤར་བའི་རིགས་དྲུག་གི་ཡུལ་སྣང་བ་ལ་འདུལ་བྱེད་ཞི་བའི་ཐུབ་པ་དྲུག་ཏུ་ཤར་བ་ནི་སྔར་བཤད་གྲུབ་བོ༔ ཁྲོ་བོ་ལ་ཡང་༔ གདུལ་བྱ་གཞན་སྣང་དུ་འདུལ་བྱེད་སྤྲུལ་སྐུ་ཁྲོ་བོའི་དཀྱིལ་འཁོར་བསྟན་པར་བཤད་པ་བཞིན་དུ༔ ཕྱེད་ལོངས་སྐུ་དང་༔ འགྲོ་བ་འདུལ་བའི་སྣང་བ་རབ་འབྱམས་སུ་མ་འགགས་པར༔ བར་དོ་ལ་འཆར་བ་ཡང་༔ ཀློང་གསལ་ལས༔ ཉོན་གཅིག་རིག་མདངས་མཁའ་འགྲོ་ལྔ༔ ཞི་བའི་ཞིང་ཁམས་ལྔ་པོ་ཡིས༔ རང་རང་མདུན་གྱི་བར་སྣང་དུ༔ སྤྲུལ་སྐུ་ཁྲོ་བོའི་ཞིང་ཁམས་ཡོད༔ མིང་ནི་དུར་ཁྲོད་མེ་རི་འབར༔ དེ་རུ་གཞལ་ཡས་ཁང་ཆེན་པོ༔ ཐོད་པའི་ཁང་པ་གྲུ་བཞི་པ༔ ཐོད་སྐམ་ཀུན་གྱིས་འགྲམ་གཞི་བྱས༔ རྙིང་བ་ཀུན་གྱིས་བར་རྩིགས་བྱས༔ ལྕང་ལོ་ཅན་གྱིས་ཁ་པད་བྱས༔ རྒྱ་དང་འཕང་དུ་དཔག་ཏུ་མེད༔ གནམ་ལྕགས་གཟེར་བཏབ་རཀྟས་བྱུག༔ ཉི་ཟླའི་ཀ་གདན་འོད་དང་བཅས༔ ཆུ་སྲིན་ཀ་ཞུ་ལྷ་བརྒྱད་གདུང་༔ གཟའ་བརྒྱད་ཀ་བ་རྒྱུ་སྐར་ཕྱམ༔ མཆོག་གི་དྲལ་མ་ཞིང་ཆེན་གཡོགས༔ ཉིན་བཞིན་རླུང་འཚུབས་མཚན་མེ་འབར༔ གཞལ་ཡས་དེ་ཡི་ཟུར་བཞི་རུ༔ ཞིང་ཆེན་གདུགས་དང་ཐོད་པས་གཡོག༔ ལྷ་མོ་ལྷ་ནི་གར་སྟབས་སྒྱུར༔ ས་གཞི་ཐམས་ཅད་རཀྟའི་མཚོ༔ ཞིང་ཆེན་ཞིང་ཆུང་བརྡལ་བའི་ཀློང་༔ གཞལ་ཡས་དེ་ཡི་ནང་ཉིད་དུ༔ གཞོན་ནུ་དཔའ་བོ་སྟོབས་དང་ལྡན༔ ཐུགས་རྗེ་ཞི་བར་མ་གཡོས་ཀྱང་༔ སྐུ་ནི་ཁྲོ་བོའི་ཆ་ལུགས་བསྟན༔ མཁའ་འགྲོ་ཁྲོ་བོའི་ཆོགས་ཀྱིས་བསྐོར༔ མཁའ་འགྲོ་པཱུརྣ་ཉེར་བཞི་དང་༔ ཚངས་པ་ཉིད་ནི་དུང་མགྲིན་ཅན༔ དྲང་སྲོང་ཟླ་འོད་གཞོན་ནུ་དང་༔ ཨེ་ཀ་ཙ་ཏི་སྤུན་དྲུག་དང་༔ དེ་ཡི་བྲན་མོ་བཅུ་བཞི་དང་༔ གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་༔ ཡང་གཡོག་འབུམ་ཁྲི་འབུམ་སྟོང་དང་༔ མཁའ་འགྲོ་མ་ཡི་འདུ་ཚོགས་ནི༔ བསྐལ་པ་ཞིང་གི་རྡུལ་སྙེད་དུ༔ བྱེ་བ་དུ་ཕྱུར་གྲངས་མེད་བསྐོར༔ ཁྲོ་བོ་དེ་ཡི་ཐུགས་སྤྲུལ་ནི༔ ཕྱག་ན་རྡོ་རྗེ་ལ་སོགས་ཏེ༔ ཁྲོ་བོ་དཔག་ཏུ་མེད་པས་བསྐོར༔ འཁོར་གྱི་སྡེ་ཚོགས་དག་ལ་ཡང་༔ ཡང་གསང་བླ་ན་མེད་པའི་ཆོས༔ ཀློང་གསལ་ཉི་མ་འདི་ཉིད་ཀྱིས༔ ཞི་བ་སྤྲུལ་པའི་སྐུ་རྣམས་ནི༔ གྲོལ་བའི་བྱེད་པ་ཐམས་ཅད་ཀྱང་༔ ཁྲོ་བོ་རྣམས་ཀྱི་གཉེར་མ་ནི༔ ཡེ་ཤེས་ལྡན་པ་ཤ་སྟག་གོ༔ དབང་པོ་ཐ་མ་ཐམས་ཅད་ནི འདི་ལ་བྲེད་ཅིང་དངངས་པས་ན༔ ཞིང་ཁམས་རིགས་ལྔའི་ཞིང་ཁམས་སུ༔ སྐྱེ་བ་ལེན་པ་ཤ་སྟག་གོ༔ དེ་ནི་དབྱིངས་དང་ཡེ་ཤེས་དང་༔ ཐུགས་རྗེའི་དགོངས་སྤྱོད་བསྟན་པའོ༔ ཞེས་སོ༔ དེ་ལྟར་ཆོས་ཉིད་ཀྱི་བར་དོའི་སྣང་བ་ཐམས་ཅད་ཀྱི་འཆར་གཞི་ལྷུན་གྲུབ་སྒོ་བརྒྱད་ཡིན་པ་དང་༔ དེ་ཡང་བསྡུས་པས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ལ་འདུ་ཞིང་༔ དེས་ན་སྐུ་གསུམ་གྱི་བར་དོའང་ངོ་བོ་གཅིག་ལ་གཉིས་སྣང་གི་བག་ཆགས་རྩིང་ཞིབ་བམ་ཀུན་ནས་ལྡང་པའི་དྲི་མ་དང་མངོན་གྱུར་བས་བར་ཆོད་རིམ་ལས་ཐ་དད་དུ་སྣང་བ་ཙམ་གྱིས༔ འདིར་སྤྲུལ་སྐུའི་བར་དོ་ལྷུན་གྲུབ་དང་ས་བཅད་འཛིང་བར་བསྟན་པའང་དོན་དང་བཅས་པ་ལས༔ སྐྱོན་གྱི་ཚི་པ་ནི་མེད་དོ༔ དེས་ནི་ཚིག་གསུམ་པའི་རྒྱད་ལས༔ ཨེ་མ་ཧོ་རིགས་ཀྱི་བུ་དབུགས་ཆད་པ་དང་ཞག་ལྔར་དག་པའི་སྣང་བ་འཆར་རོ༔ དེའི་དུས་སུ་སུན་མ་གསུམ་འོང་ངོ་༔ འོད་དང་༔ སྒྲ་དང་༔ ཟེར་དང་གསུམ་འོང་ངོ་༔ འོད་ནི་བདེ་བར་གཤེགས་པའི་རང་འོད་ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ༔ རང་བཞིན་གྱི་བཀྲག་ལ་ཉམ་ང་བ༔ སོས་ཀའི་ཐང་ལ་སྨིག་རྒྱུ་འགྱུ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་ནས་མེར་རེ་རེ་འོང་ངོ་༔ དེ་ལ་མ་འཇིགས་ཤིག༔ སྒྲ་ནི་འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དྲག་ལ་སྒྲ་ཆེ་བ་དི་རི་རི་འོང་ངོ་༔ དེ་ལ་མ་སྔངས་ཤིག༔ འོད་ལས་ཟེར་མཚོན་ཆའི་ཆར་འབབ་པ་ཙམ་འབྱུང་སྟེ༔ དེ་ཡང་ཆར་པ་འབབ་པ་འདྲ་བ་མཚོན་ཆའི་རྣམ་པ་སྣ་ཚོགས་པ་ཟིང་ཟིང་པ་འོང་ངོ་༔ དེ་ལ་མ་སྐྲག་ཅིག༔ དེ་གསུམ་ལ་མི་འཇིགས༔ མི་སྔངས༔ མི་སྐྲག་པ་ནི་ད་ལྟའི་ཉམས་ལེན་གསུམ་ཉམས་སུ་བླངས་པས་མི་འཇིགས་སོ༔ མི་སྔངས་སོ༔ མི་སྐྲག་གོ༔ དེའི་ཕྱིར་ན་དག་པའི་སྣང་བ་ལ་འདྲིས་པར་བྱའོ༔ ཞེས་དང་༔ བསྟན་བུ་ལས༔ རང་འཆི་བའི་དུས་སུ་འོད་ལྔ་གསལ་ལ་འཚེར་བ༔ རང་བཞིན་གྱིས་བཀྲག་ལ་ཉམ་ང་བ༔ སོས་ཀའི་བྱང་ཐང་ཆེན་པོ་ལ༔ སྨིག་རྒྱུ་རྒྱུ་བ་བཞིན་མེར་མེར་འོང་ངོ་༔ དེ་ལ་མ་འཇིགས་ཤིག༔ འོད་ཟེར་མཚོན་ཆའི་ཆར་པ་འབབ་མ་དང་འདྲ་བ་འོང་ངོ་༔ དེ་ལ་མ་སྐྲག་ཅིག༔ འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟར་དྲག་ལ་ཆེ་བའོ༔ དེ་ལ་མ་དངངས་ཤིག༔ དེ་གསུམ་ལ་མི་འཇིགས་མི་དངང་མི་བྲེད་པ་དེ་ནི་སངས་རྒྱས་ཡིན་ནོ༔ ཞེས་སོ༔

འདི་དག་གི་དུས་སུ་གྲོལ་བའི་གདམས་པ་ནི༔ འོད་གསལ་དང་༔ ཟུང་འཇུག་གི་སྣང་བ་ལ་མ་པང་དུ་བུ་འཇུག་པ་ལྟ་བུ་དང་༔ བཞི་སྦྱོར་དུ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུ་དང་༔ ལྷུན་གྲུབ་ཏུ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་འཕངས་བ་ལྟ་བུའི་ཐབས་རྣམས་དང་༔ འཇུག་པ་ཤེས་པའི་གནད༔ གྲོལ་བ་དུས་ཀྱི་གནད༔ མཐར་ཕྱིན་འབྲས་བུའི་གནད་རྣམས་ནི༔ ཆོས་ཉིད་ཀྱི་བར་དོར་གྲོལ་བའི་གདམས་པ་འོད་གསལ་ཐོད་རྒལ་ཆེན་པོ་ལ་འདུ་བ་ཡིན་ཏེ༔ དེ་དག་གི་དོན་ཅུང་ཟད་བཤད་ན༔ ད་ལྟར་གྱི་གནད་ལས༔ བར་དོར་རང་མལ་ཆོས་པ་སྟེ༔ ཁྲེགས་ཆོད་ཀྱིས་ཚིག་གསུམ་གནད་དུ་བརྡེག་པའི་དང་༔ ཁྱད་པར་ཐོད་རྒལ་གྱི་གཞི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཁོང་གསལ་ཆེན་པོ་ལས༔ ལམ་སྒྲོན་མ་མཁའ་གསལ་དུ་རང་ལས་མི་གཞན་པར༔ རང་ལ་འབྲེལ་བར་སྣང་བའི་དབྱིངས་ཀྱི་ཟེར་ཐག་གི་རྩེ་མོ་དང་དབུས་སུ་རིགས་ལྔའི་སྐུ་གཞལ་ཡས་ཐིག་ལེ་སྟོང་བའི་སྒྲོན་མའི་དཀྱིལ་དུ་སྐུར་སྨིན་པ་དང་༔ སྐུའི་ངོ་བོ་ལུ་གུ་རྒྱུད་དང་བཅས་པ་ཤར་བ་ཤེས་རབ་ཀྱི་རང་རྩལ་ཆེན་པོས་ཡུལ་གོལ་གཟུང་འཛིན་གྱི་འཆིང་རྒྱ་ཐད་གར་དུ་ཆོད་དེ༔ ཕྱིར་སྣམ་བུ་དང་འདྲ་བའི་འོད་དེ་རྣམས་རང་རིག་མའི་ངོ་བོ་གཟུང་འཛིན་རང་སར་དག་པར་བཀྲོལ་བའི་དབྱེར་མེད་གཞི་ཐིམ་དུ་གདེངས་ཆོས་པ་ནི༔ མ༵་པང༵་བུ༵་འཇུག༵་ལྟ་བུར་གྲོལ་བས་སྟོང་འདེབས་སུ་འགྲོ་བ་དང་༔ རིག༵་པ༵་འོད༵་ལ༵་འཇུག༵་པ༵་སྟེ༔ གཞི་དཀྱིལ་ལས་སྒྲོན་མ་ཕར་སྣང་བ་ལ་གཉིས་འཛིན་དང་རྣམ་རྟོག་ཞི་ནས༔ རང་སྣང་ཡིན་པར་ཤེས་ཏེ་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་རིག་པ་ཟིན་པས་འོད༵་ལ༵་རིག༵་པ༵་འཇུག༵་པ༵་ཞེས་རང་ངོ་ཆོས་ཉིད་དུ་གཉིས་སྣང་གྲོལ་བར་མངོན་དུ་གྱུར་རིམ་ལས༔ ཟག་བཅས་ཀྱི་སྦུབས་དང་ཉོན་མོངས་ཕྱི་ནང་གི་ཆོས་ལས་གྲོལ་བའི་ལོངས་སྤྱོད་རྫོགས་པའི་སྐུ་དང་ཡེ་ཤེས་ཡོན་ཏན་མངོན་ཏུ་གྱུར་ཏེ་སངས་རྒྱས་ནས་སླར་མི་ལྡོག་པའི་གདེངས་ཐོབ་པར་འགྱུར་བའི་མཐ༵ར་ཕྱིན༵་འབྲས༵་བུ་གནད༵་དང་བཅས་པ་ཚང་ཞིང་༔ སྣང་བའི་སྒྲོན་མ་རང་སྣང་དུ་ཤེས་ཐོག་ལས་མི་འགྱུར་བར་བཞག་པས༔ མི་འགྱུར་བ་གསེར་གྱི་ཐུར་མས་ཐབས་ཀྱི་སྔོན་རོལ་བ་ཡང་ཡིན་ལ༔ དེས་ནང་དབྱིངས་ཀ་དག་ལས་ཕྱིར་མི་ལྡོག་པར་སྐད་ཅིག་གི་ཟང་ཐལ་དུ་རྟོག་པ་རང་དབང་སྟེར་བས་ན༔ ཕྱིར༵་མི༵་ལྡོག༵་པས༵་གདམས་པ་ཡོངས་སུ་རྫོགས་པའི་ཡོན་ཏན་ཡར་ལྡན་འདིས༔ བར་དོའི་དུས་སུ་དབང་པོ་རྣོ་རྟུལ་གོམས་ཆ་ཆེ་ཆུང་གིས་རང་ས་ཟིན་ནས་གྲོལ་བར་འགྱུར་བའོ༔ དེའི་ཚུལ་ནི་ཁ་སྦྱོར་ལས༔ ཐབས་ནི་གཉིས་ཏེ༔ སྔོན་རོལ་གྱི་གདམས་པའི་གནད་དང་༔ འདི་དུས་གྱི་རིག་པ་རྣོ་རྟུལ་གྱི་ཁྱད་དོ༔ ཞེས་དང་༔ ཀློང་ཆེན་རབ་འབྱམས་ལས༔ དེ་ཚེ་དུས་གནད་གསུམ་ཡིན་ཏེ༔ འཇུག་པ་ཤེས་པའི་གནད་དང་ནི༔ གྲོལ་བ་ལུས་ཀྱི་གནད་དག་དང་༔ མཐར་ཕྱིར་རང་ངོ་ཤེས་པའི་གནད༔ འཇུག་པ་ལ་ཡང་དུས་གཉིས་ཏེ༔ རིག་པ་འོད་ལ་འཇུག་པ་དང་༔ འོད་ནི་རིག་པར་འཇུག་པའོ༔ རིག་པ་འོད་ལ་ཕར་འཇུག་པ༔ གང་གི་འོད་སྣང་དེ་དག་ནི༔ སྐུ་ཡི་སྣང་བར་འཆར་བ་སྟེ༔ དཔག་མེད་གྲངས་ལས་འདས་པ་ལ༔ སེམས་དཔའ་དང་ནི་སེམས་མར་བཅས༔ ཡབ་དང་ཡུམ་གྱི་ཆ་འཛིན་ཞིང་༔ མུ་ཁྱུད་འོད་ལྔའི་རྭ་བས་བསྐོར༔ སྣང་བ་ཐམས་ཅད་སྐུ་རུ་འཆར༔ དེ་ཚེ་རང་གི་སྙིང་ཀ་ནས༔ འོད་ཟེར་ཤིན་ཏུ་ཕྲ་བ་གཅིག༔ ལྷ་སྐུ་ཀུན་དང་འབྲེལ་བར་སྣང་༔ དེ་ལ་རང་གི་ཤེས་པས་ཟིན༔ རང་སྣང་ཡིན་པར་ཤེས་གྱུར་ན༔ རང་བཞིན་དུ་ནི་མི་རྟོག་པའི༔ བསམ་གཏན་དག་ལ་གནས་པ་དང་༔ འོད་ཉིད་རིག་པར་ཚུར་འཇུག་པ༔ ཡང་ནི་རང་གི་སྙིང་ནང་ནས༔ འོད་ཟེར་ཚོན་སྐུད་བསྒྲིལ་བ་གཅིག༔ ཚོམ་བུའི་ལྷ་ཚོགས་ཐུགས་ཀར་འབྲེལ༔ དེ་དུས་ཚོམ་བུའི་ལྷ་ཚོགས་རྣམས༔ རང་ལ་ཐིམ་བའི་སྣང་བ་འཆར༔ དེ་ནི་འོད་ཟེར་རིག་པ་ལ༔ ཚུར་ལ་འཇུག་པ་ཞེས་བྱའོ༔ དེ་ནས་གྲོལ་བ་ལུས་ཀྱི་གནད༔ འདི་ཡི་དུས་ན་ཕུང་པོ་ལྔ༔ བདག་ཏུ་འཛིན་པ་རང་དེངས་པས༔ ལུས་ནི་ལོངས་སྤྱོད་རྫོགས་སྐུར་གྲོལ༔ འབྱུང་བའི་རྡོས་བཅས་རང་དེངས་པས༔ འོད་གསལ་བདེ་ཆེན་ཀློང་དུ་གྲོལ༔ ཉོན་མོངས་ཕྲ་རགས་རང་གྲོལ་བས༔ འོད་གསལ་རིག་པ་ཆོས་སྐུར་ཤར༔ རིག་པ་མ་ལ་བུ་ཐིམ་གྲོལ༔ ཞེས་དང་༔ རང་ཆས་ལས༔ དེ་ནས་ཡང་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་བོས་བཀའ་སྩལ་པ༔ ཀྱེ་གསང་བའི་བདག་པོ་རང་གི་ཡེ་ཤེས་རང་ངོ་ཤེས་པ་དེ་སངས་རྒྱ་བ་ལ་གསུམ་མོ༔ འཇུག་པ་དང་གྲོལ་བ་དང་མཐར་ཕྱིན་པའོ༔ འཇུག་པ་ལ་གཉིས་ཡིན་ནོ༔ དག་སྣང་རང་ལ་ཚུར་འཇུག་པ་ནི༔ རང་འཆི་བའི་ཚེ་རང་གི་སངས་རྒྱས་རང་ལ་འཆར་བ་དེ་ཡིན་ནོ༔ རང་ལ་ཕར་འཇུག་པ་ནི༔ རང་གི་སངས་རྒྱས་འཆར་བའི་ཚེ་རང་ངོ་ཤེས་པས་སངས་རྒྱ་བའོ༔ རང་གི་རང་བཞིན་གྱིས་འོད་གསལ་ལ་དུས་རྟག་ཏུ་བལྟ་བའོ༔ གྲོལ་བ་ལ་གསུམ་ཡིན་ནོ༔ རིག་པ་སྦུབ་ནས་འཐོན་པས་ཕྱི་ནང་གི་ཆོས་ཐམས་ཅད་གྲོལ་ལོ༔ རིག་པ་སེམས་དང་བྲལ་བས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལས་གྲོལ་ལོ༔ རིག་པ་རང་ལུས་ཐོབ་ནས༔ རང་གི་ཡེ་ཤེས་རང་ས་འཛིན་ནས༔ མ་རིག་པ་རིག་པའི་ཡེ་ཤེས་སུ་གྲོལ་ལོ༔ མཐར་ཕྱིན་པ་སངས་རྒྱས་ནས་སེམས་ཅན་དུ་མི་ལྡོག་པའོ༔ ཞེས་སོ༔ དེ་ཡང་ད་ལྟ་མ་གོམས་ན༔ བར་དོ་ལ་མི་གྲོལ་ཞིང་༔འོད་གསལ་གྱི་ལམ་ལ་གོམས་པ་ཡོད་ན་དེ་གཅིག་པོས་ཆོག་གི༔ འོན་ཀྱང་མནལ་ཁ་འདུན་པས་འོད་གསལ་ངོས་འཛིན་པ་དང་༔ འོད་གསལ་ལ་འཕོ་བའི་གདམས་པ་བློས་སྦྱངས་བ་དང་༔ འཆི་ཁའང་དེ་ལ་ཞོ་ཤས་བསྐྱངས་སུ་གཞན་རྐྱེན་གྱི་ངོ་སྤྲོད་རྣམས་བྱས་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ན༔ ལམ་སྦྱངས་དམན་པ་རྣམས་ལ་དེ་དག་དགོས་པ་སྨོས་ཅི་དགོས་ཏེ༔ མེད་ཐབས་མེད་པ་ཡིན་ནོ༔ ཆོས་འདིའི་སྒོ་མ་མཐོང་བ་དང་༔ མཐོང་ཡང་ངེས་པ་མེད་པ་རྣམས་ནི༔ འདི་ནས་ཞི་ཁྲོའི་སྣང་བ་ལ་ཆགས་པའམ་འཇིགས་སྐྲག་གིས་གོལ་ཏེ་ལམ་གཞན་དུ་ལྡོག་པར་འགྱུར་བ་ཡིན་ལ༔ གདམས་ངག་ཅུང་ཟད་དམ་རྒྱས་པར་གོམས་པ་ཡོད་ན༔ འདིའི་དུས་སུ་ལམ་གྱི་དམར་ཐག་གཅོད་སའམ་ལམ་གྱི་སུན་མ་བར་དོ་ཞེས་བྱ་བ་ཡིན་པས་དངོས་གྲུབ་ལེན་པའི་དུས་དེར༔ བར་དོའི་དག་སྣང་དེ་དག་ཆོས༵་ཉིད༵་མའི༵་སྣང༵་བ༵་ཞེས་ཀྱང་བྱ༔ རྣལ་འབྱོར་པས་ལམ་དུས་ཀྱི་རྟོགས་པའི་མཚམས་སྦྱར་གྱི་ཡེ༵་ཤེས༵་རང༵་ས༵་ཟི༵ན་ཏེ༔ སྐད་ཅིག་ལ་ཕྱིར་མི་ལྡོག་པར་གྲོལ་བ་ཐོབ་པའི་དགའ་བའི་དུས་སྟོན་ཡོད་པས་ན༔ རྣལ་འབྱོར་དབང་ཕྱུག་གིས༔ འཆི་བ་འཆི་བ་མ་ཡིན་ཏེ༔ རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན༔ ཞེས་གསུངས་པས་གནད་གཉིས་པོ་འདི་ལ་གོང་མ་ཐམས་ཅད་འུབ་ཆུབ་པ་ཡང་༔ སངས་རྒྱས་རང་ཆས་པའི་རྒྱུད་ལས༔ ཀྱེ་གསང་བའི་བདག་པོ༔ སངས་རྒྱ་བ་ལ་གཉིས་ཡིན་ནོ༔ ཆོས་ཉིད་མ་དང་འཕྲད་པ་དང་༔ ཡེ་ཤེས་རང་ས་ཟིན་པའོ༔ ཆོས་ཉིད་མ་དང་འཕྲད་པ་ནི༔ འཁྲུལ་སྣང་འགག་ནས་དག་སྣང་འཆར་བ་ཡིན་ནོ༔ ཡེ་ཤེས་རང་ས་ཟིན་པ་ནི༔ འོད་ལྔ་ངོ་ཤེས་པས་རང་གི་སྣང་བ་ལ་ཐིམ་ནས་སངས་རྒྱ་བས༔ བདག་སངས་རྒྱ་བའི་དུས་ཀྱིས་དམར་ཐག་ཆོས་ཉིད་མ་དང་འཕྲད་པའི་དུས་སུ་བཅད་དོ༔ ཞེས་དང་༔ ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ༔ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་༔ ཆོས་ཐམས་ཅད་ཀྱི་རྩ་བ་གདམས་ངག་ལ་འདུས༔ གདམས་ངག་ཐམས་ཅད་ཀྱི་དམར་ཐག་གར་བཅད་ཅེས་ཞུས་སོ༔ དེ་ནས་ཡང་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་བ༔ རང་འཆི་བའི་ཚེ༔ དྲོད་རྐང་བའི་མཐིལ་ནས་ཡར༔ སྤྱི་བོ་ཚངས་པའི་བུ་ག་ནས་ཡར་འཐོན༔ སེམས་གློ་བའི་ནང་ནས་འཐོན་ནས་དབུགས་སྣ་སྒོར་ཆད༔ སངས་རྒྱས་སྙིང་གི་ནང་ནས་བྱོན་ནས་མིག་ནས་ཕར་ལ་དོན་པའི་དུས་སུ༔ སྣང་བ་ཐམས་ཅད་འོད་དུ་འཆར་ཏེ༔ ཤར་བ་དེ་རང་གིས་སངས་རྒྱས་སུ་ངོ་ཤེས་པས་རང་འོད་དང་སྐུ་ལ་ཐིམ་ནས་སངས་རྒྱས་པས༔ གདམས་ངག་ཐམས་ཅད་ཀྱི་དམར་ཐག་སྣང་སྲིད་ཐམས་ཅད་སྐུ་དང་འོད་དུ་འཆར་བའི་དུས་བཅད་དོ༔ ཞེས་སོ༔ དེ་ལྟར་བཅད་ནུས་པའི་རྣལ་འབྱོར་རིགས་ཀྱི་བུ་དེ་ལ་རྗེས་དྲན་དྲུག་དང་མངོན་ཤེས་ལྔ་ཡང་ཤར་ནས་ཡང་དག་པ་སངས་རྒྱས་ཀྱི་འབྲས་བུ་རྙེད་པར་འགྱུར་བ་སྟེ༔ དེའི་ཚུལ་ནི་སྔར་གོམས་པའི་དབང་གིས་བླ་མ་ལ་མོས་གུས་ཡོད་པ་རྣམས་ཀྱིས་དེ་རྗེས་སུ་དྲན་མ་ཐག་པར་མདུན་དུ་མངོན་སུམ་བྱོན་ནས༔ ལམ་དང་གདམས་པའི་ངོ་སྤྲོད་བསྟན་ནས་མི་གྲོལ་མི་སྲིད་ལ༔ དབང་ཡང་དག་པར་ཐོབ་པ་རྣམས་ལ་ནི༔ ཡི་དམ་གྱི་ལུང་བསྟན་ཐོབ་པ་དང་༔ དམ་ཚིག་གཙང་བ་རྣམས་ལ་ནི་མཁའ་འགྲོའི་ལུང་བསྟན་པ་འབྱུང་བས་སངས་རྒྱའོ༔ ལུང་བསྟན་དང་གདམས་པ་ཇི་ལྟར་འདོམ་ན༔ འོད་ལ་མ་འཇིགས༔ སྒྲ་ལ་མ་དངངས༔ ཟེར་ལ་མ་སྐྲག༔ འདི་དག་རིག་པའི་རང་སྣང་སྔར་བླ་མས་ངོ་སྤྲོད་པ་སྟེ༔ ད་ལྟ་བར་དོར་ཁྱོད་ལ་ཤར་བ་ཡིན་ནོ༔ ཞེས་གསུངས་པར་འགྱུར་རོ༔ དེས་ན་ད་ལྟ་དབང་མ་ཐོབ་དམ་ཚིག་མ་དག༔ མོས་གུས་མེད་པ་རྣམས་ནི་འཇིགས་སར་སྐྱེལ་མས་བསླུས་པ་བཞིན་དུ༔ ཕྱིན་ལོག་བདུད་ཀྱི་ལུང་བསྟན་འབྱུང་བ་ལས༔ རྗེས་དྲན་དང་ལུང་བསྟན་འདི་དག་མི་འབྱུང་བས་ད་ལྟ་ནས་ཚག་བྱེད་གལ་ཆེ་བའི་རྒྱུ་མཚན་དེ་ཡིན་ནོ༔ བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་ཡིན་པ་དང་༔ ལྷ་དང་མཁའ་འགྲོ་སྒྱུ་མ་ནི་ངོ་བོ་གཅིག་པས་སོ༔ ཆུད་པར་རོལ་པའི་རྒྱུད་ལས༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ ལྷ་ཡི་ལྷ་ཁྱོད་དགོངས་སུ་གསོལ༔ ཞེས་པས་སོ༔ དེ་གསུམ་ནི་༡ལྷ་རྗེས་སུ་དྲན་པ་དང་༔ བསྐྱེད་རིམ་པས་ལྷག་ལྷའི་ཞལ་མཐོང་བ་དང་མཉམ་དུ་བར་དོ་འཁྲུལ་སྣང་གི་ལུས་མི་སྣང་བར་སྒྱུ་ལུས་ལྷ་སྐུར་ལྡང་བའང་ལྷ་རྗེས་དྲན་ཡིན་ནོ༔ དེ་དག་གི་བསྟན་པའི་༢ལམ་རྗེས་སུ་དྲན་པ་དང་༔ རྫོགས་རིམ་ལ་གོམས་པས་༣ལྟ་བ་རྗེས་སུ་དྲན་པ་དང་༔ སྐྱེ་གནས་༤རྗེས་སུ་དྲན་ཏེ་སྨོན་ལམ་དང་རང་བཞིན་སྤྲུལ་སྐུའི་ལམ་ཁྱེར་གྱིས་དེར་དབུགས་དབྱུང་༔ བསམ་གཏན་རྗེས་དྲན་གྱི་ཞག་ལྔར་རང་བཞིན་གྱི་བསམ་གཏན་ལ་ཤུགས་ཀྱི་གནས༔ གདམས་ངག་༥རྗེས་དྲན་གྱིས་རང་སྣང་རང་ངོ་ཤེས་ནས་ཆོས་ཉིད་ལ་གཉིས་སུ་མེད་པར་སྤྱོད་པའོ༔ དེ་དག་ཀྱང་ཚིག་གསུམ་པའི་རྒྱུད་ལས༔ ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་བར་དུ་བླ་མ་དང་ཡི་དམ་མཁའ་འགྲོའི་སྣང་བ་འཆར་རོ༔ རིགས་ཀྱི་བུ་འོད་དེ་ལ་མ་འཇིགས་སྒྲ་དེ་ལ་མ་སྔངས༔ ཟེར་དེ་ལ་མ་སྐྲག་པས་རྒྱུན་དུ་རང་གི་རིག་པའི་གདངས་ཡིན་ནོ་ཞེས་ཟེར་ནས་ལུང་སྟོན་ན༔ དེ་ལ་བླ་མའི་ལུང་བསྟན་ནི་བླ་མ་ལ་མོས་གུས་ཆེ་བས་འོང་ངོ་༔ ཡི་དམ་གྱི་ལུང་བསྟན་ནི་ཕྱི་ནང་གསང་བའི་དབང་རྫོགས་པ་ལས་འོང་ངོ་༔ མཁའ་འགྲོའི་ལུང་བསྟན་ནི་གསང་སྔགས་ཀྱི་དམ་ཚིག་མ་ཉམས་ལས་འོང་ངོ་༔ ཞེས་དང་༔ ཁ་སྦྱོར་ལས༔ དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ༔ ཞེས་རྫོགས་པར་གསུངས་བ་དང་༔ རབ་འབྱམས་ལས༔ སྐད་ཅིག་མ་ནི་དང་པོ་ལ༔ རྗེས་སུ་དྲན་པ་དྲུག་འཆར་ཏེ༔ ལྷ་དང་བླ་མ་སྐྱེ་གནས་དང་༔ གདམས་ངག་ལྟ་བ་རྗེས་སུ་དྲན༔ ཞེས་གསུངས་སོ༔ མངོན་ཤེས་དྲུག་ནི༔ ཉི་ཟླ་ཁ་སྦྱོར་ལས༔ དེ་ལྟར་ཤར་པའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་ཤེས་འཆར་ཏེ༔ སྔོན་གྱི་སྐྱེ་གནས་ཤེས་པ་དང་༔ འཆི་འཕོ་བ་དང་༔ སྐྱེ་བ་ཤེས་པ་དང་༔ ཕ་རོལ་ཀྱི་སེམས་ཤེས་པ་དང་༔ སྣང་བ་ལྐོག་ཏུ་བྱུང་པ་ཐམས་ཅད་ཤེས་པ་དང་༔ རིགས་དྲུག་གི་གནས་མཐོང་ཞིང་ཤེས་པ་དང་༔ དབང་པོ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་རོ༔ ཞེས་སོ༔ དེ་དྲུག་ལ་ཆ་ཤས་གསལ་བར་དབྱེ་ན༔ སུམ་ཅུ་རྩ་དྲུག་ཏུ༔ ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས༔ མངོན་པར་ཤེས་པ་དྲུག་ཕྲག་དྲུག༔ ཤིན་ཏུ་གསལ་བར་འཆར་བའོ༔ ཞེས་སོ༔ དེ་ལས་ཀྱང་རྒྱས་པར་བརྒྱ་སུམ་ཅུ་རྩ་བཞི་རྣམས་ཀྱང་འཆར་པའོ༔ གཞན་ཡང་མི་བརྗེད་བའི་གཟུངས་དང་རྒྱུན་གྱི་ཏིང་ངེ་འཛིན་རྣམས་ཀྱང་རྒྱུད་ལ་རང་བཞིན་གྱི་འཆར་པའང་༔ ཁ་སྦྱོར་ལས༔ དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་སྟེ༔ སྔོན་གྱི་ཆོས་རྣམ་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར་རོ༔ དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ༔ རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་འཆར་བས་རྣམ་པར་རྟོག་པ་ངན་པ་ཅི་ཡང་མི་སྐྱེའོ༔ ཞེས་དང་༔ རབ་འབྱམས་ལས༔ འདི་དུས་མི་བརྗེད་གཟུངས་རྣམས་ཀྱང་༔ རང་གི་རྒྱུད་ལ་སྐྱེ་བར་འགྱུར༔ ཞེས་སོ༔ སྐྱེས་བུ་དེ་ལ་གྲོལ་བའི་ཐིམ་ལུགས་བརྒྱད་ཀྱང་འབྱུང་བ་ནི༔ རབ་འབྱམས་ལས༔ སྐད་ཅིག་མ་ནི་གསུམ་པ་ལ༔ གྲོལ་བའི་ཐིམ་ལུགས་བརྒྱད་འབྱུང་སྟེ༔ ཐུགས་རྗེ་ཐུགས་རྗེ་ལ་ཐིམ་སྟེ༔ ཉི་མ་ནུབ་པའི་ཟེར་ཐག་ལྟར༔ གཟིགས་སྣང་ཀུན་ལས་འདས་པའོ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པས༔ མ་པང་བུ་ཆུང་ལྟ་བུ་སྟེ༔ ཆོས་ཉིད་མ་དང་རིག་པ་བུ༔ ལྷུན་གྲུབ་སྦུབས་སུ་འཛོམ་པའོ༔ འོད་ནི་འོད་ལ་ཐིམ་པ་སྟེ༔ འཇའ་ཚོན་ནམ་མཁར་ཡལ་བ་ལྟར༔ འོད་སྣང་ལྔ་ཡང་ནམ་མཁའ་འདུས༔ སྐུ་ནི་སྐུར་ཐིམ་བུམ་སྐུ་འདྲ༔ ཤེས་བྱ་ནང་དུ་གསལ་བས་ན༔ མཚན་མ་ཞལ་ཕྱག་ཅན་དུ་མེད༔ རང་ངོ་རྣམ་པར་དག་པའོ༔ གཉིས་མེད་གཉིས་མེད་ལ་ཐིམ་སྟེ༔ ཆུ་ལ་ཆུ་བོ་ཐིམ་པ་ལྟར གཏད་པའི་ཡུལ་མེད་རང་སངས་ཉིད༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ༔ ནམ་མཁའ་ནམ་མཁའ་ཐིམ་པ་ལྟར༔ གཏད་པའི་ཡུལ་མེད་ཀ་ནས་དག༔ མ་དག་དག་པར་ཐིམ་པས་ཏེ༔ སྦྲ་ཡི་ཆོན་ཐག་བསྡུས་པ་ལྟར༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ དག་པ་ཡེ་ཤེས་ཆེན་པོ་ནི༔ ངོ་བོའི་སྐུ་ལ་ཐིམ་པས་ཏེ༔ སེངྒེ་གངས་ལ་ཟིན་པ་ལྟར༔ ཡ་ངའི་རྟོག་པ་ཀུན་དང་བྲལ༔ ལྷུན་གྲུབ་ཀ་དག་རང་གྲོལ་ལོ༔ ཞེས་སོ༔ གྲོལ་བའི་འབྲས་བུའི་ཁྱད་པར་དང་༔ དུས་ཀྱི་མྱུར་བུལ་སོགས་ཀྱང་ཡོད་དེ༔ རབ་འབྱམས་ལས༔ དབང་པོ་དག་གི་བྱེ་བྲག་གིས༔ རབ་ནི་སྐད་ཅིག་གསུམ་ལ་གྲོལ༔ འབྲིང་ནི་སྐད་ཅིག་ཉེར་གཅིག་གམ༔ ཞག་པོ་ལྔ་ལ་གྲོལ་བར་འགྱུར༔ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ༔ བར་དོ་མེད་པར་སངས་རྒྱའོ༔ ཆོས་ཉིད་བར་དོའི་འཆར་ཚུལ་ནི༔ ཞེས་སོ༔ ཆོས་འདིའི་སྒོ་མ་མཐོང་པ་དང་༔ ལས་མ་དག་པའི་གང་ཟག་དང་༔ ངོ་སྤྲོད་ཀྱི་སྣང་བ་འདི་དག་ལ་ཞལ་འདྲེས་མེད་པ་དག་གིས་ནི༔ མངོན་ཤེས་དང་རྗེས་དྲན་གྲོལ་པའི་ཐིམ་ལུགས་རྣམས་ཀྱང་ཆ་ཙམ་ལས་ལོང་ཡོད་དང་ཕན་བྱེད་དུ་མི་འཆར་ལ༔ རང་སྣང་ངོ་མ་ཤེས་པར་མཐོང་མ་མྱོང་པའི་ཡུལ་ཞི་ཁྲོ་རིགས་ལྔའི་སུན་མ་རྣམས་ལ་འཇིགས་ཤིང་སྐྲག་ནས༔ མ་དག་ཞི་བའི་སྐུ་མགོན་པོ་ནག་པོ་དང་༔ ཁྲོ་བོ་རྣམས་གཤིན་རྗེ་ཆོས་ཀྱི་རྒྱལ་པོར་གོལ་ཏེ༔ ཡེ་ཤེས་ཀྱི་འོད་ཟེར་ལའང་དངངས་ཤིང་སྐྲག་ནས་འགྲོ་བ་རིགས་དྲུག་གི་འོད་ལམ་དྲུག་པོའི་གང་རུང་དུ་ཤེས་པ་གཞུག་མ་ཐག་ཏུ་རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་སུ་འཁྱམས་ནས་སྡུག་བསྔལ་བ་ལས་འདུས་བྱས་ཀྱི་ཆོས་སྒྲུབ་ཚད་ཀྱིས་དེ་ཕན་ཆད་ཀྱི་སྲིད་བདེ་བསྐྱེད་པ་ལས་སངས་རྒྱས་ཀྱི་འབྲས་བུ་ལ་ཅི་ཡང་མི་ཕན་བར༔ སྙིང་དགོངས་ལས༔ ཞི་བའི་སྐུ་དང་ཁྲོ་བོའི་སྐུ་ཆེ་བ་ནམ་མཁའི་མཉམ་པ༔ འབྲིང་པོ་རི་རབ་ཙམ་ནས༔ ཐ་མ་ཉུང་འབྲུ་ཙམ་གྱིས་ཁེངས་ནས་འཆར་རོ༔ ཞག་ལྔ་པར་སྣང་སྲིད་གསུམ་ཐམས་ཅད་འོད་དང་སྐུ་རུ་འཆར་རོ༔ སྣང་བ་ཐམས་ཅད་འོད་དང་སྐུར་ཤར་བ་དེ༔ རང་གི་རིག་པའི་གདངས་སུ་ངོ་ཤེས་པས༔ རང་འོད་ལ་གཉིས་སུ་མེད་པར་སངས་རྒྱའོ༔ རིགས་ཀྱི་བུ་ད་ལྟར་ངོ་མ་སྤྲད་ན༔ ཞི་བའི་སྐུ་མགོན་པོ་ནག་པོར་འཆར་རོ༔ ཁྲོ་བོའི་ལྷ་གཤིན་རྗེ་ཆོས་ཀྱི་རྒྱལ་པོར་ཤར་ནས༔ རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམ་མོ༔ ཀྱེ་གསང་བའི་བདག་པོ༔ རང་སྣང་ངོ་མ་ཤེས་ན་བསྐལ་བར་ཆོས་བྱས་ཀྱང་སངས་མི་རྒྱའོ༔ རང་སྣང་ངོ་མ་ཤེས་ན་ཤི་མ་ཐག་ཏུ་ཆོས་ཉིད་བར་དོར༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུར་འཆར་རོ༔ ཞེས་དང་༔ ཁ་སྦྱོར་ལས༔ དེར་རང་གི་ཤེས་པ་མ་ཚུད་ཅིང་༔ སྔར་བླ་མའི་ལུང་མེད་པ་རྣམས་ནི༔ སྣང་བ་དེ་ལ་བྲེད་པ་དང་༔ སྔངས་པ་དང་༔ སྡུག་པ་དང་༔ འཇིགས་པ་དང་༔ འདུ་ཤེས་ཤོར་བ་ལ་སོགས་ཏེ༔ ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ༔ ཡང་དབང་པོ་ཉི་ཤུ་རྩ་གཅིག་གིས་བྱེ་བྲག་ཏུ་འཁྲུལ་པའང་ཡོད་དོ༔ ཞེས་དང་༔ ལྷུན་གྲུབ་འཁྲུལ་སྟོབས་ཀྱི་ཐིམ་པའང་༔ བསྟན་བུ་ལས༔ སྒྲ་འོད་ཟེར་གྱི་སྣང་བ་དེ་གསུམ་ལ་བྲེད་འཇིགས་སྐྲག་པ་དེ་ནི་རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་ཞེས་བྱ་བ༔ ཉིན་མོ་ཉི་མའི་སྣང་བ་མེད༔ ནུབ་མོ་ཟླ་བའི་སྣང་བ་མེད༔ ནང་ནུབ་མེའི་སྣང་བ་མེད་པ༔ རླུང་དང་ཆར་དང་མུན་པ་ནག་པོའི་གསེབ་ན༔ ཤིན་ཏུ་སྡུག་བསྔལ་ལ༔ འཁོར་བ་སྲིན་གྱི་ཁ་ཆུ་དང་འདྲ་བས་འཁོར་ཞིང་མོ༔ ཞེས་དང་༔ རབ་འབྱམས་ལས༔ ཆོས་སྒོ་འདི་ཉིད་མ་མཐོང་བའི༔ གང་ཞིག་འགྲོ་བ་ཕལ་པ་རྣམས༔ གོང་གི་ཆོས་ཉིད་བར་དོ་ལ༔ གདམས་པའི་གནད་མེད་ངོ་མ་ཤེས༔ འོད་ལ་འཇིགས་ཤིང་ཟེར་ལ་དངངས༔ ཀུན་ལ་རྟོག་པ་ཟོས་པ་ཡིས༔ དབང་པོ་མར་ལ་ཁ་འཁྱལ་ནས༔ སྲིད་པའི་བར་དོ་ཉིད་དུ་ཚུད༔ ཞེས་སོ༔

དེ་ལྟ་བུའི་ཆོས་ཉིད་༴་ནས། རྒྱུ་མཚན་དེ་ཡིན་ནོ༔ བར་ཏེ༔ ལར་ཆོས་སྐུའི་བར་དོ་གཏན་ལ་འབེབས་བྱེད་དང་༔ རྗེས་མཐུན་གྱི་ལྟ་སྒོམ་སྤྱོད་གསུམ༔ དབུ་མའི་དངོས་སྦས་ཀྱི་དོན་དང་༔ གསང་སྔགས་བས་སྟོང་ཕྱོགས་ཀྱི་རྫོགས་རིམ་ཐམས་ཅད་ཡིན༔ ལོངས་སྐུའི་བར་དོ་གཏན་ལ་འབེབས་བྱེད་བཀའ་ཐ་མའི་མདོ་དང་བསྟན་བཅོས༔ གསང་སྔགས་བས་བསྐྱེད་རིམ་སྣང་ཕྱོགས་ཐམས་ཅད་ཡིན༔ ཁྱད་པར་དུ་ཟུང་འཇུག་གི་རྒྱུད་སྡེའི་དེ་གཉིས་ཆ་ཆེ་ཆུང་མེད་པར་ཤེས་འཇུག་མངོན་གྱུར་གྱི་ཆ་རྐྱེན་དུ་བྱེད་ནའང་༔ དེ་དག་ཀྱང་མཐར་ཐུག་གི་དོན་སྟོན་པའི་མན་ངག་མ་ཡིན་པའི་ཕྱིར་ཆོས་ཉིད་རྣམ་དག་གི་སྣང་བ་སྒྲ་ཇི་བཞིན་པ་འདི་གབ་པས་ན༔ བར་དོ་དྲུག་གི་གདམས་ངག་དང་༔ དེ་ལ་ཕན་བྱེད་ཀྱི་ཉམས་ལེན་ཁྱད་པར་བ་འོད་གསལ་རྫོགས་པ་ཆེན་པོའི་དོན་འདི་མ་མཐོང་ན་ཕན་པ་རྒྱ་ཆུང་བའང་༔ བསྟན་བུ་ལས༔ དེས་ན་གདམས་པ་འདི་གནད་ཆེའོ༔ འདི་མ་ཤེས་ན་ཕན་མེད་དོ༔ ཞེས་དང་༔ ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ་ཞེས་གསུངས་པའང་འདི་ཉིད་ལ་དགོངས་པ་གོར་མ་ཆག་གོ༔

གསུམ་པ་ལྷུན་གྲུབ་ཐིམ་ཚུལ་༴ ནས། བཤད་ཟིན་ཏོ༔ ཞེས༔ རིན་ཆེན་སྤུངས་བ་ལྟར་དེ་ཉིད་དང་༔ རབ་འབྱམས་དང་༔ ཀློང་གསལ༔ ཁ་སྦྱོར་དག་གིས་ལྟར་སྒྲོན་མའི་རྒྱན་དང་༔འདིར་ཡང་གོང་དུ་བཤད་ཟིན་པ་དང་༔ འཁྲུལ་སྟོབས་ཀྱི་ཐིམ་པ་མི་གསལ་བས་དགོས་ཆེད་ཆུང་ཕྱིར་རྒྱས་པར་མ་བཤད་དོ༔ དེ་ལྟར་སྐུ་གསུམ་རང་ལ་ཡོད་པ་བར་དོར་ཤར་བའང་༔ སྒྲོན་མ་རྣམ་བཀོད་ལས༔ བར་དོ་རྣམ་པ་གསུམ་ཉིད་དུ༔ སྐུ་གསུམ་པོ་ནི་རིམ་བཞིན་འཆར༔ ཞེས་སོ༔ དོན་བཞི་བ་༴ ནས། བཤད་ཀྱང་སྟེ༔ རབ་འབྱམས་ལས༔ དེ་ལ་ཁྱད་པར་ཉི་ཤུ་སྟེ༔ གཟུགས་དང་༔ སྐྱེ་མཆེད་དང་༔ འོད་དང་༔ སྐྱེ་གནས༔ མགོ་དང་༔ ཚེ་ཚད༔ མངོན་ཤེས༔ སྣང་བ༔ སྤྱོད་ལམ༔ མིང་དང་༔ རྫུ་འཕྲུལ༔ ལས༔ ཁ་དོག༔ འཁོར་ཚུལ༔ ངེས་ཚིག་དང་༔ དགེ་སྡིག༔ གར་གཏོགས༔ ཕྱི་མའི་ལས༔ ཉོན་མོངས་བ༔ དཔེ་དང་ཉི་ཤུའོ༔ ཞེས་གསུངས་པ་རྣམས་གཞུང་གི་དོན་འདིའི་རྣམ་བཅད་ཀྱི་དམིགས་སུ་འབྲུ་མ་གཉེར་ཡང་དོན་ཀྱི་དབྱིངས་གཅིག་པས་ན༔ འདིར་ནི་༴ ནས། བྲེ་བ་སྟེ༔ ཁ་སྦྱོར་ལས༔ ཀྱེ་མ་མི་རྟོག་ཐུབ་པ་ཉོན༔ ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུངས༔ འདི་ཉིད་ལུང་དང་མི་ལྡན་པའི༔ སེམས་ཅན་ཀུན་གྱི་འཇུག་པའི་ས༔ སྲིད་པའི་བར་དོ་ཞེས་བྱ་བ༔ འཁོར་བའི་གནས་ཀྱི་ལམ་སྒོ་ནི༔ དཔེར་ན་ཟོ་ཆུན་བཞིན་དུ་འཁོར༔ ཤ་ཁྲག་རང་གའི་ལུས་བྲལ་ནས༔ སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ༔ རྡོས་དང་བྲལ་བས་མིང་གཉིས་སོ༔ ཞེས་དང་༔ རབ་འབྱམས་ལས༔ སྲིད་པ་བར་དོའི་ཆོས་ཉིད་ནི༔ ཤ་ཁྲག་རང་གི་གཟུགས་བྲལ་ནས༔ སྒྱུ་མ་ཡིད་ཀྱི་གཟུགས་ཅན་དེས༔ ཆོས་ཉིད་བདེན་པའི་དོན་མ་མཐོང་༔ འོད་སྣང་ཀུན་ལ་བྲད་སྔངས་ནས༔ སྟོང་གསུམ་ཀུན་ཏུ་ཡིད་ཀྱིས་རྒྱུ༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་སྙོམས་ཤིང་འཇུག༔ བན་བུན་ལང་ལོང་རྨི་ལམ་འདྲ༔ ས་གཅིག་མི་ཚུག་ཚིག་པ་ཟ༔ གར་སླེབ་ལ་སོགས་རིགས་དྲུག་འོང་༔ སོ་སོའི་དམིགས་པ་སྣང་བའོ༔ ཞེས་སོ༔ ཡུལ་དྲུག་དགྲར་ལངས་ཀྱི་༴ནས། མྱོང་བ་དང་༔ གི་བར་ཏེ༔ སྔར་ཡེ་ཤེས་ཀྱི་སྣང་བ་དཀར་དམར་ནག་ལམ་གསུམ་ངོ་མ་ཤེས་པ་ལས་འཁྲུལ་ནས༔ རབ་འབྱམས་ལས༔ ཆོས་ཉིད་མ་རིག་མ་མཐོང་ཞིང་༔ རང་སྣང་དགྲ་རུ་ལངས་པ་རྣམས༔ ཞེས་དང་༔ འོད་ལ་འཇིགས་ཤིང་ཟེར་ལ་དངངས༔ ཀུན་ལ་རྟོག་པ་ཟོས་པ་ཡིས༔ དབང་པོ་མར་ལ་ཁ་འཁྱལ་ནས༔ སྲིད་པའི་བར་དོ་ཉིད་དུ་ཚུད༔ ཅེས་ཆོས་དབྱིངས་ཡེ་ཤེས་འོད་སྣང་དང་བཅས་པ་བདག་ཏུ་བཟུང་ནས་གཏི་མུག་གི་གཞིར་སོང་བའི་རང་མདངས་འཇིགས་པའི་མུན་ནག་གི་ཀློང་རྫོགས་ལྡན་མུན་པའི་རྒྱལ་ཁམས་སུ་འཁྱམས་པ་ནི༔ བར་དོའི་རྒྱུད་ལས༔ རང་གི་དུས་ནས་ཕ་བོས་མ་བོས་ཀྱང་༔ རང་ཉིད་གཅིག་པུ་མུན་ནག་ཆེན་པོར་འཁྱམས༔ ཞེས་སོ༔ དེ་ལྟ་བུའི་མུན་པ་དེ་ཅུང་ཟད་སངས་པ་དང་མཉམ་དུ༔ ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཉིས་ཀྱིས་ཁྲིད་དེ༔ གཤིན་རྗེའི་གམ་དུ་ཕྱིན་པའང་ཡོད་ལ༔ ཁྱད་པར་སྡིག་པ་ཤས་ཆེ་བ་ཡིན་ནའང་༔ རྒྱལ་བའི་བཀའ་ལས༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་ཆེ་བ་ནམ་མཁའ་དང་མཉམ་པ༔ འབྲིང་པོ་རི་རབ་ཙམ་པ༔ ཐ་མ་ཉུང་འབྲུ་ཙམ་པས༔ ཡ་སོས་མ་མཆུ་མནན་པ༔ མིག་ཤེལ་མིག་ཏུ་བཟློག་པ༔ སྐྲ་སྤྱི་བོར་བཅིངས་པ༔ གསུས་པ་ཆེ་ལ་སྐེ་རྩ་ཕྲ་བ༔ ལག་ན་ཁྲམ་ཤིང་ཐོགས་པས་ཁ་ནས་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ༔ ཀླད་པ་ལྡག་པ༔ ཁྲག་འཐུང་བ༔ ཆུ་སེར་འཇིབ་པ༔ རུས་པ་མུར་པ༔ མགོ་ལུས་འབྲལ་བ༔ སྙིང་འདོན་པ་དང་༔ དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཁེངས་ཡོང་ངོ་༔ ཞེས་དང་༔ བར་དོའི་རྒྱུད་ལས༔ ཤིན་ཏུ་འཇིགས་པའི་གཤིན་རྗེ་ཡིས༔ སྡིག་བྱེད་ལུས་ལ་གནོད་པར་བྱེད༔ ཅེས་སོ༔ དེ་ནས་དགེ་སྡིག་གི་རྩིས་བསྒྲངས་བྱེད་དེ༔ ཚིག་གསུམ་པ་ལས༔ ཨེ་མ་ཧོ་འགྲོ་བ་རིགས་དྲུག་གི་འོད་ལ་ཤེས་པ་ཞུགས་པས་སྐད་ཅིག་མ་གཉིས་པ་ལ་རྫོགས་ལྡན་མུན་པ་ནག་པོའི་ཁམས་ཉིན་མོ་ཉི་མའི་སྣང་བ་མེད༔ ནུབ་མོ་ཟླ་བའི་སྣང་བ་མེད༔ ནང་ནུབ་མེའི་སྣང་བ་མེད༔ ཆར་དང་རླུང་དང་མུན་ནག་གི་ནང་ན་ཤིན་ཏུ་སྡུག་བསྔལ་ལོ༔ དེ་ཡང་དཔེར་ན་ཉི་མ་ནུབ་པས་མུན་པ་སྲོས་པ་དང་འདྲའོ༔ དེ་ནས་ཞག་བདུན་མུན་པ་སངས་ནས༔ ལྷན་ཅིག་སྐྱེས་པའི་ལྷ་དང་༔ ལྷན་གཅིག་སྐྱེས་པའི་འདྲེ་གཉིས་ཀྱིས་གཤིན་རྗེའི་གམ་དུ་ཁྲིད་དེ་ལས་ཀྱི་མེ་ལོང་བལྟར་བཅུག་ནས་ལས་དགེ་སྡིག་གི་རྡེའུ་གང་མང་བསྒྲངས་པའི་བར་དེར་དགེ་སྡིག་གཉིས་སྟོབས་གང་ཆེ་བའི་འབྲས་བུ་ལེན་པས་ལས་ཀྱི་བར་དོ་འདིར་ལས་དགེ་སྡིག་གིས་མ་བསྒྲིབས་པ་ཤིན་ཏུ་གལ་ཆེའོ༔ ཞེས་གསུངས་པ་དང་༔ སྙིང་དགོངས་ལས༔ དེའི་ཚེ་ལྷན་ཅིག་སྐྱེས་པའི་འདྲེས་སྡིག་པ་བྱས་ཚད་བསགས་ནས་རྡེའུ་ནག་པོ་བགྲང་དུ་ཡོང་ངོ་༔ ལྷན་གཅིག་སྐྱེས་པའི་ལྷས་དགེ་བ་བྱས་ཚད་བསགས་ནས་རྡེའུ་དཀར་བོ་བགྲང་ངོ་༔ དེའི་དུས་སུ་རང་ཤིན་ཏུ་བྲེད་པ༔ དངངས་པ༔ སྐྲག་པ༔ འདར་བ་བྱས་ནས༔ ངས་སྡིག་པའི་རྣམ་སྨིན་ལར་མ་བྱས་ཟེར་ནས་རྫུན་ཟེར་དུ་འོང་ངོ་༔ དེར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ན་རེ༔ ངས་ལས་ཀྱི་མེ་ལོང་ལ་དྲི་ཡིས་ཟེར་ནས༔ ལས་ཀྱི་མེ་ལོང་བསྟན་པས༔ དགེ་སྡིག་ཐམས་ཅད་མེ་ལོང་ནང་ནས་བཀྲ་ལམ་མེ་གསལ་བར་བྱུང་བས༔ ཞེས་སོ༔ དེའི་དུས་སུ་ད་ལྟ་ཟག་བཅས་ཀྱི་དགེ་བ་དང་༔ བསྐྱེད་བསྒོམ་དམིགས་པ་ལ་ཅུང་ཟད་གོམས་པས་ཀྱང་ཕན་པ་རྒྱ་ཆེ་བ་དང་༔ སྡིག་པ་ལ་གོམས་པའི་གནོད་ཚབ་ཆེ་བས་ན་རང་དྲིན་རང་ལ་ཆེ་བར་བྱེད་པ་གལ་ཆེ་བའི་རྒྱུ་མཚན་ཡང་དེ་ལྟར་རོ༔ དེ་ནས་སྡིག་པ་ཅན་ལ་གཤིན་རྗེའི་ཕོ་ཉ་མང་པོས་སྐེ་ལ་ཐག་པས་བཏགས་ཏེ༔ སྔོན་ནས་འཐེན་ཞིང་ལན་ཆགས་ཤ་འདྲེད་ཀྱི་བདག་པོ་མང་པོས་ཕྱི་ནས་དེད་ཏེ༔ བརྡུང་རྡེག་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བར་བྱེད་བཞིན་དུ༔ ངན་སོང་གི་གནས་སུ་འཁྲིད་པའང་༔ སྙིང་དགོངས་ལས༔ གཤིན་རྗེས་སྐེ་ལ་ཐག་པ་བཏགས་ནས་དྲུད་དོ༔ སྐེ་བྲེག་སྙིང་འདོན༔ རྒྱུ་མ་གཟེང་༔ ཀླད་པ་ལྡག༔ ཤ་ཟ༔ ཁྲག་འཐུང་༔ རུས་པ་མུར་ཡང་༔ ཞག་འགར་འཆི་མི་འདོད་དོ༔ ལུས་དུམ་བུར་གཏུབས་ཀྱང་སོས་སོ༔ ཡང་གཏུབས་པས་ཤིན་ཏུ་སྡུག་བསྔལ་ཆེ་བ་ཞག་ལྔ་ཡོང་ངོ་༔ ཞེས་དང་༔ བར་དོའི་རྒྱུད་ལས༔ སྡིག་པ་བྱེད་པ་འཆི་བའི་སྣང་བ་དེ༔ ཤ་ཟ་སྲིན་པོ་མང་པོ་མཐོང་བ་དང་༔ མི་སྡུག་གཟུགས་ཉིད་སྣ་ཚོགས་སྟོན་པར་བྱེད༔ ཚེ་སྲོག་དབུགས་ཀྱིས་བརྒྱལ་བ་མི་རྟོགས་ཏེ༔ ངུ་ཞིང་ཆོ་ངེ་མང་པོ་འདོན་པར་བྱེད༔ ཞགས་ཐོགས་མཚོན་ཐོགས་མང་པོའི་གཤིན་རྗེ་ཡི༔ ད་འདོང་ཟེར་ཞིང་རྒྱབ་ནས་ཕུལ་བར་བྱེད༔ ཚ་གྲང་དམྱལ་བའི་སྡུག་བསྔལ་མང་པོ་མྱོང་བར་སྟོན༔ ཞེས་སོ༔ སྔོན་མོའུ་འགལ་གྱི་བུས་མ་གར་སྐྱེ་མི་ཤེས་པའི་རྒྱུ་བཞིའི་དབང་གིས་མ་མཁྱེན་པར་གཤིན་རྗེའི་ཡུལ་དུ་དྲིར་བྱོན་པའི་གཟིགས་སྣང་ལྟ་བུ་དང་༔ དེ་དུས་ཆོས་ཀྱི་རྒྱལ་པོས༔ ཡར་མར་ཟང་ཐལ་དུ་འགྲོ་བ་མ་གཏོགས་ང་ཡི་དྲུང་དུ་འོང་བར་གསུངས༔ གསུངས་པ་དག་གི་འདིའི་ཚད་མར་འགྱུར་རོ༔ གལ་ཏེ་དེ་ལས་ཡར་མར་འགྲོ་སྐལ་ཀྱི་དགེ་སྡིག་གི་ལས་གཅིག་ཤོས་མ་ཆེ་ན་ནི་གདོད་སྲིད་པ་བར་དོར་འཁྱམས་ཏེ༔ ཉེ་བ་གང་དང་གོམས་པ་གང་༔ སྔར་བྱས་གང་ཡིན་དེ་ཀུན་ལས༔ སྔ་མ་སྔ་མ་རྣམ་སྨིན་འགྱུར༔ ཞེས་པ་ལྟར༔ བག་ཆགས་གོམས་སྟོབས་གང་ཆེ་ལས་སྲེད་པས་སྐྱེ་བ་འཕེན་པའོ༔ ཡང་ངོ་བོ་ཐོབ་པའི་དམར་ལམ་དེར་འཁྲུལ་པ་ལས་བྱུང་བ་༴ ནས། མྱོང་བ་དང་གི་བར་དང་༔ དེའི་དཔང་ལུང་ནི་སྔར་བསྟན་པས་འཐུས་སོ༔ ཡང་གཉིས་པ་འཇིགས་པའི་སྒྲ་བཞི་༴ ཞེས་པ་ནས། ཐོབ་པོའི་བར་དང་༔ སྒྲ་བཞི་ལས་འབྱུང་བའི་སྣང་བ་དང་༔དེས་ནོན་པའི་སྡུག་བསྔལ་ཡང་འཆར་ཏེ༔ མན་ངག་སྙིང་དགོངས་ལས༔ དེ་ནས་འཁྲུལ་པའི་བར་དོ་ལ༔ ལུས་འབྱུང་བ་ལྔ་ལ་གཡར་བ༔ ནམ་མཁའི་སྣང་བ་འཆར་རོ༔ ནམ་མཁའི་སྣང་བ་ལུས་གཡང་སར་བསྒྱུར་བ་ལྟ་བུའི་སྡུག་བསྔལ་ཞག་ལྔའོ༔ དེ་ནས་སའི་སྣང་བ་འཆར་ཏེ་ལུས་ས་འོག་དུ་ཆུད་པ་སྙམ༔ རིའི་འོག་ཏུ་ནོན་བ་ལྟ་བུའི་ཤིན་ཏུ་སྡུག་བསྔལ་བ་ཞག་ལྔ་སྡོད་དོ༔ དེ་ནས་ཆུའི་སྣང་བ་འཆར་རོ༔ ཆུ་ཆེན་པོའི་ནང་དུ་ཞག་ལྔ་འཁྱགས་པ་ལ་སྡོད་དོ༔ དེ་ནས་མེའི་སྣང་བ་འཆར་རོ༔ མེ་ཆེན་པོའི་ནང་དུ་མེས་ཞག་ལྔ་སྲེག་གོ༔ དེ་ནས་རླུང་གིས་ཐམས་ཅད་དུ་གྲང་ཞིང་གཡེང་བ་ལ་ཞག་ལྔ་ཡོང་ངོ་༔ ལར་འཁྲུལ་བའི་བར་དོ་ལ་ཞག་ཉི་ཤུ་རྩ་ལྔ་ཡོད་དོ༔ ཞེས་སོ༔ འདི་ནི་རབ་འབྱམས་ལས་བར་དོའི་ཞེས་ས་བཅད་དུ་མཛད་པ་ཉིད་རྒྱུད་ཀྱིས་འགྲེལ་བའོ༔ དེ་ནས་མ་ངེས་པས་༴ ནས། སྣང་ཤུགས་དང་ཞེས་པའི་བར་དེ༔ བར་དོའི་རྒྱུད་ལས༔ རང་ཉིད་གཅིག་པུར་མུན་ནག་ཆེན་པོར་འཁྱམས༔ རྫུ་འཕྲུལ་གྱི་ཁྱད་པར་ནི༔ ཉི་ཟླ་ཁ་སྦྱོར་ལས༔ དབང་པོའི་ཡན་ལག་ཡོངས་རྫོགས་པས༔ དངོས་པོ་ཀུན་ལ་ཐོགས་མེད་ཅིང་༔ རི་བྲག་རྣམས་ལ་ཐོགས་མེད་འཇུག༔ ཞེས་དང་༔ བར་དོའི་རྒྱུད་ལས༔ ལུས་ཀྱི་སྣང་ཚུལ་འདི་ལྟར་སྣང་བ་སྟེ༔ དབང་པོ་ཀུན་ཚངས་ཐོགས་མེད་ལུས༔ སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན༔ ཞེས་དང་༔ རབ་འབྱམས་ལས༔ སྲིད་པ་བར་དོའི་ཆོས་ཉིད་ནི༔ ཤ་ཁྲག་རང་གི་གཟུགས་བྲ་ནས༔ སྒྱུ་མ་ཡིད་ཀྱི་གཟུགས་ཅན་དེས༔ ཆོས་ཉིད་བདེན་པའི་དོན་མ་མཐོང་༔ འོད་སྣང་ཀུན་ལ་བྲེད་སྔངས་ནས༔ སྟོང་གསུམ་ཀུན་ཏུ་ཡིད་ཀྱིས་རྒྱུ༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་སྙོམས་ཤིང་འཇུག༔ བན་བུན་ལང་ལོང་རྨི་ལམ་འདྲ༔ ས་གཅིག་མི་ཚུགས་ཚིག་པ་ཟ༔ གར་སླེབ་ལ་སོགས་རིགས་དྲུག་འོད༔ སོ་སོའི་དམིགས་པ་སྣང་བའོ༔ ཞེས་དང་༔ བར་དོའི་རྒྱུད་ལས༔ ཐོགས་མེད་ལུས་དེ་ཐམས་ཅད་འཁྱམས༔ དབུགས་ཀྱི་རྟ་ལ་རབ་ཞོན་ཏེ༔ འདས་དང་མ་འོངས་ཐམས་ཅད་ཀྱང་༔ རང་གི་ལུས་ཆགས་ཐམས་ཅད་གསལ༔ ཞེས་སོ༔ ཡང་སྐབས་ཤིག་ཏུ་ལུས་ཀྱང་༴ ནས། ལ་སོགས་པ་བྱེད་དོའི་བར་གྱི་ལུས་ཀྱི་རྣམ་པ་དང་༔ མགོའི་ལྟ་ཕྱོགས༔ ཚད༔ ཁ་དོག་འོད༔ རྣམས་ཀྱི་ཚུལ་བཤད་པ་སྟེ༔ དེ་ཡང་རིམ་པ་བཞིན་དུ༔ ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས༔ ད་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན༔ དེ་ཚེ་བར་དོའི་འབྲེལ་བྱུང་བག་ཆགས་ཀྱིས༔ སྔ་མའི་ལུས་དང་བཅས་ཡོད་སྙམ་པ་འབྱུང་༔ བར་དོར་སྣང་བ་འགྱུར་བ་ཡིད་ཀྱི་ལུས༔ འཁོར་ལོས་བསྒྱུར་རྒྱལ་ཆ་ལུགས་རང་ཡིད་ཀྱིས༔ དབང་པོ་ཀུན་ཚང་ཐོགས་མེད་ཀུན་ཏུ་འགྲོ༔ དེ་ནས་ཤེས་པའི་སྣང་བ་ཡང་འགྱུར་ཏེ༔ ཕྱི་མ་གང་ལེན་ལུས་སུ་ཡོད་སྙམ་ནས༔ ཞེས་དང་༔ ཁ་སྦྱོར་ལས༔ ཕྱིས་ནི་གང་སྐྱེས་ཆ་བྱད་འཛིན༔ ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས༔ རིགས་དྲུག་སོ་སོའི་སྣང་ཆར་འགྱུར༔ ཞེས་ཆ་བྱད་དང་༔ མགོའི་བལྟ་ཕྱོགས་ནི༔ དེ་ཉིད་ལས༔ དེ་ཚེ་ཁ་ནི་འདི་ལྟ་སྟེ༔ ལྷ་དང་མི་ནི་གྱེན་ལ་བལྟ༔ ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད༔ ཡི་དྭགས་དམྱལ་བ་ཐུར་དུ་བལྟ༔ འདི་དག་ད་གཟོད་སྐྱེ་བའི་དབང་༔ ཞེས་སོ༔ ཚད་ནི༔ དེ་ཉིད་ལས༔ དེ་ལྟར་བར་མའི་ལུས་ཀྱི་ཚད༔ བྱིས་པ་ལོ་བརྒྱད་ལོན་པའམ༔ ལོ་བཅུ་ལོན་པའི་ལུས་ཚད་དུ༔ རྨི་ལམ་ལྟ་བུའི་གཟུགས་སུ་གནས༔ ཞེས་སོ༔ ཁ་དོག་ནི༔ དེ་ཉིད་ལས༔ ལྷ་དང་མི་ནི་ཁ་དོག་དཀར༔ ལྷ་མ་ཡིན་དང་བྱོལ་སོང་སེར༔ ཡི་དྭགས་འོད་ནི་དུ་བ་འདྲ༔ དམྱལ་བ་སྡོང་དུམ་ལྟ་བུ་འམ༔ ཡང་ན་བལ་ནག་གཡེངས་བ་འདྲ༔ བྱོལ་སོང་ཡང་ན་ཁྲག་བཙོས་འདྲ༔ ལྷ་མིན་ཁ་ཆར་འབབ་པ་བཞིན༔ ཞེས་སོ༔ འོད་ཀྱི་ཚད་ནི༔ དེ་ཉིད་ལས༔ དེ་ཉིད་འོད་ཀྱི་ཚད་རྣམས་ནི༔ སྔར་ཞེན་བག་ཆགས་བག་ཆུང་བ༔ འདི་ཡི་འོད་ནི་དཔག་ཚད་ཕྱེད༔ ཁ་དོག་དཀར་པོ་ལྷང་ལྷང་པོ༔ འདི་ནི་ལྷ་མིའི་སྐྱེ་གནས་སོ༔ བག་ཆགས་ཅན་ལ་གསལ་མི་སྣང་༔ ཞེས་སོ༔

གནས་ཀྱི་ཁྱད་པར་ཡང་གྲོགས་སྟོང་༴ སོགས་ནས། རྒྱུ་མཚན་ཡང་དེ་ཡིན་ནོའི་བར༔ འདི་ནི་དབང་པོ་སོགས་ཀྱི་མངོན་ཤེས་ཡོད་པའི་ཕྱོགས་སོ་སོ་ནས་འཆད་པར་ཡང་སོང་སྟེ༔ དེ་ཡང་ཁ་སྦྱོར་ལས༔ འདོད་པ་ཁམས་ཀྱི་ཕྱི་སྣོད་དང་༔བཅུད་ནི་རང་གིས་རིག་ཅིང་གསལ༔ རང་གར་སྐྱེ་བའི་སྣོད་བཅུད་ཀྱང་༔ དེ་ཉིད་དུས་ན་གསལ་བའོ༔ འདོད་ལྡན་སྣོད་བཅུད་གསལ་བར་སྣང་༔ ཞེས་དང་༔ མན་ངག་སྙིང་དགོངས་ལས༔ དེ་ནས་སྲིད་པའི་བར་དོ་ལ་དབང་པོ་ཚང་བ༔ ཤེས་པ་ད་ལྟ་བས་བདུན་འགྱུར་གྱིས་གསལ་བ༔ ཕར་ཐམས་ཅད་གསལ་བ༔ ཚུར་རང་གི་རིགས་མིན་པས་མི་མཐོང་བ༔ རིག་པ་རྟེན་མེད་པ༔ བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ༔ དབུགས་ཀྱི་རྟ་ལ་ཞོན་ནས་རིག་པ་ཕྱོ་ལང་ལང་ཡོད༔ ཐམས་ཅད་དུ་ལུས་འཚོལ་དུ་འགྲོ་བ་ཡོང་ངོ་༔ ཉེ་དྲུང་དང་བཟའ་ཚང་གདུང་བས་ངུས་པས༔ ང་ཤི་ནས་འདུག་པ་ཇི་ལྟར་བྱ་ན་སྙམ་པའི་སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་འདྲེ་བ་འདྲ་བའི་སྡུག་བསྔལ་མི་བཟོད་པ་ཡོང་ངོ་༔ རིག་པ་རྟེན་དང་བྲལ་བས༔ རི་དང་ཁང་ཁྱིམ་དང་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོའོ༔ གདུང་བ་ཀུན་ལ་ང་འདི་ན་ཡོད་མ་ངུ་ཟེར་རོ༔ དེར་མ་ཐོས་པས་ཡང་ཤི་ནས་འདུག་པ་སྙམ་ནས་སྡུག་བསྔལ་ཤིན་ཏུ་ཆེའོ༔ ངས་ལུས་ཤིག་ཐོབ་ན་ཅི་མ་རུང་སྙམ་ནས༔ ཐམས་ཅད་དུ་ལུས་ཚོལ་དུ་འགྲོའོ༔ སྔར་གྱི་ལུས་དེ་ཡོད་པ་སྙམ་དུ་འོང་ངོ་༔ རི་བྲག་ས་རྡོ་ཐམས་ཅད་ཀྱི་ནང་དུ་འཚང་ངོ་༔ སྲིད་པའི་བར་དོ་ཤིན་ཏུ་སྡུག་བསྔལ་བར་ཞག་ཉི་ཤུ་རྩ་གཅིག་ཡོང་༔ ཞེས་དང་༔ ཐིག་ལེ་གསང་བ་ལས༔ དགེ་སྡིག་ཅི་བྱས་གསལ་བར་སྣང་༔ སྔོན་དུ་འདྲེས་པ་ཐམས་ཅད་ཀུན༔ གདུང་བའི་སེམས་ཀྱིས་གསལ་བར་སྣང་༔ འདྲེས་པའི་ཡུལ་གྱིས་བོས་པའི་ཚེ༔ ལམ་དེ་བཞག་ནས་མལ་དུ་འཁོད༔ སྔོན་དུ་ཅི་བྱས་རྣམ་པར་དག༔ འདྲེས་པའི་དངོས་པོ་བརྗེད་མི་བྱ༔ རྣམ་རྟོག་དབུགས་ཀྱི་རྟ་ལ་ཞོན༔ ཀུན་ཏུ་འཁྱམས་ཏེ་ཀུན་ཏུ་འཁོར༔ ཞེས་དང་༔ ཀུན་གསལ་ལས༔ འོད་ལ་གནས་པའི་བར་དོ་ཡིན༔ སྲིད་པའི་བར་དོ་ཞེས་བྱ་བ༔ ཆོས་ཉིད་འོད་གསལ་སྣང་བ་ཡང་༔ རྟོག་པའི་ཤེས་རབ་མ་སྐྱེས་པས༔ སྔ་ནས་ཡེ་ཤེས་བག་ལ་ཞ༔ སྔར་གྱི་བག་ཆགས་སྣང་བ་འཆར༔ དབང་པོ་ཀུན་ཚང་ཐོགས་མེད་ལྡན༔ སྲིད་པའི་ཤ་གཟུགས་སྔོན་དུ་ཤར༔ རང་དང་རིགས་མཐུན་ལྷ་མིག་མཐོང་༔ ལུས་དང་འདུག་ས་འཚོལ་བར་བྱེད༔ ཞེས་སོ༔

གཞན་དག་ན་རེ༴ ནས། སྤྲོས་པས་ཆོག་གོ་བར༔ འདི་ནི་རིགས་པས་སྒྲུབ་པ་ཡིན་གྱི་རང་གཞན་གྱི་རྒྱུད་སྡེ་ཕྱི་མོའི་ཀླན་ཀ་འདི་ལ་ལུང་གི་དགོས་པ་མི་ཆེ་བར་ཤེས་ནས་མ་སྤྲོས་སོ༔ སྲིད་པ་བར་དོའི་༴ ནས། ཚད་དོ་ཞེས་པའི་བར༔ དེ་ཡང་བར་དོའི་ཚེ་ཚད་རིང་མཐའ་ཞེ་དགུ་དང་ཐུང་ཚད་ཞག་བདུན་ཚུན་ཆད་ཡིན་པར༔ ཁ་སྦྱོར་ལས༔ གཞན་ལ་ཚེ་ནི་ཞག་བདུན་འགྱུར༔ ཞག་ནི་བདུན་ཕྲག་བདུན་གྱིས་ནི༔ དེ་ནི་ཚེ་ཡི་ཚད་ཡིན་ནོ༔ ཞེས་དང་༔ བར་དོའི་རྒྱུད་ལས༔ སྲིད་པའི་འཁོར་ལོ་ཉིན་མཚན་བདུན་བདུན་བསྐོར༔ རང་གིས་སྡུག་བསྔལ་མང་པོ་མྱོང་བར་བྱེད༔ བསྐལ་བར་བསགས་པའི་སྡུག་བསྔལ་སྟོན་པར་བྱེད༔ རིགས་དྲུག་སྣང་བ་ཐམས་ཅད་སྟོན་པར་འོང་༔ བར་དོ་ཕར་ཆེར་ཞག་ནི་བདུན་ལ་འབྱུང་༔ བདུན་ཚོ་བདུན་ལ་བར་དོ་ཐེངས་རེ་འབྱུང་༔ ཞེས་སོ༔ སྐྱེ་གནས་བཞི་ལས་གར་གཏོགས་ཤེ་ན་བརྫུས་སྐྱེས་ཡིན་པར་གཞུང་རྩ་ཚིག་ལས༔ སྐྱེ་བ་ཐམས་ཅད་བརྫུས་ཏེ་སྐྱེ་བ་དང་ཞེས་པའི་དོན་ནི༔ ཁ་སྦྱོར་ལས༔ སྐྱེ་གནས་ཉིད་ནི་རྣམ་བཞི་ལས༔ བརྫུས་ནས་སྐྱེ་བ་ཉིད་དུ་སྟེ༔ ལྷ་དང་དམྱལ་བ་བར་མ་དོ༔ འདི་ཀུན་བརྫུས་པ་ལས་སྐྱེའོ༔ ལུས་ཀྱི་སོག་ཚུལ་སོགས་༴ ནས། གོམ་མོ་བར༔ ཁ་སྦྱོར་ལས༔ སྲིད་པའི་བར་དོའི་ལས་རྣམས་ནི༔ སོག་དང་མི་སོག་ལྟས་འདིའོ༔ རྣམ་པར་སྨིན་པའི་བག་ཆགས་མེད༔ བར་མའི་དབང་གིས་རྒྱུ་མཐུན་པའི༔ བག་ཆགས་རྣམས་ནི་འདིར་སོག་གོ༔ ཞེས་སོ༔

དེ་བཞིན་དུ་༴ ནས། དེར་མངོན་ལ་བར༔ སྔ་མ་ལས༔ གང་གི་ལས་ནི་བཟང་ངན་གྱིས༔ བཟང་བ་དགེ་དང་ཡིད་འོང་འཕྲད༔ ངན་པ་སེམས་ཅན་བག་ཆགས་ཅན༔ ཡིད་དུ་མི་འོང་མངལ་དུ་འཇུག༔ ཞེས་ལས་འབྲེལ་བཟང་ངན་ལས་སྐྱེ་སྲིད་ཀྱང་དེ་ལྟར་ལེན་པ་དང་༔ འདི་ཕྱི་མའི་སྐྱེ་བའི་ལས་བཟང་ངན་སོགས་ལ་བཤད་པ་མིན་པར་ནི་སྔར་ཡང་རྟགས་ཀྱང་༔ བར་དོའི་རྒྱུད་ལས༔ དགེ་སྡིག་བྱས་པའི་འབྲས་བུ་སྣང་བ་གང་༔ ཞིང་ཁམས་མ་ལུས་གསལ་ཞིང་ཡི་དམ་གསལ༔ བདེ་གཤེགས་སངས་རྒྱས་རྣམས་ཀྱིས་སྲས་ཀྱི་དམ་པར་བྱེད༔ ལྷ་དང་མཁའ་འགྲོས་སྤུན་དང་གྲོགས་པོར་བྱེད༔ གཤིན་རྗེ་ཤ་ཟ་མང་པོས་ཁུར་ཞིང་རྗེ་བོར་མཐོང་༔ ལྷ་སྲིན་སྡེ་བརྒྱད་བྲན་དང་གཡོག་པོར་སྣང་༔ དབུགས་ཀྱི་དྲོད་དང་རྐང་མཐིལ་ནས་ཡལ་ནས༔ སྤྱི་གཙུག་ཚངས་པའི་གནས་སུ་སྡུད་པར་བྱེད༔ ཕྱི་ཡི་དབུགས་དེ་རིང་བར་རྒྱུ་བ་ལས༔ རྟོག་མེད་ནམ་མཁའི་ངང་ལ་སང་རྩེར་ཐོང་༔ སྡིག་པ་བྱེད་པ་འཆི་བའི་སྣང་བ་དེ༔ ཞེས་སོགས་བཤད་པ་ལྟར་རོ༔ ཁམས་གསུམ་གང་དུ་གཏོགས་ན་གཟུགས་མེད་ཀྱི་ཆར་གཏོགས་པས་ན་གཞུང་ལས༔ གཟུགས་ལས་གཞན་པའི་༴ ནས། ཆར་གཏོགས་ལ་ཞེས་པའི་བར་དེ༔ ཁ་སྦྱོར་ལས༔ ཁམས་ནི་རྣམ་པ་གསུམ་དག་ནས༔ མིང་བཞིའི་ཕུང་པོ་མ་འགགས་ཏེ༔ ཕྱི་མ་མ་བླངས་བར་མ་སྲིད༔ མིང་བཞི་འདུས་པའི་ཕུང་པོ་ལུས༔ ཤ་ཁྲག་གཟུགས་ནི་མི་སྣང་བས༔ གཟུགས་ནི་མེད་པའི་ཁམས་སུའོ༔ ཞེས་སོ༔ དེ་ནས་སྲིད་པ་བར་དོ་༴ ནས། ཐེབ་ཡོད་དོ་ཞེས་པའི་བར༔ ལུས་ཀྱི་རྟགས་སྔར་སྨོས་གྲུབ་ལ༔ ཉམས་ཀྱི་རྟགས་སམ་ལས་འབྲེལ་དང་ཀློང་ཆེན་རབ་འབྱམས་ལས་ཉོན་མོངས་ཞེས་པའི་ས་བཅད་ཀྱི་མཛད་པ་ནི༔ དེ་ཉིད་ལས༔ ཕྱི་མའི་ལུས་དང་འབྲེལ་བར་ནི༔ རང་ཤུགས་ཞེ་སྡང་སྐྱེ་བའི་རྒྱུ༔ དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི༔ ཕྱི་མ་ལ་ནི་སྣང་བའི་ཚུལ༔ ཞེས་དང་༔ བར་དོའི་རྒྱུད་ལས༔ ཕ་ལ་ཞེ་སྡང་སྐྱེ་ཞིང་མ་ལ་འདོད་ཆགས་སྐྱེ༔ རིག་པ་ཕོ་ཡི་ལུས་སུ་གྲུབ་པའི་རྟགས༔ མ་ལ་ཞེ་སྡང་སྐྱེ་ཞིང་ཕ་ལ་འདོད་ཆགས་སྐྱེ༔ རིག་པ་མོ་ཡི་ལུས་སུ་གྲུབ་པའི་རྟགས༔ ཞེས་དང་༔ སེམས་ལ་དུས་རྟགས་མེད་པ་རུ༔ རང་གི་སྣང་བ་གཅིག་པུར་མཐོང་༔ ཞེས་སོ༔ འདི་མན་མི་སྣང་། མཆན།


previousབར་དོའི་གདམས་པའི་རྒྱབ་ཆོས་ལོག་རྟོག་ཆུ་བོ་རྒྱུན་གཅོད།no next