Nitartha Digital Library
Tibetan
 
previousགཞི་རྫོགས་ཆེན་འཁོར་འདས་སེམས་སུ་རྫོགས་པའི་གནས་ལུགས་བཤད་པ།next

གཞི་རྫོགས་ཆེན་འཁོར་འདས་སེམས་སུ་རྫོགས་པའི་གནས་ལུགས་བཤད་པ།

གཉིས་པ་རྒྱས་པར་བཤད་པ་ལ། གཞི་རྫོགས་ཆེན་འཁོར་འདས་སེམས་སུ་རྫོགས་པའི་གནས་ལུགས་བཤད་པ། ལམ་རྫོགས་ཆེན་ཆོས་ཉིད་མངོན་སུམ་ཆེན་པོའི་གནས་བསྟན་པ་དང་། འབྲས་བུ་རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས་པའི་གནས་བསྟན་པ་དང་གསུམ་ལས།

དང་པོ་ལ་སྤྱིའི་དོན་གྱི་གཞི་ངེས་པར་བྱ་བ་དང་། བྱེ་བྲག་གི་དོན་གྱིས་དེ་ཉིད་རྟོགས་གོམས་སུ་བྱེད་པ་དང་། སྐབས་ཀྱི་མཇུག་བསྡུ་བའོ། །

དང་པོ་ལ་གཞི་འཁོར་འདས་རྫོགས་པ་ཆེན་པོའི་ཚུལ་བཤད་པ་དང་། གཞི་དེ་ཉིད་ངོས་བཟུང་བ། དེའི་ཡོན་ཏན་ནོ། །

དང་པོ་ནི། འཁོར་བ་སེམས་ཀྱི་རང་སྣང་དུ་རྫོགས་པ་ནི་རྩལ་ལོག་པར་ཤར་བའི། རོལ་བ་སྣ་ཚོགས་སུ་སྣང་བ་དཔེར་ན་མིག་ཤེས་འཁྲུལ་བས་མཁའ་ལ་རབ་རིབ་སྣང་བ་ལྟ་བུ་སྟེ་དེ་ཡང་ཕུག་དེད་ན་མྱ་ངན་ལས་འདས་པའི་ཆོས་ཁམས་ལ་ལོག་པར་རྟོག་པ་ཡིན་གྱི། འཁྲུལ་གཞི་མེད་པའི་འཁྲུལ་བ་ནི་ནམ་ཡང་མི་སྲིད་པས། ཡེ་ཤེས་མཁའ་མཉམ་ལས། འཁྲུལ་གཞི་མེད་པའི་འཁྲུལ་བ་ནི། །རི་བོང་རྭ་བཞིན་ཡོད་མི་སྲིད། །འཁྲུལ་གཞི་ལས་ནི་འཁྲུལ་བ་འབྱུང་། །ཞེས་སོ། ། དེའི་ཕྱིར་འཁོར་བ་ཟད་ཅིང་ལྡོག་པའང་ཡོད་པ་སྟེ། གཞན་དུ་འཁོར་བ་རང་རྐང་གྱིས་གྲུབ་ན་དབྱིངས་སུ་དག་པའང་མི་སྲིད་ལ། ཤེལ་གྱི་བྲག་གམ་གཡུ་རྡོ་བཞིན་དུ་སྦྱངས་བསྒྱུར་གྱིས་གྲོལ་བར་བྱར་མེད་པའི་ཕྱིར། ཁ་སྦྱོར་ལས། དེ་བཞིན་ཉིད་དུ་མ་རྟོགས་ན། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན། །དེ་ལས་དེ་ཉིད་རང་བྱུང་བས། །སྤངས་པས་སྤོང་པ་མ་ཡིན་ནོ། །དེ་བཞིན་སྦྱངས་བས་ཀྱང་ནི་མིན། །བསྒྱུར་བས་ཀྱང་ནི་མི་འགྱུར་རོ། །འགྱུར་མེད་སྙིང་པོ་མ་རྟོགས་པར། །ཤེལ་ཀྱི་བྲག་གམ་གཡུ་རྡོ་བཞིན། །སྦྱངས་ཞིང་ཞི་བར་ནུས་མ་ཡིན། །རང་བཞིན་གྱིས་ནི་གནས་དག་ཏུ། །རྣལ་འབྱོར་ལྡན་པ་ཡིས་ནི་བརྟགས། །ཞེས་གསུངས་པས་ན་སེམས་གྱི་འཁྲུལ་སྣང་རྨི་ལམ་དང་འདྲ་བར་རྫོགས་པའི་ཕྱིར་འཁོར་བ་རྫོགས་པ་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཡོན་ཏན་གྱི་རང་བཞིན་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་རྫོགས་པ་སྟེ། དེ་ཡང་གནས་ལུགས་ཆོས་ཉིད་ཀྱི་རྒྱན་དུ་བཞུགས་པས་ན། ཀློང་གསལ་ལས། གྲོལ་བའི་ཕུང་བོ་སངས་རྒྱས་ལྔ། །ཞེས་སོགས་གསུངས་སོ། །དེ་དག་ཀྱང་། ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ལས། སེམས་སུ་ཆོས་རྣམས་གཅིག་པ་ནི། །འཁོར་བ་མྱ་ངན་འདས་པའི་ཆོས། །སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ཏེ། །ལོག་རྟོག་ཡེ་ཤེས་ཐ་དད་ཀྱང་། །སེམས་ཀྱི་ཆོས་ཉིད་ངང་དུ་གཅིག །ཅེས་སོ། །

གཉིས་པ་ནི། དེ་ལྟ་བུའི་གཞི་དེ་སེམས་དང་སེམས་ཉིད་གཉིས་སུ་ཡོད་པ་ལས་གློ་བུར་བའི་སེམས་ནི་འཁྲུལ་བའི་རྟོག་པ་ཡིན་པས་གྲོལ་གཞིར་མི་རུང་ངོ་། །འོ་ན་ཆོས་སྐུའི་རིག་པ་འདིའང་འཁྲུལ་གཞིར་མི་རུང་སྙམ་ན། བདེན་ཀྱང་འཁྲུལ་བའི་བརྒྱུད་རྒྱུར་གྱུར་བ་ལས་དེ་སྐད་བཤད་དོ། །ཐེག་པ་ཐུན་མོང་ལས་ནི་སེམས་ལ་གཞི་ལམ་འབྲས་བུའི་སྟེགས་འཆའ་བས་གཞི་འབྲས་འཆོལ་ཏེ་སངས་རྒྱས་མྱུར་དུ་མི་ཐོབ་པའོ། །དེས་ན་ངེས་དོན་འདུས་པ་ལས། མ་རིག་འཁྲུལ་བའི་སེམས་འདི་ཡིས། །བྱང་ཆུབ་ཐོབ་འདོད་སྙིང་རེ་རྗེ། །ཉིད་ལ་ཉིང་འཁྲུལ་ཡིན་པའི་ཕྱིར། །སྨྱོན་པས་གྲིབ་མ་བསྙེགས་པ་འདྲ། །ཞེས་དང་། སྐྱོན་གྱི་རྩ་བ་སེམས་ཡིན་པས། །དེ་ཕྱིར་སེམས་ཀྱིས་སངས་མི་རྒྱ། ། སེམས་ནི་རྒྱུ་རྐྱེན་བསྐྱེད་པའི་ཕྱིར། །ངེས་དོན་མ་ཡིན་འཁྲུལ་བའི་བློ། ། ཐེག་དགུ་སེམས་སུ་འདོད་པའི་ཕྱིར། །ངེས་དོན་ཨ་ཏིའི་གོལ་སར་གསུངས། །ཞེས་སོ། །འོན་ཀྱང་འཁྲུལ་བའི་བརྒྱུད་རྒྱུར་བཤད་པ་དེ་ཡང་ཡིན་ཏེ། དཔེར་ན་ག་བུར་ནི་སྨན་ཡིན་ཀྱང་གྲང་བའི་ནད་རྐྱེན་ཅན་ལ་དུག་ཏུ་འགྱུར་བ་དང་འདྲ་བས་ན། ཉི་ཟླ་བཀོད་པ་ལས། དཔེར་ན་ག་བུར་ལྟ་བུ་སྟེ། །ག་བུར་གཞི་ལ་གཉིས་མེད་ཀྱང་། །ཚ་གྲང་རྐྱེན་གྱིས་སྨན་དུག་གཉིས། །ག་བུར་ངོ་བོ་ཐ་དད་མེད། །ངོ་བོ་གཅིག་ལ་སྣང་ཚུལ་གཉིས། །ཞེས་དང་། ལྟ་བ་ལ་ཤན་ལས། དཔེན་ན་ག་བུར་གཞི་ལ་གཉིས་མེད་ཀྱང་། །ཚ་གྲང་རྐྱེན་གྱིས་སྨན་དུག་གཉིས་སུ་ཤར། ། དེ་བཞིན་གཞི་ལ་འཁོར་འདས་གཉིས་མེད་ཀྱང་། །རིག་དང་མ་རིག་རྐྱེན་གྱིས་སྣང་བ་གཉིས། །ཞེས་པ་ལྟར་རོ། །དེ་ལྟ་ན་གཞི་ལུང་མ་བསྟན་པའོ་སྙམ་ན། དེ་ནི་མ་ཡིན་ཏེ་གྲོལ་གཞིར་ཡོད་ཀྱང་འཁྲུལ་གཞིར་སྣང་བ་ནི་ཐག་པར་ཡོད་ཀྱང་སྦྲུལ་དུ་སྣང་བ་ལྟ་བུའོ། །རྫོགས་པ་ཆེན་པོ་འདིའི་གཞི་ནི་ཆོས་སྐུ་རིག་པ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ལ་ངོས་བཟུང་བར་བྱའོ། །དེས་ན་རང་ཤར་ལས། སེམས་ལས་འབྲས་བུ་མི་འདོད་དེ། །རིག་པའི་ཡེ་ཤེས་ཡོད་པའི་ཕྱིར། །ཞེས་སོ། །

གསུམ་པ་ཡོན་ཏན་ནི། འཁོར་བའི་སྐྱོན་ཐམས་ཅད་སེམས་ལ་བརྟེན་པ་ཡིན་ཏེ། དེས་བག་ཆགས་ལས་གནས་དོན་ལུས་སུ་བདག་ཏུ་བཟུང་བ་ཡིན་པའི་ཕྱིར་དང་། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དེ་ལས་བྱུང་བས་ན། མེ་ལག་ནས་མ་བཏང་པར་ཚ་བ་དོར་དུ་མེད་པ་བཞིན། སེམས་དེ་ལ་གཞི་བཅོལ་བས་རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་འདོར་དུ་མེད་ལ། ཆོས་སྐུ་མངོན་པར་རྟོགས་ནས་དམྱལ་བའི་མེའི་ཀྱང་ཚིག་པ་མེད་པར་སྡུག་བསྔལ་བདེ་ཆེན་དུ་གྲོལ་ཟིན་པས། དེ་ལ་གཞི་ལམ་འབྲས་བུའི་གདེངས་འཆོས་པས་འཁོར་བའི་གཡང་ས་མེད། ཉོན་མོངས་ཀ་ནས་དག་པས། དེས་ཀུན་ནས་བསླངས་པའི་ལས་དང་། དེ་ཉེ་བར་ལེན་པའི་འབྲས་བུ་མེད་པས། དགེ་བཅུ་མ་སྤྱད་པར་སངས་རྒྱས། སྡིག་བཅུ་མ་སྤངས་པར་རང་གྲོལ། རྩོལ་སྒྲུབ་མ་བྱས་པར་སངས་རྒྱས་རང་ལས་རྙེད་པ་སྟེ། དཔལ་རི་བོ་བརྩེགས་པ་ལས། ཡོངས་རྫོགས་ཐོད་རྒལ་དོན་རྟོགས་ན། དགེ་བཅུ་མ་སྤྱད་བྱང་ཆུབ་ཐོབ། །ཚོགས་གཉིས་མ་བསགས་དུས་གཅིག་རྫོགས། །སྒྲིབ་གཉིས་མ་སྦྱངས་ཀ་ནས་དག །སྨོན་ལམ་མ་བཏབ་རང་ལ་གྲུབ། །སྙིང་པོ་ཆོས་སྐུར་རང་སངས་རྒྱས། །ཐེག་པ་འོག་མའི་ཆོས་བཞིན་དུ། །བྱ་རྩོལ་ཚོགས་བསགས་སྨོན་མེད་པ། །ཡང་དག་དོན་གྱི་སངས་རྒྱས་ཐོབ། ། ཞེས་སོ། །

གཉིས་པ་བྱེ་བྲག་གི་དོན་གྱིས་དེ་ཉིད་རྟོགས་གོམས་སུ་བྱ་བ་ལ། སྤྱིར་དམིགས་པ་ཡུལ་གྱི་བློ་ཅན་ལ་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ། ཉིན་མཚན་ཁ་སྦྱོར་གྱིའམ་འཛིན་མེད་རང་གྲོལ་ཆེན་པོའི་བསྒོམ་པ། སྣང་བ་དབང་བསྒྱུར་དང་ཆགས་ལ་མ་ཞེན་པའི་སྤྱོད་པ་དང་། རྩོལ་མེད་ཡོངས་གྲུབ་ཀྱི་འབྲས་བུ་དང་བཞི་ཡོད་ལ། དེ་དག་ལ་རང་སྐལ་ཀྱང་དོན་གྱི་ངོ་བོ་བཞི། ཐབས་བཞི། དགོངས་པ་བཞི། དུས་ཚོད་ཀྱི་གང་ཟག་བཞི། དག་ལུགས་དང་གྲོལ་ལུགས་བཞི་སྟེ་ཉི་ཤུར་ཡོད་ཀྱང་། ༼ རིག་པ་རང་སྣང་གི་བློ་ཅན་གྱི་ཉམས་ལེན་སྤྱིར་ཐོད་རྒལ་ཡིན་ཀྱང་། མཆན། ༽འདིར་ཁྲེགས་ཆོད་རང་ལམ་གྱིས་རང་སྣང་གི་བློ་ཅན་ཞིག་ཀྱང་ཡོད་པས་ན། རིན་པོ་ཆེ་སྤུངས་པ་ལས། དམིགས་པ་ཡུལ་གྱིས་བློ་ཅན་ལ། །སྒོམ་དང་བསྒོམ་བྱའི་ཆོས་ཀུན་བསྟན། །རིག་པ་རང་སྣང་བློ་ཅན་ལ། །ལྟ་བའི་ཐབས་རྣམས་གཅིག་ཏུ་བསྟན། །ཞེས་སོ། །དེའི་ངོས་སྐལ་དུ་བྱས་ནས་གོང་གི་རྒྱུན་བྱེད་བཞི་ཁུང་དོན་ལ་རྫོགས་པའི་ས་བཅད་ལྔས་བསྟན་ཏེ། སེམས་ཀྱི་ཁང་བུ་བཤིགས་པའི་སྒོ་ནས་སྐྱེ་མེད་ཀ་དག་ཏུ་ལ་བཟླ་བ། ཡུལ་གྱི་དངོས་པོ་དེད་པའི་སྒོ་ནས་སྣང་བ་སེམས་དང་སེམས་གཏད་མེད་མིང་བྲལ་དུ་འགགས་བསྡམས་པ། སེམས་ཀྱི་རྩ་བ་བཅད་པའི་སྒོ་ནས་འགོང་པོ་ཡུལ་ཕུད་དེ་འཛིན་པ་རང་གྲོལ་གྱི་བསྒོམ་པ་ངོ་སྤྲད་པ། ཡུལ་ཤེས་ཀྱི་བར་ནས་བཙལ་ཏེ་སྣང་བ་དབང་བསྒྱུར་གྱི་སྤྱོད་པས་ཆིངས་སུ་བཅིངས་པ། མཐའ་བརྟེན་བཞག་ཐབས་ཀྱི་སྒོ་ནས་སྒོམ་མེད་རྣལ་དུ་འབེབས་པ་དང་ལྔ་ལས་དང་པོ་ལ། རྟེན་ཞི་གནས་བཙལ་བ་དང་། བརྟེན་པ་ལྷག་མཐོང་སྐྱེ་མེད་ཀ་དག་གི་ཡེ་ཤེས་གཏན་ལ་དབབས་པ། དམ་ཚིག་ཕྱག་རྒྱ་གཉན་པོའི་རྒྱས་གདབས་པའོ། །

དང་པོ་ནི། དེ་ནས་ལུས་སྐྱིལ་ཀྲུང༴ བརྟན་པ་ན་ཞེས། འདི་ནི་འཇིག་རྟེན་ཕལ་པའི་སེམས་གནས་ཞེས་བྱ་སྟེ། དེ་གྲུབ་པ་ལ་སྔོན་དུ་ལུས་གནད་ཀྱང་ཤིན་ཏུ་གཙོ་ཆེ་བས། ལམ་རིམ་ལས། དེ་ཕྱིར་ལྷག་མ་ཆ་མཉམ་པའི། །བདེ་ལྡན་བྲོད་པའི་ཆོས་བདུན་ཚུལ། །ཞེས་ལུས་གནད་ཀྱི་ལྷག་མ་ངག་ཡིད་ཀྱང་དབུ་མ་བསམ་གྱིས་མི་ཁྱབ་པར་སྲོང་བའི་དྲང་པོ་བཞི་དང་ལྡན་པའི་གནད་དང་བཅའ་ཚུལ་གྱི་ངེས་པ་དང་ཡོན་ཏན་ནི་ཁོ་བོའི་བར་དོ་དྲུག་ཁྲིད་ལས་སྨྲོས་གྲུབ་ལ། འདིར་རབ་འབྱམས་ལས། ནང་ཚངས་ཅན་གྱི་སྟན་ལ་ནི། །རྐང་བ་རྡོ་རྗེའི་སྐྱིལ་ཀྲུང་བྱ༡། །ལག་པ་གཉིས་པོ་མཉམ་བཞག་བསྣོལ༢། །ཞེས་པ་སོགས་འདྲ་མིན་གྱི་བློ་བཟོ་སྤངས་པའི་ཕྱིར་གསུངས་པ་ནི་ཡིད་བརྟན་རུང་བར་རིག་སྟེ། དེ་ལས། ལུས་པོ་མདའ་སྙུགགས་བཞིན་དུ་བསྲིང་༣། །དཔུང་བ་རྒོད་གཤོག་བཞིན་དུ་བརྒྱང་༤། མཇིངས་པ་གཞུ་མོ་བཞིན་དུ་བཀུགས་༥། ལུས་ཁོག་ཕྲག་པ་གཟིང་བར་བསྟོད་༦། མིག་དང་སྣ་རྩེ་སེམས་རྩེ་བསྟུན༧། །ཅེས་པའི་བདུན་ལྟར་བྱ་ཞིང་། ལྕེ་ཡར་རྐན་ལ་སྦྱར་བ་ནི་ས་དགེ་རྙིང་གསུམ་གྱི་རྩ་རླུང་ཀུན་ནས་གསུངས་བས་མང་བའི་ཕྱོགས་ཀྱིས་ཁུང་མར་ཤེས་སོ། །དེ་ལྟར་མཉམ་པར་བཞག་པས་རྣམ་རྟོག་སྔར་བས་མང་དུ་སོང་བར་སྣང་བ་ནི་ཤེས་པ་ཅུང་ཟད་དཀོན་པས་རྩིས་བསྒྲངས་ལ་ཐེབ་པ་ཡིན་ཏེ། དམག་དང་རེ་མིག་མང་པོ་རྩིས་ལ་མི་ཐེབ་པ་ལས། སྦྲའི་བུག་པ་ཆ་ཤས་དང་། རྐྱ་མི་ཡ་ཟུང་གྲངས་སུ་ཐེབ་པ་བཞིན་ནོ། །འདི་ནི་ཕྱག་རྒྱ་བསམ་གཏན་ལས། གཡོ་བའི་ཉམས་རི་གཟར་གྱི་འབབས་ཆུ་འདྲ་བ་ཟེར་རོ། །དེ་ལས་སེམས་མ་ཡེངས་པར་བཞག་པས། ཐོབ་པའི་ཉམས་རོང་ཁུང་དོག་མོའི་ཆུ་ལྟ་བུ། གོམས་པའི་ཉམས་རྒྱ་མཚོ་རླུང་གིས་མ་དཀྲུགས་པ་ལྟ་བུ། མཐར་ཕྱིན་པའི་ཉམས་རི་བོ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྟེ་བཞི་རིམ་པར་འབྱུང་ཞིང་རབ་ཏུ་བརྟན་པར་འགྱུར་རོ། །དེ་ལས་མ་ཡེངས་པའི་གདེངས་ཐོབ་ནས་ཡིད་བརྟན་པ་ན་ཞི་༼ འདི་ལའང་ཐབས་ཀྱི་སྒོ་ནས་སེམས་འཛིན་ཉི་ཤུ་རྩ་གཅིག་སོགས་ཡོད། །ངོ་བོ་སྒོ་ནས་འདོད་སེམས་རྩེ་གཅིག་དང་། ཉེར་བསྡོགས་དང་བཅས་པའི་བསམ་གཟུགས་འགོགས་སྙོམས་ལ་སོགས་རྣམ་གྲངས་དབང་པོའི་རིམ་པ་ཡོད་དོ། །མཆན། ༽གནས་གྲུབ་པའོ། །

གཉིས་པ་ལ་ཆོས་སྐུ་སེམས་ཕྱོགས་ནས་བཙལ་བའི་དགོས་པ་དང་། སྐྱེ་མེད་གཏན་ལ་དབབས་པའི་ཚུལ། གང་ཞིག་རྙེད་པའི་དོན་ཐོག་ཏུ་ལ་གཅོད་པ་སྟེ་གསུམ་ལས།

དང་པོ་ནི། སེམས་སྣང་ལུགས་ནས་ཆོས་སྐུ་མ་ཡིན་ཀྱང་སྣང་ལུགས་དེ་ཉིད་ཆོས་ཅན་དུ་བཟུང་ནས་གཞལ་བ་ན། དེས་གནས་ལུགས་ཆོས་སྐུ་རིག་པའི་ཡེ་ཤེས་གཏན་ལ་ཕེབས་པ་སྟེ། སྦྲུལ་འཁྲུལ་གྱི་ཤེས་པ་ལ་དཔྱད་པས་ཐག་ཁྲར་རྟོགས་པ་བཞིན་དང་། ཡང་གླང་ཆེན་བོར་ན་རྗེས་དེ་གླང་པོ་མ་ཡིན་ཡང་རྗེས་དེད་པས་གླང་པོ་རྙེད་པ་ལྟ་བུ་སྟེ། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དེ་ཉིད་བཙལ་བའི་མཐུན་དཔེ་ནི། །རྗེས་ནས་བཙལ་བས་གླང་པོ་རྙེད། ། སེམས་ཀྱི་ཕྱོགས་ནས་དོན་བཙལ་ན། །རང་རིག་རྒྱལ་པོ་ཡེ་ཤེས་རྙེད། ། ཅེས་པ་ལྟར་རོ། །

གཉིས་པ་ལ། སྒོ་གསུམ་གཙོ་གང་ཆེ་སོགས་རྩད་བཅད་པ། སེམས་ཀྱི་མཚངས་བཙལ་བ། བྱུང་ས་དང་བྱུང་མཁན་ལ་བརྟགས་ནས་ཆོས་སྐུ་རང་ངོ་སྤྲད་པའོ། །དེ་ཡང་འདས་རྗེས་དོན་ཁྲིད་ལས། དང་པོ་རྟོག་པ་རྩད་བཅད། དེ་ནས་སེམས་ཀྱི་མཚངས་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟགས། ཞེས་གསུངས་པ་དང་ཚུལ་མཐུན་ནོ། །

དང་པོ་ནི། ལྟེངས་སུ་མི༴ ནས་བྱའོ་བར་གྱིས། དེ་ནས་ཞི་གནས་རྩེ་གཅིག་གི་ཕྱོགས་སུ་ལྷུང་བ་དང་། དེ་ལས་སྐྱེད་བསྲིང་དུ་མེད་པར་མུན་སྒོམ་ཆེན་པོར་རྟིངས་སུ་མི་འཇུག་པར་གོང་ནས་གོང་དུ་བོག་དབྱུང་པའི་ཕྱིར་ལྷག་མཐོང་ངོ་སྤྲད་པ་ནི། ལར་གདམས་ངག་ཁྲིད་ཀྱི་ལུགས་སུ་གདབས་པ་དང་། ངོ་སྤྲོད་ཀྱི་ལུགས་སུ་གདབས་པ། མགྲོན་པོ་ལ་བརྒལ་ལ་ཚངས་སྤྲུགས་སུ་གདབ་པའི་ལུགས་གསུམ་གྱི་འདིར་སྔ་མ་གཉིས་ཟུང་འབྲེལ་དུ་སྨིན་ཁྲིད་ལ་བྱ་བ་ཡིན་ཅིང་། ཡང་སྤྱི་བླུགས་ཚངས་པའི་དབང་དང་། ཡེ་གྲོལ་ཚང་པའི་དབང་གཉིས་ཀྱི་ཕྱི་མ་ལ་བརྟེན་ནས་སྔ་མ་རང་བབས་སུ་རྒྱུད་ལ་འདྲེན་པའི་ཐབས་ཡིན་ཏེ། དེ་ཉམས་སུ་ལེན་པ་པོ་དེ་ལ། ཁྱོད་ཀྱི་སེམས་དེ་ཇི་ལྟ་བུ་ཞིག་འདུག་ལྟོས་ཤིག །ཅེས་ལྟར་བཅུག་གོ །དེ་ལྟར་བལྟས་པའི་ཚེ་རྒྱུ་མཚན་འདི་འདྲའོ་སྙམ་པའི་གཏད་སོ་ཅི་ཡང་མ་རྙེད་པར་ངོས་མ་ཟིན་ན། འོ་ན་སྐྱེ་བ་དཔག་ཏུ་མེད་པའི་ལུས་མང་པོ་བློང་པ་ཡིན་པས་དེ་དག་ལའང་ཉེ་བར་ལེན་ལུགས་ད་ལྟའི་ལུས་དང་འདྲ་ན། དེ་དག་དང་སེམས་གཅིག་གམ་ཐ་དད། གཅིག་ན་སེམས་ཀྱི་ཕྱོགས་གཅིག་དེར་ཐལ་ལ། ཡང་ན་ལུས་དེ་དག་ཀྱང་ད་ལྟ་ཁྱོད་ལ་ཡོད་པར་ཐལ་ཞིང་ཐ་དད་ན་བདག་ཏུ་འཛིན་དོན་མེད་དོ། །གཅིག་ན་ལུས་དེ་དག་ཞིག་པས་སེམས་ཀྱང་ཤི་བར་གྱུར་བའམ། ཞེས་དྲིས་པས། ལུས་གློ་བུར་དུ་ཕ་མའི་འདུ་འཕྲོད་སོགས་ལས་བྱུང་བའི་འདུས་བྱས་སུ་གོ །སེམས་ཇི་འདྲ་ཞིག་ཡིན་སྙམ་དུ་གཞིག་པ་ཆེ་འགྲོ་ཞིང་དེའི་རྗེས་སུ། ཡང་ད་ལྟའི་དུས་ཀྱི་ལུས་དང་སེམས་གཉིས་གཅིག་གམ་ཐ་དད། གལ་ཏེ་གཅིག་ན་འདི་ལྟར་འགྱུར་ཏེ། ལུས་ལ་མགོ་དང་ཡན་ལག་ཉིང་ལག་གི་ཆ་ཤས་མང་པོ་ཡོད་པ་དང་། དེ་དག་རེ་རེའང་ཤ་ཁྲག་རུས་པ་རྩ་རྒྱའི་ལ་སོགས་འདུས་པ་སྣ་ཚོགས་པའི་རང་བཞིན་ལས་གདགས་གཞི་ཡུལ་མེད་དུ་གནས་པས། དེ་དང་གཅིག་པའི་སེམས་དེའང་མང་པོར་འགྱུར་བའམ། མང་པོ་དང་གཅིག་ཆོས་འགལ་བའི་བདག་གཅིག་ཏུ་གྱུར་བ་མི་སྲིད་པ་དང་། ལུས་ཕ་མའི་རྒྱུ་རྐྱེན་གྱིས་བསྐྱེད་པ་བཞིན་སེམས་བསྐྱེད་པར་འགྱུར་རམ། དེ་ལྟ་ན་རྒྱང་འཕེན་པར་མཐུན་ལ། ཡང་ལུས་གཞན་གྱིས་མཐོང་བ་བཞིན་སེམས་ཀྱང་མཐོང་བར་འགྱུར། སེམས་མི་མཐོང་བ་བཞིན་ལུས་ཀྱང་མི་མཐོང་བར་ཐལ་ལ། སེམས་ཀྱིས་དྲན་བསམ་གཡོ་བ་ན། ལུས་ཀྱང་གཡོ་བར་ཐལ་བ་དང་ལུས་བེམ་པོ་ཡིན་པ་བཞིན་སེམས་རྡུལ་གྲུབ་ཐོགས་རེག་ཏུ་འགྱུར་བ་དང་། ལུས་ཀྱང་ཤེས་བྱེད་དུ་འགྱུར་བ་དང་། ལུས་འཇིག་དུས་སེམས་ཀྱང་འཇིག་ནས་སྐྱེ་བ་བརྒྱུད་པ་མི་སྲིད་པ་དང་། ལུས་སེམས་བྲལ་ནས་ཤི་རྒྱུ་མེད་པའི་ཁས་ལེན་འདི་མི་བཟང་ངོ། འོ་ན་ཐ་དད་པའོ་སྙམ་ན། སེམས་ཀྱིས་ལུས་ལ་བདག་ཏུ་འཛིན་མི་རིག་པ་དང་། གལ་ཏེ་བདག་གི་བར་ཞིག་བཟུང་རུང་ཀྱང་ལུས་སྨས་པ་སོགས་ཀྱི་བདེ་སྡུག་ཉེ་བར་ལེན་མི་རིག་པ་དང་། རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་མ་གྲུབ་པ་བདག་སོང་ཀྱང་ཁང་བ་ཤུལ་དུ་ལུས་པ་ལྟ་བུར་འགྱུར་བའི་ཚུལ་ལེགས་པར་དྲི་བརྩད་ཀྱིས་རྩད་བཅད་པ་དང་། ཡང་རྨི་ལམ་དུ་ལུས་སྣང་བ་དང་། ཁྱོད་ཀྱི་སེམས་གཉིས་གཅིག་གམ་ཐ་དད་ཀྱང་དེ་ལྟར་བརྟགས་སོ། ། ཡང་བསམ་བློ་བཏང་མི་ཤེས་པས་དེ་གཉིས་ཐ་དད་དེ་སེམས་ཀྱིས་གང་བསམ་ཀྱང་དེར་ཐོན་འགྲོ་ནའང་། ལུས་མི་ཕྱིན་པས་གསལ་ལོ་སྙམ་ཀྱང་། ཁྱོད་ཤི་བར་གྱུར་ཀྱང་སླར་ལུས་ལ་འཇུག་ཆོག་ན་དང་ལེགས་ཏེ། འོན་ཀྱང་དེ་ནི་སེམས་ཕར་སླེབས་པ་མིན། ཚུར་དོན་སྤྱི་བློ་ལ་ཤར་བ་ཡིན་ཏེ། དེའི་རྟགས་སུ་ལུས་སེམས་མ་བྲལ་བས་ཤེས་སོ། ། དེ་བཞིན་དུ་ངག་དང་ཡང་བསམ་མོ། །དེ་ནས་ལུས་ངག་སེམས་གསུམ་གཙོ་གང་ཆེ་ལྟར་བཅུག་པའི་དུས་སུ་འདི་ལྟར་བརྟགས་ཏེ། དེ་ཡང་འགའ་ཞིག་གིས་ལུས་ངག་གི་བྱ་བྱེད་སེམས་ཀྱིས་མ་བསམ་པར་མི་འབྱུང་པས་སེམས་གཙོ་ཟེར་བ་ནི་བབས་ཅོལ་ཏེ། གཞི་དུས་སུ་བྱ་བ་བྱས་ན་ལུས་གཙོ། བརྗོད་ན་ངག་གཙོ། བསམ་ན་སེམས་གཙོ་ཆེ་བ་དང་། ལམ་དུས་སུ་བསྐོར་བ་དང་ཕྱག་སོགས་ལུས། བཟླས་བརྗོད་ལ་ངག །བསྒོམ་ན་སེམས་གཙོ། འབྲས་དུས་སུ་རྡོ་རྗེ་གསུམ་ལ་གཙོ་ཆེ་ཆུང་གི་ཁྱད་པར་མེད་ཚུལ་ལ་བསམ་ན་གནས་སྐབས་དབྱེར་མེད་འདྲ་ཡང་། ལེགས་པར་བརྟགས་ན་ཤ་ཁྲག་གི་ལུས་འདི་མ་གཏོགས་པ། བར་དོའི་ཡིད་ཀྱི་ལུས། དམྱལ་བ་མྱོང་རིག་གི་ལུས། གཟུགས་ཁམས་འོད་གསལ་གྱི་ལུས། གཟུགས་མེད་ཏིང་ངེ་འཛིན་གྱི་ལུས་ལ་སོགས་པ་དང་། རྨི་ལམ་བག་ཆགས་ཀྱི་ལུས་ཀུན་སེམས་ཀྱིས་བཟོས་པ་དང་། ངག་སེམས་ལ་སྣང་བ་ཡིན་མ་ཟད་དེ་དག་གི་ཡུལ་ལུས་སེམས་སུ་སྣང་བ་ཀུན་སེམས་གྱི་བག་ཆགས་ལས་རྨི་ལམ་བཞིན་སྣང་བ་ཡིན་ན། དེ་བཞིན་དུ་ད་ལྟའི་ལུས་སེམས་ཀྱང་བག་ཆགས་ཀྱི་སྣང་བ་མཁའ་ལ་རབ་རིབ་དང་འདྲ་བ་དང་། ཡང་འཁོར་བ་ཐོག་མ་མེད་པ་ནས། རྒྱུ་ཀུན་ནས་བསླང་མཁན། འབྲས་བུ་ཉེ་བར་ལེན་མཁན། ཟོ་ཆུའི་འཁྱུད་མོ་བཞིན་དུ་འཁོར་བར་འཁྱམས་མཁན་གང་ཡིན་དཔྱད་དེ་སེམས་གཙོ་ཆེ་བར་ཤེས་པ་ནི་རྐུན་མ་ངོས་ཟིན་པ་ལྟ་བུ་སྟེ། དེ་ལྟར་ལྟ་བ་བརྒལ་བརྟགས་ཀྱིས་རྩད་དུ་མ་ནས་བཅད་དེ་བསྐོར་གྱིན་བསྐོར་གྱིན་གཏན་ལ་ཕབས་པས་དྲི་རྟོགས་བྱའོ། །དེ་ཡང་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །གཙོ་བོ་གང་ཡིན་ངོ་ཡི་གཟུང་། །ཞེས་སོ། །

གཉིས་པ་མཚངས་བཙལ་བ་ནི། ཡང་ལུས་འདི་ནས༴ གདབས་ཀྱི་བར་ནི། ཡང་ད་ལྟའི་ལུས་འདི་མ་ཡིན་པའི་སྔོན་ལུས་མང་པོ་ལེན་པའི་དུས་ཀྱི་སེམས་དང་ད་ལྟའི་སེམས་འདི་གཅིག་གམ་ཐ་དད། གཅིག་ཏུ་ན་དེ་དག་གི་བདེ་སྡུག་ཀྱང་ད་ལྟ་མངོན་དུ་མྱོང་བར་ཐལ་པ་དང་། ཡང་ན་སྔར་གྱི་སེམས་བཞིན་ད་ལྟ་བའང་ལྐོག་གྱུར་དུ་ཐལ་བ་དང་། ཕན་ཚུན་འཆོལ་བར་ཐལ་བ་དང་སྐྱེ་འགགས་མེད་པའི་སེམས་རྟག་པར་ཐལ་བ་དང་། ཐམས་ཅད་རིལ་བོར་འགྱུར་བ་དང་། ཐ་དད་ན་ད་ལྟའི་སྐྱེ་བ་དང་བདེ་སྡུག་ལ་རྒྱུ་མེད་པར་འགྱུར་བ་དང་། སྔར་གྱི་ལས་ལ་མྱོང་བ་པོ་མེད་པར་ཆུད་ཟོས་པ་སོགས་ཀྱིས་མི་འཐད་ལ། ཡང་ད་ལྟའི་སེམས་རང་ཡང་གཅིག་གམ་ཐ་དད་བརྟགས་པས། གཅིག་ན་ངོ་བོ་ཚོགས་བརྒྱད་དང་། སེམས་བྱུང་ལྔ་བཅུ། རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་འདི་མི་རིག་པ་དང་། རྟོག་བཅས་ཀྱང་རྣམ་རྟོག་གི་ཕྲེང་བ་འདི་མི་འཐད་པ་དང་། ཡང་ན་རྟོག་པ་སྔ་ཕྱིའི་ཐ་སྙད་མེད་པར་འཆོལ་བ་དང་། རིལ་བོ་གཅིག་བདེན་དུ་འགྱུར་བའོ། །ཡང་ཐ་དད་ན་དྲན་པའི་རྟགས་འདི་མི་རུང་བ་བྱམས་པ་དང་ཉེ་སྦས་ལ་བརྟེན་པའི་ཆོས་ཐ་དད་བཞིན་འགྱུར་བ་དང་། སྔ་མ་རྐྱེན་མེད་དུ་ཤི་བ་དང་། ཕྱི་མ་རྒྱུ་མེད་དུ་སྐྱེ་བའང་ཡིན་ལ། གང་ཟག་གཅིག་གི་ཤེས་རྒྱུད་མིན་པར་ཐལ་ཏེ། ཕྲེང་རྡོག་བརྒྱ་རིགས་འདྲ་ཡང་ངོ་བོ་མི་གཅིག་པ་བཞིན་ནོ། །འོན་ཀྱང་རྣམ་རྟོག་ཙམ་ཐ་དད་པ་ལས་སེམས་གཅིག་ཡིན་སྙམ་ན། རྣམ་རྟོག་བསལ་བའི་ཕ་མཐའི། དེ་དག་གི་འཕྲོ་གཞིའི་སེམས་དེ་རྟ་བསལ་ཤུལ་གྱི་བ་གླང་བཞིན་ཡོད་དགོས་ཀྱང་མ་མཐོང་བས་བསལ་ལོ། །ཡང་ཁམས་གསུམ་འཁོར་བའི་སེམས་ཅན་གྱི་སེམས་དང་། རང་གི་སེམས་གཉིས་གཅིག་གམ་ཐ་དད། གཅིག་ན་གཅིག་གྲོལ་བས་ཀུན་གྲོལ་བ་དང་། གཅིག་ཤི་ན་ཀུན་ཤི་བ་ལ་སོགས་སྐྱོན་མང་པོ་དང་། ཕྱི་ནང་གི་སེམས་ཅན་མི་འདྲ་བ་མང་པོ་འོང་བ་ཅི་ཡིན། མི་གཅིག་ན་ཤི་ཡིས་དོགས་པ་ཀུན་ལ་རྟོག་པ་གཅིག་ཏུ་མི་འབྱུང་བར་ཐལ་བ་དང་། བདག་བདེ་བ་དང་། དགྲ་ཕམ་ན་དགའ་བ་སོགས་རིགས་འདྲ་བར་འབྱུང་བས་མ་ཁྱབ་ལ། མི་གཅིག་ཤི་ཡང་སྲིན་བུ་ཀུན་འཚོ་བར་ཐལ་བས་མཚོན་ཁྱད་པར་གང་གིས་ཕྱེ་ཞིང་། ལུས་མི་འདྲ་བ་མང་པོ་ལ་སེམས་མི་འདྲ་བའི་ཁྱད་པར་དང་བྱད་བཞིན་ཅི་ཡོད་ཅེས་དྲིས་པ་ན། འདི་འདྲའོ་ཞེས་ངོས་བཟུང་གི་མཚན་མ་དང་བྲལ་བར་དྲན་རྟོགས་བརྗོད་མི་ཤེས་པར་སྐྱེ་མེད་དུ་ཧད་དེ་བ། རྟོག་པའི་རྙོགས་མ་མེད་པར་རིག་སྟོང་གསལ་སེང་ངེ། བསལ་བཞག་བསྒྱུར་བཀོད་མེད་པར་ཕྱལ་ལེ་པར་འགྲོའོ། ། དེའི་དུས་སུ་གཞི་རང་གནས་ཀྱི་ཆོས་ཉིད་སྤྲོས་དང་བྲལ་བ་སྟོན་པའི་གདམས་པ་བློས་གང་བཟོད་འཐད་པའི་རྒྱན་ལུང་རིག་གིས་བརྒྱན་ཏེ་ངོ་སྤྲད་དོ། །

གསུམ་པ་ལ། བྱུང་ས་ལ་བརྟགས་པ་དང་། བྱུང་ཚུལ་ལ་བརྟགས་པ། བྱུང་མཁན་བརྟགས་པ། ཆོས་སྐུ་རང་ངོ་སྤྲད་པའོ། །

དང་པོ་ནི། དེའི་རྗེས་སུ༴ ནས། ཕ་མ་ཞེས་པའི་བར་གྱིས། སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་བོ་བདེ་བ་དང་སྡུག་བསྔལ་བྱུང་ཚོར་གྱི་རྟོག་པ་ཡུལ་ཉམས་སུ་མྱོང་ཞིང་ཤེས་མཁན་འདི་མེད་པ་བཅིང་མེད་དང་། ཡོད་པ་དངོས་པོའི་ཕྱོགས་གང་ནས་བྱུང་བ་ཡིན་དཔྱོད། མེད་པ་ལས་མི་འབྱུང་སྟེ། རི་བོང་གི་རྭ་ལས་སུ་ཡང་མི་སྐྱེ་བ་བཞིན་ནོ། །འོན་ཀྱང་ཡོད་པ་ལས་འོས་མ་མཆིས་སྙམ་ན། ཕྱི་འབྱུང་བ་བཞིའི་ཁམས་གང་ནས། དུས་ནམ་བྱུང་བརྟགས་ཡང་འགྲོ་བ་གཞན་སེམས་ཀྱི་ཕ་མ་གང་ཞིག་ལས་སྐྱེས་ནས་བྱུང་བ་ཡིན་དཔྱད། དེ་མི་དྲན་ཀྱང་ཡོད་ངེས་སྙམ་ན། སེམས་ལ་རྒྱུ་ཡོད་ཚེ་འདུས་བྱས་མི་རྟག་པ་ཡིན་པས་འཇིག་པར་ཐལ། དེ་ལྟ་ན་ལས་ལ་བཟང་ངན་མེད་པར་འགྱུར་རོ། འོ་ན་རྒྱུ་མེད་དོ་སྙམ་ན་ནི་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་ཏེ། རྒྱུ་མེད་ན་འབྲས་བུ་ཡོད་མི་སྲིད་པས་སོ། །སེམས་རང་ལས་བྱུང་བར་སེམས་ན། རང་གྲུབ་པ་ན་ཡང་སྐྱེ་བ་ལ་དགོས་པ་མེད་པ་དང་། ཡང་སེམས་ལས་རྣམ་རྟོག་སྐྱེའོ་སྙམ་ནའང་མེ་དང་མེ་སྟག་བཞིན་བྱུང་ས་བྱུང་མཁན་གཉིས་དུས་གཅིག་ལ་ཡོད་དགོས། ཡོད་ན་དམིགས་པར་ཐལ་ཏེ། རྒྱུ་མཚན་རང་རྒྱུད་ཡིན་པའི་ཕྱིར་རོ། ད་ལྟར་ཐད་ཀར་གྱི་རྟོག་པའང་ཕྱིར་ཤར་ན་ཤེས་རབ་ཀྱིས་ཡུལ་རྡུལ་ཕྲན་ཆ་མེད་དུ་བསིལ། ནང་དུ་ཤར་ན་ཕུང་པོ་བསིལ་བས་བྱུང་ས་ཡུལ་མེད་དུ་མཐོང་ངོ་། སེམས་ཕ་མའི་རྒྱུ་རྐྱེན་ལས་བྱུང་བར་འདོད་ན། ལས་དང་རྣམ་སྨིན་མི་འཐད་པ་དང་། འཇིག་ཅིང་མེད་པར་འགྱུར་བའོ། །དེ་དག་ཀྱང་རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལའང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། ཇོ་བོ་རྗེས། དངོས་པོ་རང་ལས་མི་སྐྱེ་ཞིང་། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡིས་ཕྱིར། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །ཅེས་སོགས་སོ། །

གཉིས་པ་ནི། ཡོད་པ་ནི་མི་སྐྱེ་ཡོད་དུ་ཟིན་པའི་ཕྱིར་རོ། །མེད་པ་ནི་མི་སྐྱེ་སྟེ་མོ་གཤམ་གྱི་བུ་བཞིན། གཉིས་ཀ་དང་གཉིས་མིན་པ་ནི་ཕན་ཚུན་སྤོངས་འགལ་གྱི་ཆོས་མི་མཐུན་པ་ཡིན་པས་སྐྱེ་མི་སྲིད་དེ། དེ་དག་ལས་གཞན་པའི་འབྱུང་ཚུལ་ཤེས་བྱ་ལ་མི་སྲིད་དོ། །དེ་ཡང་སྟོང་ཉིད་བདུན་ཅུ་པ་ལས། ཡོད་ཕྱིར་ཡོད་པ་སྐྱེ་མིན་ཏེ། །མེད་ཕྱིར་མེད་པ་སྐྱེ་མ་ཡིན། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་པས་གནས་འགགས་མེད། །ཅེས་དང་། ཀུ་རུ་ཀུལླེའི་རྟོགས་པའི་རྒྱུད་ལས། གང་ཚེ་ཡོད་པ་སྐྱེ་འགྱུར་ན། །སྐྱེས་པ་སླར་ཡང་སྐྱེ་བར་འགྱུར། །གལ་ཏེ་མེད་པ་སྐྱེ་ནའང་། །མོ་གཤམ་བུ་ཡང་སྐྱེ་བར་འགྱུར། །ཞེས་སོ། །

གསུམ་པ་ནི། འདྲ་དཔེ༴ ནས། བཅུག་པས་བར་གྱི། གལ་ཏེ་ད་དུང་སེམས་བྱུང་བར་སེམས་ན། བྱུང་མཁན་ཁོ་རང་དཔེ་ཇི་ལྟ་བུར་མཆིས་དཔྱད་ན། རེས་མིག་དང་འདྲ་བར་ཡུལ་རིག་པ་པོ་ཞིག་ཏུ་མཐོང་ན། དེ་ནི་ཡུལ་སེམས་འཕྲད་མ་འཕྲད་གང་ལྟར་ཡང་མི་མཐོང་བས་བསལ་ལོ། །རེས་རང་རིག་རང་གསལ་མར་མེ་ལྟ་བུར་རྟོགས་ན། དེ་ཡང་སྐད་ཅིག་མ་ལ་རིག་བྱ་རིག་བྱེད་གཉིས་མི་འཐད་པས་སེལ་ལོ། ། རེས་རླུང་དང་འདྲ་བར་འགྱུ་འགྱུ་བོ་ཞིག་ཏུ་མཐོང་། དེ་ཡང་སེམས་འགྱུ་བ་དེ་སུས་ཤེས། རང་གིས་རང་མི་ཤེས་པ་སྔར་བཤད་གྲུབ་ལ། སྔ་ཕྱིའི་རྟོགས་པས་མི་ཤེས་པ་གཞན་ཡིན་པའི་ཕྱིར་དང་། ཤེས་བྱ་ཡོད་དུས་ཤེས་བྱེད་མེད་ལ། ཤེས་བྱེད་ཡོད་དུས་ཤེས་བྱ་མེད་པས་སོ། ། གྲོགས་དང་བཅས་པར་འོང་ངམ་གྲོགས་མེད་པར་འོང་། དང་པོ་ལྟར་ན་དེ་གང་ཞེས་བརྟགས་ན་ཚོགས་བརྒྱད་དང་སེམས་བྱུང་ལྔ་བཅུ་སོགས་ཡོད་པར་མཐོང་། དེ་ལྟ་ན་གང་ཟག་གཅིག་གི་རྒྱུད་ཀྱིས་མ་བསྡུས་པར་འགྱུར། རེས་གྲོགས་མེད་པར་མཐོང་དེ་ལའང་གནས་དོན་ལུས་གསུམ་གྱི་བག་ཆགས་ཡོད་དམ་མེད། འོ་ན་བག་ཆགས་ཡོད་དོ་སྙམ་ན་དེ་གྲོགས་ཡིན་ན་སེམས་ལ་མེད་པའི་ཟུར་བ་ཞིག་ཡོད་དགོས་པ་ཇི་ལྟར་འདུག་བརྟགས་སོ། །ད་དུང་བྱུང་མཁན་ཞིག་ཡོད་པར་བག་ཆགས་ན། དེ་དངོས་པོར་ཡོད་དམ་དངོས་མེད་དུ་ཡོད། དངོས་པོར་ཡོད་ན་ཁ་དོག་དཀར་སེར་དམར་ལྗང་མཐིང་ནག་ཁྲ་བོ་དང་། གཟུགས་མཛེས་མི་མཛེས་བར་མ་དང་། དབྱིབས་གྲུ་བཞི་ཟླ་གམ་ཟླུམ་པོ་གྲུ་གསུམ་དང་། ཡང་སྒྲ་སྙན་མི་སྙན་བར་མ། དྲི་ཞིམ་མི་ཞིམ་བར་མ། རོ་མངར་མི་མངར། རེག་བྱ་འཇམ་རྩུབ་སོགས་ཅི་འདྲ་ཡོད། དེ་བཞིན་དུ་སྟེང་འོག་མགོ་མཇུག་ཕྱི་ནང་བར་གསུམ་ཡོད་དམ་མེད། དེ་དག་མེད་པའི་དངོས་པོ་ནི་མི་སྲིད་དོ། །ཡང་གཟུགས་ཡོད་དམ་མེད་ཀྱང་རུང་སྟེ། སེམས་ཡོད་ན་དབང་པོ་གང་གི་སྤྱོད་ཡུལ་དུ་གྱུར། ཡིད་ཀྱི་ཡུལ་དུ་གྱུར་ན། ཡིད་དང་སེམས་གཅིག་གམ་ཐ་དད་གང་གི་ཚུལ་གྱིས་དང་སེམས་ཀྱི་རྒྱུ་མཚན་ཅི་འདྲ་བ་སྤྱོད་ཡུལ་གྱུར་བརྟགས་པས་སྔར་བཞིན་དཔྱད་བཟོད་མ་གྲུབ་ན། སུས་ཀྱང་མ་མཐོང་བཞིན་དུ་སེམས་ཡོད་པར་གང་གིས་ངེས་ནས་བཞག་དུ་མེད་དེ། འཇུག་པ་ལས། གཉིས་ཀྱི་སྟོང་བའི་གཞན་དབང་དངོས་ཡོད་ན། ། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །ཞེས་སོ། ། དེ་ལྟར་དཔྱད་པས་སེམས་ནི་དུས་གསུམ་དུ་འབྱུང་བ་མ་ཡིན་ཞིང་། གཟུགས་དབྱིབས་ཁ་དོག་གཅིག་དུ་མའི་རང་བཞིན་དང་བྲལ་བ་སྟེ། རྣམ་སྣང་མངོན་བྱང་ལས། སེམས་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེབ་བརྒན་དུ་མ་ཡིན། ཤེལ་གྱི་ཁ་དོག་ཏུ་མ་ཡིན། ཐུང་ངུ་མ་ཡིན། རིང་བོ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞིར་མ་ཡིན། ཞེས་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས། །སེམས་དེ་ནི་བསྟན་དུ་མེད། ཐོགས་པ་མེད། གཟུགས་མེད་པ། རྣམ་པར་རིག་པར་བྱར་མེད་པ་སྟེ། སེམས་དེ་ནི་སེམས་ཀྱི་ཆོས་ཉིད་ཀྱི་བཙལ་ཡང་མི་རྙེད་དོ། །གང་ཡོངས་སུ་ཚོལ་བའི་སེམས་དེ་ཡང་མི་དམིགས་སོ། །ཞེས་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། རྣམ་པར་ཤེས་པ་དོན་དམ་དུ། །ཡོད་ཅེས་མཁས་རྣམས་མི་འདོད་དེ། ། གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨོ་བཞིན། །ཞེས་སོ། །དེ་ལྟར་ཞག་གསུམ་སོགས་ཐག་གཏིང་ནས་མ་ཆོད་པར་དུ་གཞིག་ཏུ་བཅུག་གོ །

བཞི་པ་ནི། མ་རྙེད༴ ནས། སྤྲད་དོ་ཞེས། དེ་ལྟར་བྱུང་ས་བྱུང་ཚུལ་བྱུང་མཁན་རང་གི་ངོ་བོ་ལ་བལྟས་པས་ཅི་ཡང་མ་རྙེད་པར་ཡེ་ནས་སྐྱེ་བ་མེད་པར་གནས་པ་ཚུལ་བཞིན་མཐོང་བ་ནི་གཞི་གདོད་མའི་གནས་ལུགས་ཆོས་སྐུ་མངོན་པར་རྟོགས་པ་ཡིན་པས་ངོ་འཕྲོད་པར་སྤྲད་དོ། །ཀུན་བྱེད་ལས། མ་སྐྱེས་གཟུང་འཛིན་བྲལ་བ་ལ། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་ཞེས་དང་། ཀློང་གསལ་ལས། སེམས་ལ་བྱུང་ས་མ་རྙེད་ནས། །སེམས་ཉིད་སྟོང་བར་ཐག་ཀྱང་བཅད། །སྟོང་པ་ངོས་བཟུང་བྲལ་བ་དེ། །ཆོས་ཀྱི་སྐུ་རུ་ངོ་ཡང་སྤྲད། །ཅེས་སོ། །

གསུམ་པ་གང་ཞིག་རྙེད་པའི་དོན་ཐོག་ཏུ་ལ་གཅོད་པ་ནི། དེ་ཡིན་ཆད༴ ཆེའོ། །དེ་ཡན་ཆད་ཀྱིས་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཚུལ་བཞིན་དུ་གཏན་ལ་འབེབས་ནུས་པ་གལ་ཆེ་སྟེ། ཅིའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་གཉིས་ལ་རྒྱུ་ཆོས་སྐུ་ཆེན་པོ་གཅིག་ལས་མེད་ཀྱང་ངོ་ཤེས་པ་ཉིད་རྒྱལ་བ་ཀུན་གྱིས་གཤེགས་ཤུལ་ཡིན་པས། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། དུས་གསུམ་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཞེས་སོ། །ངོ་མ་ཤེས་པ་ལས་སེམས་ཅན་རྣམས་འཁྲུལ་བ་ཡིན་པས། ད་ལྟ་ནས་ངོ་ཤེས་ཤིང་དེའི་སྟེང་དུ་བཞག་པར་བྱེད་དགོས་པས། པདྨ་འཁྱིལ་བའི་རྒྱུད་ལས། སངས་རྒྱས་དང་སེམས་ཅན་གཉིས་ལ་རྒྱུ་གཅིག་ལས་མེད་པར་ལ་རྦད་ཀྱིས་ཆོད། རྒྱུ་དེ་ཡང་ཆོས་སྐུ་ཡིན་པར་ཐག་ཆོད། དེ་རང་གི་ངོས་མ་ཤེས་པས་འཁྲུལ་པ་མ་རིག་པར་ལ་རྦད་ཀྱིས་ཆོད། དེ་མཐོང་པའི་དོན་ལ་མ་ཡེངས་པར་ཐག་ཆོད། ཅེས་སོ། །

གསུམ་པ་ཕྱག་རྒྱའི་གདབས་པ་ནི། ས་མ་ཡ་ནི། འདིར་མཆོག་ཏུ་གསང་བའི་རྫོགས་པ་ཆེན་པོ་ཆོས་སྐུའི་གནས་ལུགས་ཐབས་འདིའི་མངོན་པར་མཚོན་ནུས་པའི་དམ་རྒྱའོ། །རྒྱ་ནི་སྔར་ལྟར་རོ། །


previousགཞི་རྫོགས་ཆེན་འཁོར་འདས་སེམས་སུ་རྫོགས་པའི་གནས་ལུགས་བཤད་པ།next