Nitartha Digital Library
Tibetan
 
previousའབྲས་བུ་རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས་པའི་གནས་བསྟན་པ།next

འབྲས་བུ་རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས་པའི་གནས་བསྟན་པ།

གསུམ་པ་འབྲས་བུ་རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས་པའི་གནས་བསྟན་པ་ལ། སྔ་ཕྱིའི་མཚམས་སྦྱར་དང་། གཞིར་རྫོགས་ཀྱི་འབྲས་བུ་དངོས། གདམས་ངག་གི་གནད་བསྡུས་ཏེ་བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ལྟར་ཉམས་སུ་བླངས་པ་ལས། ཞེས་གཞི་སྣང་སྟོང་ཁྱབ་པ་གཉིས་ལྡན་གྱི་ཚུལ་ལྟ་བས་གཏན་ལ་ཕབས་ཏེ་ཤེས། ལམ་ཁྲེགས་ཆོད་དང་ཐོད་རྒལ་གྱི་གནད་ཟབ་མོའི་རིག་པ་དང་གདངས་ལམ་དུ་བྱས་ནས་ཉམས་སུ་བླངས་པ་ལས། དེ་དང་འབྲེལ་ཞིང་རྒྱུན་ཆགས་པར་མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཆེན་པོའི་ཡོན་ཏན་ཕྲིན་ལས་དང་བཅས་འབྱུང་བ་སྟེ། དེས་ན་གནས་དེ་ཉིད་བསྟན་པར་བྱའོ། །ཞེས་པ་ཚིག་ཤུགས་དོན་ཅན་དུ་བསྟན་ནོ། །

གཉིས་པ་ལ་བསྟན་བྱ་ངོས་བཟུང་བ་དང་། དངོས་དོན་ནོ། །དང་པོ་ནི། འབྲས་བུ་ཡེ༴ ནི། ལམ་གཞན་མཚན་ཉིད་ཀྱི་ཐེག་པ་དམན་མཆོག་ལས། རྣམ་པར་སྨིན་པའི་རྒྱུ་འབྲས་སྡུག་ཀུན་གྱིས་བསྡུས་པའི་ཆོས་ཐམས་ཅད་ལམ་ཚོགས་གཉིས་ཀྱི་བྱེད་རྩོལ་གྱིས་སྦྱངས་ནས་བྲལ་སྨིན་གྱི་འབྲས་བུ་སྐུ་གཉིས་ཐོབ་པར་བསྟན་པ་དང་། སྔགས་ཕྱིའི་སྦྱངས་ཞིང་གནས་བསྒྱུར་ཏེ་ལྕགས་ཁམས་གསེར་འགྱུར་རྩིའི་གསེར་དུ་བསྒྱུར་བ་ལྟར་ཆོས་ཉིད་དོན་གྱི་ལྷའི་བྱིན་རླབས་རྡོ་རྗེ་དབྱིངས་སོགས་སུ་འཆར་བ་ལས་ཡེ་ནས་རྣམ་དག་གི་ལྷར་མི་འདོད་པ་ལ། ནང་བ་གསུམ་གྱི་རང་བཞིན་ཡེ་ནས་ཆོས་ཅན་ཆོས་ཉིད་བདེན་གཉིས་དབྱེར་མེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་སངས་རྒྱས་པའི་གནད་ཀྱིས་མ་དག་པའི་མཚན་མར་རྟོག་འཛིན་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམ་པས། མཐར་དུང་གི་སེར་སྣང་ལྟ་བུའི་ཕུང་ལྔར་འཛིན་པའི་རྟོག་སྒྲིབ་དག་ནས་དུང་གི་དཀར་པོ་ལྟ་བུའི་གནས་སྣང་མཐུན་པས་ལྷག་པའི་བདེན་པ་དབྱེར་མེད་པའི་འཁོར་ལོ་རབ་འབྱམས་མངོན་དུ་གྱུར་བར་འདོད་ནའང་། འདིར་ནི་དེ་དག་གི་གཏན་ཚིག་བཞི་ལ་སོགས་པའི་གཏན་ལ་ཕབ་པས། གྲུབ་མཐའ་མཐར་ཐུག་པའི་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་ཕྲིན་ལས་དང་བཅས་པ་ཚོགས་བརྒྱད་ཀུན་གཞི་དང་བཅས་པའི་སྦུབས་སུ་གཡུར་ནས་མ་མཐོང་བ་ལས། འབྲས་བུ་ད་ལྟ་ནས་གཞི་ལ་ཡེ་རྫོགས་སུ་ཡོད་པའི་རྫོགས་ཆེན་གྱི་ཚུལ་བསྟན་པ་ནི། ད་ལྟའི་རིག་པ་བྱང་ཆུབ་ཀྱི་སེམས་སྐུ་གསུམ་ལྷུན་གྲུབ་ཀྱི་བདག་ཉིད་འདི་ལས་རིགས་སམ་ཁམས་ཞེས་པ་དང་། སྒྲིབ་བྲལ་བྱང་ཆུབ་ཀྱི་འབྲས་བུ་ཞེས་བྱ་བ་གུད་ན་མེད་དེ། ཀུན་བྱེད་ལས། ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །ཅེས་དང་། རྩལ་རྫོགས་ལས། མཐའ་བཞི་བྲལ་བའི་སངས་རྒྱས་རང་རིག་ཡིན། །ཡོད་མེད་རྟག་ཆད་འདས་པ་ཆོས་ཀྱི་སྐུ། །ཞེས་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ངོ་བོ་ད་ལྟའི་སེམས། །རེ་དོགས་མེད་ཤེས་འབྲས་བུའི་མཆོག ། དུས་གསུམ་འགྱུར་མེད་རང་སེམས་དོན། །མེད་ལ་མི་ཟད་རང་བྱུང་ཐུགས། །སངས་རྒྱས་ཞེས་ནི་དེ་ལ་བྱ། །ཞེས་དང་། བདུད་རྩི་བཅུད་ཐིག་ལས། ཐོག་མ་མེད་པའི་དུས་མཐའ་ནས། །རང་ལ་རང་ཆས་ཡོད་རྟོགས་བའི། །སྐུ་ལྔའི་རྒྱལ་བའི་ཞིང་ཁམས་སོ། །འབྲས་བུ་མཆོག་ཏུ་རྒྱལ་བས་གསུངས། །ཞེས་སོ། །

གཉིས་པ་ལ། གནས་དོན་སྤྱིར་བསྟན་པ་དང་། དཔེ་དོན་སྦྱར་ནས་བྱེ་བྲག་ཏུ་བཤད་པ། སྐུ་གསུམ་གྱི་རྣམ་གྲངས་རྒྱས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། རིག་པ་ལ༴ ཕྱིར་རོ་ཞེས་བར་གྱིས། དེ་ལྟར་ངོས་བཟུང་ནས་རྒྱུ་མཚན་བཞིའི་འབྲས་བུ་གཞི་ལ་རྫོགས་པ་ཡིན་ཏེ། རིག་པ་རང་གི་ངོ་བོ་ལ་ཕོ་མོ་མ་ནིང་གཟུགས་དབྱིབས་ཁ་དོག་དངོས་པོ་མཚན་མ་ཐམས་ཅད་ལས་འདས་པའི་ཕྱིར། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་དང་། ཀུན་ཏུ་བཟང་པོའི་ཆེ་བ་རང་ལ་གནས་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཆེ་ཆུང་མ་ཡིན་རིགས་རྒྱུད་མིན། ། རྟག་ཆད་མ་ཡིན་མཚན་མར་མིན། །ཕྱི་ནང་མ་ཡིན་དངོས་པོར་མིན། །རིགས་དང་ཁ་དོག་བསྟན་དུ་མེད། །མེད་པ་མ་ཡིན་སྙིང་པོའི་དོན། །ཞེས་སོ། །དང་སྒྲས་བསྡུས་པའི་ལྷག་མ་ནི། དེ་བཞིན་དུ་ཆོས་སྐུ་ཆོས་དབྱིངས་དབྱེར་མེད་པའི་རིག་པ་གདོད་མའི་འོད་གསལ་ཆེན་པོ་ལ། མཐོ་དམན་གྱི་ཁྱད་པར་ཅི་ཡང་མེད་དེ། སངས་རྒྱས་དུས་ཀྱང་ཟག་མེད་དཀར་ཆོས་ཀྱི་ཡོན་ཏན་ཐམས་ཅད་སྔར་ཡོད་མངོན་དུ་གྱུར་བ་ཙམ་ལས་མེད་པས་མཐོ་བར་གྱུར་བ་དང་། སེམས་ཅན་གྱི་དུས་སུའང་སྒྲིབ་གཉིས་ཀྱི་དྲི་མས་རང་གནས་རང་ངོ་མ་མཐོང་བ་ཙམ་ལས་ཡོན་ཏན་མེད་དུ་མ་སོང་བས་དམའ་བར་གྱུར་བ་མེད་པས་ན། སྐུ་གསུམ་ཐུགས་འཕྲད་ལས། ཆོས་ཀྱི་དབྱིངས་ལ་མཐོ་དམན་ཅི་ཤར་ཡང་། །བྱང་ཆུབ་སེམས་ལ་སྟེང་འོག་ཡེ་ནས་མེད། །ཅེས་དང་། ཡེ་ཤེས་མཁའ་མཉམ་ལས། འཁོར་འདས་རྩ་བ་གཅིག་པའི་ཕྱིར། །ཡེ་ཤེས་རང་ལ་གནས་པ་ལ། །མཐོ་དམན་མེད་པར་རྟོགས་པར་གྱིས། ། ཞེས་སོ། །དེ་ལྟར་ངོ་བོ་ལ་དངོས་མཚན་དང་མཐོ་དམན་དུ་འགྱུར་བ་ཅུང་ཟད་ཀྱང་མེད་པའི་ཕྱིར། གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་། ཤན་པ་ལག་དམར་གྱིས་མཚོན་འགྲོ་དྲུག་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་གཞི་འབྲས་གང་གི་དུས་སུའང་མི་འགྱུར་བར་བསྟན་པ་སྟེ། རིན་པོ་ཆེ་སྤུང་པའི་རྒྱུད་ལས། ཀྱཻ་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྐྱེ་འགགས་མེད་པའི་གནད་ཀྱིས་དམྱལ་བའི་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་། སངས་རྒྱས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ། རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཞེས་དང་དེ་ཡང་སྲིད་ཞི་མཉམ་པ་ཉིད་ཀྱི་གནས་ལུགས་སམ་དབྱིངས་ངོ་བོ་ཉིད་ཀྱི་ཆོས་སྐུ་ཡིན་པས། ཡེ་ཤེས་མཁའ་མཉམ་གྱི་རྒྱུད་ལས། རང་རིག་ངོ་བོ་ཉིད་ཀྱི་གཞི། །སངས་རྒྱས་སེམས་ཅན་གཉིས་ལ་གནས། །དེ་ཕྱིར་ངོ་བོ་གཅིག་པར་ནི། །རྒྱལ་བ་ཀུན་གྱིས་རབ་ཏུ་བསྔགས། །ཅེས་དང་། སངས་རྒྱས་ཐུགས་དང་སེམས་ཅན་སེམས། །སོ་སོར་སྣང་བ་མ་ཡིན་ཏེ། །རྩ་བ་ཆོས་སྐུར་རོ་གཅིག་པ། །གཉིས་སུ་མེད་པར་ལ་བཟླའོ། །ཞེས་དང་རྒྱུད་བླ་མར། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །ཞེས་སོ། །འདི་ནི་ཆོས་ཉིད་ཀྱི་རིག་པས་སྐུ་གསུམ་གྱི་འབྲས་བུ་ཡེ་ནས་རྫོགས་པར་བསྟན་པའོ། །གཏན་ཚིག་གཞན་ཡང་འབྲས་བུ་སྐུ་དང་ཡེ་ཤེས་སྔར་ཞིག་ན་སྐྱེས་ནས་གཞོན་པའི་དུས་དང་། ད་ལྟར་ན་ཚོ་༼ ཚོད་དཔྱད། ༽ལོན་པའི་རྒ་བ་དང་། མཐར་རྒྱུ་རྐྱེན་གྱི་ཚོགས་པ་ལོག་པའི་འཇིག་པའི་རྐྱེན་ཁར་ན་མེད་དེ། འདུས་བྱས་ཀྱི་མཚན་ཉིད་ཀུན་དང་བྲལ་བའི་འདུས་མ་བྱས་ཆེན་པོ་ཉིད་ཡིན་ནོ། །ཡང་རྒྱུ་རྐྱེན་ཚོགས་གཉིས་ཀྱིས་གསར་དུ་བསྐྱེད་པའི་གཞོན་པའི་དུས་དང་། ལམ་གྱི་སྦྱངས་རྟོགས་ནར་སོན་པས་རྒན་པོའི་དུས་ལྟ་བུར་འགྲེལ་ཀྱང་དེ་གཉིས་གང་ལྟར་ཡང་འཐད་དེ། ཐོག་མ་བསྐྱེད་པའི་རྒྱུ་མེད་༼ རྡོ་རྗེ་གཟེགས་མའི་དཔྱད་པས། མཆན། ༽པའི་ཕྱིར་དང་། སྐྱེ་བ་ངོ་བོ་མེད་པའི་༼ རང་གི་ངོ་བོ་ལ་དཔྱད་པས། མཆན། ༽ཕྱིར་དང་། འདུས་མ་བྱས་བསྐྱེད་པར་མི་རིགས་པའི་ཕྱིར་རྒྱུ་ལས་མ་བྱུང་བའི་འབྲས་བུ་ཞེས་བྱ་ལ། ཐ་མ་༼ འགགས་པ་རང་གི་ངོ་བོ་ལ་དཔྱད་ན། མཆན། ༽རྐྱེན་གྱིས་མི་འཇིག་པའི་རྟག་པ་ཆེན་པོ་འགྱུར་བའི་ཟུག་རྔུ་དང་བྲལ་བའི་ཕྱིར་དང་། ཆོས་ཉིད་ཀྱི་རིགས་པས་དཔྱད་ན། སྔོན་དང་ཕྱི་མཐའ་དུས་གསུམ་ལ་སོགས་པའི་སྤྲོས་མཐའ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་མཉམ་པས་ན། འབྲས་བུ་ཡེ་རྫོགས་སུ་བསྟན་པའང་ཡིན་ནོ། །དེས་ན་ཆོས་སྐུ་རང་གི་ངོ་བོ་ལ་བཤད་དེ། འཇམ་དཔལ་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པས། །ཞེས་དང་། རི་བོ་བརྩེགས་པ་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཐོག་མ་མེད་པ་སྤྲོས་མེད་པའོ། །སངས་རྒྱས་ཐོག་མ་ཐ་མ་མེད། ། ཅེས་དང་། ངེས་དོན་འདུས་པའི་རྒྱུད་ལས། རང་བྱུང་སྐྱེ་འཆི་མེད་པའི་ཕྱིར། །དུས་གསུམ་གཅིག་པའི་ཡེ་ཤེས་སྐུ། །ཞེས་དང་། དུས་གསུམ་གཅིག་ཆོད་ལས། །འཁོར་འདས་ཀུན་གྱི་བདག་ཉིད་བྱང་ཆུབ་སེམས། ། བྱང་ཆུབ་སེམས་ཀྱི་བདག་ཉིད་ཐོག་མཐའ་མེད། །ཐོག་མཐའ་མེད་པའི་གཞི་ནི་ལྷུན་གྲུབ་པས། །ཐོག་མཐའ་མེད་པའི་ངོ་བོ་ངེས་པ་མེད། ། ཅེས་དང་། ཀུན་ཏུ་བཟང་པོའི་ཡེ་ཤེས་གསལ་བར་སྟོན་པ་ལས། དང་པོ་བསྐྱེད་པའི་རྒྱུ་མེད་པས། །ཐ་མ་འཆི་ཞིང་འོང་བ་མེད། །ད་ལྟ་དངོས་པོའི་རྫས་མེད་པས། །རྟག་ཤིང་ཆགས་པའི་བཟུང་བ་མེད། ། ཅེས་དང་། རྒྱུད་བླ་མར། ཐོག་མ་དབུས་མཐའ་མེད་ཞི་རྣམ་དབྱེ་མེད། ། གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་བ་ཡིས་མཐོང་། །ཞེས་དང་། ཆེ་བ་རང་གནས་ཀྱི་རྒྱུད་ལས། སེམས་དང་ཆོས་དང་ནམ་མཁའ་ལ། །དང་པོ་སྐྱེ་བའི་རྒྱུ་མེད་པས། །ཐ་མ་འཆི་ཞིང་འཕོ་འགྱུར་མེད། །དེ་བཞིན་ཐོག་མ་ཐ་མ་མེད། །ཅེས་དང་། འདས་དང་མ་འོངས་ད་ལྟར་དུས། །ཐ་ཚིག་རྟག་པས་ག་ལ་འགྱུར། །དུས་གསུམ་དུས་ནི་མེད་པའི་ཕྱིར། །སྔོན་མེད་ཕྱིས་མེད་གདོད་ནས་མེད། ། ཅེས་སོ། །དེ་དག་གི་རིགས་ཆད་པ་མི་སྲིད་པའང་དོན་གྱིས་འགྲུབ་བོ། ། ཡང་རིག་པ་ལ་ཤར་ལ་སོགས་པའི་ཕྱོགས་དང་ཡོད་མེད་གཉིས་གཉིས་མིན་ལ་སོགས་པའི་མཐའ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་རྟག་ཆད་ལ་སོགས་པའི་རིས་སུ་ཆད་པ་དང་། རྡུལ་དང་ཤེས་པའི་སྐད་ཅིག་གི་ཆ་ཤས་སུ་གྲུབ་པ་མེད། གལ་ཏེ་དེ་ལྟར་ཡོད་ཚེ། གང་ན་ཡོད་པའི་ཕྱོགས་དེ་དང་། རྒྱུ་རྐྱེན་ཚང་བའི་ས་དང་། དུས་གསུམ་གང་རུང་ཞིག་ལ་ཉི་ཚེ་བར་གནས་པར་འགྱུར་ལ། རྡུལ་ལམ་ཤེས་པའི་ཆ་བཅས་སུ་འགྱུར་བའམ། སྤྲོས་པའི་མཐའ་ལ་ལྟུང་བའི་ཕྱིར། མུ་སྟེགས་སོགས་ཀྱི་ལྟ་བ་དང་ཆོས་མཐུན་པས་ན། དེ་ལྟ་ན་རིགས་ཀྱི་མ་ཁྱབ་པའང་སྲིད་དེ། འདིར་ཕྱོགས་དང་དུས་དང་སྐྱེ་འགགས་རྒྱུ་འབྲས་དངོས་པོའི་སྤྲོས་པའི་རིས་ཆད་ལས་འདས་པར་དོན་དམ་པའི་ཆོས་ཉིད་ཀྱི་རིག་ཤེས་ཀྱིས་ཡང་དག་པར་འགྲུབ་པའི་རྒྱུ་མཚན་དེས་ན་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་སངས་རྒྱས་ཀྱི་ཡེ་ཤེས་འདི། སངས་རྒྱས་དང་སེམས་ཅན་འགའ་ཞིག་ལ་ཡོད་པ་དང་། འགའ་ཞིག་ལ་མེད་པ་ལྟ་བུ་མ་ཡིན་པར། ཆོས་ཉིད་སྤྲོས་བྲལ་ཀུན་ཏུ་འགྲོ་བ་ཡིན་པས་ན། འཁོར་འདས་གཉིས་ལ་དེའི་མ་ཁྱབ་པ་འགའ་ཡང་མི་སྲིད་པའི་ཕྱིར་དང་། དེ་ཉིད་འབྲས་བུའི་ངོ་བོ་དངོས་ཡིན་པས་ན་ཡང་། འབྲས་བུ་ཡེ་རྫོགས་སུ་ཡོད་པ་ཡིན་ནོ། །ཡེ་ཤེས་མཁའ་མཉམ་ལས། མ་རིག་འཁྲུལ་བ་ཡོད་བཞིན་དུ། །འབྲས་བུ་སངས་རྒྱས་ཐུགས་ལ་གནས། །དེ་ཕྱིར་གཞན་ནས་འབྱུང་བ་མེད། །ཐོག་མ་མ་ཡིན་དུས་འདི་རང་། །དེ་ཡང་རང་རིག་ཡེ་ཤེས་ནི། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །འགྲོ་དྲུག་ཀུན་ལ་རང་རིག་ཁྱབ། །སྐྱེ་འགགས་མེད་པར་རྒྱུན་དུ་གནས། །ཞེས་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཆོས་ཀྱི་དབྱིངས་ཀྱི་གོ་འཕང་མཆོག །ཆོས་ཀྱི་དབྱིངས་ནི་ཁྱབ་པའི་ཁམས། །ཆོས་ཀྱི་དབྱིངས་ཞེས་དེ་ལ་བརྗོད། །ཀུན་ཁྱབ་མཆོག་ཏུ་ཕྲ་བ་དང་། །ཀུན་འགྲོ་རྟག་རྒྱུ་འཆར་བ་དང་། །ཞེས་དང་། དཔལ་རི་བོ་བརྩེགས་པའི་རྒྱུད་ལས། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །དཔེར་བྱ་ཀུན་ལས་འདས་པ་སྟེ། ། མིང་ཙམ་འདི་ཞེས་བསྟན་པ་ནི། །ཀ་དག་སངས་རྒྱས་མཚོན་དུ་མེད། ། དངོས་མེད་བློ་འདས་ཐ་སྙད་མེད། །ཅེས་དང་། རང་གྲོལ་ལས། མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་དང་དཀོན་མཆོག་བརྩེགས་པ་ལས། འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། ། འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་དང་། རྩལ་རྫོགས་ལས། མཐའ་དང་དབུས་སུ་གདགས་སུ་མེད། །ཅེས་དང་། ཕྲེང་བ་ལས། ངོ་བོ་ཉིད་ནི་ཀ་དག་པའི། །རང་བཞིན་ཉིད་ལ་ལྷུན་གྲུབ་པོ། །ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་པ་ལྟར་སྣང་མེད། །ཅེས་དང་། རིན་པོ་ཆེ་སྤུང་བ་ལས། འདི་ལ་ཕྱི་དང་ནང་ཡང་མེད། །ཕྱོགས་དང་མཚམས་སུ་སུས་ཀྱང་ཡང་། །འདི་ལ་བཟུང་བ་ཅུང་ཟད་མེད། །ཅེས་སོ། །འདིའི་རིགས་མེད་པ་མི་སྲིད་པར་བསྟན་པའོ། །གཏན་ཚིག་གཞན་ཡང་འབྲས་བུ་རིག་པ་བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་ལ་སྤངས་ཐོབ་མེད་དེ། དེའི་རྒྱུ་མཚན་སྤངས་བྱ་སྒྲིབ་གཉིས་བག་ཆགས་གློ་བུར་དུ་འཁྲུལ་བའི་དབང་གིས་སྣང་བ་དཔེར་ན་རྨི་ལམ་གྱི་ཡུལ་སེམས་དང་འདྲ་སྟེ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དང་། ནམ་མཁའ་ལ་སྤྲིན་བཞིན་དུ་ཆོས་ཉིད་ཀྱི་གཤིས་སུ་ཞུགས་པ་མེད་པའི་ཕྱིར། སྤོང་གིས་རེ་བ་དང་མ་སྤོང་གིས་དོགས་པ་མི་དགོས། ཐོབ་བྱ་ཆོས་གཟུགས་ཀྱི་ཡོན་ཏན་ཁམས་ལ་ཡེ་ལྡན་ལས། ཚོགས་གཉིས་ཀྱིས་བསྐྱེད་ནས་གསར་དུ་ཐོབ་ཀྱི་རེ་བ་དང་། མ་ཐོབ་ཀྱི་དོགས་པའི་འབྲས་བུ་ལ་ཡིད་སྨོན་མི་དགོས་པར་ཡེ་རྫོགས་སུ་བསྟན་པ་ཡིན་ནོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིག་ལས། འབྲས་བུ་རྣམས་ཀྱི་དགོངས་པའི་དོན། །རེ་དོགས་ཡིད་སྨོན་མེད་པར་འདུས། །ཞེས་དང་། སྤྲོས་གཅོད་རྩ་རྒྱུད་ལས། ཡེ་ཤེས་དྲི་མ་མེད་པ་ལ། ། རང་ལ་ཡོད་རྟོགས་འདུ་འབྲལ་མེད། །རེ་དོགས་བློ་དང་བྲལ་བ་ནི། ། འབྲས་བུ་ཡིན་གྱིས་སྤྲོས་པ་ཆོད། །ཅེས་དང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཡང་དག་བྱང་ཆུབ་སྙིང་པོ་ལ། །ཐོབ་པ་མེད་ཅིང་སྤངས་བ་མེད། །ཅེས་དང་། རྒྱུད་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་མངོན་སངས་རྒྱས། །ཞེས་སོ། །འདི་དག་གི་མཚོན་ཚུལ་ཀྱང་། སངས་རྒྱས་དང་སེམས་ཅན་གཉིས་ཀའི་རྒྱུད་ཀྱི་གཞི་འབྲས་དབྱེར་མེད་ཀྱི་རིགས་ཁམས་ལ་བཟང་ངན་མེད་ན། སྒྲིབ་ཆ་བྲལ་མ་བྲལ་ཙམ་ལས་འབྲས་བུ་ལ་ཁྱད་མེད་པར་ཡེ་རྫོགས་སུ་འགྲུབ་པ་དང་། རིགས་དེ་ལ་འདུས་བྱས་ཀྱི་ཆོས་གསུམ་མ་གྲུབ་པའི་སྔར་ཡོད་ད་མེད་དུ་མ་སོང་བའི་འབྲས་བུ་ཡེ་རྫོགས་སུ་གྲུབ་པ་དང་། ཕྱོགས་རིས་སྤྲོས་པ་མེད་པའི་སངས་རྒྱས་མ་ཡིན་པའི་སེམས་ཅན་གཅིག་ཀྱང་རྙེད་གནས་མེད་པས་འབྲས་བུ་ཡེ་རྫོགས་སུ་འགྲུབ། སྤངས་ཐོབ་རེ་དོགས་མེད་པའི་སྔར་མེད་ད་ཡོད་དུ་བསྒྲུབ་མི་དགོས་པར་ཡེ་རྫོགས་སུ་འགྲུབ་པ་ཞིག་གོ །དེ་དག་ཀྱང། རྒྱུད་བླ་མར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཅེས་དང་། ངེས་དོན་འདུས་པར། རྒྱུ་དང་འབྲས་བུ་རོ་གཅིག་པའི། །རིམ་པར་དབྱེར་མེད་ངོ་བོ་གཅིག །སངས་རྒྱས་མ་ཚོལ་རང་ལ་གནས། །དེ་ཕྱིར་དབྱེ་རུ་མེད་པའོ། །ཞེས་དང་། སངས་རྒྱས་རྒྱུ་ནི་སེམས་ཅན་ཡིན། ། སེམས་ཅན་སེམས་རྟོགས་ཆོས་སྐུ་ཡིན། །རྟོགས་པས་སངས་རྒྱས་ད་ལྟ་ཉིད། །དེ་ཕྱིར་སེམས་ཅན་ཤིན་ཏུ་མེད། །ཅེས་དང་། ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ལམ་ཉིད་ལམ་ལ་ལམ་ཉིད་གཞི། །དེ་ཉིད་ཅིག་ཤེས་འབྲས་བུ་མཆོག །དེ་ཉིད་རྒྱུ་འབྲས་རོ་གཅིག་པས། །ཞེས་སོ། །

གཉིས་པ་དཔེ་དོན་སྦྱར་ནས་བྱེ་བྲག་ཏུ་བཤད་པ་ནི། དཔེ་ཇི་ལྟ་བུ༴ མ་གཡོས་ཏེ། ཞེས་པའི་བར་གྱིས། འབྲས་བུ་གཞི་ལ་ཡེ་ནས་རྫོགས་པའི་ཚུལ་གྱིས་དཔེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། རྒྱུ་གསེར་ཉིད་མེ་ལ་བསྲེགས་ཏེ་བཞུས་ཤིང་ཞུན་དུ་བྱས་པ་དང་། དེ་ལུགས་སུ་བླུགས་པ་དང་། རྡོ་གཞོང་སོགས་སུ་བཏུལ་ཏེ་ཕྱེ་མར་བྱས་པ་དང་། བཟོ་དབྱིབས་གསེར་སྐུ་དང་ཆོལ་ཟངས་དང་དྲི་ཆུའི་སྣོད་དུ་བྱས་པ་ལ་སོགས་པ་དང་། ཡང་ལྷ་བཟོ་བའི་སྐྱོ་མར་བྱས། སྨན་པས་ལྡེ་གུར་སྦྱར་བ་གང་ལྟར་ཡང་རིན་ཆེན་གསེར་གྱི་ངོ་གང་ལ་བཟང་ངན་དང་གཙང་སྨེར་འགྱུར་བ་མེད་པ་ལྟར། ད་ལྟ་སེམས་ཅན་གྱི་དུས་ཀྱི་གཞི་རྒྱུད་དང་ཆོས་སྐུ་རིག་པའི་ཡེ་ཤེས་འདི་ཉིད། སེམས་ཅན་གྱི་འཁོར་ཆོས་ཀྱི་རང་བཞིན་དུ་གཞི་སྣང་རང་ངོར་མ་ཤེས་པའི་དབང་གིས། ཆོས་ཉིད་ཡུལ། ཁ་དོག་ལུས། རིག་པ་སེམ་ཅན་ཀྱི་འཁྲུལ་གཞིར་སོང་ནས་སམ། སྐུ་ལྟར་ཤར་བའི་སྒོ་ལུས་སུ། འོད་ལྟར་ཤར་བའི་ཡུལ། ཡེ་ཤེས་དང་ཐུགས་རྗེ་ལྟར་ཤར་བའི་སེམས་ཀྱི་འཁྲུལ་གཞིར་སོང་བས་འཁྲུལ་བའི་དུས་སུ་ཡང་རིག་པ་སྐུ་གསུམ་གྱི་རང་བཞིན་ལས་མ་གཡོས་ལ་ཀུན་ཏུ་བཟང་པོ་ལྟར་མ་འཁྲུལ་བར་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་རྒྱ་མཚོའི་བདག་ཉིད་དུ་མངོན་པར་སངས་རྒྱས་ཀྱང་། སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་ཕྱི་གསལ་གྱི་འཆར་གཞི་ངོ་བོའི་སྐུ་གསུམ་སྟེ། གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་གྱི་ངོ་བོ་ལས་མ་གཡོས། གཞི་སེམས་ཅན་གྱི་དུས་སུ་རང་ངོ་མ་རིག་པ་དང་། ལམ་གདུལ་བྱའི་དུས་ཅུང་ཟད་རིག་པ་དང་། སངས་རྒྱས་ཀྱིས་ཡང་དག་པར་རིག་པའམ་གཟིགས་པའི་སྟོབས་ཀྱིས་དག་མ་དག་བཟང་ངན་ཇི་ལྟར་སྣང་ཡང་། རང་བཞིན་ལ་བཟང་ངན་དུ་མ་བཅོས་མ་བསྒྱུར་བར་སྐུ་གསུམ་གྱི་ངོ་བོ་ལས་མ་གཡོས་པའོ། །དེ་ཡང་འཁྲུལ་དུས་དང་། མ་རིག་པའི་དུས་ཀྱི་ཕུང་ལྔ་དང་གཟུང་འཛིན་ངན་པར་སྣང་བ་དང་། གསེར་ཆོལ་ཟངས་དྲི་ཆུའི་སྣོད་དུ་བྱས་པ་དཔེ་དོན་སྦྱར་ཞིང་། མ་འཁྲུལ་བར་རིག་པའི་དུས་ཀྱི་ཡོན་ཏན་དུ་སྣང་བ་དང་། གསེར་སྐུ་མཆོད་རྟེན་སོགས་སུ་བྱས་པ་དཔེ་དོན་མཐུན་པར་སྦྱར། དེ་དག་གི་དུས་སུ་གཞི་དང་གསེར་ལ་འགྱུར་བ་མེད་པ་དཔེ་དོན་སྦྱར་བའོ། །དེ་དག་ཀྱང་ངེས་དོན་འདུས་པ་ལས། གསེར་བཟོའི་ལག་གི་བསྒྱུར་བྱས་ནས། ཆོལ་ཟངས་དྲི་ཆུའི་སྣོད་བྱས་ན། །གསེར་ཀྱང་ངན་པའི་རྫས་སུ་སྣང་། །ཞེས་དང་། གསེར་སྐུ་མཆོད་རྟེན་བྱས་ཙམ་ན། །ཚོགས་བསགས་རྟེན་དུ་འགྱུར་བའི་ཕྱིར། །གསེར་ཀྱང་བཟང་བོའི་རྫས་སུ་འགྱུར། །ཡེ་ཤེས་ཅན་གྱི་ངོ་གང་ལ། །ཡུལ་ཀྱང་ཞིང་ཁམས་རྣམ་པར་དག །རིན་ཆེན་གསེར་གྱི་ངོ་གང་ལ། །གསེར་གྱི་རྒྱུ་ལ་བཟང་ངན་མེད། །དེ་བཞིན་ཆོས་སྐུའི་ངོ་གང་ལ། །སྣང་དང་མི་སྣང་གཞི་ལ་མེད། །ཅེས་དང་། བང་མཛོད་འཕྲུལ་ལྡེ་ལས། གསེར་ལས་བྱས་པའི་རྫས་རྣམས་ཀུན། མིང་དབྱིབས་ལ་སོགས་ཐ་དད་ཀྱང་། ངོ་བོ་གསེར་དུ་གཅིག་པ་བཞིན། ། སེམས་ཀྱིས་བརྟགས་པའི་ཆོས་རྣམས་ཀུན། །མིང་དབྱིབས་ལ་སོགས་ཐ་དད་ཀྱང་། །ཆོས་ཉིད་ངོ་བོར་དབྱེར་མེད་གཅིག །ཅེས་དང་། ཀུན་ཏུ་བཟང་པོའི་ཆེ་བ་རང་གནས་ལས། ཐམས་ཅད་མཁྱེན་པའི་སངས་རྒྱས་དང་། མ་རིག་འཁྲུལ་བའི་སེམས་ཅན་གཉིས། །ཆེ་ཆུང་ཁྱད་པར་སྣང་བ་ཡང་། །གསེར་མགར་འདྲ་སྟེ་གཞི་སྣང་གཅིག །ཞེས་སོ། །ལུང་དང་མན་ངག་གི་དག་བྱེད་དུ་གཞི་འབྲས་ངོ་བོ་གཅིག་ཏུ་ཡེ་ནས་རྫོགས་པར་རིགས་པས་གྲུབ་སྟེ། ཆོས་སྐུ་དང་ལོངས་སྐུ་འདུས་མ་བྱས་ཡིན་པའི་གནད་ཀྱིས་རྒྱུ་རྐྱེན་གྱིས་བསྐྱེད་པར་མི་འཐད་པ་དང་། གལ་ཏེ་བསྐྱེད་ན་རྒྱུ་རྐྱེན་གྱི་ཚོགས་པ་ཞིག་དུས་འབྲས་བུ་འཇིག་པའི་བསྐུར་འདེབས་སུ་འགྱུར་བ་དང་། ཆོས་སྐུ་ལ་དེ་ཡིན་ཀྱང་། གཟུགས་སྐུ་ལ་དེ་མ་ངེས་སྙམ་ན། ལོངས་སྐུ་རྟག་པ་ལྔ་ལྡན་ཐེག་ཆེན་གྱི་ཐ་ཚིག་ལས་འདས་པས་གཞན་ཞིག་དུ་གནས་པའིགནོད་པ་ཡོད་དོ། །ཏེ་ཞེས་པ་ནི་དེ་དང་རྗེས་སུ་འབྲེལ་བར་འབྲས་བུའི་རྣམ་གྲངས་བསྟན་པ་ལ་བསྙེགས་པའི་ཚིག་གིས་མཚམས་སྦྱར་བའོ། །༼ འདིར་ཤར་གཞི་ཤར་ཆོས་གཉིས་དབྱེར་མེད་པའི་གཞུང་རྩ་ཚིག་དང་སྦྱར། གཞི་འབྲས་དབྱེར་མེད་པའི་འཕྱོངས་ཉིད་དེ་གཉིས་ཀའི་ཚིག་མཐའ་སྡུད་པར་འགྲེལ་ནས་ས་བཅད་གསུམ་གཅིག་ཏུ་བྱས་ཀྱང་ཆོག་ལ་འདི་ལྟར་གསལ་ཁ་ཆེ་སྙམ། མཆན། ༽

གསུམ་པ་འབྲས་བུ་སྐུ་གསུམ་གྱི་རྣམ་གྲངས་ཀྱི་དབྱེ་བ་རྒྱས་པར་བསྟན་པ་ལ། འཆར་གཞི་ངོ་བོའི་ཆ་ནས་ཚིག་གི་དོན་གྱིས་བསྟན། ཤར་ཆོས་འབྲས་བུའི་རྣམ་གྲངས་ཚིག་གི་ཤུགས་ལ་ཡོད་པས་བཤད། གཞི་འབྲས་ངོ་བོ་བདག་གཅིག་ལ་ཐ་སྙད་དུ་ཤན་འབྱེད་པའི་འཕྱོང་གི་དོན་བསྡུ་བའོ། །

དང་པོ་ནི། གང་སྣང་གང༴ སྐུ་སྟེ་ཞེས། ཡུལ་སྣང་ཐམས་ཅད་ཕྱི་ན་མེད་དེ་སེམས་ཀྱི་སྣང་བ་ཙམ་དུ་སྔར་བསྟན་པའི་སེམས་ལ་གང་སྣང་བ་དང་། སེམས་ཀྱི་བཟང་ངན་བར་གསུམ་ཕྱི་ནང་གཟུང་འཛིན་གང་དུ་རྟོགས་ཀྱང་རྣམ་རྟོག་དེ་ཉིད་ཀྱི་ངོ་བོ་ལ་ཆེད་དུ་བལྟས་པས། ངོ་བོ་འདི་ཉིད་དོ་ཞེས་གཟུགས་དབྱིབས་ཁ་དོག་གཅིག་ཐ་དད་གང་གིས་ཀྱང་ངོ་བོར་གྲུབ་པའི་ངོས་བཟུང་བྱའི་རྫས་ཡོད་དངོས་པོར་མ་གྲུབ་ཅིང་། འཁོར་འདས་གང་གི་ཡང་རྒྱར་ཆད་པ་མེད་ལ། སྤྲོས་པའི་མཐའ་བརྒྱད་ཀྱི་ཕྱོགས་སུ་ལྟུང་བ་ལས་འདས་པར་གྱུར་བ་ནི་ཆོས་ཀྱི་སྐུ་སྟེ། ཀུན་བྱེད་ལས། ཀུན་བྱེད་ང་ནི་སྐུ་གསུམ་ངོ་བོ་སྟེ། །མི་རྟོག་མཉམ་པ་ཉིད་དུ་གནས་པ་སྟེ། །སྤྲོས་བྲལ་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན། ། ཞེས་དང་། ཀློང་གསལ་ལས། ཡེ་མེད་སྟོང་བ་ནམ་མཁའ་ལ། །ཆོས་སྐུ་ཞེས་ནི་མིང་དུ་བཏགས། །ཞེས་སོ། ། ཆོས་ཀྱི་སྐུ་དེ་ཉིད་ཀྱི་རང་བཞིན་གཏན་མེད་དམ་བེམ་སྟོང་དུ་མ་སོང་བས་མ་འགགས་པའི་སྣང་བ་རང་གསལ་བའི་ཡེ་ཤེས་ལྔ་དང་། དེའི་ལྷ་སྐུའི་སྣང་ཆ་དང་ཡོན་ཏན་ལྔའི་ངོ་བོ་དབྱིངས་དང་ཐིག་ལེའི་རྒྱན་བཀྲམ་པ་དྭངས་ཤིང་འཕོ་འགྱུར་མེད་པར་སེམས་ཅན་གྱི་དུས་ནའང་གནད་གཅུན་པས་གསལ་བ་ནི་ལོངས་སྐུའོ། །དེ་ཡང་སྔ་མ་ལས། དེ་ཡི་རང་བཞིན་གསལ་བ་ལ། ། ལོངས་སྐུ་ཞེས་ནི་མིང་དུ་བཏགས། །སྟོང་གསལ་མདངས་ལྔ་ལྡན་པ་ལ། །ལྷུན་གྲུབ་ཅེས་ནི་མིང་དུ་བཏགས། །ཞེས་དང་། གསལ་མདངས་ལྷུན་གྲུབ་ཀུན་ཁྱབ་ལ། །ལོངས་སྐུའི་རིག་པར་མིང་དུ་བཏགས། །ཅེས་སོ། །གཞན་ཡང་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མངོན་བྱང་མི་འགྱུར་རྡོ་རྗེའི་སྐུ་སྟེ་སྐུ་ལྔའི་འབྲས་བུ་གཞི་ལ་རྫོགས་པའང་། བང་མཛོད་འཕྲུལ་ལྡེ་ལས། གཟུང་འཛིན་མེད་པའི་བྱང་ཆུབ་སེམས། །དེ་ནི་ཆོས་སྐུ་ཡིན་པར་རྟོགས། །གསལ་ལ་རྟོགས་པ་མེད་པ་ནི། །ལོངས་སྤྱོད་རྫོགས་སྐུ་ཡིན་པར་རྟོགས། །སེམས་ལ་དབང་ཐོབ་བསྒྱུར་ནུས་པ། །དེ་ནི་སྤྲུལ་སྐུ་ཡིན་པར་རྟོགས། །རང་རིག་མངོན་དུ་གྱུར་བ་ནི། །མངོན་པར་བྱང་ཆུབ་སྐུ་རུ་རྟོགས། །སེམས་ལ་ཉེས་སྐྱོན་མེད་པ་ནི། །རྡོ་རྗེ་ལྟ་བུའི་སྐུ་རུ་རྟོགས། །ཞེས་སོ། །དེ་བཞིན་དུ་ཆོས་སྐུའི་བརྗོད་མེད་དོན་གྱི་གསུང་དང་། ལོངས་སྐུ་དགོངས་པ་བརྡའི་གསུང་དང་། སྤྲུལ་སྐུ་ཚིག་བརྗོད་ཚངས་དབྱངས་ཀྱི་གསུང་། །གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་དང་། མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་སྟེ་འབྲས་བུའི་གསུང་ལྔ་པོ་ཐམས་ཅད་ལྷུན་གྱིས་གྲུབ་པར་གཞི་ལ་རྫོགས་པ་ནི། གླང་བོ་རབ་འབོག་གི་རྒྱུད་ལས། གསུང་ལྔ་ཡེ་ནས་སྣང་ཚུལ་མ་རྟོགས་པ། ། གསུང་ལྔ་ལྷུན་གྲུབ་ངང་དུ་མཐོལ་ལོ་བཤགས། །ཞེས་སོ། །ཡང་ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། མངོན་བྱང་གི་ཐུགས་མེ་ལོང་། ལོངས་སྐུའི་ཐུགས་མཉམ་ཉིད། རྡོ་རྗེའི་ཐུགས་སོ་སོར་རྟོགས་པ། སྤྲུལ་སྐུའི་བྱ་བ་གྲུབ་པ་སྟེ་ཐུགས་ལྔའི་འབྲས་བུ་གཞི་ལ་རྫོགས་པ་སྟེ་རྡོར་སེམས་སྙིང་གི་མེ་ལོང་ལས། རིག་པ་རྒྱ་ཆད་ཕྱོགས་ལྷུང་མེད་པས་ཆོས་དབྱིངས་ཡེ་ཤེས་དང་། རིག་པ་གསལ་ལ་དངས་པས་མེ་ལོང་ཡེ་ཤེས་དང་། རིག་པ་མི་གཡོ་མཉམ་པར་གནས་པས་མཉམ་ཉིད་ཡེ་ཤེས་དང་། རིག་པ་དུ་མར་རྟོགས་པས་སོར་རྟོགས་ཡེ་ཤེས་དང་། རིག་པ་འཛིན་རྟོགས་དབྱིངས་སུ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཞེས་དང་། རང་ཤར་ལས། ཆོས་དབྱིངས་ཡེ་ཤེས་རྟོགས་མེད་དང་། མེ་ལོང་ཡེ་ཤེས་མ་འགགས་གསལ། །མཉམ་ཉིད་ཡེ་ཤེས་མ་འདྲེས་རྫོགས། །སོར་རྟོགས་ཡེ་ཤེས་གོ་ཞིང་རྟོགས། །བྱ་གྲུབ་ཡེ་ཤེས་ཆོས་རྣམས་རྫོགས། །ཞེས་སོ། །ཡང་རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས། ཁྱད་པར་འཕགས་པའི་གདན་ཁྲི། གསལ་ཞིང་དག་པའི་འོད་ཟེར། དགྱེས་དགུར་རོལ་བའི་འདོད་ཡོན་ནམ། ཕུན་སུམ་ཚོགས་པའི་འཁོར་ཚོགས་ཏེ་རིག་པའི་ཡེ་ཤེས་ཀྱི་རང་སྣང་ལ་ཡོན་ཏན་ལྔའི་འབྲས་བུ་རྫོགས་པའང་། ལམ་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་ལ། །ཞིང་ཁམས་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་སོ། །འབྲས་བུ་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡེ་རྫོགས་ལྷུན་གྲུབ་ཆེན་པོར་གཞི་ལ་ཡོད་པས་ན། རང་ཤར་ལས། དེ་བཞིན་གཞི་ཡི་ངོ་བོ་ལ། །ཕྲིན་ལས་དཀྱིལ་འཁོར་རྫོགས་པའོ། ། ཞེས་སོ། །དེ་ལྟར་འབྲས་བུའི་ཆོས་ཉེར་ལྔའི་བདག་ཉིད་དུ་རིག་པའི་ཡེ་ཤེས་རྒྱུ་རྐྱེན་ཚོགས་གཉིས་ཀྱིས་མ་བཅོས་པར་ཀྲོང་ངེའམ་དངོས་སུ་བཞུགས་པ་སྟེ། སྐུ་གསུམ་ཐུགས་འཕྲད་ལས། ལྷུན་གྲུབ་ཀློང་ནས་ཐམས་ཅད་འབྱུང་བའི་གཞི། །སྐུ་གསུང་ཐུགས་ཏེ་རྒྱན་གྱི་འཁོར་ལོ་དང་། ཡོན་ཏན་ཕྲིན་ལས་ཕྱོགས་མེད་འབྱུང་བས་ན། །འདོད་དགུ་ནོར་བུ་རིན་ཆེན་ཆོས་ཀྱི་དབྱིངས། །བཙལ་བ་མེད་པར་ཐམས་ཅད་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟར་གཞི་ལ་རྫོགས་པའི་གནད་ཀྱིས་རང་ངོ་མ་ཤེས་པས་སེམས་ཅན་གྱི་སྒོ་གསུམ་བྱ་བ་དང་བཅས་པ་དང་། ཡུལ་སྣང་སོགས་སུ་སྣང་ཡང་དོན་ལ་སངས་རྒྱས་ཀྱི་འབྲས་ཆོས་དེ་དག་ཐག་ཁྲ་ལ་སྦྲུལ་དུ་ནོར་བ་ལྟ་བུ་ཡིན་པས་ན། སྐུ་གསུམ་ཐུགས་འཕྲད་ལས། ལྷུན་གྲུབ་ཀློང་ལས་ཐམས་ཅད་འབྱུང་བའི་གཞི། །ཕྱི་ནང་སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །དབྱིངས་ཀྱི་རྒྱན་ཏེ་སྐུ་ཡི་འཁོར་ལོར་ཤར། །སྒྲ་སྐད་རབ་འབྲིང་ཐ་མར་གྲགས་པ་ཡང་། །ཕྱོགས་མེད་རྒྱན་ཏེ་གསུང་གི་འཁོར་ལོར་ཤར། །ཐམས་ཅད་དབྱེར་མེད་དོན་དམ་ངོ་བོར་གཅིག །ཕྱོགས་མེད་ཐུགས་ཏེ་རྒྱན་གྱི་འཁོར་ལོར་ཤར། ། ཞེས་སོ། །ཡང་ཆོས་སྐུ་སྟོང་བ་ཆེན་པོ་ཀ་དག་དང་། ལོངས་སྐུ་རང་བཞིན་ལྷུན་གྲུབ་གཉིས་ཀྱི་རང་རྩལ་འགགས་པ་མེད་པའི་ཐུགས་རྗེ་ཀུན་ཁྱབ་ཇི་ལྟ་ཇི་སྙེད་པའི་ཆོས་ཐམས་ཅད་ཡང་དག་པར་མཁྱེན་པའི་ཡེ་ཤེས་འགྱུ་བའི་རྟོག་པ་དང་བྲལ་བས་ཡུལ་གྱི་དངོས་པོ་ལ་གཟུང་འཛིན་སྐྱེ་འགགས་དུ་མ་ཡིན་རང་བྱུང་བ། ཡུལ་དང་མི་འདྲེས་པ་ཟང་ཐལ་དུ་ཤར་ཀྱང་། གང་ཤར་གྱི་ཡུལ་ལ་རྗེས་མི་ཆགས་པའམ། ཡུལ་གྱི་དབང་དུ་མ་གྱུར་ལ་ཟིལ་གྱིས་མི་གནོན་པའི་བག་ཆགས་མི་སྡུད་པས་རང་ཡལ་ལམ། རང་དག་ཏུ་ཡོད་པས་རྣམ་རྟོག་ལྟར་འགགས་ནས་འགྲོ་རྒྱུ་མེད་པས་བོ་བ་མེད། ཅེས་དང་མི་ཤེས་པའི་འོག་འགྱུ་ལྟར་ཟེག་པ་མེད་པས་གསལ་རིག་གཟུང་འཛིན་དང་བག་ཆགས་ཀྱི་སྦུབས་ཐམས་ཅད་དང་བྲལ་བའི་རྗེན་ནེ་ཤར་བ་དེ་ནི་སྤྲུལ་པའི་སྐུ་སྟེ། ཀློང་གསལ་ལས། འོད་གསལ་འཕྲུལ་བའི་རང་གཟུགས་སྐུ། །སྤྲུལ་སྐུ་ཞེས་ནི་མིང་དུ་བརྟགས། །ཞེས་སོ། །ལར་བོ་ཟེག་ཞེས་པ་ནི་སྣོད་དུ་བླུག་པའི་ཆུ་སོགས་བོ་བ་ལྟར་རྣམ་རྟོག་རགས་པར་རྟོགས་པ་དང་། སྣོད་ལ་བུག་པ་ཡོད་པས་ཕྲ་བར་ཐིག་པ་ཟེག་པ་ལྟར་འོག་འགྱུ་འམ། ཡང་ནི་ཕྲ་བར་དཔྱོད་པ་ལའང་སྦྱར་རུང་ངོ་། །དེ་དག་ཀྱང་ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལ། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན། །རྒྱལ་བ་ཀུན་གྱིས་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་བྱང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །ཞེས་སོ། །དེ་ལྟར་སྐུ་གསུམ་དང་ཡེ་ཤེས་ཀྱི་འཆར་གཞིའམ་ངོ་བོ་རིག་པའི་ཡེ་ཤེས་ལ་ད་ལྟ་ནས་ཡོད་པས། ངོ་རང་ཐོག་ཏུ་འཕྲོད་དེ། བྱར་མེད་རང་བཞག་གི་དགོངས་པའི་ངང་བསྐྱང་བས་རང་ཞལ་མངོན་དུ་མཐོང་ཐོག་དུ་བཙན་ས་ཟིན་ནས། ཕྱིན་ཆད་དེ་ལས་མི་འགྱུར་བའི་རང་ས་ཟིན་པ་ལ་འབྲས་བུ་ཞེས་བརྗོད་པ་ལས། གཞན་ནས་གསར་དུ་སྨིན་འབྲས་སུ་བྱེད་མི་དགོས་པས་འབྲས་བུ་ཡེ་རྫོགས་ཞེས་བྱའོ། །དེ་དག་ཀྱང་བདུད་རྩི་བཅུད་ཐིག་ལས། ངོ་བོའི་རང་ས་ཟིན་པ་རང་དངས་ཆོས་སྐུའོ། །རང་བཞིན་རང་ས་ཟིན་པ་གསལ་དངས་ལོངས་སྐུའོ། ། ཐུགས་རྗེ་རང་ས་ཟིན་པ་རང་སངས་སྤྲུལ་སྐུའོ། །སྐུ་གསུམ་དབྱེར་མེད་གཅིག་པས་རང་གདངས་ཆེན་པོའོ། །སྐུ་ལྔ་བདེ་བ་ཆེ་བས་མཁའ་གསལ་ངང་ཉིད་སྐུ། །སྐུ་ལྔ་འགྱུར་མེད་དབྱིངས་ཐིམ་པས། །དབྱེར་མེད་གཏིང་གསལ་ངོ་བོ་ཉིད་ཀྱི་སྐུ། །རང་སེམས་ཆོས་སྐུའི་འབྲས་བུ་ཡིན། །ཐོག་མ་མེད་པའི་དུས་མཐའ་ནས། །རང་ལ་རང་ཆས་ཡོད་རྟོགས་པས། །སྐུ་ལྔ་རྒྱལ་བའི་ཞིང་ཁམས་སོ། །འབྲས་བུ་མཆོག་ཏུ་རྒྱལ་བས་གསུངས། །ཞེས་དང་། རིན་ཆེན་བཅུད་ཐིག་གི་རྒྱུད་ལས། ངོ་བོ་ཡེ་ནས་ཀ་དག་གི །རང་ས་ཟིན་པ་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་ཆེན་པོ་ཡི། །རང་ས་ཟིན་པ་ལོངས་སྤྱོད་སྐུ། །ཐུགས་རྗེ་ཀུན་ཁྱབ་ཕྱོགས་མེད་ཀྱི། །རང་ས་ཟིན་པ་སྤྲུལ་པའི་སྐུ། །གསུམ་དུ་དབྱེར་མེད་མཐའ་སྟོང་བའི། །རང་ས་ཟིན་པ་ངོ་བོའི་སྐུ། །ཆོས་འདས་ཐོག་མའི་གནས་ལུགས་ཀྱི། །རང་ས་གཟུང་འཛིན་མིང་མེད་པས། །བདེ་ཆེན་མངོན་པར་བྱང་ཆུབ་སྐུ། །ཞེས་དང་། ཉི་ཟླ་འབར་བའི་རྒྱུད་ལས། ངོ་བོ་རང་བཞིན་ཐུགས་རྗེ་ལས། །སྐུ་གསུང་ཐུགས་ཀྱི་ངོ་བོར་རྟོགས། །ཞེས་དང་། བདུད་རྩི་རྒྱ་མཚོ་ལས། སྔོན་ནས་རང་སེམས་སངས་རྒྱས་ཏེ། །དོན་རྟོགས་ཀློང་གྱུར་མངོན་སངས་རྒྱས། །ཞེས་དང་། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཀྱི་མུན་གསེབ་རིག་པ་སྟེ། །སྤྲིན་གསེབ་ཉི་མའི་སྙིང་པོ་འདྲ། །ཞེས་དང་། ངོ་བོ་གཞི་ཡི་ཆོས་སྐུ་དང་། །རྟོགས་པའི་ཡེ་ཤེས་ཆོས་སྐུ་གཉིས། །ངོ་བོ་གཞི་ལ་ཐ་དད་མེད། །ཉི་མ་རང་གི་ངོ་བོ་ལ། །མུན་སྒྲིབ་གྲང་པ་གང་ཡང་མེད། །གློ་བུར་སྤྲིན་གྱིས་སྒྲིབ་པའི་ཚེ། །ཉི་འོད་མེད་པ་མ་ཡིན་ཏེ། །ངོ་བོ་འཕེལ་འགྲིབ་གང་ཡང་མེད། །རྟོགས་དང་མ་རྟོགས་ཁྱད་པར་ལས། །སངས་རྒྱས་སེམས་ཅན་གཅིག་པའི་ཕྱིར། །གཞི་ལ་དུས་གསུམ་འགྱུར་མེད་ཡིན། །ཞེས་སོ། །

གཉིས་པ་ཤར་ཆོས་འབྲས་བུའི་རྣམ་གྲངས་ཚིགས་གིས་ཤུགས་ལ་ཡོད་པ་བཤད་པ་ལ། ཤུགས་བསྟན་ཡོད་པའི་རྒྱུ་མཚན་དང་། དངོས་གཉིས་ལས། དང་པོ་ནི། སྤྱིར་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་དུ་དབྱེ་ཞིང་བཤད་ནའང་། འདིར་སྐུ་ལྔ་ནི་རྟེན། ཡེ་ཤེས་ལྔ་ནི་བརྟེན་པ། ཕྲིན་ལས་ལྔ་ནི་མཛད་པ་ཡིན་པས་ལོགས་སུ་སྨོས་མ་དགོས་པས་འདིར་འབྲས་བུའི་ཆོས་ཉེར་ལྔར་འདུས་སོ། །དེ་དག་ཚིག་ཤུགས་ན་ཡོད་ཚུལ་ནི། རྫོགས་ཚུལ་གཞུང་ཚིག་གིས་བསྟནཔ་འདི་ནི་ད་ལྟ་གཞི་རང་བཞིན་གྱི་སངས་རྒྱས་ལ་རྫོགས་པའི་དོན་བཤད་དུ་གནས་པས་དེའི་ཤུགས་ཀྱིས། དེ་དང་བདག་གཅིག་གི་འབྲེལ་བའི་རྟོགས་པ་མངོན་གྱུར་གྱི་འབྲས་བུ་བསྟན་པར་སོང་སྟེ། ཅིའི་ཕྱིར་ན་འདི་འབྲས་བུ་བསྟན་པའི་སྐབས་ཡིན་པའི་ཕྱིར་དང་། དེ་ཡང་ཡིན་ཏེ་གཞི་ལ་རྫོགས་ཚུལ་ཙམ་གྱི་འབྲས་བུའི་སྐབས་ཀྱང་འཐུས་ན། སྐབས་གསུམ་པ་ཞེས་འབྱུང་དོན་ཀྱང་མེད་པ་དང་། གཞི་དུས་ཀྱི་ཁམས་བཤད་པའི་བྱང་ཆུབ་ཡོན་ཏན་དང་བཅས་པའི་གནས་མི་འཐེར་བ་ལྟ་བུའོ། །འདི་ཡང་གཞི་ལ་༼ འབྲས་བུ་རྒྱུ་ལ་ལྟོས་པའི་རིགས་པས་ཁམས་ཡོད་པར་སྒྲུབ་པ། རྒྱུའི་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པའི་རིགས་ཡོད་པའི་རྟགས་ཀྱིས་འབྲས་བུ་ད་ལྟ་ནས་ཡོད་པར་བསྒྲུབ་པ། སྐུ་གསུམ་འདུས་མ་བྱས་པའི་གནད་ཀྱིས་ཆོས་ཉིད་ཀྱི་རིགས་པས་ངོ་བོ་དབྱེར་མེད་པར་བསྒྲུབ་པ་ཞིག་ཀྱང་ཡོད་དེ། མཆན། ༽ཡོད་པའི་རྒྱུ་བྱ་བྱེད་འབྲས་བུ་མངོན་གྱུར་དེ་ལ་ལྟོས་པ་དང་། ངོ་བོ་དབྱེད་མེད་པའི་ཆོས་ཉིད་ཀྱི་ཚུལ་དུ་འཇལ་བདེ་བའོ། །རྒྱུ་མཚན་དེ་དག་གིས་ཤུགས་བསྟན་ཡོད་པར་གྲུབ་པོ། །

དེ་ཡང་འབྲས་བུའི་རྣམ་གྲངས་དངོས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས། དང་པོ་ནི། གཞི་གདོད་མའི་རང་བཞིན་འོད་གསལ་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རྟག་བརྟནའཕོ་འགྱུར་མེད་པ་ཀུན་འཆར་བའི་དབྱིངས་ཀྱི་ཆ་མངོན་དུ་གྱུར་བ་ལས་མི་འགྱུར་རྡོ་རྗེའི་སྐུ་ཞེས་བྱའོ། །སྤངས་བྱ་སྒྲིབ་གཉིས་བག་ཆགས་ཕྲ་བ་ཙམ་ཡང་མེད་པར་ཡོངས་སུ་བྱང་བ་དང་། རྟོགས་བྱའི་ཡོན་ཏན། སྟོབས་བཅུ། མི་འཇིགས་བཞི། མ་འདྲེས་བཅོ་བརྒྱད། ཐུགས་རྗེ་ཆེན་པོ། ཆོས་སུམ་ཅུ་རྩ་བདུན་པ་ལ་སོགས་པ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མ་ལུས་པ་ཁོང་དུ་ཆུབ་པས་མངོན་པར་བྱང་ཆུབ་པའི་སྐུ། ཆོས་དབྱིངས་སྤྲོས་བྲལ་གྱི་ངང་ན་ཤིན་ཏུ་ཕྲ་བའི་ཡེ་ཤེས་རང་གསལ་མ་འགགས་པ་དབྱིངས་ལ་ཤར་ཞིང་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པ་དང་། ཕྱི་གསལ་གྱི་སྤྲོས་པ་མེད་ལ། ནང་གསལ་གྱི་མཁྱེན་ཆ་མ་འགགས་པས་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་མཉམ་བཞག་གི་ཆ་ལས། ཕྱི་གསལ་གྱི་ཡེ་ཤེས་མཆེད་པའི་གཞིར་གྱུར་པ། གཉིས་སུ་འཛིན་པ་མེད་པའི་རྟོག་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་མངོན་དུ་གྱུར་བ་ཞི་བ་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལྟ་བུའི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ནས་སྣང་བ་གཏན་མེད་ཉན་ཐོས་འགོགས་པ་ལྟ་བུ་མ་ཡིན་པ་སངས་རྒྱས་རང་སྣང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་ངེས་པ་ལྔ་ལྡན་རྟག་པ་རྒྱུན་འཁོར་དུ་འཆར་ནའང་། སངས་རྒྱས་རང་ཉིད་ཀྱི་སྣང་བ་ལས། ས་བཅུའི་བྱང་སེམས་ཀྱི་སྤྱོད་ཡུལ་དུའང་མ་གྱུར་བའི་རང་སྣང་ལོངས་སྤྱོད་རྫོགས་སྐུ་དང་། འབྲས་བུའི་ལོངས་སྐུ་བྱད་ལྟ་བུ་ལ་གཟུགས་བརྙན་ལོངས་སྐུ་མཚན་དཔེའི་བརྒྱན་པ་ས་བཅུའི་བྱང་སེམས་ལ་སྣང་བ་ཕྱེད་ལོངས་སྐུ་གཉིས་གཅིག་ཏུ་སྡོམ་པ་ནི་ལོངས་སྐུའོ། །དེ་ཉིད་གནམ་ཟླ་ལྟ་བུ་ལ་གདུལ་བྱའི་ཆུ་སྣོད་ཡོད་དུས་རྩོལ་རྟོགས་མེད་པར་གང་ལ་གང་འདུལ་གྱི་སྤྲུལ་པ། མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་སུ་སྟོན་པ་དང་། སྐྱེ་བ་སྤྲུལ་སྐུ། མུ་གེའི་གདུང་བ་ལ་ཉ་བོ་ཆེ་ལྟ་བུ་དང་། བེམ་པོ་སྤྲུལ་སྐུ་གྲུ་གཟིང་གླིང་སོགས་རྣམས་དང་། རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཟོའི་རྣམ་པ་ལས་སྣང་བ་ཐམས་ཅད་བཟོ་སྤྲུལ་སྐུ་སྟེ། དེ་ལྟར་སྐུ་རྣམ་པ་ལྔ་བོ་ཡེ་ནས་གཞི་ལ་ཡོད་པ་གློ་བུར་བྲལ་དག་གིས་ཡོན་ཏན་དུ་མངོན་པར་མཛད་པ་ནི། རྡོ་རྗེ་གཏུམ་པོའི་རྒྱུད་ལས། བདེ་བར་གཤེགས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུའི་འགྲོ་བའི་དོན་མཛད་དོ། །ཅེས་སོ། །

གཉིས་པ་གསུང་ནི། སྒྲ་སྐད་ཐམས་ཅད་ཀྱི་ངོ་བོ་དབྱེར་མེད་འདུས་མ་བྱས་མཐའ་གཉིས་ལས་གྲོལ་བ་མི་འགྱུར་རྡོ་རྗེའི་གསུངས། རྟོག་མེད་རང་གསལ་རང་བྱུང་ཡེ་ཤེས་ཀྱི་རང་སྣང་དུ་སྤངས་རྟོགས་ཐོབ་ལ་མ་ཉམས་པའི་བྱིན་རླབས་སྒྲར་སྣང་གི་གཞི་མ་ནི་མངོན་བྱང་གི ཆོས་ཉིད་སྨྲ་བསམ་བརྗོད་བྲལ་ཆེན་པོ་བརྗོད་པ་ཀུན་གྱི་གཞིར་ཤར་བ་ནི་ཆོས་སྐུའི་གསུངས། ཡེ་ཤེས་རང་སྣང་གི་སྟོན་འཁོར་དགོངས་པ་དབྱེར་མེད་ལ་རྟག་པ་རྒྱུན་གྱི་ཐེག་པ་ཆེན་པོའི་ཆོས་ཀྱི་ངོ་བོར་ཤར་བ་དགོངས་པས་བཤད་པ་སྟེ་རང་སྣང་ལོངས་སྐུ། ས་བཅུའི་རིག་འཛིན་དང་སེམས་དཔའ་ལ་སྐུ་མཐོང་བའི་མོད་ལ་སྤངས་བྱ་དང་སྤངས་བྱེད་གཉེན་པོ་ཐམས་ཅད་འཇལ་བར་སྟོན་པ་ནི་ཕྱེད་ལོངས་སྐུའི་དགོངས་པ་བརྡའི་གསུངས། ཚངས་པའི་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་མཚོན་འགྲོ་བ་སོ་སོའི་སྐད་དང་མཐུན་པར་བརྗོད་པའི་ཚིག་གི་གསུངས་ཞེས་སྤྲུལ་སྐུའི་གསུངས་ཏེ། དེ་ལྟ་བུའི་གསུངས་ལྔའི་འགྲོ་བ་མཐའ་དག་གི་དོན་འབྱང་བའང་། གཏུམ་པོའི་རྒྱུད་ལས། བརྗོད་མེད་དོན་གྱི་གསུང་དང་། དགོངས་པ་བརྡའི་གསུང་དང་། ཚངས་པ་དབྱངས་ཀྱི་གསུངས་དང་། དབྱེར་མེད་པའི་གསུངས་དང་། རིག་པ་བྱིན་གྱིས་བརླབས་ཀྱི་གསུང་གིས་འགྲོ་བའི་དོན་མཛད་དོ། །ཅེས་སོ། །

གསུམ་པ་ཐུགས་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་སྤྲོས་བྲལ་ནམ་མཁའ་ལྟ་བུ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡང་དག་མཁྱེན་པ། ཆོས་སྐུའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ནི། མ་འགགས་རང་གསལ་ཆེན་པོ་ཡེ་ཤེས་ཕྱི་མ་གསུམ་གྱི་འཆར་གཞིར་གྱུར་ཀྱང་། རྩོལ་རྟོག་དང་གཟུང་འཛིན་གྱི་དྲི་མ་མེད་པ་རང་གསལ་བ། ལོངས་སྐུའི་ཐུགས་མཉམ་ཉིད་ཡེ་ཤེས་ནི་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཁོང་དུ་ཆུད་པ་བདེ་བ་ཆེན་པོའི་སྐུའི་ཡེ་ཤེས། སོ་སོར་རྟོགས་པ་ནི། ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པ་མངོན་བྱང་གི་ཐུགས། བྱ་གྲུབ་ཡེ་ཤེས་ནི་ཤེས་བྱ་ཐོགས་མེད་དུ་མཁྱེན་པའི་སྐུ་གསུང་ཐུགས་ཀྱིས་འགྲོ་དོན་ལ་ཐོགས་པ་མེད་པར་ལྷུན་གྲུབ་ཏུ་འབྱུང་བའི་སྤྲུལ་སྐུའི་ཐུགས་སོ། །དེ་དག་ཀྱང་སྔ་མ་ལས། ཆོས་ཀྱི་དབྱིངས་ཀྱི་ཐུགས་དང་། །མེ་ལོང་ལྟ་བུའི་ཐུགས་དང་། །མཉམ་པ་ཉིད་ཀྱི་ཐུགས་དང་། །སོ་སོར་ཀུན་རྟོག་གི་ཐུགས་དང་། །བྱ་བ་གྲུབ་པའི་ཐུགས་ཀྱིས་འགྲོ་བའི་དོན་མཛད་དོ། །ཅེས་སོ། །

བཞི་པ་ནི། རང་རིག་པའི་ཡེ་ཤེས་ཀྱི་ཡུལ་ཆོས་དབྱིངས་རྣམ་པར་དག་པ་དང་། དེའི་རང་འོད་འབྱུང་བ་ཆེན་པོའི་ངོ་བོར་ཤར་བའི་ཞིང་ཁམས་རྣམ་པར་དག་པ་དང་། ས་སྤྱོད་དང་མཁའ་སྤྱོད་རིགས་དྲུག་གི་གནས་ཡུལ་དུ་བཀོད་པ་སྟེ་རྣམ་པར་དག་པའི་ཞིང་ཁམས། འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཕྱོགས་ཆའི་མ་གོས་པ་དང་། ཡེ་ཤེས་རང་སྣང་གི་རྒྱན་དུ་ཤར་བའི་རང་སྣང་འོད་ཀྱི་ཕོ་བྲང་དང་། རང་བཞིན་སྤྲུལ་བའི། སྣ་ཚོགས་མ་ངེས་པའི་རྒྱ་ཚད་དང་བྲལ་བའི་གཞལ་ཡས། སྤྲོས་བྲལ་འགྱུར་མེད་ཀྱི་དབྱིངས་ཀྱི་ནམ་མཁའ་དང་། སྟོབས་དང་མི་འཇིགས་ལ་སོགས་མཚོན་པའི་མཚུངས་པ་གསལ་བྱེད་ཀྱི་རྣམ་པར་ཤར་བ་དང་། རིན་ཆེན་སྣ་ལྔ་ལ་སོགས་པའི་སྤྲུལ་སྐུའི་སྟེ། ཁྱད་པར་འཕགས་པའི་གདན་ཁྲི་ནང་གསལ་གྱི་སྐུ་གསུམ་ལ་འཆར་གཞིའི་ཚུལ་དུ་འོད་ལས་འདས་པའི་ཡེ་གདངས་སུ་ཡོད། ལོངས་སྐུ་ལ་མཚན་ཉིད་འཛིན་འོད་ལྔར་སྣང་ཞིང་། འགྲོ་དོན་དུ་གནས་དྲུག་ལས་འོད་ཟེར་གྱི་རྩེ་ལས་སྤྲུལ་སྐུ་གྲངས་མེད་པར་འཕྲོ་བ་དང་། སྤྲུལ་སྐུ་ལ་དེ་དང་ཆ་འདྲ་བ་ཡོད་པས་ན་གསལ་ཞིང་དག་པའི་འོད་ཟེར་རོ། །དེ་ཉིད་ལས། གནས་དང་། གདན་ཁྲི་དང་། འཁོར་དང་། འདུལ་བའི་ཞིང་དང་། སྐུ་འོད་ཟེར་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་དོ། །ཅེས་སོ། །

ལྔ་པ་ནི། དབྱིངས་ནང་གསལ་གྱི་སྐུ་དང་རང་སྣང་ལོངས་སྐུའི། རང་སྣང་གི་གདུལ་བྱའི་དོན་ལྷུན་གྱིས་གྲུབ་པ་ཙམ་ལ་བཤད་ཅིང་། ཕྱི་གསལ་གཟུགས་སྐུའི། ཕྲིན་ལས་འཆར་བའི་གཞི་བྱེད། ཕྱེད་ལོངས་སྐུ་དང་སྤྲུལ་པ་བཞིའི་ཞི་བ་མྱང་འདས་དང་། ཁམས་གསུམ་འཁོར་བའི་གནས་ངན་ལེན་དང་། ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཞི་བ་དང་། སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱུད་ལ་བསྐྱེད་ནས་རྒྱས་པར་བྱེད་པ་དང་། མོས་བཞི་དང་དབང་བཅུ་ཕུན་སུམ་ཚོགས་པས་གདུལ་བྱ་མ་སྨིན་པ་སྨིན་པར་བྱེད་པ་དང་། འཁོར་བ་མྱང་འདས་ཀྱི་ཀློང་དུ་སྒྲོལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པ་རྩོལ་རྟོག་མེད་པར་མཛད་པའོ། །དེ་ཡང་སྔ་མ་ལས། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་དོ། །ཅེས་སོ། །འདི་དག་གི་ཚུལ་རྒྱས་པར་སྒྲོན་མ་གསལ་རྒྱན་ལས་བསྟན་པས་དེར་བལྟ་ཞིང་། ད་དུང་ཕུན་སུམ་ཚོགས་པ་ལྔ་རེ་དང་། རྣམ་པར་འཕྲུལ་པས་དབྱེ་ན་ཤིན་ཏུ་མང་པོར་ཡོད་པས། ཡི་གེ་མང་གིས་དོགས་ནས་འདིར་དེ་དག་བཞག་ལ། ཡང་རྒྱུད་སྡེ་སོ་སོའི་འབྲས་ཆོས་འཇོག་ཚུལ་ཐ་དད་དུ་གསུངས་པ་མང་ཡང་། རང་ས་ནས་བདེན་པ་ཡིན་པས་རྟོག་གེའི་དཀྲིགས་པར་མི་བྱ་སྟེ། སྐུ་དེ་དག་སངས་རྒྱས་གཅིག་གི་མངོན་པར་རྟོགས་པ་ཡིན་པས་ན་ངོ་བོ་དབྱེར་མེད་པས་གང་ལྟར་བཀྲོལ་ཀྱང་ཁྱད་མེད་དོ། །

གསུམ་པ་གཞི་འབྲས་ངོ་བོ་བདག་གཅིག་ལ་ཐ་སྙད་དུ་ཤན་འབྱེད་པའི་འཕྱོང་གིས་དོན་བསྡུ་བ་ནི། དོན་སེམས་ཅན་གྱི༴ འབྱེད་དོ་ཞེས་བར་ཏེ། འོ་ན་འབྲས་བུ་གཞི་ལ་རྫོགས་ན། སངས་རྒྱས་དང་སེམས་ཅན་གྱི་ཁྱད་པར་གང་གིས་ཤན་འབྱེད་ན། རང་བཞིན་རྣམ་དག་གི་གནས་ལུགས་དེ་དག་སེམས་ཅན་གྱི་གཟུང་འཛིན་གྱིས་བསླད་དེ་མ་དག་པའི་རྟོག་ཚོགས་སུ་སྣང་བའི་སྒྲིབ་གཉིས་དང་འགྲོགས་པའི་དུས་སུ་གཞི་རྒྱུད་ཅེས་བྱ་ལ། སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ནས། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཆེན་པོའི་རྩལ་རྫོགས་པར་སྣང་དུས་ན། སངས་རྒྱས་སམ་འབྲས་བུ་ཞེས་ཐ་སྙད་ཀྱིས་གདགས་པ་སྟེ། དེས་ན་ཁྱད་པར་ནི་མ་དག་པར་སྣང་འཛིན་ཞེན་པའི་རྗེས་སུ་འབྲང་བ་ལ་གཞི་སེམས་ཅན་གྱི་སྣང་བ་དང་། སྣང་འཛིན་ཞེན་པ་དག་ནས་རྗེས་སུ་མི་འབྲང་བས། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཞེས་ཤན་འབྱེད་པ་ཡིན་ནོ། །དེ་ཡང་རྒྱུད་བླ་མ་ལས། སོ་སོའི་སྐྱེ་འཕགས་རྫོགས་སངས་ཀྱི། དེ་བཞིན་ཉིད་དབྱེའི་འཇུག་པ་ལ། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། །སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་ཟློག་པ་སྟེ། །དེ་བཞིན་གཤེགས་པ་དེ་ལྟ་མིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། ། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། ། སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ངོ་བོ་ཉིད་ལ་སོགས་པའི་དོན། །འདི་དྲུག་གིས་ནི་བསྡུས་པ་ཡི། ཁམས་ནི་གནས་སྐབས་གསུམ་དག་ཏུ། མིང་གསུམ་གྱིས་ནི་བསྟན་པ་ཡིན། །ཞེས་སོ། །

གསུམ་པ་གདམས་ངག་གི་གནད་བསྡུས་ཏེ་བསྟན་པ་ནི། གཞི་ལམ་གྱི་རྣལ་འབྱོར་གང་གི་དུས་སུ་ཡང་། རེ་དོགས་དང་གཏད་འཛིན་གང་ཡང་མེད་པ་ཞིག་དགོས་ཀྱི། སྟོང་འཛིན་གཉེན་པོའི་ཕྱོགས་སོགས་ལ་རེ་བའི་གཏད་སོ་སྤུ་ཙམ་དང་། དེ་འདྲ་མེད་པ་ལ་དོགས་པ་ཅུང་ཞིག་ཡོད་ཀྱང་རྣམ་རྟོག་གཟུང་འཛིན་ཡིན་པས་ཁྲེགས་ཆོད་ཡིད་དཔྱོད་བློས་བྱས་ཀྱི་ལྟ་བསྒོམ་དུ་གྱུར་པའི་གོལ་ཤོར་གྱི་འཕྲང་ལ་ཐོགས། ཐོད་རྒལ་ལའང་འོད་སྣང་ལ་མཚན་མ་བཟང་ཞེན་དང་། ཤར་གྱིས་རེ་བ། མ་ཤར་གྱིས་དོགས་པ་ཡོད་ཚེ་གཟུང་འཛིན་ཡིན་པས་ཁམས་གོང་མའི་རྒྱུར་འགྱུར་བས་ན། རེ་དོགས་མེད་པ་ལ་མ་འདུས་པའི་གདམས་ངག་ཞིག་གང་ཡང་མེད་དོ། །ཀུན་བྱེད་ལས། བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལས། །མ་ཡེངས་རེ་དོགས་ཆད་ན་བསྒོམ་པ་ཡིན། །ཞེས་དང་། རྨད་བྱུང་དོན་གྱི་སྙིང་པོ་ལས། སྔོན་ཚེ་རྣམ་གཟིགས་བསྟན་པ་ལ། །བྲམ་ཟེ་དཔལ་ལྡན་ཞེས་བྱའི་བུ། །རང་སེམས་རྟོགས་པའི་དོན་མེད་པའི། །གཞན་ནས་འབྲས་བུ་ཞེ་འདོད་ཀྱིས། །རིགས་ལྔའི་སངས་རྒྱས་ནམ་འགྲུབ་ཅེས། ཡིད་ལ་བསམ་ཤིང་ལྷ་བསྒོམ་པས། །འབྲས་བུ་མེད་ཅིང་འཁོར་བར་ལྟུང་། །དེ་ཕྱིར་རེ་དོགས་མེད་པ་གཅེས། །ཞེས་སོ། །འོ་ན་བཏང་སྙོམས་འདུ་ཤེས་མེད་པའི་སྙོམས་འཇུག་ཙམ་དུ་བས་སམ་སྙམ་ན། དེ་མ་ཡིན་པའི་རྣམ་བཅད་དུ་འཛིན་ཞེན་གྱི་རྗེས་སུ་འབྲང་མི་འབྲང་གིས་ཤན་འབྱེད་བྱུང་བ་དེ་ཡིན་པས་ན། དེའི་དོན་ཀྱང་ཡུལ་ཆོས་དབྱིངས་གང་དུའང་མ་གྲུབ་པའི་དེ་བཞིན་ཉིད་དང་མཐུན་པར་བློའི་སྤྲོས་པ་མཐའ་དག་ཞི་པས་མཉམ་བཞག་ལ། མདོ་སྔགས་རབ་འབྱམས་རྒྱ་མཚོའི་དགོངས་པའི་ཆུ་བོ་གཅིག་དུ་འདུས་པའི་ཕྱིར་རོ། །ཟླ་བ་གྲགས་པས། སྟོང་པའི་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་ནི་སྟོང་པ་ཉིད་རྟོགས་སོ་ཞེས་བརྗོད་ཀྱི། སྟོང་བ་ཉིད་སྟོང་པ་རྟོགས་པ་ནི་མ་ཡིན་ནོ། །ཞེས་དང་། དབུ་མ་འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་བ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེར་བརྟེན་རིག་པ་ཡིན། །ཞེས་སོ། །གཞན་ཡང་ཕྱག་རྫོགས་གཉིས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པའི་ངོ་བོར་འདོད་པ་ལ། དབུ་མ་པ་ཁ་ཅིག་གིས་ཁ་ཟེར་བའང་རང་གི་ཐུགས་དམ་གྱི་མཐིལ་བུད་པ་སྟེ། མདོ་སྔགས་གང་གི་ཕྱོགས་ནས་ཀྱང་བསྒོམ་པའི་ངོ་བོ་འདི་ཉིད་བཟུང་དགོས་པར། སངས་རྒྱས་དང་མཁས་གྲུབ་ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་གིས་གསུངས་པས། མདོ་རྒྱན་ལས། བསྒོམ་པ་ལྟ་བ་མེད་རྣམས་ཀྱི། །བསྒོམ་པ་དམ་པར་འདོད་རྣམས་ཀྱིས། །བསྒོམ་པ་དམ་པར་འདོད་པ་སྟེ། །ཞེས་དང་། ཟླ་གྲགས་ཀྱིས། དེ་ཡི་དོན་ནི་བསྒོམ་བྱ་སྟེ། །རྟོགས་མེད་བློ་ནི་རང་བཞིན་བཞག ། ངོ་བཟུང་མེད་ཅིང་ཡེངས་བ་མེད། །མཚན་མ་མེད་ཅིང་གསལ་བས་བསྒོམས། །ཞེས་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ། །མི་བསྒོམ་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་དང་། ཧེ་བཛྲ་ལས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པ། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་དང་། གཞན་ཡང་རྣམ་རྟོག་ལ་གཞི་ལམ་འབྲས་བུའི་སྟེགས་བཅའ་༼ འགའ་ཞིག་གི་བདག་གཉིས་དང་འཛིན་སྟངས་འགལ་བའི་དཔྱད་རིགས་ཀྱི་རྒྱས་འདེབས་ཞིག་མེད་ན་དེའི་གཉེན་པོར་མི་འགྲོ་སྙམ་པ་ལ། མཆན། ༽བས་གྲོལ་བར་མི་འགྱུར་བའི་དོན་ཀྱང་ཞིབ་ཏུ་བཤད་ན། རྣམ་རྟོག་ནི་འཁོར་བའི་རྩ་བ་ཡིན་པས། ཕྱོགས་གླང་གིས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་དང་། བདེ་བར་གཤེགས་པའི་གསུངས་རབ་ལས་རྣམ་པར་རྟོག་པ་ནི་སྒྲིབ་གཉིས་ཀྱི་ངོ་བོར་གསུངས་ཤིང་། རྣམ་པར་རྟོག་པ་འགགས་པ་ཉིད་ལས་མི་རྟོག་ཡེ་ཤེས་ཐོབ་པར་གསུངས་པའི་ཕྱིར་དེ་ལྟར་སྨྲ་ན་༼ དེ་ལྟ་ན་སྤངས་གཉེན་རྫས་མི་འགལ་བར་གཅིག་པའི་གནད་ཀྱིས། མེ་ལག་ནས་མ་བཏང་བར་ཚ་བ་འདོར་དུ་མེད་པ་ལྟར་གཟུང་འཛིན་སྤངས་དུ་མི་སྲིད་པའོ། ལུང་དང་འགལ་བས་ན། མཆན། ༽བསྟན་པ་ལས་ཕྱི་རོལ་ཏུ་གྱུར་བ་ཞིག་གོ །དེ་ཡང། རྒྱལ་བའི་ཡུམ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ། །རྣམ་པར་མི་རྟོག་པ་ལས་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་བྱང་ཆུབ་ཏུ་བརྗོད་དོ། །ཅེས་སོ། ། རྣམ་པར་མི་རྟོག་པ་ནི་འཕགས་པའི་ཡེ་ཤེས་ཡིན་པར་གསེར་འོད་དམ་པའི་མདོར། རིགས་ཀྱི་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་འཕགས་པའི་ཡེ་ཤེས་མེད་དོ། །ཅེས་དང་། མདོ་སྡུད་པ་ལས། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། སམ་བྷུ་ཌི་ལས། རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། ། འཁོར་བའི་རྒྱ་མཚོ་ལྟུང་བྱེད་པས། །ནམ་མཁའ་ལྟ་བུར་དྲི་མེད་པའི། ། རྣམ་པར་མི་རྟོག་ཏིང་འཛིན་གནས། །ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས། རྟོག་པ་སྡུག་བསྔལ་རྒྱུར་གྱུར་བ། །ཇི་སྲིད་མ་སྤང་བར་དུ་ནི། །འཇིག་རྟེན་འདི་ནི་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་མི་བྱའོ། །ཞེས་དང་། ཕྱག་རྡོར་མངོན་པར་བྱང་ཆུབ་པའི་རྒྱུད་ལས། གང་ཞིག་རྟོག་ལ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ་། །དེ་ལྟ་བུའི་ན་རྟོག་སྤངས་ཏེ། །སྔགས་ཀྱི་གཟུགས་ནི་བསམ་པར་བྱ། །ཞེས་དང་། མངོན་བརྗོད་འབུམ་པ་ལས། ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤང་བ་ཡིས། །བསྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་སོ། །

གསུམ་པ་དེ་དག་གི་འཇུག་བསྡུ་བ་ནི། དབང་པོ་རབ་ཚེ༴ རྫོགས་སོ། །ཞེས། སྤྱིར་དབང་པོ་ཉི་ཤུ་རྩ་གཅིག་གི་ངོ་སྤྲོད་ཚུལ། སེམས་འཛིན་ཉེར་གཅིག་གི་བསྒོམ་པ་དང་། བྱང་ཆུབ་སེམས་དཔའི་བསྒོམ་པ། དེ་བཞིན་གཤེགས་པའི་དགོངས་པ་ལ་སོགས་པའི་རིམ་པ་དང་། འབྲས་བུ་ཡང་ཟག་བཅས་དང་ཟག་མེད་ལ་སོགས་པ་མང་ལ། དུས་ཀྱི་ཁྱད་པར་ཡང་། ཉན་རང་ཐེག་ཆེན་རྒྱུད་སྡེ་དྲུག་གིས་མྱུར་བུལ་གྱིས་སྣ་ཚོགས་བསྟན་པ་ལས། འདིར་ནི་ཆོས་ཀྱི་ཁྱད་པར་དབང་པོ་ཡང་རབ་ལས་གཞན་གྱིས་སྤྱོད་ཡུལ་མ་གྱུར་བས་དེའི་ཆོས་སྐལ། དུས་མྱུར་བའི་ཁྱད་པར། རབ་ལོ་གསུམ་ཟླ་བ་གསུམ། འབྲིང་ལོ་ཟླ་ཞག་བདུན། ཐ་མ་བཅུ་གཉིས། ཡང་ཐའང་མི་ཚེ་འདི་ཉིད་ཀྱིས་གྲོལ་བ་ཐོབ་ཅིང་། ཡང་འདི་དང་ཕྱི་མ་བར་དོར་གྲོལ་བའི་གདམས་པ་གསུམ་ལས་འདིར་ཚེ་འདིར་གྲོལ་བ། འབྲས་བུའི་ཁྱད་པར་ཟག་མེད། དེ་ལས་ཀྱང་མཚན་ཉིད་པ་དང་གསང་སྔགས་ཀྱི་འབྲས་བུ་ཀུན་གྱི་རྩེ་མོ། །གཞི་སྣང་ར༵ང་ངོར་སྣང་བ། གཞི་ལས་འཕགས་པ། སྐ༵ད་ཅིག་གཅི༵ག་གི༵་བྱེ་ཕྲག་བྱེད་པ། ཕྱེད་ཐོག་ཏུ་གྲོ༵ལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པའི་སངས་རྒྱས་རང་ལས་རྙེད་པའི་ཆོས། གཞི་འཁོར་འདས། ལམ་ཐེག་དགུ ། འབྲས་བུ་སྐུ་དང་ཡེ་ཤེས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཁྲིད་ཀྱི་རིམ་པ་གཞི་ལམ་འབྲས་བུའི་རྡོ་རྗེའི་གནས་གསུམ་དུ་བསྡུས་ནས་བསྟན་པའི་མན་ངག་ཚིག་ཉུང་ལ་དོན་འདུས། གནད་ཟབ་ལ་གོ་སླ་བ། བརྒྱུད་པ་གཙང་ལ་བརྒྱུད་ཐག་ཉེ་བའི་ཁྱད་ཆོས་དྲུག་དང་ལྡན་པ་རྫོགས་སོ། །སྟེ་བརྩམས་པ་མཐར་ཕྱིན་པའོ། །ཞེས་ལེགས་པར་གསུངས་པའོ །


previousའབྲས་བུ་རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས་པའི་གནས་བསྟན་པ།next