Nitartha Digital Library
Tibetan
 
no previousཐོག་མར་དགེ་བ་ཀླད་ཀྱི་དོན། next

ཐོག་མར་དགེ་བ་ཀླད་ཀྱི་དོན།

དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ནང་ཚན། རྫོགས་པའི་རིམ་པ་ཡེ་ཤེས་ཀུན་རྫོགས་ཀྱི་རྒྱ་ཆེར་འགྲེལ་ཡེ་ཤེས་གསལ་བར་སྟོན་པ་ཞེས་བྱ་བ་བཞུགས་སོ། །

དཔལ་བརྒྱུད་ལྡན་རྡོ་རྗེའི་ཕྲེང་བ་ལ་ཕྱག་འཚལ་ལོ། །ཆོས་ཀུན་རང་བཞིན་རྣམ་པར་དག་པའི་དབྱིངས། །སེམས་ཀྱི་རྡོ་རྗེ་འོད་གསལ་འདུས་མ་བྱས། །ལྷུན་གྲུབ་སྣང་བརྙན་འགྲོ་སྒྲོལ་བར་དུ་རྟག །བརྒྱུད་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས་པའི་སྟོབས། །གཅིག་བསྡུས་རྩལ་འཆང་ཨོ་རྒྱན་བླ་མ་དང་། །བརྒྱུད་པ་དྲུག་ལྡན་ཆེ་བ་དགུ་འཛོམས་པ། །གཏེར་སྟོན་བརྒྱ་རྩ་སྤྱི་བོའི་རྒྱན་དུ་མཆོད། །ལྷ་སྲས་རྒྱལ་པོ་མུ་ཏིག་བཙད་པོ་ཡིས། །སླར་ཡང་གསང་ཆེན་བསྟན་པ་སྤེལ་བའི་ཕྱིར། །རིགས་སྔགས་འཆང་བའི་ཟོལ་གྱིས་མངོན་དུ་མཛད། །རྒྱལ་དབང་མཆོག་ལ་གུས་པའི་ཕྱག་གིས་མཆོད། །གང་དེའི་གཏེར་བྱོན་ཟབ་དང་རྒྱ་ཆེའི་གནས། །རྫོགས་པའི་རིམ་གྱི་བཅུད་ཐིག་གཅིག་གྱུར་བ། །དབང་བཞིའི་ཡེ་ཤེས་ཀུན་རྫོགས་སྙིང་པོ་ཡི། །རྒྱས་འགྲེལ་ཡེ་ཤེས་གསལ་བའི་རྒྱན་ཅིག་སྤྲོ། །ཇི་ལྟའི་ཆོས་ཉིད་བློ་ལས་འདས་ཕྱིར་དང་། །ཟབ་བརླིང་རྒྱུད་དོན་རྒྱ་མཚོ་རྟོགས་དཀའ་ཡང། །བླ་མའི་ལུང་དང་བསྟུན་ཏེ་བཤད་པ་ལ། །རིགས་བདག་ཆོས་སྲུང་བཅས་ཀྱིས་གནང་བ་སྩོལ། །ཞེས་པས་མདུན་བསུས་ནས་འདིར་རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱི་གཏེར་བཀའ་ལས་བྱུང་བའི་རྫོགས་པའི་རིམ་པ་ཉིད་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས། དང་པོ་ལ། མཚན་སྨོས་པ། མཆོད་པར་བརྗོད་པ། གླེང་གཞི་བཤད་པའོ། །

དང་པོ་ནི་དམ་ཆོས་ནས། ཆོས་སྡེ་འོའི་བར་ཏེ། སྤྱིར་ཆོས་ཀྱི་སྒྲ་ཙམ་འཇུག་པ་ལ་རྣམ་པ་མང་དུ་མཆིས་ཀྱང་། འདིར་ནི་དམ་པའི་ཆོས་ཞེས། གང་ལ་དམིགས་ན་ལུས་ཅན་ཀུན་གྱི་འཁོར་བའི་སྡུག་བསྔལ་དང་། དེའི་རྒྱུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སེལ་བའི་རྣམ་དཀར་གྱི་ཡོན་ཏན་ཅན་ལ་དམ༵་པའི་ཆོས༵་ཞེས་བྱ་སྟེ། ཇི་སྐད་དུ། སྡུག་བསྡུལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་སོ། །དེ་ལའང་དཀྲི་དྲངས་མཐར་ཐུག་གི་དོན་སྣ་ཚོགས་སྟོན་བྱེད་བསམ་གྱིས་མི་ཁྱབ་ཀྱང་། འདིར་ནི་སངས་རྒྱས་ཐམས་ཅད་ཀྱི་དགོང༵ས་པ༵་མཐར་ཐུག་པའི་ཞེ་ཕུག་ཡིན་པ་དང་། འདུས་མ་བྱས་པའི་སྐུ་གསུམ་གྱི་དགོང༵ས་པ༵་རང་ལ་རང་ཆས་སུ་གནས་པའི་འབྲས་བུ་དངོས་དང་དེ་ཉིད་ལ་ལམ་དུ་བྱེད་པར་སྟོན་པ་ཐབས་རང་བཞིན་རྒྱུད་ཀྱི་སྡེ་ཚན་དང་མཐུན་པའང་ཡིན་ལ། དེ་དག་ཀྱང་མདོ་དང་སྔགས་ཕྱི་ནང་ཕ་མ་གཉིས་མེད་སེམས་ཀློང་མན་ངག་ཕྱི་ནང་གསང་བའི་སྐོར་རྣམས་རིམ་པས་ཕྱི་མ་རྣམས་ཀྱི་དགོངས་པ་ཡང་ནས་ཡ༵ང་དུ་ཟབ་ཅིང་གཏིང་དཔག་དཀའ་བ་ལས། འདིར་ཡང་ཏི་འབྲུ་གཅིག་སྙིང་ཐིག་གསང་བ་བླ་ན་མེད་པ་ཐིག་ལེའི་སྐོར་གྱི་བསྐྱེད་རྫོགས་གནད་ཀྱི་ཡ༵ང་སྙིང་གཅིག་དྲིལ་བདུད་རྩི་རོ་ནུས་ཕྱོགས་སྡེབས་སུ་བྱས་ཤིང་། གཅུས་དཀྲུགས་གབ་པའི་སྐྱོན་བསལ་ཏེ། ཟབ་ལས་ཆེས་ཟ༵བ་ཀྱི་སྐོར་ལྷ་སྲས་མུ་ཏིག་བཙད་པོ་ལ་མནོག་ཆོས་སུ་བསྩལ་བའི་ནང་ཚན་ལ༵ས་རྫོགས་རིམ་ཡེ་ཤེས་ཀུན་རྫོགས་ཞེས་བྱ་སྟེ། སྤྱིར་རྫོགས་རིམ་ལ་སྣང་བཅས་སྣང་མེད་གཉིས་ཀྱི་སྣང་བཅས་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པས་དེའི་ཆོས་ཉིད་དམ་སྒྲུབ་གཞི་རྡོ་རྗེ་གསུམ་གྱི་མཚན་དཔེ་གཙོ་ཆེར་མངོན་དུ་འབྱིན་པ་ཞིག་དང་། སྣང་མེད་བསམ་གཏན་གཉིས་ཀྱི་དཔེ་དོན་གྱི་འོད་གསལ་སྨིན་བྱེད་དམ་བྲལ་དག་གི་ཐབས་ཁྱད་པར་ཅན་དུ་གྱུར་པ་སྟེ། དེ་ལྟའི་རྒྱུ་འོད་གཉིས་ཆར་དུའང་དམན་མཆོག་གི་རིམ་པ་མཐའ་དག་མངོན་དུ་བྱེད་པའི་ཆ་རྐྱེན་རྫོགས་རིམ་སྤྱི་དགོས་མང་དུ་དམིགས་ཀྱང་། འདིར་རང་བཞིན་རྫོགས་པ་ཆེན་པོ་ནི་ལྷན་སྐྱེས་ཡེ་རྫོགས་ཀྱི་དཀྱིལ་འཁོར་འོད་གསལ་དོན་གྱི་རྒྱུ་འོད་ཟུང་འཇུག་གྲུབ་བྱེད་ཁྱད་པར་བ་དང་། གཞན་ནི་དེའི་སྟེགས་སུ་གྱུར་བའི་མོས་སྤྱིའམ་རླུང་སེམས་ཀྱི་སྐུ་དང་དཔེའི་འོད་གསལ་ཙམ་གྱི་རང་འབྲས་གྲུབ་པའི་ཐུན་མོང་བའི་རྫོག༵ས་རི༵མ་དུ་གནས་པས་ན། འདི་རྫོགས་རིམ་ཆེན་པོའམ། རིམ་པ་གཉིས་པས་རྒྱུ་འོད་གྲུབ་པའི་མཐར་འབྱུང་བའི་འོད་གསལ་ལམ་དུ་བྱེད་པ་ཡིན་པས་གཉིས་པས་གཉིས་པ་སྟེ། རོང་ཟོམ་པས། འདིར་རང་བཞིན་རྫོགས་པ་ཆེན་པོ་ནི་རིམ་པ་གཉིས་པས་རིམ་པ་གཉིས་པའོ། །ཞེས་གསུངས་སོ། །རྫོགས་རིམ་འདིའི་མཚོན་བྱ་རང་བཞིན་གྱི་རྒྱུད་གཞི་འབྲས་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་གཞི་གནས་ཀྱི་ཡེ་ཤེས་གསུམ། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། ཡུལ་ཁྱབ་པའི་ཡེ་ཤེས་གཉིས་ལ་སོགས་པ་ཡེ༵་ཤེས༵་རྒྱ་མཚོ་ལྟ་བུ་ཀུན༵་རྫོག༵ས་པའི་ཕྱིར་དང་། འདིའི་དོན་མངོན་སུམ་མཐོང་བ་ལ། དབང་བཞིའི་ལམ་གྱི་སྣང་བའི་དགའ་བཞི། སྣང་བཞི། སྟོང་བཞིའི་ཡེ༵་ཤེས༵་ཀུན༵་ཡར་ལྡན་གྱིས་ཡོངས་སུ་རྫོག༵ས་པའི་ཕྱིར་དང་། དེ་གཉིས་ཤེས་ཐོབ་ཀྱི་རྐྱེན་དུ་གྱུར་བའི་མན་ངག་འདིའི་ཀྱང་ཐེག་པ་རིམ་དགུའི་བསྟན་བྱའི་ཡེ༵་ཤེས༵་ཀུན༵་རྫོག༵ས་པར་གསལ་བའི་ཕྱིར་མཚན་དེ་ལྟར་ཐོབ་པའོ། །དེ་དག་ཀྱང་གོ་རིམ་བཞིན་དུ། ཕྲེང་བ་ལས། ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་གནས་དག་པའི་ཡེ་ཤེས་དང་། །མཚན་ཉིད་འཛིན་དང་ཡུལ་ཁྱབ་པོ། །ཞེས་དང་། ཡེ་ཤེས་གཏིང་རྫོགས་ལས། ཡེ་ཤེས་རྣམ་ལྔ་ལ་སོགས་མདོར་བསྡུས་པ། །རང་བྱུང་ཡེ་ཤེས་ཆེན་པོར་འདུས་པའི་ཕྱིར། །རིག་པར་འདུས་པ་ཆོས་ཀུན་རྩ་བ་སྟེ། །རང་རིག་ཡེ་ཤེས་མི་ཟད་ཆོས་སྐུའི་ཐུགས། །ཞེས་དང་། ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། སེམས་བསྐྱེད་གོང་འོག་རྣམ་པ་དང་། །ཞི་གནས་ལྷག་མཐོང་བཅས་པ་དང་། །ཕ་རོལ་ཕྱིན་བཅུ་དབང་ལ་སོགས། །སྔགས་ཀྱི་མཛད་སྤྱོད་ཐམས་ཅད་རྫོགས། །ཞེས་དང་། ཐིག་ལེ་བཀོད་པ་ལས། ང་ཡི་དོན་གྱི་ཕྱོགས་རེ་ནས། །ཐེག་བརྒྱད་འདོད་པ་སོ་སོའི་བརྗོད། ཐམས་ཅད་ང་ཡིས་དབང་དུ་འདུས། །ང་ཡི་དོན་ལ་གཡོ་བ་མེད། །ཅེས་དང་། བཀོད་པ་ཆེན་པོ་ལས། གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །ཞེས་སོ། །དེ་ལྟ་བུའི་དོན་ཟབ་ཅིང་རྒྱ་ཆེ་བ་དག་དཔེ་བུམ་འདིའི་ནང་ན་བཞུག༵ས་སོ༵འམ་ཡོད་དོ་ཞེས་སོ། །དེ་ཡང་ཤོག་ཆེན་དྲུག་གི་ནང་ཚན་ལས་ཟ༵ངས་ཀྱི་ཤོག༵་བུ་ལ་མཁའ་འགྲོ་གསང་བའི་བརྡ་ཡིག་དུ་བཀོད་པའི་ཆོ༵ས་སྡེ༵་ལས་བྱུང་བ༵འོ། །ས་མ་ཡཱ་ཞེས་མཚན་འདི་དོན་ལས་ཐོབ་ཅིང་འཇིག་རྟེན་གྱི་རྨོངས་པ་སེལ་བའི་དམ་བཅའ་འོ། །མཚན་གསོལ་བའང་སྤྱིར་དོན་དང་གཞུང་ཚད་ཞུ་བ་པོ། མཛད་པ་པོ། དཔེ་ལ་སོགས་གདགས་ཚུལ་མང་ཡང་། འདི་ནི་ཆེ་བའི་ཡོན་ཏན་ལས་མཚན་དུ་གསོལ་བའོ། །མཚན་གྱི་དགོས་པ་ནི་སྤྱི་ལྟར་རོ། །


no previousཐོག་མར་དགེ་བ་ཀླད་ཀྱི་དོན། next