Nitartha Digital Library
Tibetan
 
previousམཆོད་པར་བརྗོད་པ།next

མཆོད་པར་བརྗོད་པ།

གཉིས་པ་མཆོད་པར་བརྗོད་པ་ནི། བཅོམ་ལྡན་འདས༴ ཕྱག་འཚལ་ལོ་ཞེས། དེ་ཡང་ཕྱག་འཚལ་བའི་ཡུལ་གང་ལ་ན་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་གཞི་ཤེས་མ་རིག་གསུམ་སངས་ནས་བདུད་བཞི་དབྱིངས་སུ་བཅོ༵མ་པ་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་སྟོབས་བཅུ་དང་ལྡན༵་པ་མངོན་དུ་བརྙེས་ནས་གཟུང་འཛིན་གཉིས་ཀྱི་མཐའ་ལས་འད༵ས་པའི་ཡེ་ཤེས་ཆོས་སྐུ་ཆེན་པོ་ཐོབ་ཅིང་། གཟུགས་སྐུ་གཉིས་ཀྱི་རྣམ་པས་འཇིག་རྟེན་དུ་སྒྲོན་མ་བཀོད་དེ་ཕྲིན་ལས་ཆེན་པོའི་མངའ་དབང་བསྒྱུར་བས་འཁོར་བ་དོང་ནས་སྤྲུག་པར་མཛད་པའང་། ཀུན་གསལ་ལས། རྟོགས་པའི་ཤེས་རབ་ཀྱིས་ལོག་པར་རྟོག་པའི་བདུད་བཅོ༵མ་པ་དང་མཁྱེན་པའི་སྟོབས་དང་ལྡན༵་པ་དང་། གཟུང་འཛིན་གྱི་མཐའ་ལས་འད༵ས་པས་ན་བཅོམ་ལྡན་འདས་སོ། ། ཞེས་དང་། རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པའོ། །ཆོས་ཉིད་ཤིན་ཏུ་དྲི་མེད་རང་བཞིན་ལྷུན་གྲུབ་གྱི་དོན་རྟོགས་པ་བདག་གི་དཔ༵ལ་དང་། གཟུགས་སྐུ་ལྷུན་གྲུབ་དུ་འབྱུང་བ་ཐུགས་རྗེ་གཞན་གྱི་དཔ༵ལ་བརྙེས་ཤིང་། དགོངས་པ་ཆོས་ཉིད་ལས་མི་གཡོ་ཞིང་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན༵་ཏུ༵་བཟ༵ང་པོ༵་སྟེ། ཡེ་ཤེས་གསང་བ་ལས། རང་བཞིན་མི་གཡོ་ལྷུན་རྫོགས་ཤིང་། །སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །ཞེས་སྟོན་པ་ཀུན་ཏུ་བཟང་པོ་དང་། དེར་མ་ཟད་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་ངོ་བོར་སངས་རྒྱས་པ་ཀུན་ལ་ཕྱག་འཚལ་བའང་ཡིན་ཏེ། ཆོས་ཉིད་དེ་བཞིན་ཉིད་སྤྲོས་དང་བྲལ་བར་སངས་རྒྱས་པ་ནི་གཞི་ཀུན་ཏུ་བཟང་པོ། བྱང་ཆུབ་སེམས་རང་བྱུང་གི་ཆོས་ཅན་སྐུ་གསུམ་གྱི་ཡེ་ཤེས་སུ་སངས་རྒྱས་པ་རིག་པ་ཀུན་ཏུ་བཟང་པོ། ། རིག་པ་ལ་སྟོང་པས་བརྒྱན་སྟོང་པ་ལ་ཡེ་ཤེས་ཀྱི་བརྒྱན། ཡེ་ཤེས་ཀྱི་སྐུའི་རྒྱན་ལས་འོད། འོད་ཀྱི་རྒྱན་ལས་ཞིང་ཁམས་སོགས། དག་པ་སུམ་བརྩེགས་ཀྱི་རྒྱན་དུ་སྣང་བ་ལ་བདག་ཏུ་བཟུང་བས་མ་དག་སུམ་བརྩེགས་སུ་འཁྲུལ་བའི་དུས་སུའང་ངོ་བོ་རྒྱན་ཀུན་ཏུ་བཟང་པོ་ལས་གཡོས་པ་མེད་པ་སྟེ་མ་དག་པ་གཞི་ལ་མེད་པས་སོ། །དེ་ནི་རྒྱན་ཀུན་ཏུ་བཟང་པོ་དང་། རྒྱུད་འདིའི་སྟོན་པ་ཀུན་ཏུ་བཟང་པོ་ནི་སྔར་ལྟར་ལ། རྟོགས་པའམ་ལམ་ཀུན་ཏུ་བཟང་པོ་ནི་གནས་ལུགས་རྟོགས་གོམས་ཀྱིས་འཁོར་འདས་ཀྱི་སོ་མཚམས་ཕྱེད་པའོ། །དེ་དག་ཀྱང་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །གང་ཞེ་ན་འདི་ལྟ་སྟེ། རང་བཞིན་ཀུན་ཏུ་བཟང་པོ་དང་། རྒྱན་ཀུན་ཏུ་བཟང་པོ་དང་། སྟོན་པ་ཀུན་ཏུ་བཟང་པོ་དང་། རིག་པ་ཀུན་ཏུ་བཟང་པོ་དང་། རྟོགས་པ་ཀུན་ཏུ་བཟང་པོའོ། །རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །ཞེས་སོ། །སྔོན་བྱུང་པདྨ་ཀ་རའི་ཚུལ་དེ་ལྟ་བུར་མངོན་པར་གཟིགས་ནས་རིག་པ་འདུན་ཕྱག་འཚལ། ད་ལྟ་བ་བདག་ཅག་གི་དེ་ཇི་བཞིན་མངོན་དུ་འགྱུར་བའི་ཆེད་དུ་བསྒོམས་པས་གོམས་པར་བྱ་བ་དང་། མིན་ཀྱང་མོས་གུས་ཀྱིས་ཕྱག་འཚལ་ལོ། །དེ་དག་ཀྱང་དང་པོ་མི་ཕྱེད་འདྲེས་པའི་ཕྱག་ནི་ཞི་ཁྲོ་གལ་ཕྲེང་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །དེ་བཞིན་མར་ལ་མར་བཞག་ལྟར། །གཉིས་མེད་རིག་པས་འདྲེས་ཕྱག་འཚལ། །ཞེས་དང་གཉིས་པ་སྒྲིབ་པ་ཐབས་ཀྱི་ཕྱག་ནི། ཀྱེ་རྡོར་ལས། གང་ཞིག་རྟོགས་ནས་འཇལ་༼ མཇལ་དཔྱད། ༽བ་ཡིས། འཇུག་པ་གང་ཡིན་འདིར་ཕྱག་འཚལ། ཞེས་དང་། སྤྱོད་པ་ཡ་རབ་ཀྱི་ཕྱག་ནི། བཟང་སྤྱོད་ལས། ལུས་དང་ངག་ཡིད་དྭངས་པས་ཕྱག་བགྱིའོ། །ཞེས་པ་ལྟར་བློས་རྩལ་འཕང་དང་སྦྱར་ཏེ་བཙལ་བའོ། །

གསུམ་པ་གླེང་གཞི་བཤད་པ་ལ། གང་གླེང་བར་བྱེད་པའི་གཞི་དང་། གང་གིས་ཇི་ལྟར་གང་ལ་གླེང་བའི་ཚུལ་གཉིས་ལས།

དང་པོ་ནི། འཁོར་འདས་སོགས་ཚིག་རྐང་པ་དྲུག་སྟེ། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་མ་རྟོགས་པས་ལྷ་ལ་སོགས་པའི་མཐོ་རིས་དང་། དམྱལ་བ་ལ་སོགས་པའི་ངན་སོང་གི་གནས་རིས་རྣམས་སུ་ཟོ་ཆུའི་འཁྱུད་མོ་བཞིན་དུ་བར་མེད་དུ་འཁོ༵ར་བ་དང་། ཡང་རྟོགས་ཤིང་ཤེས་པས་སྲིད་པ་དང་། སྙིང་རྗེའི་ཞི་མཐའ་ལས་ཡང་དག་པར་འདས༵་པ་སྟེ། དེ་དག་གི་བརྟེན་ཆོ༵ས་སུ་གྱུར་བ་ནི། མར་འཁོར་བའི་ཆོས་དུག་ལྔ་ཕུང་ལྔ། དབང་ལྔ་ཡུལ་ལྔ་སྟེ་ཉི་ཤུ་དང་། མྱ་ངན་འདས་པའི་འབྲས་ཆོས་ཉེར་ལྔ་ལ་སོགས་པ་ཀུན༵་གྱི་ར༵ང་བཞི༵ན་ནི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་དང་། འགྱུར་བའི་ཟུག་རྔུ་མེད་པའི་ཕྱིར་མྱ༵་ང༵ན་ལས་འདས༵་པ་བདེ་བ་ཆེན་པོ་དབྱིངས་ངོ་བོ་ཉིད་ཀྱི་ཆོས་སྐུར་ཡེ་ནས་གྲོལ་ཟིན་པའོ། །དེ་ཡང་འཕྲལ་དང་སླད་ཀྱི་བཀྲོལ་བ་ལྟ་བུ་མ་ཡིན་པར། ངོ་བོ་ལ་ཡེ་གདོ༵ད་མ་ཉི༵ད་ནས༵་འཁྲུལ་རྒྱུ་དང་། འཁྲུལ་མཁན། འཁྲུལ་བ་འཁྲུལ་འབྲས་སུ་གྲུབ་མ༵་མྱོང་བས་འཁྲུལ༵་བ་ཡེ༵་ནས༵་དག་ཅིང་མངོ༵ན་པར་རྫོགས་པར་སངས་རྒྱས་པ་སྟེ། འཁྲུལ་རྒྱུ་མ་རིག་པ་དང་གཟུང་འཛིན་གཞི་ལ་ས༵ངས་ཞིང་། ཆོས་སྐུ་འགྱུར་བ་མེད་པའི་ཐིག་ལེ་ཆེན་པོའི་ངང་རྒྱས༵་པས་ན། ངེས་དོན་འདུས་པ་ལས། སངས་ནི་འཁྲུལ་བའི་འཛིན་པ་སངས། །རྒྱས་ནི་ཆོས་ཉིད་མི་གཡོ་རྒྱས། །ཞེས་སོ། །རྒྱ་ཆད་དང་ཕྱོགས་ལྷུང་ལས་དང་ཉོན་མོངས་པའི་སྐྱོན་གྱི་རྣམ༵་པ་ཅུང་ཟད་ཙམ་གྱིས་ཀྱང་མ་གོས་པས་ན་དག༵་ཅིང་བེམ་སྟོང་བྱིང་ཆད་དུ་མ་གྱུར་བར་ཡེ༵་ནས་གཞི་ལ་གནས་པའི་རིག་སྟོང་ཟུང་འཇུག་གི་ཤེས༵་པ་ཞིག་ཡིན་པ་ནི་ཡེ་ཤེས་ཆོས་ཀྱི་སྐུ་སྟེ། འདི་གཟུང་འཛིན་ཁམས་གསུམ་པས་རྟོགས་པ་མིན་ཀྱང་མཁྱེན་ཆ་མ་འགགས་པའི་ངོས་ནས་བརྡ་སྦྱར་བའོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ར༵ང་བཞི༵ན་ཀ༵་ནས༵་ཏེ་ཐོག་མ་ཉིད་ནས་བྱ་རྩོལ་བྱས་ཆོས་ལ་མ་ལྟོས་པར་དག༵་པ་ཆེན་པོར་གྲུབ་པ་ཉིད་ཀྱིས་གཞི་ལྷུན༵་གྱིས་གྲུབ༵་པ་རིན་པོ་ཆེའི་སྦུབས་སུ། སྐུ་ལས་འདས་པའི་རང་གདངས། འོད་ལས་འདས་པའི་ཡེ་གདངས། སེམས་ལས་འདས་པའི་རིག་གདངས་འག༵གས་པ་མེ༵ད་པར་ནང་གསལ་ཐིམ་ལ་མ་རྨུགས་པར་རང་ཤར་བའི་ཡེ༵་ཤེས༵་ལ། གཞིར་གནས་གྱི་ཤེས་རབ་རླུང་ལྔའི་སྙིང་པོ་ཅན་ཐུགས་རྗེ་ཀུན་ལ་ཁྱབ་པའི་རང་རྩལ༵་ཉི་མ་དང་འོད་ཟེར་བཞིན་དུ་འདུ་འབྲལ་མེད་ཅིང་རྣམ་པར་འབྱེད་བྱེད་གྱི་རྟོག་པ་དང་བྲལ་བའི་སོ་སོ་རང་རིག་པའི་ཚུལ་དུ་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཆེན༵་པོའི་གཟིགས་པ་གཞིར་གནས་རང་བྱུང་གི་བདག་ཉིད་དུ་འབ༵ར་བ་ནི་ཤེས་རབ་མཁའ་ལ་བསྐྱོད་པ་ཞེས་བྱའོ། །དེ་ལས་ཕྱི་གསལ་ཡེ་ཤེས་ཀྱི་རང་རྩལ་སོ་སོར་རྟོགས་པ་དང་། འཇུག་བྱེད་རྣམ་གསུམ་སོགས་ཀྱི་བསྐྱོད་སྒྲོལ་སྣ་ཚོགས་སུ་འབར༵་བ་ནི་ཐུགས་རྗེ་ཕྱི་ལྟ་ཞེས་བྱ་སྟེ། ལར་འབར་བ་ནི་མེའི་བརྡ་དག་རྫས་སོགས་ལ་ཞུགས་ནས་མཆེད་པའི་དཔེ་དེ་བཞིན་ཤེས་རབ་ཀྱང་ཤེས་བྱའི་དོན་ལ་ཞུགས་ནས་གོང་འཕེལ་དུ་མཆེད་པའི་ཕྱིར་བརྡ་དེ་སྐད་སྦྱར་བའོ། །དེ་ལྟར་ངོ་བོ་སྟོང་པའི་ཡེ་ཤེས་སུ་བཞུགས་པ་ཆོས་སྐུ། རང་བཞིན་གསལ་བའི་ཡེ་ཤེས་སུ་བཞུགས་པ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་ཤེས་རབ་ཀྱི་རྩལ་དང་ལྡན་པའི་ཡེ་ཤེས་སུ་གནས་པ་སྤྲུལ་སྐུ་སྟེ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ངོ་བོ་ཀ་དག་ཡེ་ཤེས་དང་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་དང་། །ཐུགས་རྗེ་རང་སྣང་ཡེ་ཤེས་གསུམ། །འབྲལ་མེད་གཅིག་སྟེ་ཕྱོགས་མེད་གནས། །ཞེས་དང་། ཀློང་གསལ་ལས། ཀ་དག་ཟང་ཐལ་འགགས་མེད་ལ། །ཆོས་སྐུའི་རིག་པར་མིང་དུ་བཏགས། ། རང་བཞིན་ལྷུན་གྲུབ་འགགས་མེད་ལ། །ལོངས་སྐུའི་རིག་པར་མིང་དུ་བཏགས། །མ་འགགས་རང་བྱུང་ཤར་བ་ལ། །སྤྲུལ་སྐུའི་རིག་པར་མིང་དུ་བཏགས། །ཞེས་སོ། །དེ་དང་འདུ་འབྲལ་མེད་པའི་འོད་ཀྱི་སྦུབས་རང་སྣང་ལྷུན་གྲུབ་ངེས་པ་ལྔ་ལྡན་གྱི་དཀྱིལ་འཁོར་དུ་རྫོགས་པ་དུས་ལ་ལྟོས་ནས་སྒོ་བརྒྱད་དུ་ཤར་བ་རང་ངོ་མ་ཤེས་པ་ལས། ལྷན་སྐྱེས་ཀྱི་ཆོས་གསུམ་ལ་བདག་དུ་བཟུང་བས་ཆོས་ཉིད་ཡུལ། ཁ་དོག་ལུས། རིག་པ་སེམས་ཀྱི་འཁྲུལ་གཞིར་སོང་སྟེ་བག་ཆགས་ཀྱི་སྦུབས་གསུམ་གྲུབ་པས་འཁོར་བའི་ཆོས་སྣང༵་བ་སྣོད་ཀྱི་འཇིག་རྟེན། སྲིད༵་པ་བཅུད་ཀྱི་སེམས་ཅན་གཉིས་སུ་སྣང་བའི་དུས་ནའང་། ངོ་བོ་ཡེ༵་ནས་སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར་དུ་གྲོལ༵་ཟིན་པ་ནི། ཐག་སྦྲུལ་སྣང་བ་བཞིན་དུ་འཁོར་བར་སྣང་ཡང་མྱ་ངན་འདས་པ་ལས་འགྱུར་མ་མྱོང་བའོ། །དེས་ན་འཁྲུལ་བར་སྣང་དུས་ཉིད་ནས་གྲོལ་བར་བཞུགས་ཚུལ་རིག་ན་སངས་རྒྱས་དང་། མ་རིག་ན་སེམས་ཅན་འབྱུང་བས་ན། བརྗོད་བྱ་ཆོས་ཉིད་རང༵་གི་གནས་ཚུལ་དང་། དེ་ལམ་བྱེད་དགོང༵ས་ཀློང་ཡེ་ཤེས་ཀྱི་འཁོར་ལོ་དང་། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་བསྟན༵་པས་རྟོགས་ཅིང་གོམས་སྟོབས་ཀྱིས་རྡོ་རྗེ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པ༵འི་ས་ལ་རིམ་མིན་ཅིག་ཆར་དུ་ཁྲིད་པའི་དགོས་དང་ཉིང་དགོས་ཀྱི་ཕྱིར༵། ཤིན་ཏུ་ཟ༵བ་མོའི་ལ༵མ་རྒྱུད་སྡེ་ཀུན་གྱི་ཆང་གི་སྙིང༵་པོའི་བཅུད་ཐི༵ག་ལྟ་བུ་ཡིན་ཕྱིར་དང་། རིག་འཛིན་མཁའ་འགྲོ་ཡོངས་ཀྱི༵་སྙིང་གི་ཁྲག་ཐི༵ག་ལྟ་བུའང་ཡིན་པའི་ཕྱིར་དང་། ཁྱད་པར་དུ་རྟག་ཏུ་སེམས་ཅན་ཀུན་གྱི་སྙིང༵་ལ་གནས་པའི་ཐུགས་ཀྱི་གསང་བ་སྙིང་པོ་རྡོ་རྗེ་གསུམ་དབྱེར་མེད་པའི་བསྒྲུབ་གཞི་མི་ཤིགས་པའི་ཐིག༵་ལེར་བཞུགས་པ་ཉིད་བརྗོད་གཞིར་བྱས་ཏེ་སངས་རྒྱས་མཛུབ་བཙུག་གི་ཚུལ་དུ་མངོན་སུམ་གསལ་བར་བྱེད་པ། ཞེས་པའམ། ཡང་ན་སྙིང་ཐིག་གི་རྒྱུད་དང་མན་ངག་ཐམས་ཅད་ཀྱི་དོན་བསྡུས་ཏེ་འབད་བཅས་འབད་མེད་ལམ་གྱི་རིམ༵་པ༵་རྣམས་བསྟན༵་པར་བྱའོ། །ཞེས་པ་ལྟར་བཤད་དོ། །གནད་དང་འཐད་པ་ནི། མདོར་བསྡུས་ན་སྣང་སྲིད་ཡེ་གྲོལ་དུ་མེད་ན་སླད་ནས་གྲོལ་བའི་བྱ་བ་མི་འཇུག་པས་སོལ་བ་དཀར་པོར་བསྒྱུར་མི་བཏུབ་པ་ལྟ་བུ་དང་། སྐུ་གསུམ་འདུས་མ་བྱས་པའི་གནད་ཀྱིས་རྒྱུ་རྐྱེན་ལས་གསར་བྱུང་མི་འཐད་པས་ན། སྐུ་གསུམ་ཡེ་གྲོལ་གྱི་འབྲས་བུ་རང་ལ་ཡོད་པའི་དོན་རྟོགས་ནས་དེའི་ངང་ལ་བཞག་པ་ཙམ་གྱིས་ཆོག་པར་དགོངས་ནས། སྣང་ལུགས་འཁོར་བར་སྣང་ཡང་། གནས་ལུགས་ཆོས་ཉིད་དུ་གྲུབ་པ་གླེང་གཞིར་བྱས་ཤིང་བསྟན་པར་དམ་བཅས་པའོ། །དེ་ཡང་རྟོགས་པས་ཆོག་པ་ནི་གསུམ་སྟེ། སངས་རྒྱས་རང་ཆས་པའི་རྒྱུད་ལས། སངས་རྒྱས་ཀྱི་ཆོས་ཐམས་ཅད་འདས་པ་ཡིན་པས་སྒོམ་པ་དང་བཟླས་པ་དང་འབད་རྩོལ་ཐམས་ཅད་དང་བྲལ་བར་རང་ངོ་ཤེས་པས་ཆོག་གོ །སངས་རྒྱས་ཀྱི་སྐུ་རྡུལ་དང་བྲལ་བ་ཡིན་པས་ཅི་དགའ་བྱས་པས་ཆོག་གོ །རིག་པ་འོད་ཀྱི་ཕུང་པོར་བཞུགས་པས་ཡེ་ཤེས་སུ་འཆར་བས་ཆོག་གོ །ཞེས་དང་པོའི་ནི་འབད་མེད་རང་གྲོལ་གྱི་ལམ་ཁྲེགས་ཆོད་ཅོག་བཞག་གི་དགོངས་པ་དང་། ཕྱི་མ་གཉིས་ཀྱིས་འབད་བཅས་ཀྱི་ལམ་ཐོད་རྒལ་མཁའ་གསལ་ལ་ངེས་བརྗོད་བྱས་པའང་ཡིན་ནོ། །གླེང་གཞི་འདི་ནི་ཤིན་ཏུ་གཅེས་པ་སྟེ། སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར་ཕུན་སུམ་ཚོགས་པའི་ངོ་བོ་བསྟན་པའི་གླེང་གཞི་དང་། དེ་དག་གི་དགོངས་པ་གླེང་བསླང་བའང་ཡིན། ཡང་བི་མའི་འགྲེལ་ཆུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་འགྲོལ་བའོ། །ཞེས་དབང་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བའང་ཡིན། ཡེ་གཞི་རང་བཞིན་གྱི་གནས་ལུགས་རྣམ་པར་བཤད་པའང་ཡིན། འདི་མན་ཆད་ཀྱི་སྒྲོན་མ་ལུས་ལ་གནས་ཚུལ་བཤད་པ་དང་། ཁྲེགས་ཆོད་ཀྱི་གཞི་གཏན་ལ་ཕབ་པ་དག་ནི་གནས་སྐབས་ཀྱི་གཞིར་གནས་ཞེས་བྱ་ཡི། ཡེ་ཐོག་དང་པོའི་གཞི་མ་ཡིན་པས་བཟློས་པར་མི་འགྱུར་རོ། །ཀློང་གསལ་ལས། ཐོག་མ་ལའང་གཉིས་སུ་སྟོན། །ཡེ་ཐོག་དང་པོའི་གནས་ལུགས་དང་། །རང་གི་རིག་པའི་གནས་ལུགས་སོ། །ཞེས་དང་། སྣང་གསལ་སྤུ་གྲིའི་རྒྱུད་ལས། ཁྱབ་པའི་གཞི་དང་གནས་པའི་གཞི། །ཞེས་གསུངས་པས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། གནས་པ་ཁྱབ་ཚུལ་གྱི་སྐབས་གཉིས་སུ་ཡོད་པས་འདི་ནི་དང་པོ་ཉིད་བསྟན་པའོ། །ས་མ་ཡཱ་ནི་སྲིད་གསུམ་ཡེ་གྲོལ་གྱི་ཕྱག་རྒྱ་ཆེན་པོའི་བཏབས་ཟིན་པའི་དམ་ཚིག་ལས་ནམ་ཡང་འདའ་མི་སྲིད་པའོ། །ཞེས་པའི་དོན་ཏོ། །

གཉིས་པ་ལ་བཞི་ལས་དང་པོ་གང་གིས་གླེང་ན། བདག་འདྲ་སོགས་རྐང་བ་གཅིག་སྟེ། རྒྱུད་ཀྱི་རྡོ་རྗེའི་གནས་ལ་དབང་བའི་རྒྱུ་ཚོགས་ཡོངས་སུ་རྫོགས་པ་བདག༵་འ༵དྲ་ཞེས་ཞལ་བཞེས་སུ་གནང་ནས། མཚན་གྱི་ངེས་པ་ཨོ༵་རྒྱན༵་གྱི་ཡུལ་དྷ་ན་ཀོ་ཥའི་མཚོ་གླིང་དུ་རང་འཁྲུངས་པ༵དྨ༵་གེ་སར་གྱི་སྡོང་པོ་ལ་ལྷུན་གྱིས་གྲུབ་པའི་རྒྱལ་བའི་ཐུགས་རྗེ་རྨད་དུ་བྱུང་བ་རང་བྱོན་པ་ལས་མཛད་ཆེན་བསམ་གྱིས་མི་ཁྱབ་པ་སྟོན་པ་རྡོ་རྗེ་འཆང་དང་དབྱེར་མེད་དུ་གྱུར་བའི་འགྲོ་འདུལ་སྤྲུལ་སྐུ་འཆི་མེད་རྡོ་རྗེའི་སྐུ་གྲུབ་པའི་གཟི་བྱིན་ལྷག་པར་གསལ་བའི་དོན་རྟགས་སུ། གཤེད་མས་མེ་ལ་བསྲེགས་དུས་འཇིགས་པ་མེད་པར་སླར་ཐོ༵ད་པའི་ཕྲེང༵་བས་མགུལ་ལ་བརྒྱན་ཏེ་སོལ་ཕུང་གི་སྟེང་དུ་བཞུགས་པས་ཐོད་ཕྲེང་རྩལ་ཞེས་མཚན་ཆགས་པ་གང་གིས༵་གླེང་པའོ། །

གཉིས་པ་ཚུལ་ཇི་ལྟར་གླེང་ན། རྫོགས་ཆེན་སོགས་རྐང་བ་དགུ་སྟེ། སྤྱིར་ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ། ལྷུན་གྲུབ་བརྩེགས་པར་རྡོ་རྗེ་འཆང་། རྡོར་གདན་དུ་ཐུབ་ཆེན། དྷ་ན་ཀོ་ཥར་པདྨ་འབྱུང་གནས་རྣམས་ངོ་བོ་དབྱེར་མེད་པས་དགོངས་བརྒྱུད་ཚང་། ཤྲཱི་སེང་གིས་བརྡའི་སྒོ་ནས་རིག་པ་དོན་བརྒྱུད་ཐོབ་ཀྱང་། སླར་ཡང་དགའ་རབ་ཀྱི་དྲུང་དུ་རྫོགས་ཆེན་སྙིང་ཐིག་གི་རྒྱུད་རྣམས་མ་ལུས་པར་གསན་པས་སྙན་བརྒྱུད་ཐོབ་པར་གཞན་ལ་ཡིད་ཆེས་འདྲེན་པ་དང་། གཞན་གྱིས་རྒྱུད་ལ་དབང་ཟ་བ་བཀག་ཕྱིར་ཚུལ་བསྟན་མཛད་དེ། གཞི་འཁོར་འདས་ཀྱི་ཆོས། ལམ་ཐེག་པ་རིམ་དགུ །འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྫོག༵ས་པ་ཆེན༵་པོ་འོ་མའི་སྙིང༵་བོ༵་མར་ལྟ་བུ་ཆོས་ཐམས་ཅད་གྱི་སྙིང་པོ་དོན་གྱི་གསང་བ་འདིར་འདེགས་པའི་ཐེག་པ། ཐེག༵་པ༵་རིམ་དགུའི༵་རྒྱལ༵་པོ༵་ལ། རྒྱུད་དང་མན་ངག་གི་སྡེ་ཚན་མ༵ང་དུ༵་མཉ༵ན་ཅིང༵་ཀློང་དགུ་བམ་པོ་ཉི་ཁྲི་དྲུག་སྟོང་ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་པོ༵་ཀུན་ལ༵་ཤེས་རབ་གསུམ་གྱིས་ཕྱི་ནང་གསང་བའི་སྒྲོ་འདོགས་ལེགས་པར་བཅད་དེ་ཉམས་སུ་བླང་ནས་མཁ༵ས་པའི་ཕུལ་དུ་ཕྱིན་པ༵ར་སྦྱང༵ས་ཤིང་། ཆོས་རྣམས་ཀྱི་གན༵ས་ལུགས་དོན་དམ་ཆོས་ཉིད་ཀྱི༵་ངོ་བོ་སངས་རྒྱས་པ་ཉིད་དྲང་དོན་དང་རྣམ་གཅོད་དུ་བསྟན་པ་མ་ཡིན་པའི་ངེས༵་དོན་ཇི་བཞིན་པའི་འདུག་ཚུལ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གས༵ང་བ་ཟབ་མོ་དང་དེ་སྟོན་པའི་རྒྱུད་སྡེ་རྣམས་ཀྱི་དོན་བཅུད་གཅི༵ག་ཏུ༵་དྲིལ་ཏེ། ད་ལྟ་རྗེ་འབངས་རྣམས་ལ་གླེང་ཞིང་། སླར་ཤོག་སེར་ལ་བཀོད་ནས་མན་ངག་བརྒྱ་དང་སྟོང་རྩ་སོགས་གཏེར་དུ་སྦས་པ་སྟེ། དེ་ཡང་དགོས་པ་ནི། མ༵་འོང༵ས་པའི་དུས་ནའང་སངས་རྒྱས་རྣམས་ཀྱི་དང་། པདྨ་ང་ཡི་ཐུགས་རྗེ་དང་སྨོན༵་ལམ༵། གདུལ་བྱ་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་ལ༵ས་འཕྲོ་གཉིས་ཆུ་སྣོད་དང་ཟླ་གཟུགས་ལྟར་རྟེན་ཅིང་འབྲེལ༵་བར་འབྱུང་བའི་དབ༵ང་གིས༵་མཐུས༵། བོ༵ད་ཆེན་པོའི་ལྗོངས་ཉིད་དུ༵་བཀའ་དང་བླ་མ་གོང་མའི་མན་ངག་གི་རྗེས༵་སུ་འབྲང༵་བ་ཐུན༵་མོང༵་བ་དང་། བསྟན་མཇུག་གཏེར་གྱིས་སྐྱོང་བའི་ལུང་བསྟན་བཞིན་ང་ཡི་ཟབ་གཏེར་གྱི་རྗེས་སུ་འབྲང་བ་ཁྱད༵་པ༵ར་བ་གཉིས་སུ་འབྱུང་བ་ལ༵ས། མ་སྨིན་པ་སྨིན༵་པར་བྱེད༵་པ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི་དབ༵ང་བསྐུར་བའི་ཚུལ་དང༵་ཆོ་ག་གྲོལ༵་བྱེད༵་ཁ་གཏམ་པའི་ཚུལ་གྱི་འབེལ་བའི་ངག་གི་གདམ༵ས་པའང་། ཨ་ཏི་རྡོ་རྗེ་སྙིང་པོ། སྤྱི་ཏི་རྡོ་རྗེ་རྩེ་མོ། ཡང་ཏི་ཐིག་ལེ་འབྲུ་གཅིག་ལ་སོགས་པ༵འི་རྒྱུད་དོན་དང་། རིག་འཛིན་སོ་སོའི་མན་ངག་ལ་མཁས་པའི་ཚིག་ཁྲིད་དང་། རྟོགས་ལྡན་གྱི་ཉམས་ཁྲིད༵་གཉིས་ཀྱི་རིམ་པ་དང་། སྐྱེ་བ་སྔ་ཕྱི་ད་ལྟའི་སྦྱངས་འཕྲོས་རྟག༵ས་དང༵་། ད་ལྟ་ཉམས་སུ་བླང་བའི་ཚ༵ད་ཀྱི༵་ཡི༵་གེ༵་ལ༵་སོག༵ས་པ་བཀའ་གཏེར་གྱི་མན་ངག་སོ༵་སོར༵་ཡང་བསྟན༵་ཀྱང༵་དེང་གང་ལ་དབང་བའི་ཆོས་སྐལ་འདིར༵་ཀྱང༵་ཡང༵་ཟབ༵་རྡོ་རྗེའི་སྙིང་པོའི༵་ལམ་གན༵ད་ཤིན༵་ཏུ༵་བསྡུས༵་ཏེ། གཅུད་པའི་དེམ་གྱིས་འོད་གསལ་མངོན་སུམ་དུ་འཆར་བའི་ཐབས་ལག༵་དུ་ལེན༵་པའི༵་སྙིང༵་པོའི་དོན་གཅིག་དུ་དྲིལ༵་ནས་གླེང་བར་བྱའོ། །ཞེས་སོ། །

གསུམ་པ་གང་ལ་གླེང་ན། ལྷ་སྲས་ཞེས་རྐང་པ་གཅིག་སྟེ། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ། རྒྱལ་སྲིད་ཆོས་ཀྱི་སྐྱོངས་པའི་ལྷ༵་ཅིག་ཁྲི་སྲོང་ལྡེའུ་བཙན་གྱིས་སྲས༵་ཀྱི་ཐུ་བོར་གྱུར་བ་མུ་ཏིག་བཙད་པོ་ལ་གདམས་ཤིང་། འདི་གདམས་པ་ཀུན་ཀའི་༼ གྱི་དཔྱད ༽བཅུད་འདྲིལ་བ་ཡིན་པས་ཁྱོད་གཏེར་ཆོས༵་ཀྱི༵་སྐལ༵་བ༵ས་མི༵་འཕམ་ཀྱཻ༵་ཞེས་བོས་ནས་དབུགས་དབྱུང་བའོ། །

བཞི་པ་དམ་ཚིག་ཕྱག་རྒྱ་གཉན་པོའི་བཀའ་རྩིས་ཀྱི་ཆིངས་སུ་བཅིང་བ་ནི། ས་མ་ཡཱཿནི་མནོག་ཆོས་མཆོག་ཏུ་ཡོད་པས་དམ་ཚིག་གི་རྒྱའི་བྲོའོ། །རྒྱ་རྒྱ་རྒྱ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ཀུན་ལ་མི་འཕེལ་བའི་བཀའ་ནན་ནོ། །


previousམཆོད་པར་བརྗོད་པ།next