Nitartha Digital Library
Tibetan
 
previousབར་དུ་དགེ་བ་གཞུང་གི་དོན།།next

བར་དུ་དགེ་བ་གཞུང་གི་དོན།།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། དབང་པོ་རབ་ཚེ་འདིར། འབྲིང་བར་དོར་གྲོལ་བའི་གདམས་པ། ཐ་མ་རང་བཞིན་སྤྲུལ་པའི་སྐུའི་ཞིང་དུ་དབུགས་དབྱུང་བའི་གདམས་པ་གསུམ་ལས་འདིར་རྟེན་འབྲེལ་གྱི་དབང་གིས་དང་པོ་ཉིད་འཆད་དོ། །

དེ་ལ་གདམས་པས་སྔོན་དུ་འགྲོ་བས་རྒྱུད་ལེགས་པར་འདུལ་སྦྱོང་གི་རིམ་པ་དང་། དངོས་གཞི་གཞི་ལམ་འབྲས་བུས་རྫོགས་ཆེན་གྱི་རིམ་པ་བཤད་པ་གཉིས་ལས། དང་པོ་ལ་ཐུན་མོང་སྤྱིའི་སྔོན་འགྲོ་དང་། ཐུན་མིན་ཁྱད་པར་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོའི་འདུལ་སྦྱངས་སོ། །དང་པོ་ལ་ཉེར་བསྡོགས་ཡན་ལག་གི་དང་། ཐུན་མོང་རྩ་བའི་སྔོན་འགྲོ། དམ་ཚིག་ཕྱག་རྒྱའི་ཆིངས་ཀྱིས་གཙིགས་མཛད་པ་དང་གསུམ་ལས། དང་པོ་ལ་བསམ་གཏན་གྱི་རྒྱུ་དབེན་པ་བསྟེན་པ། བྱིན་རླབས་ཀྱི་རྩ་བ་བླ་མ་བརྟེན་པ། གསང་སྔགས་ཀྱི་འཇུག་སྒོ་དབང་བསྐུར་ནོད་པ་དང་གསུམ་ལས། དང་པོ་ལ་ཕྱི་ནང་གི་དབེན་པ་གཉིས་ལས།

དང་པོ་ནི། འདི་མན་ཆད། མན་ངག་རྟོན་པ་བཞི་ལྡན་གྱི་ལུགས་ཡིན་པས་ཞལ་གསལ་ཞིང་གོ་སླ་བས་འབྲུ་གཉེར་བ་སྤངས་ཏེ་ཟུར་ཤུགས་རྒྱས་སྤྲོས་ཀྱིས་སྒྲོས་ཅུང་ཟད་བཏོད་པ་ལས་མེད་ཀྱང་། དེ་ཡང་ལས། ༼ འདི་ཡིག་སྐྱོན་ཞིག་དང་འདྲ་སྟེ། དེ་ལས་དང་པོ་རྣལ་འབྱོར་བ་སམ། དེ་ཡང་དང་པོ་རྣལ་འབྱོར་བ་གང་རུང་། ཨེ་ཡིན་སྙམ་ཀྱང་འགྲེལ་ཚུལ་འདི་གང་ལའང་མི་འགལ་ལོ། ། མཆན། ༽ དང་པོ་རྣལ་འབྱོར་པས། དབེན་པའི་གནས་སུ། ཞེས་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་གཞི་གཤེགས་སྙིང་གི་ཁྱབ་པའི་རིགས་ཡོད་པ་ལས་དང་། མཐར་ཐུག་སངས་རྒྱས་སུ་འགྱུར་བ་དང་། དམ་པའི་ཆོས་ཀྱིས་འདུལ་ཞིང་དུ་འགྲོ་བས་བཀའ་སྡོད་ལས་ཀྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རང་ཤར་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ནི། བཀའ་སྡོད་ལས་ཀྱི་རྣལ་འབྱོར་རོ། །ཞེས་གསུངས་ཤིང་། དེ་ལས་ཀྱང་གང་ཟག་ཚོགས་སྨོན་ལས་འཕྲོ་འཛོམ་པའི་ཆོས་ཟབ་མོ་བཟོད་པ་ནི་བཀའ་སྡོད་ལས་ཀྱི་རྣལ་འབྱོར་ཁྱད་པར་བ་ཡིན་པར་ལུང་རིག་གིས་གྲུབ་པས་ན་རྣལ་འབྱོར་བའི་མིང་ལས་དང་པོ་བ་ལའང་ཐོབ་པ་སྟེ། དེའི་ཉིན་མོ་མིའི་རྒྱུ་འགྲུལ་དང་། མཚན་མོ་དགྲའི་གླག་རྩོལ་མེད་ལ་འདུ་འཛིའི་དབེན་པ་འཇིག་རྟེན་མགོན་པོ་ཀུན་གྱིས་བརྟེན་ཅིང་བྱང་ཆུབ་གྲུབ་པའི་གནས་སུ་འཆགས་པར་བྱ་སྟེ། མདོ་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་དུ་མྱ་ངན་འདས་གྱུར་བ། །ཀུན་གྱིས་དགོན་པ་རབ་དབེན་དུ། །བླ་མེད་བྱང་ཆུབ་བརྙེས་པར་གྱུར། །ཞེས་སོ། །དེ་ཡང་དབེན་པའི་གནས་སུ་ཡུལ་ངན་མེད་པས་ཉོན་མོངས་རང་བཞིན་གྱིས་ཞི། ངེས་འབྱུང་དང་སྐྱོ་ཤེས་དགེ་སྦྱོར་ངང་གིས་འཕེལ། རྣམ་རྟོག་གི་རྦ་རླབས་དཀོན་པས་རིག་པ་དྭངས་ཤིང་ཆོས་ལ་ངེས་ཤེས་སྐྱེ་བ་དང་། ཏིང་ངེ་འཛིན་རང་ཤུགས་ཀྱིས་རྒྱུད་ལ་འཁོར་བ་ལ་དགོངས་ནས་ཞི་བ་ལྷས་ཀྱང་བསམ་གཏན་གྲུབ་པའི་རྒྱུ་ཚོགས་སུ་བསྟན་པ་དང་། རྒྱལ་སྲས་ཐོགས་མེད་པས། ཡུལ་ངན་སྤང་བས་ཉོན་མོངས་རིམ་གྱི་འགྲིབ། །རྣམ་གཡེངས་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པ་བརྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། ཟླ་བའི་སྒྲོན་མེའི་མདོ་ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་པའི་ནགས་ཁྲོད་བརྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་སྤྱོད། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་གསུངས། དེས་ན་ཡོན་ཏན་ཐམས་ཅད་དབེན་པ་བརྟེན་པ་དང་། སྐྱོན་ཐམས་ཅད་ཡུལ་ངན་དང་ཉེ་བ་ལས་འབྱུང་བའི་ཚུལ་ཤེས་པས་འདམ་ཀ་མ་ནོར་བར་བྱ་དགོས་ཏེ། །སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས། འདུ་འཛིར་དགེ་བ་དཔག་མེད་བསྒྲུབ་པ་བས། །དབེན་པར་ཉལ་ནས་སྡོད་པ་ཆེ་དགའ་སྟེ། །སྡུག་བསྔལ་རྒྱ་མཚོ་བདེ་བའི་རྒྱ་མཚོ་གཉིས། །འདམ་ཀ་མ་ནོར་དགོས་སོ་ཤཱཀྱའི་སྲས། །ཞེས་སོ། །གཞན་ཡང་དབེན་པར་བསམ་ནས་གོམ་པ་བདུན་བོར་བའང་རིང་སོང་གི་སྐལ་པ་རྒྱུད་ལ་ཐོབ་པར། མདོ་ལས། དགོན་པ་བསམ་ནས་གོམ་པ་བདུན་བོར་ཀྱང་། །དེ་ནི་ས་བདུན་བར་དུ་འཕགས་པར་འགྱུར། །ཞེས་སོ། །

གཉིས་པ་ནི། འཇིག་རྟེན་ནས་བཅད་ལ་ཞེས། དེ་ལྟ་བུའི་དབེན་པ་བརྟེན་པ་གལ་ཆེ་ཤོས་ཡིན་ལ། གལ་ཏེ་བརྟེན་ཀྱང་འཁོར་ཆེན་སྤངས་པའི་འཁོར་ཆུང་། སྒོམ་ཆེན་རྙིང་བས་ཨ་ཁྲད་ཆུ་རྡེབ་ཟེར་བའི་དཔེ་ལྟར་དེར་འཇིག་རྟེན་པའི་བྱ་བ་ངན་ཞེན་གྱི་ལེ་ལོའི་དབང་དུ་བཏང་ན་དོན་མེད་པས་ན། ཟིན་དུས་མེད་པ་སྤོས་རྒྱའི་རི་མོ་ལྟ་བུའི་བྱ་བ་དང་། གཞན་ཡང་ཆོས་བརྒྱད་དང་གཉེན་འདུན་སོགས་ལ་ཞེན་ཆགས་ཀྱི་བློས་འཁྲི་བའི་ཆ་ཐམས་ཅད་རྦད་ཀྱིས་བཅད་པར་བྱ་དགོས་ཀྱི་ཆོས་དང་འཇིག་རྟེན་སྲ་སྲེས་སུ་བྱས་ཀྱང་ཆོས་གཞུག་ཤོར་ནས་གྲུབ་དུས་མེད་པས་ན། རྗེ་བཙུན་བྱོན་ཁ་མར་བས། བུ་འཇིག་རྟེན་འདི་བློས་མ་ཐོང་བར་འདི་ཡི་བྱ་བ་དང་དམ་པའི་ཆོས་བསྲེས་ན། ཆོས་ཤོར་ཟིན་པ་དེ་རིང་ཡིན་གསུངས་པས་སོ། །

གཉིས་པ་ལ། བླ་མ་བརྟེན་དགོས་པའི་རྒྱུ་མཚན་བརྟགས་ཚུལ་དང་བཅས་པ། ཇི་ལྟར་བརྟེན་པའི་ཚུལ་ཡོན་ཏན་དང་བཅས་པའོ། །

དང་པོ་ནི་རང་རིག༴ནས། དྲུང་དུ། ཞེས་སོ། །དེ་ཡང་སྤྱིར་ཐེག་གསུམ་གྱི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་ནས་འབྱུང་བ་དང་། ཁྱད་པར་གསང་སྔགས་གྱི་དངོས་གྲུབ་ཀུན་གྱི་རྩ་བ་དང་དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་བསྒྱུར་བར་བཞུགས་པ་དང་། ཡང་དགོས་ཤིན་ཏུ་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མའི་བྱིན་རླབས་ཁོ་ནས་སྒྲིབ་པ་བསལ་སྟོབས་ལས་རང་ལ་མཚོན་པས་གསལ་བ་སྟེ། བསྐལ་པར་མུན་ཁང་དུ་བུམ་པ་གནས་པ་མཐོང་བ་སྒྲོན་མེ་ལ་ལྟོས་པ་བཞིན་པས་ན། ཕོ་ཚོད་ཀྱིས་དཔེ་ཐོག་བྲོ་བརྡུང་གི་རྟོག་གེ་དང་། འོལ་སྤྱི་ཙམ་གྱིས་རྟོགས་མི་སྲིད་དེ། མ་ཟད་རྒྱུད་དང་མན་ངག་ལ་བལྟ་བའི་དབང་ཙམ་ཡང་ཟ་མི་རུང་སྟེ། བདེ་བའི་འཁོར་ལོའི་རྒྱུད་ལས། དེ་བཞིན་ལུང་ལྡན་སློབ་དཔོན་གྱིས། །མན་ངག་ཆོས་སྐུ་མ་བསྟན་ན། །ཐབས་དང་གཡོ་རྒྱུ་སྣ་ཚོགས་ཀྱིས། །བཀའ་རྐུན་སྐྱོན་གྱིས་ཆོས་བཙལ་ཀྱང་། །རང་སེམས་མི་རྟོགས་ངན་སོང་ལྟུངས། །ཞེས་དང་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་ངན་སོང་ལྟུངས། །ཞེས་སོ། །བླ་མའི་བཀའ་དྲིན་གྱིས་མངོན་པར་རྟོགས་པའང་། རྒྱུད་ནམ་མཁའ་ཀློང་ཡངས་ལས། ལུང་ལྡན་ངེས་པའི་གདམས་ངག་གིས། །རང་སེམས་སྙིང་པོ་ཆོས་སྐུ་ནི། །བསྟན་ན་དེ་མ་ཐག་ཏུ་ཤེས། །མ་བསྟན་པར་དུ་ཤེས་མི་སྲིད། །ཅེས་དང་། ཀྱཻ་རྡོར་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུའང་ནི་འབྱུང་མིན་ཏེ། །བླ་མས་དུས་ཐབས་བསྟན་པ་ལས། ། ཞེས་དང་། ས་ར་ཧས། བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། ། གྲོལ་བར་མི་འགྱུར་སྙམ་ཀྱང་གྲོལ་བར་ངེས། །ཞེས་སོ། །བླ་མ་དེའང་སྔགས་སྤྱིར་བཏང་ལྟར་མཚན་ཉིད་བརྒྱད་ལྡན་ཞིག་དགོས་པའི་སྟེང་། ཁྱད་པར་གསང་སྔགས་ཨ་ཏི་ཡོ་གའི་རྒྱུད་ཀྱི་ཚིག་དོན་ལ་མཁས་པ་དང་། འཇིག་རྟེན་གྱི་བྱ་བ་བཏང་བ་དང་། སོ་སོ་རང་རིག་པའི་ཡེ་ཤེས་ཆོས་ཉིད་དོན་གྱི་རྣལ་མ་ལ་བློ་ལྟ་བསྒོམ་སྤྱོད་པས་རང་དབང་དུ་འབྱོར་བ་དང་། འདི་ཕྱི་བར་དོ་གང་རུང་དུ་གྲོལ་བའི་རྟགས་ཚད་དང་ལྡན་པ་དང་། གདུལ་བྱའི་དོན་དུ་སྐྱོ་ངལ་མེད་ཅིང་མཁྱེན་རབས་རླབས་ཆེ་བ། ང་རྒྱལ་དང་རློམ་སེམས་མེད་པའི་ཡོན་ཏན་དྲུག་ལྡན་ཞིག་དགོས་པར། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལྡན་ཚད་ཕེབས་དང་། ། འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཅེས་མཚན་ཉིད་དྲུག་དང་ལྡན་པའི་སློབ་དཔོན་གྱིས་སློབ་མའི་རིགས་དྲུག་གི་ས་བོན་སྟོངས་ནས་ཉོན་མོངས་དྲུག་སྦྱོངས། ཡེ་ཤེས་དྲུག་གི་དོན་འཆར་བའི་ནུས་པ་རྒྱུད་ལ་འཇོག་ཐུབ་པའོ། །

གཉིས་པ་ནི། ལུས་ངག༴ བཏུད་ལ་ཞེས། དེ་ལྟ་བུའི་བླ་མའི་དྲུང་དུ་ཕྱིན་ཏེ། སྲི་ཞུ་བགྱིས་ནས་བརྟེན་ཚུལ་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་དང་ལྡན་པ་ཞིག་བྱེད་དགོས་ཀྱི་ཅུང་ཟད་ཙམ་གྱི་མི་འོང་བས། རྗེ་བཙུན་གྱིས་མར་བ་བརྟེན་པ་སོགས་ལ་ཚད་བཙུག་སྟེ། ཟང་ཟིང་གི་སྒོ་ནས་བླ་མས་བཞེད་པ་མེད་ཀྱང་གསེར་དངུལ་རིན་ཆེན་རྟ་གླང་དང་། བཞེད་ན་རང་གི་བུ་དང་ཆུང་མ་གཞན་གྱི་བུ་མོ་ལ་སོགས་བསླུས་ལ་ཕུལ་བར་བྱ་སྟེ། ཀློང་གསལ་ལས། བུ་དང་རིན་ཆེན་ནོར་གྱི་དབྱུག །རབ་ཏུ་གཅེས་དང་ཡིད་འཐད་ཕུལ། །ཞེས་དང་། གསང་སྙིང་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག ། རབ་ཏུ་གཅེས་དང་ཡིད་འཐད་ཕུལ། །ཞེས་སོ། །ལུས་ངག་ཡིད་གསུམ་གྱི་ཞབས་ཏོག་གིས་མཉེས་པར་བྱ་བའང་། ལུས་ཀྱིས་བླ་མའི་བྱ་བ་ལ་རང་བཙའ་ཅུང་ཟད་ཀྱང་མེད་པར་བསྒྲུབ་པ་དང་། ཕྱག་དང་བསྐོར་བ། བླ་མ་ལ་རྒོལ་བྱེད་ཚར་གཅོད་པ་ལ་སོགས་པས་བཀུར་བསྟི་བྱ་སྟེ། དཔལ་བདུད་རྩི་འབྱུང་རྒྱུད་ལས། གལ་ཏེ་བླ་མ་ལ་གནོད་པའི་། །མ་རུང་སེམས་ཅན་རྩོམ་པ་ལ། །བདག་ཉིད་ཀྱིས་ནི་བསད་བྱས་ན། ། སེམས་ཅན་འབུམ་གྱི་སྲོག་བཏོན་པའི། །བསོད་ནམས་འདི་ཡི་ཆར་མི་ཕོད། །བླ་མའི་བྱ་བ་རྫོགས་བྱས་ན། །འདི་ཡང་དེ་དང་མཉམ་པའོ། ། ཞེས་བཀུར་ཚུལ་ཕན་ཡོན་དང་བཅས་པ་དང་། ངག་གིས་མཉེས་པར་བྱ་བའང་། བླ་མའི་ཡོན་ཏན་བརྗོད་པ། གསུང་སྒྲོས་བཟུང་ནས་གཞན་ལ་འདོམ་པ། སྙན་པར་སྨྲ་བས་ཐུགས་ལ་བསྟུན་པ་སྟེ། ཆུབ་པར་རོལ་བའི་རྒྱུད་ལས་ཕན་ཡོན་དང་བཅས་པ། ཤེས་རབ་མཆོག་གིས་བླ་མ་ལ། །ངག་གིས་མཉེས་པར་བྱས་པ་ནི། །སངས་རྒྱས་རྣམས་ཀྱི་གསུངས་པའི་ཆོས། །བསྐལ་པ་བརྒྱ་ཕྲག་མང་པོར་ཡང་། །སུ་ཡིས་བཀླག་ཅིང་བརྗོད་པ་བས། །བསོད་ནམས་འབུམ་ཕྲག་བསམ་ཡས་སོ། །ཞེས་སོ། ། ཡིད་ཀྱིས་དད་པ་དང་མོས་གུས་བླ་མའི་ཡོན་ཏན་དྲན་པའི་ཡི་རང་དང་གདུང་བའི་ཤུགས་ཆེན་པོ་བྱ་བ་སྟེ། འགྱུར་ལྡོག་མེད་ཅིང་རབ་ཏུ་བརྟན་པོའི་ཕན་ཡོན་དང་བཅས་པའང་། དེ་ཉིད་ལས། སྟོང་གསུམ་གང་བའི་སངས་རྒྱས་ལ། །མཆོད་པ་སྟོང་གསུམ་མཆོད་པ་བས། །ཡོན་ཏན་ནང་ན་དད་པ་མཆོག །འདི་ཡི་མཉེས་པའི་ཆར་མི་ཕོད། །ཅེས་སོ། །བསྒྲུབ་པའི་མཆོད་པ་ནི་མཆོད་པའི་མཆོག་སྟེ། ཇི་སྐད་དུ། མཉེས་པ་གསུམ་གྱི་ནང་ནས་བསྒྲུབ་པ་མཆོག །ཞེས་སོ། །དེ་ལྟར་རྩེ་གཅིག་ཟོལ་ཟོག་མེད་པའི་སྒོ་ནས་བཏུད་ཅིང་བསྟེན་ཏེ། དེའི་ཡོན་ཏན་གྱིས་འདོད་པ་ཐམས་ཅད་འགྲུབ་པའང་། ཐལ་འགྱུར་ལས། བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་བརྟེན་ནས་བླ་མ་བརྟེན། །འཁོར་བའི་གཡུལ་ངོ་བཟློག་ཕྱིར་རོ། །ཞེས་སོ། །

གསུམ་པ་ལ་དངོས་དང་དགའ་སྟོན་ནོ། །དང་པོ་དབང་ནོད་པ་དངོས་ནི། རྩ་གསུམ༴ བྱས་ཏེ། ཞེས་པ་ཕྱི་ལྟར་དབང་བཞིའི་སྨིན་པར་བྱ་བ་དང་། ནང་གསང་ལྟར་སྤྲོས་བཅས་བུམ་དབང་ཆེན་མོ། སྤྲོས་མེད་གསང་བའི་དབང་། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས། རབ་ཏུ་སྤྲོས་མེད་ཚིག་གི་དབང་མཆོག་བླ་མེད་རིག་པའི་རྩལ་དབང་གཉིས་ལ་སོགས་པས་སྨིན་པར་བྱེད་དགོས་ཏེ། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་སུ། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་སོ། ། དབང་མ་ཐོབ་པའི་ཉེས་དམིགས་ནི། ཆོས་ཀྱི་སྣོད་རུང་དུ་མི་འགྱུར། རྒྱུད་ལ་བྱིན་རླབས་མི་འཇུག །དངོས་གྲུབ་ཀྱི་རྩ་བ་ཆད་པ་སྟེ། ཁ་སྦྱོར་ཐིག་ལེའི་རྒྱུད་ལས། དབང་མ་ཐོབ་ན་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཞེས་དང་། སྙིང་གི་མེ་ལོང་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་སྟེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། །ཞེས་སོ། །དབང་བསྐུར་བའི་ཡོན་ཏན་ནི། ཀློང་གསལ་ལས། དབང་བསྐུར་རྒྱུད་སྨིན་ཆོས་སྒོ་ཕྱེད། །གསང་སྔགས་དོན་ཀུན་འགྲུབ་པར་གྱུར། །ཞེས་ཕྲིན་ལས་བཞི་འགྲུབ། རིག་འཛིན་བཞི་ཐོབ། སྣང་བ་བཞི་ཚད་དུ་ཕྱིན། སྒྲིབ་པ་བཞི་དག །སྐུ་བཞི་ཐོབ་པའི་དབང་གི་གོ་རིམ་དང་མཐུན་པའི་ཡོན་ཏན་སྐྱེའོ། །

གཉིས་པ་ནི། རྩ་བ༴ བྱས་ནས། ཞེས་དབང་ཐོབ་པའི་རྗེས་དང་སྔོན་གཉིས་ལ་དགའ་སྟོན་དུ་རྩ་གསུམ་ཕྱི་ནང་གསང་བ་གང་བབས་ཀྱི་ཚོགས་འཁོར་ཕུལ་བའི་དགའ་སྟོན་ཆེན་པོ་བླ་མ་དང་མཆེད་གྲོགས་ཐམས་ཅད་ལ་དགོས་ཀྱི། གཞན་དུ་དངོས་གྲུབ་མེད་ཅིང་དེ་ལྟར་བྱས་ན་ལེགས་ཚོགས་མ་ལུས་པ་ཐོབ་པའང་། ཀློང་གསལ་ལས། དབང་བསྐུར་ཐོག་མ་ཐ་མ་རུ། །དགའ་སྟོན་མ་བྱས་དངོས་གྲུབ་མེད། ། ཅེས་དང་། ཚོགས་ཀྱི་དགའ་སྟོན་སུས་བྱས་པ། །རྣལ་འབྱོར་པ་རྣམས་མཉེས་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་དང་། དབང་རྣམ་པར་ཕྱེ་བ་ལས། དགའ་སྟོན་ཆེན་པོའི་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །ཡུམ་དང་བཅས་པ་ཐམས་ཅད་ལ། །སུ་ཡིས་སྟོན་མོ་བྱས་ན་ནི། །བསྐལ་པ་འབུམ་ཕྲག་དུ་མ་རུ། །སངས་རྒྱས་ཐམས་ཅད་མཉེས་བྱས་ཀྱང་། ། བསོད་ནམས་འདི་ཡིས་ཆར་མི་ཕོད། །ཅེས་སོ། །དབང་གིས་སྨིན་པའི་རྗེས་ཐོག་ཏུ་གདམས་ངག་མཉན་ནས་ཉམས་སུ་ལེན་པ་ལ་འཇུག་པར་བྱ་སྟེ། དེ་ཡང་གདམས་ངག་རིམ་གྱིས་སྦྱིན་པའི་དབང་དུ་སྔོན་འགྲོ་འདོམ་མོ། །

གཉིས་པ་ལ། འདིའི་སྒོས་བཀར་གྱི་དབང་དུ་བྱས་པའི་ཐུན་གྱི་སྔོན་འགྲོ་དང་། དེའི་ཉམས་སུ་བླང་བའི་ཚུལ་གཉིས་ལས།

དང་པོ་ནི་ལུས་ངག༴ བསམ་དགོས་ཏེ། འདིའི་དུས་སུ་དམིགས་པ་གཅིག་པུ་དེ་ལས་གཞན་མི་བྱེད་པའི་དོན་ཡིན་པས་ན། ལུས་ཀྱིས་ཕྱག་སྐོར་སོགས་བཟང་པོ། །སྲོག་བཅད་སོགས་ངན་པ། བཟོ་གྲུབ་པ་སོགས་བར་བ་དང་། ངག་གིས་རྫུན་སོགས་ངན་པ། ཁ་ཏོན་སོགས་བཟང་པོ། ཀྱལ་བ་སོགས་འབྲིང་པོ། སེམས་ཀྱིས་ལྷ་བསྒོམ་སོགས་བཟང་པོ། བརྣབ་སེམས་སོགས་ངན་པ། སྔོན་བསུ་རྗེས་དེད་ཀྱི་རྣམ་རྟོག་ཐམས་ཅད་དོར་ནས། ཆོས་རྣམ་དག་འོང་བ་ལ་ཚེ་བློས་བཏང་དགོས། དེ་མ་ཐོངས་ན་ཅི་བྱས་འཁོར་བའི་སྣོན་མར་འགྲོ་བས་ན། སྔོན་རྣལ་འབྱོར་བ་ཕྱག་པ་ཁྲི་མཆོག་གིས་མར་མེ་མཛད་ལ། རྩེ་གཅིག་བསྒོམ་པ་དང་། འཆད་པ་དང་། སྤེལ་མར་བྱེད་པའི་དམ་བཅའ་ཕུལ་ཀྱང་། བྱ་བ་ངན་པ་ཡིན་པས་སྤོངས་གསུངས། འོ་ན་ཇི་ལྟར་བྱེད་ཞུས་པས། ཚེ་བློས་ཐོངས་གསུངས་སྐད། དེས་ན་ཆོས་ཀྱི་མགོ་ཚེ་བློས་བཏང་རྒྱུ་འདི་ཡིན་པས། པོ་ཏོ་བས། དབྱངས་སོགས་འཐེན་པ་ལ་དང་པོ་ཨོ་ཟེར་བ་དེ་ཐོན་དཀའ། དེ་ཐོན་ནས་ལས་སླ། དེ་བཞིན་དུ་ཆོས་བྱེད་པ་ལ་དང་པོ་ཚེ་བློས་ཐོངས་དཀའ། དེ་ལན་ཅིག་ཐོངས་ནས་དེ་ནས་ལས་སླ་ཞེས་གསུངས་པ་དང་། སངས་རྒྱས་ཀྱིས། གལ་ཏེ་བདེ་བ་ཀུན་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤངས། །འདོད་པ་ཐམས་ཅད་ཡོངས་སྤངས་ན། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཞེས་གསུངས་པས་སོ། །ཚེ་བློས་ཇི་ལྟར་བཏང་ན། གཏད་ས་བཞི་དང་། རྡོ་རྗེ་གསུམ། བུད་བསྙེགས་ཐོབ་གསུམ་སྟེ་ཆོས་པའི་ཕུག་ནོར་བཅུ་ལ་གཞི་བཅོལ་དགོས། དེ་རྣམས་ཡིད་ལ་བཞག་པ་ཙམ་གྱིས་ཀྱང་ཉོན་མོངས་པའི་རྫོངས་འགྱེལ་ལས་ངན་གྱི་གྲུ་ལྡིབ། གཉེན་པོའི་ཐང་བདེ་བ་ལ་སླེབས་པས་འདི་ཕྱིའི་ཕན་བདེ་ཐམས་ཅད་འགྲུབ་པ་ལ་ཚེགས་མེད་དོ། །དེ་ནས་བདེ་བའི་སྟན་ནང་ཚངས་ཅན་གྱི་སྟེང་དུ་བླ་མའི་མན་ངག་དང་ལྡན་པས་ལུས་ཀྱི་གནད་ལེགས་པར་བསྲེང་སྟེ། ཞེས་རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་བས་ན། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྩ་ཀུ་ཤ་གདན་དུ་བཏིང་ནས་བྱང་ཆུབ་པའི་རྟེན་འབྲེལ་གྱིས་རྩའི་ནང་ཚངས་སུ་བྱས་པའི་སྟན་ལ་གནས་དགོས་པས། རབ་འབྱམས་ལས། ནང་ཚངས་ཅན་གྱི་སྟན་ལ་ནི། ཞེས་གསུངས་པ་དང་མཐུན་ན་ཤིས་སོ། །ལུས་གནད་ནི། སྤྱིར་བསྒོམས་པ་ལ་ཆོས་བདུན་ཡིན་ཀྱང་འདིར་མི་རྟག་སྡུག་བསྔལ་གཉིས་བསམ་པའི་དུས་སུ་མྱ་ངན་གྱི་ཕྱག་རྒྱའི་གནས་པ་རྟེན་འབྲེལ་དགེ་བས་ན། རྐང་བ་པུས་ཚུགས་སུ། ལག་པ་སྔོན་ནས་བསྣོལ་བའམ། ཡང་ན་ལུས་པོ་རྟ་བབས་ཚུགས་ཀྱིས་པུས་མོ་གཡས་ཅུང་ཟད་བསྟོད་པའི་སྟེང་དུ་ལག་པའི་གྲུ་མོ་བཙུག་ཏེ་ཐལ་མོའི་འགྲམས་སྐྱོར། ལག་གཡོན་བྲང་བའམ་དཀུ་སྐབས་སུ་བཀྲམ་པའོ། །ལུས་གནད་སོགས་དང་ལྡན་པས་ཞག་གསུམ་ཞེས་པ་སྔོན་རྒྱུད་ལ་སྐྱེས་ཟིན་པས་གསལ་འདེབས་ཀྱིས་དོན་ཙམ་ལ་དགོངས་པ་ཡིན་གྱི། སྤྱིར་ནི་མི་རྟག་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསམ་པར་བྱེད་དགོས་ཏེ། ཆོས་པའི་བརྩོན་འགྲུས་ཀྱི་ལྕགས་འདེབས་འདི་ཡིན་པས་སོ། །

གཉིས་པ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམ་ཏེ་མི་རྟག་པ་བསྒོམ་པ་དང་། ནང་བཅུད་ཀྱི་སེམས་ཅན་ལ་བསམ་དེ་མི་རྟག་པ་བསྒོམ་པ་དང་། ཅིས་ཀྱང་ཕན་མེད་ལ་བསམ་ཏེ་མི་རྟག་པ་བསྒོམས་པ་དང་། དུས་ཀྱི་ཐིངས་མེད་ལ་བསམ་ཏེ་མི་རྟག་པ་བསྒོམས་པ་དང་། རྒྱུད་ལ་སྐྱེས་པའི་ཚད་དང་། དེའི་དགོས་པའམ་ཡོན་ཏན་བསྟན་པ་སྟེ་ལྔ་༼ དྲུག་ཨེ་ཡིན་དཔྱད། ༽ལས།

དང་པོ་ནི། ཕྱི་སྣོད་ཀྱི༴ ནས། མི་རྟག་ཞེས། འདི་ལྟར་དུས་རིང་བ་ལ་བསམ་ན། ཕྱི་སྣོད་ཀྱི་འཇིག་རྟེན་བསྐལ་པ་དང་པོ་ཆགས་ནས། ནམ་མཁའ་སྟོང་པའི་དབྱིངས་སུ། རླུང་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་དང་། དེའི་སྟེང་དུ་ཞི་བ་གསལ་དག་གི་རྒྱ་མཚོ་ཟླུམ་ལ་འཁྱིལ་བ། དེའི་སྟེང་དབང་ཆེན་གསེར་གྱི་ས་གཞི་གྲུ་བཞི་བ་མུ་ཁྱུད་དང་བཅས་པའི་ནང་དུ་ནམ་མཁའ་ནས་ཆར་བབས་པའི་དྭངས་མ་ལས། གླིང་བཞི་གླིང་ཕྲན་བརྒྱད་ལྷུན་པོ་ཉི་ཟླ་དང་བཅས་པས་མཚོན། འདོད་ཁམས་ཀྱི་ལྷ་གནས་སུམ་ཅུ་རྩ་གསུམ་མན་ཆད་དང་། དམྱལ་བ་ཡན་ཆད་ཀྱིས་སྣོད་ཀྱི་འཇིག་རྟེན་སྲ་ཞིང་འཐས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བྱེ་བ་ཕྲག་བརྒྱ་ཆགས་པ་འདི་ཡང་ཕྲ་བ་སྐད་ཅིག་གིས་མི་རྟག་པར་དུས་འགྱུར། རགས་པ་རྒྱུན་གྱི་མི་རྟག་པར་མེ་བདུན་ཆུ་གཅིག་གིས་ལན་བདུན་དང་། མཐར་ཐལ་བའང་རླུང་གིས་བཤིགས་ནས་ནམ་མཁའ་གཅིག་དུ་འགྱུར་བའི་སྐབས་ཡོད་ན། བདག་གི་ཆུ་བུར་ལྟ་བུའི་ལུས་འདི་ཅིའི་ཕྱིར་མི་འཇིག་སྙམ་དུ་བསམ་དགོས་ཏེ། བཤེས་སྤྲིང་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། ། ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་སོ། །

གཉིས་པ་ནི། ནང་བཅུད་ཀྱི༴ནས། མི་འཆི་ཞེས། ཡང་དེ་བཞིན་དུ་ད་ལྟ་ས་སྟེང་འདི་ན་ཡོད་པའི་མཆོག་དམན་དྲག་ཞན། མི་དང་དུད་འགྲོ་ལ་སོགས་པ་ཐམས་ཅད་ལ་ལོ་བརྒྱའི་ནང་ནས་འཆི་མི་དགོས་པར་གནས་པ་དང་། སྔ་སོར་གྱི་ལོ་བརྒྱ་ཡན་ཆད་ཀྱི་སེམས་ཅན་སྣང་བ་ཡོད་དམ་མེད། དེ་བཞིན་དུ་མཐོ་སྲིད་རྩེ་ནས་དམའ་དམྱལ་བ་ཡན་ཆད་ན་སྐྱེས་ནས་མ་ཤི་བ་ཞིག་མཐོང་ཐོས་ཐེ་ཚོམ་དུ་གྱུར་བ་ཡོད་དམ་མེད་བསམ་ན་མེད་པས་ན། ཆེད་དུ་བརྗོད་པའི་ཚོམས་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་དང་། གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སྦྱོངས་བྲམ་ཟེའི་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་དང་། ཇི་སྐད་དུ། ས་འོག་ས་སྟེང་ས་བླ་ན། །སྐྱེས་ནས་ལ་ལ་མ་ཤི་བ། །དེ་ནི་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་སོ། །དེས་ན་བདག་ཕྲན་བུ་ལ་མི་འཆི་བའི་རྒྱུ་མཚན་ཅི་ཡོད་ན་མེད་དེ། མྱུར་དུ་འཆིའོ། །བསམ་དགོས་སོ། །

གསུམ་པ་ནི། འཆི་བར་འདུག༴ནས། མི་ཕན་ཞེས། སྤྱིར་འཆི་བའི་དུས་ལ་བབས་ན་ཕྱི་མ་དང་བར་དོ་ལ་ཆོས་མིན་པ་གང་ཡང་སྐྱབས་སུ་མི་འགྱུར་བའང་། ཇི་སྐད་དུ། འདི་ན་ཕ་དང་མ་དང་བཤེས་རྣམས་དང་། །གཉེན་དང་རྩ་ལག་དེ་བཞིན་སྐྱབས་མི་འགྱུར། །བུ་དང་བུ་མོའང་དེ་བཞིན་མགོན་སྐྱབས་མིན། །ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པ། །འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་མེད་དོ། །ཅེས་སོ། །ཁྱད་པར་དུ་འཆི་བའི་འཇིགས་པ་ལས་སྡེ་རིས་དང་དཔུང་གཉེན་གྱིས་མི་སྐྱོབས་ཏེ། མ་ཟད་ཐམས་ཅད་ཤུལ་དུ་བོར་ནས་འགྲོ། རྣམ་ཐོས་སྲས་ཀྱི་དཔལ་འབྱོར་ཡོད་ཀྱང་བསླུས་སུ་མེད། ལྷ་རྫས་ཀྱི་གོས་ཡོད་ཀྱང་། བདུད་རྩིའི་ཟས་ཡོད་ཀྱང་། མཛེས་པའི་གཟུགས་ཡོད་ཀྱང་། མཁས་པའི་ཁ་ཡོད་ཀྱང་། མགྱོགས་པའི་བང་ཡོད་ཀྱང་། དཔའ་བའི་དཔུང་ཡོད་ཀྱང་། སྨན་དང་རིག་སྔགས་ཡོད་ཀྱང་ཕན་པ་ཅུང་ཟད་ཀྱང་མེད་དེ། འདུལ་བ་ལུང་ལས། དཔའ་རྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །རྒྱལ་པོ་སྡོམ་བརྩོན་དཀའ་ཐུབ་དང་། །ལས་དང་བརྩོན་འགྲུས་རྟུལ་ཕོད་དང་། །འཁོར་ཚོགས་རྒྱ་ཆེན་བློ་གྲོས་ཀྱིས། །འཆི་ལས་ཇི་ལྟར་ཐར་མི་འགྱུར། །ཞེས་དང་། ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་བྱེད་སྒྲ་ངན་སྐྱ་སེང་བུ། །དེས་ཀྱང་འཆི་བ་བཟློག་མི་ནུས། །མཐར་བྱེད་པ་ལས་སྨན་དག་དང་། །རིག་སྔགས་ཀུན་དང་དཔུང་དག་དང་། །ལྷ་དང་བསྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུའི་སྐྱོབས་མི་ནུས། ། ཞེས་སོ། །དེ་ལྟ་བུའི་ཚུལ་བསམ་ཏེ་མི་རྟག་པ་བསྒོམ་མོ། །

གསུམ་པ་༼ བཞི་པ་དཔྱད། ༽དུས་ཐིང་བ་མེད་པ་ལ་བསམ་ནས་མི་རྟག་པ་བསྒོམ་པ་ནི། ཁྱད་པར༴ནས། བརྟགས་པས། བར་གྱི། ཁྱད་པར་དུ་འཆི་བ་ཀུན་ལ་ཡོད་པ་སྤྱིར་བཏང་ཀྱང་། ད་དུང་ངེས་པ་མེད་པས་ཨེ་སྐྱོན་སྙམ་ན། ངེས་པ་མེད་པ་ཉིད་ཀྱིས་འཇིག་པའི་གནས་སུ་རིག་སྟེ། ངེས་པ་ཡོད་ན་དེ་བར་གདེངས་དེ་ཡོད་པས་མི་སྐྱོན་ཀྱང་། ལོ་གྲངས་ཉུང་བ་དང་། ནད་མེད་པ་རྣམས་ཀྱིས་ཕན་པ་ཅུང་ཟད་ཀྱང་མེད་པ་དང་། ཚེ་ཟད་པ་ཡོད་པ་དང་། སྣོན་པ་མེད་པ་དང་། ཚད་འདི་ཙམ་དུ་ངེས་པ་དང་ཚོད་ཟིན་པ་མེད་པ་དང་། ས་ཕྱོགས་འདིར་འཆི་བའི་ངེས་པ་མེད་པ་དང་། རྐྱེན་འདིའི་འཆི་བའི་ངེས་པ་དང་ཚོད་ཟིན་པ་མེད་དེ། རིམ་པ་བཞིན་ཏུ། མཚན་མོ་བཟང་པོ་མདོ་ལས། སང་ཙམ་འཆི་ཡང་སུས་ཞེས༼ ཤེས་དཔྱད། ༽ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་ཡིན་ནམ་ཅི། །ཞེས་དང་། དཔུང་བཟང་གི་མདོར། ས་ཡི་ཕྱོགས་གང་བདག་གི་ཐ་མའི་གནས། །གཏོལ་མ་མཆིས་པ་ཉིད་དུ་ཤེས་བྱ་སྟེ། །ཞེས་དང་། ལུང་ལས། ཁ་ཅིག་ཟས་ཀྱིས་བརྣང་ནས་འཆི། །ལ་ལ་སྨན་གྱིས་འཆི་བའང་ཡོད། །མི་མཐུན་རྐྱེན་ལྟ་ཅི་ཞིག་སྨོས། །དེ་བས་ངེས་པ་འགའ་མེད་དོ། །ཅེས་དང་། ཆེད་དུ་བརྗོད་པའི་ཚོམས་ལས། མངལ་དུ་དང་པོ་འཇུག་པའི་མོད། །ཚེ་ནི་སྣོན་མེད་གོད་འགྱུར་ཞིང་། །ཞེས་དང་། སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབས་པའང་འཆི་འགྱུར་ན། ། དེ་ལ་མི་འདི་གཞོན་ཞེས་སུ། གསོན་པོའི་གདེངས་བྲོད་ཇི་ཞིག་ཡོད། ཁ་ཅིག་མངལ་དུ་འཆི་བའང་ཡོད། །དེ་བཞིན་ཁ་ཅིག་བཙས་པར་ན། ། དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་གཞོན་དང་ལ་ལ་རྒན། །ལ་ལ་དར་ལ་བབས་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །ཞེས་སོ། །དེ་ལྟ་བུའི་ཚུལ་ལ་གཞལ་ཏེ་མི་རྟག་པའི་རྣམ་གྲངས་བསམ་མོ། །

བཞི་བ་༼ ལྔ་དཔྱད། ༽ རྒྱུད་ལ་སྐྱེས་པའི་ཚད་ནི། ཉིན་མཚན་༴ བསྐྱར་རོ་ཞེས། དུས་རྣམས་ཀུན་ཏུ། སྐད་ཅིག་ཀྱང་མི་བརྗེད་པར་འཆི་བའི་འདུན་པ་རྒྱུན་ཆགས་པར་འཇིགས་པ་དང་། བློ་སྣ་ཐུང་བ་དང་། སྲིད་པ་གང་དུ་སྐྱེས་ཀྱང་འཆི་བར་ཤེས་ནས་འཁོར་བ་ལ་བློ་ལྡོག་པ་དང་། འཁྲུལ་བའི་བྱ་བ་བྱེད་ལོང་མེད་པར་ཤེས་ནས་སོ་ཚིས་མི་བྱེད་པ་དང་། སོས་དལ་དུ་མི་སྡོད་པར་སྒོ་གསུམ་ཆོས་ལ་བརྩོན་པ་དང་། ཕྱི་བཤོལ་ལ་གཟེགས་མི་བསྐུར་བར་ད་ལྟ་ཉིད་ནས་ཆོས་ལ་བསྟུན་པ། ཚེ་འདིའི་བྱ་བ་དང་སྣང་བ་ལ་སྙིང་པོ་མེད་པར་ཤེས་པས་ཆོས་བརྒྱད་རླུང་ལ་བསྐུར་བ། འཆི་ཚེ་ཕན་པའི་ཆོས་ལ་ཚོད་ཡོད་དང་འགྱུར་ལྡོག་མི་ཤོར་བ་བྱུང་ན་སྐྱེས་པའི་ཚད་ཡིན་ནོ། །

ལྔ་༼ དྲུག་དཔྱད། ༽པ་ནི། དགོས་པ་ནི༴ མི་འཇུག་གོ །ལར་མི་རྟག་པ་བསྒོམ་པས་དུས་དང་རྣམ་པ་ཀུན་ཏུ་འཆི་བ་དྲན་ནས། དེ་ལ་ཕན་པ་དམ་པའི་ཆོས་མ་གཏོགས་མེད་པར་ཤེས་ཤིང་ཆོས་ལ་བློ་རྩེ་གཏོད། སྔར་མེད་པའི་ཡོན་ཏན་མང་པོ་རྒྱུད་ལ་སྐྱེ། རྟག་འཛིན་མེད་པས་དགྲ་གཉེན་རྒྱུ་རྫས་གང་ལའང་ཆགས་སྡང་རང་སར་ཞི། ཚོགས་གཉིས་ངང་གིས་རྫོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པ་དང་། འཇིག་རྟེན་གྱི་ཆོས་ལ་སྙིང་པོ་མེད་པར་གོ་ནས་ཞེན་པ་ལོག །དང་པོ་ཉམས་ལེན་ལ་འཇུག་པའི་རྒྱུ་བྱེད། བར་དུ་ཚོད་ཡོད་དང་ལོང་ཡོད་ཙམ་དུ་རྩི་བའི་ལེ་ལོའི་བདུད་འཇོམས། ཐ་མ་ཆོས་མཐར་དབྱུང་ཞིང་འཆི་མེད་གཉུག་མའི་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གསལ་བར་བྱེད་པས་ནའང་འཆི་བ་བསྒོམ་པ་འདི་བསྒོམ་གྱི་དམ་པའང་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སྔོན་ཞི་ལྷག་གི་ཏིང་འཛིན་རྒྱ་མཚོ་ལྟ་བུ་བརྙེས་ཀྱང་ཐམས་ཅད་མཁྱེན་པ་མ་ཐོབ་པ་ལ་ལམ་བདེན་བཞི་མི་རྟག་སོགས་བཅུ་དྲུག་བསྒོམ་པས་ཁོང་དུ་ཆུད་ནས་བདུད་རྩིའི་གོ་འཕང་བརྙེས་ཟེར། དེས་ན་མྱུར་དུ་སངས་རྒྱས་འདོད་ཀྱང་འཆི་བ་མི་རྟག་པ་བསྒོམ་པར་བྱའོ། །ཡང་འདའ་ཀའི་གདམས་པ་ཁྱད་པར་ཅན་ཀྱང་ཡིན་ཏེ། སྔོན་བཙུན་མོ་ཟླ་འོད་ཞག་བདུན་ཀྱིས་དུས་བྱེད་པ་ལ། དགྲ་བཅོམ་མ་རི་མས་མི་རྟག་བསྒོམ་བཅུག་པས་ཤི་མ་ཐག་ཏུ་ལྷར་སྐྱེས་ནས་བཅོམ་ལྡན་འདས་ལས་ཆོས་ཉན་དེ་བདེན་པ་མཐོང་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པར་འདོད་པས་ཀྱང་མི་རྟག་བསྒོམ་པར་བྱ་སྟེ། མདོ་ལས། མི་རྟག་པ་མང་དུ་བསྒོམ་ན། སངས་རྒྱས་ཐམས་ཅད་མཆོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་དབུགས་དབྱུང་བ་ཡིན་ནོ། ། སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། ཞེས་བྱང་ཆུབ་དུ་ལུང་བསྟན་པ་ཐོབ་པར་འདོད་པ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབུགས་དབྱུང་བར་འདོད་པ་དང་། སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པར་འདོད་པ་དག་གིས་ཀྱང་མི་རྟག་པ་བསྒོམ་པར་བྱའོ། ། ཡང་གྲུབ་པ་ཐོབ་པར་འདོད་པས་ཀྱང་མི་རྟག་པ་བསྒོམ་པར་བྱ་སྟེ། རྣལ་འབྱོར་པ་ཆོས་གཡུང་ལ། ཁམས་པ་ཞིག་གི་གདམས་ངག་ཞུས་པས། ཁྱོད་ཀྱང་འཆི། ང་ཡང་འཆི། ཞེས་ལན་གསུམ་བརྗོད་པ་བཞིན་བསྒོམ་པས་གྲུབ་པ་ཐོབ་སོང་། འཆི་ཁ་ལྟས་ཁྱད་པར་ཅན་འདོད་པས་ཀྱང་འདི་འབའ་ཞིག་བསྒོམ་པར་བྱ་སྟེ། ཡེར་བའི་ཞང་བཙུན་གྱིས་གཤེགས་དོགས་འབའ་ཞིག་བྱས་པས་ལྷས་རོལ་མོའི་སྒྲ་དང་བཅས་དེ་གཤེགས་པ་སོགས། མདོར་ན་བཅོམ་ལྡན་འདས་ཀྱིས། རྗེས་ཐམས་ཅད་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་གོ །དེ་བཞིན་དུ་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པའི་འདུན་པ་འདི་མཆོག་གོ །གསུངས་པས། ཆོས་པ་རབ་འབྲིང་ཐ་མ་ཅི་འོང་འདི་རྒྱུད་ལ་སྐྱེས་མ་སྐྱེས་འབའ་ཞིག་ལ་རག་ལུས་པས། མགོ་མ་ཚོས་གོང་ནས་ལྕེ་ལ་མི་བརྙབ་པར་འདི་འབའ་ཞིག་བསམ་འཚལ་ལོ། །

གསུམ་པ་ནི། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་མ་སྐྱེས་པར་ཆོས་ལམ་དུ་མི་འགྲོ་བས་ན་གནད་གལ་པོ་ཆེ། དམ་ཚིག་ཡིན་ནོ། །ཞེས་དང་། སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ཡིན་པས་འཆལ་བར་མི་སྒྲོགས་པའི་བཀའ་རྩིས་ཀྱི་ཕྱག་རྒྱའོ། །

གཉིས་པ་ཁྱད་པར་ཀྱི་སྔོན་འགྲོ་ལ། ཚིག་གིས་མཚམས་སྦྱར་བ་དང་། སྔོན་འགྲོ་དངོས་ཀྱི་རུ་ཤན་ཇི་ལྟར་བྱེད་པའི་ཚུལ། དམ་ཚིག་ཕྱག་རྒྱའི་གདབས་པ་དང་གསུམ་ལས། དང་པོ་ནི། ད་ནི༴ བྱ་སྟེ། ཐུན་མོང་གི་སྔོན་འགྲོ་བཤད་གྲུབ་ནས། ད་ནི་ཞེས་སྔ་ཕྱིའི་ཚིག་གི་མཚམས་སྦྱར་ཏེ། འཁོར་འདས་ཀྱི་སོ་མཚམས་འབྱེད་པའི་ཕྱིར་དང་། ཁྱད་པར་དངོས་གཞི་ལམ་དུ་འགྲོ་བའི་ཕྱིར་ཤིར་༼ ཤིང་། དཔྱད། ༽རྟའི་ཁ་ལོ་བ་ལྟ་བུ་ཡིན་པ་དང་། སྔོན་འགྲོ་འདི་མེད་ན་མ་དག་པའི་སྒོ་གསུམ་གྱི་སྣང་ཞེན་མི་འགགས། དེ་མ་འགགས་པས་སྐུ་གསུམ་གྱི་ཡེ་ཤེས་མི་འཆར་བ། མེ་ལོང་གི་གཡའ་མ་ཕྱིས་པར་གཟུགས་བརྙན་མི་འཆར་བ་དང་འདྲ། ཡང་སྔོན་འགྲོ་ནི་ས་བོན་ལྟ་བུ་ཡིན་པས་ན། འབྲས་བུ་འབྱུང་བ་དེ་ལ་རག་ལུས་པ་དང་། ཡང་སྔོན་འགྲོ་ནི་སོ་ནམ་ལྟ་བུ་ཡིན་པས་ན། དེ་མ་བྱས་པར་སྟོན་ཐོག་འདྲ་བའི་སྐུ་བཞིའི་འབྲས་བུ་ཉེར་སྤྱད་དུ་མི་འགྱུར། སྔོན་འགྲོ་ནི་སྐྱེལ་མ་བཟང་པོ་ལྟ་བུ་ཡིན་ཏེ། དངོས་གཞི་ཉེ་ཞོ་མེད་པར་ལམ་དུ་འགྲོ་མི་འགྲོ་དེ་ལ་ཐུག་པས་སོ། ། ཡང་སྔོན་འགྲོ་ནི་མཁར་གྱི་རྨིང་འདིང་བ་ལྟ་བུ་སྟེ། དེ་མེད་པས་དངོས་གཞིའི་རྩིགས་པ་བརྟན་པོར་གནས་མི་སྲིད་པས་ན། རུ་ཤན་དབྱེ་བར་བྱ་དགོས་ཏེ། ཞེས་སོ། །

གཉིས་པ་ལ་རུ་ཤན་བྱེད་པའི་ཚུལ་དང་། ཕྱེས་པའི་ཡོན་ཏན་ནོ། །དང་པོ་ལ་སྤྱིར་དང་། བྱེ་བྲག་གི་རིམ་པ་གཉིས་ལས། དང་པོ་ནི། དེ་ཡང་ཕྱི་ནང༴ ནས། ཡོད་ཀྱང་སྟེ། དེ་ཡང་ཕྱི༵་ལྟར་སངས་རྒྱས་སྐུ་གསུམ་ཀྱི་དགོངས་པ་ལ་རང་བྱན་ཚུད་པ་དང་། ཚངས་པ་ཆེན་པོའི་སྒྲ་སྐད་སོགས་ཟིན་ཅིང་ཤེས་པས་ཐུན་མོང་གི་དངོས་གྲུབ་དང་བཅས་དོན་དུ་གཉེར་བའི་འབྱུང་བཞིའི་སྒྲ་དོན་ལ་བསླབས་པ་དང་། ནང༵་ལྟར་རིག་པའི་ཡེ་ཤེས་བརྗོད་མེད་ཀྱི་དོན་རྒྱུད་ལ་འདྲེན་པའི་སྣ་ཁྲིད་དུ་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ་དང་། གས༵ང་བ༵་སེམས་ཀྱིས་རྩོལ་བས་དྲངས་ཏེ་སེམས་ཀྱི་གནས་ལུགས་ཤེས་པའི་སྣ་ཁྲིད་པའི་སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱངས་པའི་རིམ་པ་སྟེ་གསུམ་དུ་དབྱེ་བ་དང༵་། ཡང་ཕྱི་ལུས༵་ཀྱི་འཁྲུལ་བ་ཟད་པའི་ཕྱིར་དབྱེ་བ་དང་། ནང་ལྟར་ལུས༵་ཀྱི་འཁྲུལ་རྒྱུ་ཟད་པའི་ཕྱིར་དབྱེ་བ་དང་། གསང་བ་ལྟར་སྐུ་རྡོ་རྗེའི་སྒྲུབ་གཞིའི་དེ་ཉིད་མངོན་དུ་སད་པའི་རྟེན་འབྲེལ་བསྒྲིགས་པ་དང་གསུམ། དེ་བཞིན་དུ་ངག་དང་ཡིད༵་ཀྱི་འཁྲུལ་རྒྱུ་དང་འཁྲུལ་བ་སྒྲུབ་གཞིའི་སྦྱོངས་ཐོབ་ཀྱི་ཕྱིར་རུ་ཤན་དབྱེ་ལུགས་དང་། གཞན་ཡང་རྡོ་རྗེའི་གླུ་གར་གྱི་སྒོ་ནས་དབྱེ་བ་སོགས་ཆ་རྫོགས་པ་དང་། རེ་རེ་བ་དང་། ཕལ་ཆེར་འབྱུང་བའི་རིམ་པ་དང་། འདྲ་མིན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཞེས་ས་ཁུང་འཛིན་པ་ཙམ་དུ་སྨོས་པ་འདི་ཕྱི་ནང་གསང་གསུམ་དང་། ལུས་ངག་ཡིད་ཀྱི་དབྱེ་བ་ནི་ཀུན་ཀྱང་ཡིན་ལ། ས་བཅད་སོ་སོར་བཞག་ཀྱང་གཅིག་ལ་ཀུན་འདུས་པའི་བརྗོད་ཚུལ་ཅན་དག་རང་ས་ནས་འགྲེལ་ན་སྐྱར་བཟློས་སུ་འགྱུར་བ་དང་། དབྱེ་བསྡུས་ཁྱད་ཀྱིས་ཡ་ཆར་བ་ལྟར་འགྲེལ་ན་ནི་རུ་ཤན་དབྱེ་ཚུལ་ཀུན་མི་རྫོགས་པས་ན། ཁོ་བོ་ནི་སྦྱངས་བྱ་རགས་ཕྲ་ཤིན་ཕྲ་བའི་སྒོ་གསུམ་གསུམ་སྦྱངས་འབྲས་དབྱེར་མེད་པའི་གསང་ཆེན་གསུམ་དུ་སྦྱོངས་བྱེད་ཕྱི་ནང་གསང་བའི་རུ་ཤན་གསུམ་གསུམ་གྱིས་སྦྱོང་བའི་ཚུལ་གོང་གི་ས་བཅད་ཕྱི་མ་བཞིན་ཏུ་འཆད་པར་བྱའོ། །

དེ་ལ་ཕྱི་ལྟར་ལུས་ངག་ཡིད་གསུམ་གྱིས་དབྱེ་བ་དང་། ནང་ལྟར་དབྱེ་བ། གསང་བ་ལྟར་དབྱེ་བའོ། །དང་པོ་ལ། ལུས་ཀྱི། ངག་གི་ཡིད་ཀྱིས་རུ་ཤན་དབྱེ་བའི་ཚུལ་དང་། དེ་དག་གི་རྟགས་ཚད་ཀྱི་རིམ་པ་བསྟན་པའོ། །

དང་པོ་ནི། མི་ཡི་རྒྱུ་འགྲུལ་དང་མཐོང་ཚོར་མེད་པའི་སར་ཕྱིན་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པར་བྱ། དེའི་ཆེད་དུ་སྒོ་གསུམ་འཁོར་འདས་རུ་ཤན་དབྱེས་ནས་སེམས་ཅན་ཐམས་ཅད་ཀྱི་རིགས་དྲུག་གི་མྱོང་བར་འགྱུར་བའི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་བསྐལ་མང་སྐད་ཅིག་ལ་བསྒྱུར་ཏེ་སྟབས་གཅིག་དུ་ངས་སྦྱངས་བར་བྱ་སྙམ་དུ་སེམས་བསྐྱེད་ལ་ལུས་ངག་ཡིད་གསུམ་གྱི་རུ་ཤན་བསྒྲགས་ནས་དབྱེ་བར་བྱའོ། །དེ་ཡང་རིགས་དྲུག་གི་ལུས་ཀྱི་སྤྱོད་པ། དམྱལ་བའི་ཚ་གྲང་གི་སྡུག་བསྔལ་མི་བཟོད་པའི་འགྲེ་ལྡོག་གིས་མཚོན་ནས། ཡང་སོས་ཀྱི་གསོད་རེས་བྱེད་པ་དང་། ཐིག་ནག་གི་ཐིག་གདབ་ཅིང་དབད་གཅོད་ཀྱི་ཚུལ། བསྡུས་འཇོམས་ཀྱིས་བརྡུང་ཚུལ་དང་། ཡང་ཆུ་བུར་ཅན་གྱི་མཚོན་གྲང་དམྱལ་གྱི་འཁྱགས་སྲན་མ་བཟོད་པར་འདར་བ་དང་། སོ་ཐམ་པའི་རྣམ་འགྱུར། ཤལ་མ་ལིའི་འབབས་འཛེགས་ཀྱི་སྟབས་སོགས་ཁ་ཚང་བ་དང་། ཡི་དྭགས་ཀྱིས་སྟོབས་ཉམས་པས་གོམ་ཚུགས་འཁྱོལ་བར་འགྲོ་བ་དང་། སྣབས་ལུད་དང་། སྐེ་ནས་རྡོལ་བའི་ལྦ་བ་ལ་རུབ་པའི་རྣམ་འགྱུར་སོགས་དང་། དུད་འགྲོའི་ཁལ་མི་ཐེག་པ་དང་། སྤུ་བྲེགས་པ། བྱ་གཅོད་པ། སྣ་འབིག་པ། བཀོལ་སྤྱོད། བཤས་བཤའ་བ། གཅིག་ལ་གཅིག་ཟ་བ། རྩ་ཆུ་འཚལ་བ་ལ་སོགས་པ་དང་། ལྷ་མིན་གྱི་གསོད་གཅོད་འཐབ་རྩོད། མི་སྐྱེ་རྒ་ན་ཤིའི་རྣམ་འགྱུར་དང་། དགྲ་འདུལ་གཉེན་སྐྱོངས་དགེ་མི་དགེའི་སྤྱོད་པ་དང་། ལྷ་དཔག་བསམ་གྱི་ཤིང་ལ་སྤྱོད་པ། བདུད་རྩིའི་ཆུ་ལ་བཏུང་བ། པཉྩའི་གོས་བསྒོ་བ་སོགས་དང་འཆི་འཕོའི་སྔ་ལྟས་ལྔ་བྱུང་ནས་ལྷས་སྡུག་བསྔལ་གྱི་རྣམ་འགྱུར་དང་།

གཉིས་པ་ནི། ངག་གིས་དམྱལ་བའི་སྐད་འོ་དོད་སྣ་ཚོགས་པ། ཡི་དྭགས་གྱི་སྒྲ་ངན་ལྔ། དུད་འགྲོའི་འཁུན་གདུང་སོགས་སོ་སོའི་སྐད་ཤེས་ཚད། ལྷ་མིན་གྱི་སྐད་འབྲུག་སྒྲ་དྲག་པོ་ལྟ་བུ་སོད་རྒྱོབ་སོགས་སྒྲོགས་པ། ལྷ་ཡི་རྒྱུད་མང་དང་། ཀ་ལ་པིང་ཀ་དང་། དྲིལ་བུ་དང་། བསིལ་སྙན་ལྟ་བུའི་སྒྲ་སྐད། མིའི་སྐད་རིགས་སུམ་བརྒྱ་དང་དྲུག་ཅུ་ཤེས་ཚད་བརྗོད་པ་དང་།

གསུམ་པ་ནི། སེམས་ཀྱིས་དམྱལ་བའི་ཁམས་བཅོ་བརྒྱད་ཀྱི་གསོད་གཅོད་ཚ་གྲང་། ཡི་དྭགས་ཀྱི་བཀྲེས་སྐོམ་ལོག་པའི་འདུ་ཤེས་བཞི་དང་བཅས་པ། དུད་འགྲོའི་གླེན་ལྐུགས་བཀོལ་སྤྱོད་གཅིག་ལ་གཅིག་ཟའི་སྡུག་བསྔལ། ལྷ་མ་ཡིན་གྱི་གསོད་གཅོད་ཕམ་ལྟུང་། ལྷ་འཆི་འཕོ་ལྟུང་བ། མིའི་སྡུག་བསྔལ་བཅུ་གཅིག་སོགས་རང་གནས་རིས་དེར་སྐྱེ་ནས་ལུས་དེར་གྱུར། ངག་གི་རྣམ་འགྱུར་དེ་འདྲ་བརྗོད། ཡིད་ཀྱིས་སྡུག་བསྔལ་དེ་རྣམས་མྱོང་བར་བསམ་ནས་བྱེད་པ་ལས་ཀུ་རེ་དང་། རྩེད་ཐབས་སུ་མ་ཤོར་བར། སྟངས་སྟབས་བྱས་པ་ཙམ་དུ་མི་སེམས་ཤིང་། ཡེངས་མ་ལམ་གྱིས་ལས་ཁྲལ་བསད་པ་ལྟ་བུར་མ་སོང་བ་ཞིག་དགོས་མ་གཏོགས་རུ་ཤན་དངོས་གནས་པར་མི་འགྱུར་རོ། །

མཐར་དཀོན་མཆོག་གསུམ་གྱི་སྤྱོད་པས་མཐའ་བསྡུ་བར་བྱ་སྟེ། སངས་རྒྱས་ཀྱི་བཞུགས་སྟངས་ཆོས་བདུན་དུ་གནས་པ་དང་། ངག་གིས་གསུང་ཆོས་སྡེ་སྣོད་གསུམ་གྱི་བགྲོ་བ་དང་། སེམས་ཀྱིས་མཉམ་པར་བཞག་པའི་སྒོ་མཐའ་ཡས་པ་དང་། མིན་ཀྱང་དེ་བཞིན་ཉིད་རྡོ་རྗེ་ལྟ་བུའི། ཀུན་སྣང་སྒྱུ་མ་ལྟ་བུའི། ཕྱག་རྒྱ་གཅིག་སྤྲོས་ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་ལ་སོགས་པ་ཅི་ཤེས་ལ་མཉམ་པར་བཞག་པས་མཚོན་མཛད་པ་བཅུ་གཉིས་ཀྱི་ཆོ་རོལ་དང་རྗེས་སུ་མཐུན་པར་སྤྱོད་དོ། །དེ་དག་ཀྱང་མདོར་བསྡུས་ན་དམ་ཚིག་དང་སྡོམ་པ་ཉམས་པའི་རྒྱུ་ཞིག་དངོས་སུ་སྤྱད་མི་རུང་བ་མ་གཏོགས། དུས་གསུམ་གྱི་དགེ་མི་དགེ་ལུང་མ་བསྟན་གྱི་སྤྱོད་ངག་དྲན་བསམ་ཀུན་བསླང་ནས་བྱ་བའོ། །

རྒྱབ་དཔང་གི་ལུང་དང་བྱེད་ཚུལ་རྒྱས་པར། འདས་རྗེས་ལས། ལུས་ཀྱི་སྔོན་དུ་བྱ་བའི་ཕྱིར། རིགས་དྲུག་སྤྱོད་པ་སྣ་ཚོགས་བྱ། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ཅེས་དང་། ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། རྣམ་པ་སྣ་ཚོགས་ཉིད་ལ་སྤྱད། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། རིགས་དྲུག་སྡུག་བསྔལ་བློ་ལ་བླང་། ཞེས་དང་། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། སྔོན་དུ་སྤྱོད་པ་བརྩམས་པར་བྱ། །ལུས་ནི་རྒྱུག་དང་ཉལ་བ་དང་། །ལངས་དང་ཡན་ལག་བསྐྱོད་པ་དང་། །བསྐོར་བ་དང་ནི་ཕྱག་བྱ་དང་། །ཡན་ལག་བསྐོར་དང་མགོ་བསྒྲིལ་དང་། །ཇི་ལྟར་དྲན་པའི་ལས་རྣམས་དང་། །གར་དང་ཕྱག་རྒྱ་བསྒྱུར་བ་དང་། ། ཇི་ལྟར་དམིགས་པའི་ལས་རྣམས་བྱ། །ཞེས་སོ། །ངག་གི་སྤྱོད་པའང་། དེ་ཉིད་ལས། དེ་འདས་ངག་གི་སྤྱོད་པ་བརྩམས། །སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ། །ཡོད་དང་མེད་དང་སྣང་བ་དང་། །ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད། །བྱོལ་སོང་སྣ་ཚོགས་སྒྲ་སྐད་དང་། །སྐད་ནི་རྣམ་པ་སྣ་ཚོགས་བྱ། །ཞེས་དང་། རབ་འབྱམས་ལས། ངག་གི་སྔོན་འགྲོའི་རིགས་དྲུག་གི་སྒྲ་དང་ཞི་ཁྲོ་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་བརྗོད་པར་བྱ། །ཞེས་སོ། །སེམས་ཀྱི་སྤྱོད་པའང་། ཐལ་འགྱུར་ལས། དེ་ལྟར་ཚད་ལ་ཕེབས་ནས་ཀྱང་། །འདས་དང་མ་འོངས་ད་ལྟར་གྱི། །དྲན་བསམ་འཕྲོ་འདུའི་འཁོར་ལོ་བརྟེན། །དགའ་དང་མི་དགའ་བཟང་ངན་སེམས། །ཡོད་མེད་སྣ་ཚོགས་ཐམས་ཅད་ལ། །ཕྱི་རུ་བརྟག་ཏེ་ནང་དུ་བསམ། །ཞེས་སོ། །

བཞི་པ་བརྟགས་ཚད་ནི། ལུས་རུ་ཤན་ཕྱེད་པའི་རྟགས་སུ་ལུས་ལ་ཆགས་ཞེན་དགགས་སྒྲུབ་བཀྲེས་སྐོམ་མེད་པ་དང་། ངག་བླ་མའི་གདམས་ངག་ལ་གོ་བ་སྐྱེས་ནས་ཆེད་དུ་མ་བཟུང་ཡང་ཆོས་ཀྱི་ཚིག་དོན་རང་རྡོལ། །སེམས་གསལ་དྭངས་བ། འཁྲུལ་པ་མེད་ཅིང་། བྲོད་པ་སྐྱེ་བ། སྣང་བ་དགའ་བདེར་ཤར་བའོ། །

གཉིས་པ་ནང་ལྟར་རུ་ཤན་དབྱེ་བ་ལ། རྒྱུ་མཚན་སྤྱིར་བཤད་པ། དབྱེ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལུས་ཀྱི་རྩ་གནས་ན་རང་བཞིན་གྱིས་གྲུབ་པའི་རིགས་དྲུག་གི་ས་བོན་དང་སྐུ་གསུམ་གྱི་ཡི་གེ་ཡོད་པར་གསང་བ་སྙིང་པོ་ལ་སོགས་ཀུན་གྱིས་བཤད་པ་དེ་ཉིད་ལ། ༼ ཟག་བཅས་ལམ་གྱི་རྣལ་འབྱོར་ལྔ་ལས་ཕྱག་རྒྱ་གཅིག་པའི་ཕྲ་བ་ཡིག་འབྲུ་ལ་བསླབས་པ་ཡིན་པའི་གནད་ཀྱིས་སོ། །མཆན། ༽ལམ་དུ་བྱས་པ་ཡིན་པས་ལུས་རུ་ཤན་དུ་འགྱུར་བའང་མ་ཧཱ་ཡོ་གའི་ལུས་ལྷ་ཡིན་པ་ལ་ཡིན་པར་བསྒོམ་པས་ལུས་ལ་གནད་དུ་བསྣུན་པར་འགྲོ་བར་གསུངས་པ་ལྟ་བུ་དང་། ངག་གིས་བཟླས་པ་དང་། སེམས་ཀྱིས་བསྒོམ་པས་གསུམ་ཀའི་རུ་ཤན་དུ་གྱུར་བའོ། །

གཉིས་པ་ལ་སྦྱངས་བྱ་དང་སྦྱོངས་བྱེད་ལུས་ལ་གནས་ཚུལ་དང་། ཇི་ལྟར་སྦྱངས་བའི་རིམ་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེ་ཡང་ལུས་མ་རིག་པའི་རྒྱུ་ལས་བྱུང་། སེམས་དེའི་འབྲས་བུར་གྲུབ། དེ་གཉིས་ལས་ངག་གྲུབ་པས་ན། མ་རིག་པའི་དུས་སུ་སྦྱངས་བྱ་རིགས་དྲུག་གི་ས་བོན་ནི། རང་མདོག་གི་ཐིག་ལེའི་དབུས་སུ། སྤྱི་བོར་ལྷའི་ཨཱ་དཀར་པོ། མགྲིན་པར་ལྷ་མིན་གྱི་སུ་ལྗང་གུ །སྙིང་ཁར་མའི་ཎི་སྔོ་སྐྱའམ་མཐིང་ཀ །ལྟེ་བར་དུད་འགྲོའི་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་པྲེ་སེར་པོ། རྐང་མཐིལ་དུ་དམྱལ་བའི་ས་བོན་དུཿདུད་ཁ་རྣམས་གནས་པའི་སྟེང་དུ་ལས་སྔ་མའི་རྗེས་ཆགས་ཤིང་ཕྱི་མའི་ཉེར་ལེན་གྱི་ས་བོན་དུ་འགྱུར་བས་ན་དེ་དག་སྦྱངས་བས་འཁྲུལ་རྒྱུ་ཟད་ཅིང་། གཞན་དོན་དུ་འགྲོ་འདུལ་སྤྲུལ་པའི་ཐུབ་དྲུག་གི་ཐུགས་རྗེ་འཆར་བའི་འབྲེལ་གྲུབ་པས་ན་ཀློང་གསལ་ལས། ལུས་འདི་མ་རིག་རྒྱུའི་བསྐྱེད་པའི། རིགས་དྲུག་ས་བོན་ཉིད་དུ་གནས། སྤྱི་བོ་མགྲིན་པ་སྙིང་ཀ་དང་། ལྟེ་བ་གསང་གནས་རྐང་མཐིལ་དྲུག །ཨ་ནྲི་སུ་ཏྲི་པྲེ་དུ་གནས། ཁ་དོག་དཀར་མཐིང་ལྗང་གུ་དང་། སེར་པོ་དམར་ནག་དུད་ཁ་དྲུག །ས་བོན་དྲུག་པོ་མ་དག་པས། །རྒྱུན་དུ་རིགས་དྲུག་འཁོར་བར་འཁྱམས། །ཞེས་སོ། །༼ གཉིས་པ་ཨེ་ཡིན་དཔྱད། ༽སྦྱོངས་བྱེད་ཀྱང་སྤྱི་བོའི་འཁོར་ལོར་སྐུ་རྡོ་རྗེའི་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ཨཱ་དམར་པོ། སྙིང་ཁར་ཐུགས་རྡོ་རྗེའི་སྙིང་པོ་ཧཱུྃ་སྔོན་པོ་རྣམས་རིག་པ་སྐུ་གསུམ་གྱི་ངོ་བོར་སངས་རྒྱས་པའི་གསུང་རང་བཞིན་འོད་ཀྱི་ཐིག་ལེར་བཞུགས་པ་སྒྲོན་མ་རྩ་གནས་ཀྱི་ཡི་གེར་གྲུབ་པས་ན། དེ་ཉིད་ལས། ས་བོན་དེ་དྲུག་སྦྱོང་སླད་དུ། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། སྐུ་གསུམ་ཡི་གེ་གསུམ་དུ་གནས། ཞེས་སོ། །

གཉིས་པ་ཇི་ལྟར་སྦྱོངས་པའི་རིམ་པ་ནི། གནས་དྲུག་ཏུ་རིགས་དྲུག་གི་ཡི་གེ་དང་། སྤྱི་མགྲིན་སྙིང་གར་སྐུ་གསུམ་གྱི་ཡི་གེ་གསལ་བར་བསྒོམ་ལ། ཞལ་ཤེས་སུ་ཡི་གེ་དྲུག་ལས་འོད་འཕྲོས་ཏེ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་ས་བོན་དང་བཅས་པ་རང་འོད་དང་མཐུན་པའི་འོད་ཟེར་དྲུག་གི་རྣམ་པར་བསྡུས་ཏེ་ས་བོན་སོ་སོ་ལ་བསྟིམ་ནས་མཉམ་དུ་སྦྱོངས་བ་དང་། ཡི་གེ་གསུམ་ལས་འོད་འཕྲོས་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བསྟིམ་པར་བྱེད་གསུངས་ཀྱང་། རྒྱུད་ལས་གསལ་བོར་མ་བསྟན་ནའང་འགལ་བ་མེད་པར་མ་ཟད་དགོས་པ་མཆོག་དང་ལྡན་པར་རིག་སོ། ། ཡི་གེ་གསུམ་ལས་མེད་དཀར་དམར་མཐིང་གསུམ་འབར་བས་རིགས་དྲུག་གི་ས་བོན་དྲུག་པོ་དང་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་གཞོབ་ཐུལ་གྱིས་སྲེག་པར་བསམ་ལ་སྦྱངས་སོ། ། དེ་ལྟར་འབྲུ་གསུམ་རྡོར་བཟླས་ས་བོན་དྲུག་ལ་འབུམ་ཐེར་དྲུག་གཅིག་ཁ་བསྐང་དུ་བྱས་པས་བདུན་འབུམ་བཟླའོ། །ཞེས་གསུང་སོ། ། འདི་ཡང་ཀློང་གསལ་ལས། ཡི་གེའི་རྩལ་སྦྱང་རུ་ཤན་དབྱེ། །དབྱེ་བ་དངོས་ནི་འདི་ལྟར་རོ། །བདག་ཉིད་ཐ་མལ་བ་ཡི་ལུས། །གནས་དྲུག་ཡིག་དྲུག་གསལ་བར་བསྒོམ། །བདག་ཉིད་སྤྱི་གཙུག་ཨོཾ་དཀར་བསྒོམ། །མགྲིན་པར་ཨཱ་དམར་སྙིང་ཁར་ཧཱུྃ་མཐིང་བསྒོམ། །ཡི་གེ་གསུམ་ལས་ཡེ་ཤེས་མེད། །དཀར་དམར་མཐིང་ཀ་གསུམ་འབར་བས། །རིགས་དྲུག་ས་བོན་དྲུག་པོ་དང་། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་དང་། །མ་རིག་པ་ཡི་བག་ཆགས་རྣམས། ། གཞོབ་དུ་ཐུལ་དུ་བསྲེག་པར་བསྒོམ། །ཨོཾ་ཨཱཿཧཱུྃ་གསུམ་བདུན་འབུམ་བཟླས། །ཞེས་སོ། །དེའི་འཁྲུལ་བའི་ཞེན་འཐས་ཆུང་བ་དང་ཆོས་བརྒྱད་མགོ་སྙོམས་པ་དང་། ཉོན་མོངས་པ་སྲབས་སུ་སོང་བ་རྣམས་བྱུང་ན་ཡང་དག་པར་འབྱོངས་པའི་ཚད་དང་། གཉེན་པོའི་མགོ་གནོན་དབང་ཡོད་དུ་སོང་ནའང་རྟགས་ཤིས་པའོ། །

གསུམ་པ་གསང་བ་ལྟར་རུ་ཤན་དབྱེ་བའམ་སྔོན་དུ་འགྲོ་བ་ནི། ལུས་ཀྱི་རང་བཞིན་རྡོ་རྗེར་སྦྱངས་བ་དང་། ངག་གི་རང་བཞིན་ཡི་གེར་སྦྱངས་བ། སེམས་ཀྱི་རང་བཞིན་སྐུ་གསུམ་དུ་སྦྱངས་བ་དང་གསུམ་གྱིས་བསྟན་པ་ལས། དང་པོ་ལ། བཅའ་བ་རྒྱུན་གྱི་ཕྱག་རྒྱ་དང་། དེའི་གནད་ཀྱི་ཆེ་བ་དང་། དག་པ་དྲན་པའོ། །

དང་པོ་ནི་འདས་རྗེས་ལས། སྐྱིལ་ཀྲུང་མཉམ་བཞག་དྲང་པོར་བསྲང་། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །ཞེས་སོ། །དེ་ལའང་རྡོ་རྗེ་ལངས་འདུག་གི་སྐོར་གསུང་ལས་དང་པོ་རྐང་པ་མཐིལ་སྤྲད་དེ་ལངས་ཤིང་པུས་མོ་བསྒྲད་ནས་ལུས་སྤྱི་བསྲིང་ལ། ལག་པའི་གྲུ་མོ་བརྒྱང་ཞིང་ཐལ་མོ་སྤྱི་བོར་མ་རེག་པར་སྦྱར་བའོ། །གཉིས་པ་དང་གསུམ་པ་ནི་བཅའ་བ་རྒྱུན་ནམ་ངལ་བསོ་ཡེ་ཤེས་ཀྱི་གནད་ཅེས་བྱ་སྟེ་དངོས་གཞིའི་བཞུགས་སྟངས་ལྔ་པའང་ཡིན་ལ། འདིའི་རུ་ཤན་ཀྱང་བྱེད་པས་ན་དེ་ལས་གནད་གཞན་མ་གཡོས་བཞིན་དུ་རྐང་པའི་རྟིང་པ་གསང་གནས་སུ་གཏད་དེ་བསྡད་པ་དང་། དེའི་ཀྱང་སྐྱོ་ན་དེ་ལས་གན་རྐྱལ་དུ་ལོག་ཏེ་གནས་པའོ། །

གཉིས་པ་གནད་ནི་ལུས་སྤྱི་དྲང་པོར་བསྲིང་པས་མ་དག་པའི་རྩ་རླུང་བཅིངས་ཤིང་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་བདེ་ལུགས་སུ་རྒྱུ། མཐིལ་བཞི་སྤྲད་ཅིང་མགོ་རྩལ་འཕང་བསྟོད་པས་ཡན་ལག་གི་རླུང་ལྔ་རང་མལ་དུ་གསོད་ཅིང་ཤེས་རབ་ལྔའི་རང་རྩལ་ཕྱོགས་མེད་དུ་རྒྱས། དཀའ་ཚེགས་དང་ངལ་དུབ་ཀྱིས་རྟོག་པ་བཙན་ཐབས་སུ་འགགས་པའི་གནད་ཡོད་དོ། །

གསུམ་པ་ནི། ཡར་རྩེ་གསུམ་གྱིས་ངོ་བོ་རང་བཞིན་ཐུགས་རྗེ་སྟེ་ཡེ་ཤེས་གསུམ་མཚོན། མར་རྩེ་གསུམ་གྱིས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་མཚོན། རྐེད་པ་གསུམ་གྱིས་སྦུབས་གསུམ་དགོངས་གསུམ་གཅིག་ཏུ་བསྒྲིལ་བས་ལམ་མཚོན་པའོ། །དེའི་ལུས་སུ་འཛིན་པ་རྡོ་རྗེར་འཕོས་ན་འབྱོངས་པའི་ཚད་དོ། །

གཉིས་པ་ངག་སྦྱང་བ་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབས་པ་དང་རྩལ་སྦྱངས་དང་། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། ། ཞེས་བཞི་ལས། དང་པོ་ལ་ཕྱི་སྣང་བ་དང་། ནང་རང་ལུས་ལ་རྒྱས་གདབས་པ་གཉིས་སོ། །

དང་པོ་ནི་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་རིང་བར་བརྗོད་པས་ཕྱི་སྣང་བ་ཆེ་ཕྲ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་ལམ་ལམ་གྱུར་བར་བསམ། རླུང་སེམས་སྣང་བ་གཅིག་དྲིལ་གྱིས་ཉམས་སུ་བླང་ངོ། །འདི་ལ་ཞལ་ཤེས་འགར་རང་ཡི་དམ་ཀྱི་ཐུགས་ཀ་ནས་ཧཱུྃ་འཕྲོས་པའི་སྤྲིན་གྱིས་ནམ་མཁའ་གང་བས་རེག་པ་ན་ལན་ཚྭ་ལ་ཆུའི་རེག་པ་ལྟར་ཞེས་གསུངས་སོ། །འདི་མན་ཆད་ཀུན་ལའང་འདྲེས་འདི་སྦྱར་ཀྱང་ཁུང་ལྡན་གྱི་རྒྱུད་ནས་མ་མཐོང་ལ། རྟོག་དཔྱོད་ཆེ་བའི་རིགས་ལ་དགོངས་པའམ་མན་ངག་སྙན་བརྒྱུད་འདྲ་ཡིན་ངེས་པ་མ་རྙེད་དོ། །དེའི་ཉིན་མོའམ་རྨི་ལམ་ཡན་ཆད་དུ་སྣང་བ་ཐམས་ཅད་ཧཱུྃ་དུ་ཤར་ན་འབྱོངས་པའི་ཚད་དོ། །

གཉིས་པ་ནི། སྐྱིལ་ཀྲུང་མཉམ་བཞག་གི་ངང་ནས་ཕྱིའི་ཧཱུྃ་རྣམས་གཅིག་བྱུང་གཉིས་བྱུང་དུ་བུ་ག་དགུ་ནས་ཞུགས་པས་ལུས་ནང་ཐམས་ཅད་ཧཱུྃ་གིས་གང་ནས་ལུས་ཕྱི་ནང་ཐམས་ཅད་ཡི་གེའི་འཇུ་འདུལ་གྱི་ཧཱུྃ་ཕྲ་མོའི་རྡུལ་ཕྲན་ལས་གྲུབ་པའི་འོད་གསལ་གྱི་ལུས་སུ་གྱུར་བར་བསམ་པའི་ངང་ལ་རླུང་བསྡམ་པ་དང་། རིང་བར་བརྗོད་པ་༧༼ འདི་གཉིས་འདྲེན་སྟངས་སྔ་མ་འབྲུག་སྒྲ་ལྟར་ཟབ་ཅིང་སྒྲོགས་པ། ཕྱི་མ་བུང་བ་ལྟར་བཟླ་བའམ། འཁུན་གདུང་ཀྱང་རུང་གསུངས་སོ། མཆན། ༽བསྒྲགས་པའོ། །དེའི་ལུས་སུ་འཛིན་པ་རང་བཞིན་གྱིས་གྲོལ་ན་འབྱོངས་པའོ། །

གཉིས་པ་ནི་ཕྱི་ནང་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱངས་བ་ནི། རང་གི་སྙིང་ཀ་ནས་ཧཱུྃ་མཐིང་ནག་རྡོ་རྗེའི་ཆོས་བདུན་དང་ལྡན་པ་རྣོ་མྱུར་ཤུགས་དང་བཅས་པ་ཡུལ་དང་འཚམ་པའི་ཆེ་ཆུང་ཙམ་འཕྲོས་ཏེ། ཕྱིའི་སྣང་བ་འབྱུང་བཞི་དང་རི་བྲག་རྩི་ཤིང་དངོས་པོར་གྱུར་ཚད་ཐམས་ཅད་ཟང་ཐལ་དུ་བརྟོལ་ནས་སྣང་བ་ཇེ་ཕྲར་སྦྱངས་དུས་ཧཱུྃ་ཇེ་ཞིབ་ཏུ་གྱུར་ནས་མཐར་ཐམས་ཅད་སྟོང་པ་ཉིད་དུ་གྱུར་བར་བསམ་པའི་ངང་ལ་མཉམ་པར་བཞག་གོ །དེའི་ཐམས་ཅད་ཟང་ཐལ་དུ་ཤར་ན་འབྱོངས་པའི་ཚད་དོ། །འདི་ལ་ཞལ་ཤེས་སུ་གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་ཐོག་བརྫིས་ཀྱི་ཡུལ་དང་། ཆགས་སྡང་གི་ཡུལ་ཀུན་ཐོག་མར་ཕིག་གསུངས་སོ། །ཧཱུྃ་གི་འདྲེན་སྟངས་དྲག་༧༼ རྡོ་རྗེ་སྲིན་པོའི་ངུར་གླུ་ཡིན་ནམ་གསུངས་སོ། མཆན། ༽ལ་བཅད་ཐོན་པ་དགོས་གསུངས་སོ། །

གཉིས་པ་༼ ནང་རང་ལུས་ལ་རྩལ་སྦྱངས་བ་དཔྱད། ༽ནི། དེ་ནས་ཧཱུྃ་མཐོ་གང་བར་གྱུར་བ་ཚུར་བྱུང་ཞིང་རང་གི་ལུས་གོལ་རྩེ་མེད་པར་ཁྲལ་ཁྲོལ་དུ་ཕིག་ཅིང་། མཐར་རྡུལ་ཕྲན་ཇེ་ཕྲ་ལ་ཧཱུྃ་ཇེ་ཕྲའི་སྦྱངས་ཏེ་ལུས་འོད་གསལ་དྲི་མ་མེད་པར་དག་པར་བསམ་པའི་ངང་ལ་མཉམ་པར་བཞག་གོ །ཞལ་ཤེས་ནད་པ་ཡིན་ན་རྒྱུན་དུ་ནད་ན་ས་དང་བཅས་པ་ལ་བརྟུལ་ཞུགས་རྩལ་སྦྱངས་གསུངས་སོ། །

གསུམ་པ་མཉེན་བཙལ་བ་ནི། རང་གི་མདུན་དུ་སྐུ་འམ་རྟེན་ཤིང་བུ་སོགས་བཙུག་པ་ལ། སྙིང་ཀ་ནས་ཧཱུྃ་གི་ཐག་པ་བརྒྱུད་མར་བསྒྲིགས་པ་སེར་བསྒྲེང་ལྟ་བུར་འཕྲོས་པ་རྩ་བ་ནས་གཡས་སུ་དཀྲིས་ཀྱིན་བར་མེད་པར་སོང་བའི་སྔ་མ་རྩེ་མོར་མདུང་ཚུགས་སུ་གནས་པ་ལ་ཤེས་པ་མ་ཡེངས་པར་བཟུང་། ཡང་གནས་ཤིན་ཏུ་བརྡོ་བ་ན། སླར་ཡང་ཚུར་རྩེ་ནས་གཅིག་ལ་གཅིག་ཐིམ་མམ། སྙིང་ཀའི་དེ་ལ་དེའི་སྔ་རོལ་གྱི་དེ་བསྟིམས་པ་སོགས་རྩ་བ་ནས་བསྡུ་བ་རེས་མོས་ཀྱིས་སྤྲོ་བསྡུ་བྱ་གསུངས་སོ། །ཞལ་ཤེས་སུ་འདི་སྙིང་ཀ་ནས་ཕར་ཐད་ཀར་འཕྲོས་ཀྱང་། མིད་པའི་ལམ་བརྒྱུད་དེ་ཁ་སྣ་སོགས་བུ་ག་ནས་བརྒྱུད་པར་གོམས་ཀྱང་འདྲ་སྟེ་ཨ་འཐས་དེ་འདྲ་མི་དགོས། ཧཱུྃ་ཀྱང་སྔ་མའི་ཞབས་ཀྱུ་ལ་ཕྱི་མའི་ཐིག་ལེ་གཏུགས་པར་སོང་བ་དང་། གྱེན་བསྒྲེང་བར་མེད་དུ་གཤིབ་པ་འདྲ། ཁ་འཁོར་ཕྱོགས་ཀྱང་འགྲོ་དུས་ཕར། འོང་དུས་ཚུར་བྱས་ཀྱང་མི་འགལ་མོད་དེ། འོན་ཀྱང་ངེས་པ་ཡེ་འཛིན་མི་དགོས་སོ་གསུངས་སོ། །དེའི་སེམས་ཤིན་སྦྱང་གི་ཡོན་ཏན་ལས་སུ་རུང་བས་བཏང་འགྲོ་བཞག་སྡོད་ལ་དབང་ཐོབ། ༼ འདི་ལ་ཚངས་པའི་འདྲེན་སྟངས་ཡིན་གསུངས་སོ། །མཆན། ༽ན་འབྱོངས་པའི་ཚད་དོ། །

བཞི་པ་ནི། ཧཱུྃ་ཞེས་བརྗོད་པས་རང་གི་ལུས་ཧཱུྃ་མཐིང་ནག་ཁྲུ་གང་བ་ཞིག་དུ་གྱུར་བ་ཁྲུ་རེའི་མཚམས་སུ་ཕར་འཁྱོགས་ཚུར་འཁྱོགས་ཀྱིས་ལམ་ལ་འབུ་སྲིན་ནུར་འགྲོས་ལྟ་བུར་སོང་ནས། མཐོང་བའི་ཡུལ་དང་། མི་མཐོང་ལ་རྒྱུས་ཡོད་པའི་ཡུལ་ཀུན་ཏུ་མགྲོན་པོ་དོན་གཉེར་ལ་ཕྱིན་པ་བཞིན་ཉུལ་བ་དང་ཞེས། ཞལ་ཁྲིད་དུ་ལམ་གཅིག་ནས་ཤར་མར་སོང་བ་མ་ཡིན་ཕར་འཁྱོགས་ཚུར་འཁྱོགས་ཀྱིས་ཕར་སོང་ཚུར་འོང་ཡར་མར་ཕྱིན་པའི་རྐང་རྗེས་ཀྱིས་མ་ཁྱབ་པ་མེད་པའང་ཡིན་གསུང་སོ། །དེ་ནས་རྒྱུས་མེད་དང་རིགས་དྲུག་གི་གནས་ཀུན་ཏུ་ཁྱབ་པར་ཉུལ་བས་མ་ཁྱབ་པ་མེད་པར་ཞིབ་འཐག །དེ་ཡང་ཧཱུྃ་ལས་འོད་ཟེར་གྱི་སྤྲིན་ཕུང་འདོད་དགུའི་རོལ་བ་ཚྭ་དམྱལ་ལ་བདུད་རྩིའི་ཆར་བ། གྲང་དམྱལ་ལ་ཉི་མའི་སྣང་བ། ཡི་དྭགས་ལ་རོ་བརྒྱའི་ཟས་དང་། བདུད་རྩི་འོ་མའི་རྒྱུན་དང་། དུད་འགྲོ་ལ་ཆོས་ཀྱི་སྒྲ་དབྱངས་ཀྱི་མཚོན་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སེལ་བྱེད་ཡིད་བཞིན་གྱི་གཏེར་དུ་འཕྲོས་ནས་གདུང་བ་དུས་གཅིག་ལ་བསལ་ནས། དམྱལ་བ་མངོན་དགའ། ཡི་དྭགས་པདྨ་བརྩེགས། དུད་འགྲོ་སྟུག་པོ་བཀོད། ལྷ་མིན་ལས་རབ། ལྷ་དཔལ་དང་ལྡན་པ། མི་རྣམས་ཆོས་སྐུ་དོན་གྱི་འོག་མིན་ཆེན་པོའི་རྟེན་དང་བརྟེན་པའི་འཁོར་ལོར་བཀོད་པར་བསམ་པས་སེམས་ཅན་སྨིན་པའི་རྟེན་འབྲེལ། ཡང་ཧཱུྃ་ཞེས་ཞིང་ཁམས་དབུགས་ཆེན་འབྱིན་པ་ལྔའམ་བཅུ་གཅིག་དུ་སྟོན་པ་རྣམས་ཀྱི་དྲུང་དུ་ཕྱིན་པས་ཞིང་སྦྱོངས་བའི་རྟེན་འབྲེལ། དེ་དག་ལ་བསྐོར་བ་བྱས། མཆོད་པའི་བྱེ་བྲག་གིས་བསྟབས་དབང་ཆོས་ཞུས་པས། འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་དབུགས་དབྱུང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གཟིང་༼ གཟེངས་དཔྱད། ༽བསྟོད། བྱང་ཆུབ་དུ་ལུང་བསྟན་ཐོབ་པས་ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་འགྲིགས་སོ། །དེ་ལ་ཧཱུྃ་གི་འགྲོ་ཚུལ་༧༼ འདི་དབྱངས་ཚངས་པའི་འདྲེན་སྟངས་སུ་བྱ་བའོ་གསུང་སོ། །མཆན། ༽ སྔར་དང་འདྲ། དེ་ཀུན་གྱི་དུས་སུ་རྗེས་ཤེས་ཀྱི་ངོ་བོ་ལ་བདེ་གསལ་མི་རྟོག་པ་དང་། སྟོང་པའི་འོད་གསལ་ཤར་བའི་ངང་ལ་ཅུང་ཟད་རེ་མཉམ་པར་བཞག་གོ །

གསུམ་པ་སེམས་ཀྱི་རུ་ཤན་ལ་གཉིས་ལས་དང་པོ་ནི། བྱུང་གནས་འགྲོ་གསུམ་ལ་བརྟགས་པས་སྐྱེ་འགགས་གནས་མེད་ཀྱི་ཆོས་སྐུ་ངོ་སྤྲད་པའི་དགོངས་པ་སྟེ། དེ་དག་ནི་ཁྲེགས་ཆོད་ཀྱི་སྐབས་སུ་བབས་པས་འདིར་མི་སྤྲོའོ། །

གཉིས་པ་སྦྱངས་བ་རྣལ་དུ་དབབས་པ་ནི། རྣལ་དབབས་དང་སོར་གཞུག་པའོ། །དང་པོ་ནི། འདས་རྗེས་ལས། འདི་དུས་ལུས་ངག་ཡིད་གསུམ་པོའི། རྣལ་དུ་ཕབས་ལ་མཁས་པར་བྱ་ཞེས་དང་། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེས་ནས་ནི། ལུས་ངག་ཡིད་གསུམ་རྣལ་དུ་ཕབ། །ཞེས་སོ། །དེ་ཡང་ལུས་བྱ་བ་ཐམས་ཅད་བོར་ནས་དུར་ཁྲོད་ཀྱི་མི་རོ་བཞིན་དུ་བཞག །ངག་པི་ཝང་གི་རྒྱན་ཐག་ཆད་པ་བཞིན་དུ་བརྗོད་མེད་ཀྱི་གཤིས་སུ་ལྷོད། སེམས་རྣམ་རྟོག་གི་འཁྲུལ་བའི་སྤྲིན་དེངས་བའི་ནམ་མཁའ་ལྟར་དེ་བཞིན་ཉིད་དུ་བཞག་གོ ། དེའི་ལུས་རྣལ་དུ་ཕེབས་པའི་རྟགས་སུ་འགུལ་མི་འདོད། ངག་རྣལ་དུ་ཕེབས་པས་སྨྲ་བ་རྒྱུན་ཆོད། སེམས་ཀྱི་རྟགས་སུ་དྲན་བསམ་རང་སར་ཞི་བའོ། །

གཉིས་པ་སོར་གཞུག་པ་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡིས། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཞེས་ཉན་ཐོས་ཀྱི་ལྟ་སྟངས་ནི་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱེད་པའི་ཕྱིར་ཆོས་བདུན་གཡོ་མེད་དུ་བྱ་བའོ། །འདི་ཡན་ལག་གི་བཞུགས་སྟངས་ཞིག་ཀྱང་ཡིན་པས་འོག་དུ་རྒྱས་པར་འཆད་དོ། །

གནས་པ་བརྟན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། ལུས་གནད་སྔར་བཞིན་ལ་མིག་བར་སྣང་ལ་བལྟ་བ་དང་། ཁྱད་པར་དུ་འོག་མ་དཔུང་པ་གཡས་ཀྱི་མགོ་ལ་བཞག་པ་སྟེ། ཀུན་གསལ་ལས། བྱང་ཆུབ་སེམས་དཔའི་ཏིང་འཛིན་ནི། སངས་རྒྱས་དང་སེམས་ཅན་གྱི་བར་ན་གནས་པས་སྤྱན་བར་སྣང་ལ་བལྟའོ། །མགྲིན་པ་ཅུང་ཟད་གཅུ་བ་སྟེ། དཔུང་བའི་ཁར་འོག་མ་བཞག་གོ །རྩ་གསུམ་གྱི་རྒྱུ་སྲང་བཅད་པའོ། །ཞེས་དབུ་རྐྱང་རོ་གསུམ་ནི་མ་དག་པའི་རྩ་ཡིན་ལ། དེའི་མར་སྣ་དུང་ཅན་མན་ཆད་ནས། དབུ་མའི་དཀར་ཆ། རོ་མས་གཅི་༧༼ རོ་རྐྱང་ནང་གི་ཁམས་གོ་ལྡོག་ཀྱང་ཡོད་དོ། །མཆན། ༽ བ། རྐྱང་མས་གཤང་བ་འབབས་ལ། ལྟེ་འོག་འདུས་མཚམས་ཡན་ཆད་ཀྱི་གཡས་པ་ཉི་མ་དུག་གི གཡོན་པ་ཟླ་བ་བདུད་རྩིའི། དབུས་མ་མུན་པ་ནམ་མཁའི་མགོན་པོའི་རླུང་འབབ་པས་རྩ་༧༼ འདུག་སྟངས་འདིའི་མ་དག་པའི་རྩ་རླུང་འཆིངས་པས་ནའོ། མཆན། ༽བཟུང་བ་ན་ལས་རླུང་གི་རྒྱུ་སྲང་བཅད། དེའི་ཡིད་དང་རྣམ་ཤེས་ཀུན་གཞི་སྟེ་སེམས་གསུམ་འགོགས་པ་ལ་དགོངས་པའོ། །

གསུམ་པ་བརྟན་པ་གྲོལ་བར་བྱེད་པའི་ཕྱིར་ཁྲོ་བོའི་ལྟ་སྟངས་ནི། རྐང་པ་གྱད་ཀྱི་འདོར་སྟབས་སུ་བྱ། མིག་ནམ་མཁའ་ལ་བསྒྲད། ངག་ཏུ་ཧ་ཧ་ཧི་ཧི་ལ་སོགས་པ་བརྗོད་ཅིང་སེམས་སྤྲོས་མེད་དུ་བཞག་གོ །

གཉིས་པ་བྱེ་བྲག་ཏུ་རུ་ཤན་དབྱེ་བའི་ཚུལ་ལ་དངོས་དང་། འཕྲོས་དོན་དགོངས་པའི་ཚང་ཚུལ་བཤད་པའོ། དང་པོ་ནི། རྩ་བར༴ནས། བྱའོ་སྟེ། དེ་ལྟར་ཕྱི་ནང་གསང་བའི་རུ་ཤན་སྦྱོངས་ཚུལ་རྣམས་ཀྱི་རྩ་བ་སྦྱངས་བྱ་སྒོ་གསུམ་དང་། སྦྱོངས་བྱེད་དེའི་བྱེད་རྩོལ་དང་། སྦྱངས་འབྲས་ཀྱང་དེ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབ་པ་ལ་ཐུག་པས་ན། མདོར་བསྡུ་ན་རྩ་བ་ལུས་ངག་ཡིད་གསུམ་དུ་འདུས་པས་ན་འདི་ལྟར་རུ་ཤན་དབྱེ་བར་བྱའོ། །དེ་ཡང་གསང་སྒྲོགས་ཀྱི་ཉེས་པ་མི་འབྱུང་བའི་ཕྱིར་རུ་ཤན་དབྱེ་བ་མིག་གིས་མི་མཐོང་བ་དང་། དེའི་ཧཱུྃ་སྦྱངས་སོགས་ཀྱི་སྒྲ་མི་ཐོས་པ་དང་། སེམས་ཀྱིས་འཕྲིཊ་མི་ཚོར་བར་དབེན་པའི་གནས་སུ་གནས་དུས་གྲོགས་རབ་ཏུ་གསང་ན་དངོས་གྲུབ་མི་ཉམས་པའི་གྲོགས་གསང་སྤྱོད་མཉམ་དུ་བྱེད་པ་རྣམས་ལས་གཞན་ལ་ཟུར་ཙམ་ཀྱང་མི་སྒྲོགས་པར་ཕྱིན་ཏེ། ས་བསླང་བའི་ཕྱིར་དང་ཀོ་ལོང་རུ་ང་མི་བྱ་བའི་ཕྱིར། དཀར་ཕྱོགས་ལ་གཏོར་མ་སྦྱིན། བགེགས་བསྐྲད། དམ་སྲི་མནན། མ་ཏྲཾ་བསྒྲལ་ལས་རྣམས་འཛོམ་ན་རབ་ཏུ་བཟང་ངོ། ཞལ་ཤེས་ནི་ལར་བསྒོམ་ཆེན་པ་རྣམས་ཀྱིས་དོན་དམ་པའི་བསྒྲུབ་པ་ལ་ཞུགས་དུས་ས་བརྟགས་བསླང་མི་བྱ་བར་བདུན་བསྒྲུབ་ཙམ་ལ་བྱེད་པ་ནི། གཏན་ཆུའི་ལ་མཁར་མི་དགོས་ཀྱང་ཞག་ས་ལ་དགོས་ཟེར་བ་དང་འདྲ་བས་བླུན་གསུངས། དེ་ཙམ་མ་གྲུབ་ཀྱང་ཀུན་རྫོབ་དང་དོན་དམ་གྱི་བགེགས་བསྐྲད་དང་མཚམས་གཅོད་བྱས་ལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ཞལ་ཤེས་སྒོམ་འདི་དོན་དམ་སེམས་བསྐྱེད་མཐར་ཐུག་ཡིན་པས། དེ་རྒྱུད་ལ་ཨེ་སྐྱེ་བསམ་ན། དེའི་རྒྱུའམ་ཐབས་ཀུན་རྫོབ་བྱང་སེམས་ཡིན་པས་ན། དེ་བསྐྱེད་མི་དགོས་སེམས་པའང་རྒྱུ་འབྲས་ཀྱི་ཚུལ་ལ་རྨོངས་པའི་སྒྲིབ་པ་ཡིན་པས་ན་འདི་ལ་སེམས་བསྐྱེད་དགོས་དགོས་གཞན་ལ་མི་དགོས་གསུངས་སོ། །དེ་ནས་ལུས་སྦྱོངས་བའི་ཕྱིར་དང་ལུས་ལ་གནད་དུ་བསྣུན་པའི་ཕྱིར་རྡོ་རྗེའི་འདུག་སྟངས་སྔར་བཞིན་བྱ་བ་དང་། ངག་སྦྱོངས་པའི་ཕྱིར་ཨོཾ་ཨཱཿཧཱུྃ་གསུམ་བཟླ་བཞིན་པས། སེམས་ཀྱིས་འདི་ལྟར་བསྒོམ་པར་བྱ་སྟེ། རང་གི་ལུས་ཐ་མལ་གྱི་དཔྲལ་བར་སྐུ་རྡོ་རྗེའི་ས་བོན་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ས་བོན་ཨཱཿདམར་པོ། སྙིང་ཁར་ཐུགས་རྡོ་རྗེའི་༼ ས་བོན་དཔྱད། ༽ཧཱུྃ་མཐིང་ཀ་རྣམས་བསྒོམ་པ་ལས་འོད་འཕྲོས་རྡོ་རྗེ་གསུམ་ཀྱི་ལྷ་ཚོགས་སྤྱན་དྲངས་ཏེ་བསྟིམ་པས། ཡི་གེ་གསུམ་ལས་དེ་དག་གི་བྱིན་རླབས་ཐུགས་རྗེའི་འོད་ཟེར་ཡེ་ཤེས་ཀྱི་མེ་ཁ་དོག་དཀར་དམར་མཐིང་ག་གསུམ་རེག་བྱ་ཚ་བར་འབར་བས། བདག་གི་ལུས་ངག་ཡིད་གསུམ་དུ་འཛིན་པའི་རྟོག་སྒྲིབ་དག །དམ་ཚིག་ཉམས་ཆགས་ལས་ཉོན་གནས་དོན་ལུས་ཀྱི་བག་ཆགས་དང་བཅས་པ་ཐམས་ཅད་རྩྭ་སྦུར་ཕྲ་མོ་ལ་མེ་མཆེད་པ་བཞིན་དུ་བསྲེག་ནས་ཐལ་བ་ཙམ་ཡང་མ་ལུས་པར། ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཆོས་ཉིད་ཀྱི་ངང་དུ་བསྲེགས་པར་བསམ་ལ། ཡི་གེ་འབྲུ་གསུམ་གྱི་བཟླས་པ་ལུས་ངག་ཡིད་གསུམ་ལ་འབྲུ་འབུམ་གསུམ་བྱའོ། །ལར་འདི་ལ་ཞལ་ཤེས་སུ་འགའ་ཞིག་གིས་ཨོཾ་མ་ཧཱུྃ་ཟེར་བ་དེའི་ཅི་ཡང་མི་ཕན་དེ། སྒྲ་དག༼ ཨོཾ་ཨཱཿཧཱུྃ༔མཆན། ༽པ་ཞིག་དགོས། སེམས་ཀྱིས་ཀྱང་ལན་གྲངས་འབུམ་ཕྲག་གསུམ་དུ་ས་བོན་བསྲེགས་སྦྱོངས་གསལ་འདེབས་དགོས་ཀྱི། ངག་གི་ཁྲལ་ཙམ་གྱིས་གར་ཡང་མི་ཕྱིན་གསུངས་སོ། །ལར་འབུམ་ལྔ་གང་ལའང་ཚོགས་ཞིང་གསལ་འདེབས་དང་། སྐྱབས་འགྲོའི་དམ་བཅའ། སེམས་བསྐྱེད་པ་སོགས་ངག་གི་མ་གཏོགས་གཞན་མེད་པས་མི་འོང་སྟེ། ལུས་ངག་ཡིད་གསུམ་གྱི་ཚད་དང་ལྡན་པ་ཞིག་དགོས། སེམས་བསྐྱེད་ཟེར་བ་ལས་ངག་བསྐྱེད་མི་ཟེར་བས་སེམས་ལན་མ་སྟོང་དུ་བསྐྱེད་དགོས་གསུངས་པ་ཐུགས་ཤིན་ཏུ་མད་དོ། །དེ་ལྟ་ན་ངག་བསྐྱེད་བརྒྱའི་ཚེ་ལ་སེམས་བསྐྱེད་གཅིག་ཀྱང་མི་འགྲོ་གསུངས་སོ། །

གཉིས་པ་ནི། སྦྱོངས་ཚུལ་དེ་ལ་ཕྱིའི་རུ་ཤན་གྱི་དོན་ཀྱང་འདུས་ཏེ། ལུས་རྡོ་རྗེར་གནས་པས་ངལ་ཞིང་ཆད་པ་དང་། ངག་སྔགས་བཟླས་པས་དུབ་པ་དང་། སེམས་རྩོལ་བ་བྱས་པས་ཆད་དེ་སྒོ་གསུམ་གྱི་མངོན་ཞེན་ཟློག་ཅིང་འཁྲུལ་པའི་བྱ་བ་ལ་མི་འཇུག་པའོ། །ནང་གི་རུ་ཤན་ཀྱང་ཁྱད་པར་བ་ཡིན་ཏེ། འདིར་རྟེན་དང་བརྟེན་པའི་ས་བོན་བསྲེགས་སྦྱོངས་དང་། སྒོ་གསུམ་གྱི་ཟག་པ་སྦྱོངས་པའི་ཕྱིར་རོ། །གསང་བའང་རྫོགས་ཏེ། ལུས་རྡོ་རྗེའི་ཕྱག་རྒྱ་བཅའ་བ་དང་། ངག་གིས་ཨོཾ་ཨཱ་ཧཱུྃ་ཞེས་པས་ཧཱུྃ་སྦྱངས་ཚང་པ་དང་། སྦྱངས་ཚུལ་ཀྱང་གཞན་ཧཱུྃ་གི་འཇུ་འདུལ་གྱིས་ཡིན་ལ། འདིར་ཧཱུྃ་གི་འོད་ཟེར་གྱིས་སྦྱངས་པའི་ཁྱད་པར་ལས་མེད་པའི་ཕྱིར་རོ། །འོ་ན་དངོས་པོ་གཞན་བསྲེགས་སྦྱངས་བྱས་སམ་མ་བྱས་ཞེ་ན་བྱས་ཀྱང་ཆོག་སྟེ། ལུས་ཞེས་པ་ཕྱི་འབྱུང་བའི་ལུས། ནང་རང་གི་ལུས། གཞན་སེམས་ཅན་གྱི་ལུས་ལ་འཇུག་པའི་ཕྱིར་དང་། བག་ཆགས་ནི་གནས་དོན་ལུས་གསུམ་ལ་འཇུག་པའི་ཕྱིར་དང་། མ་ཟད་ལུས་སྣང་བའི་གྲོང་ཁྱེར་འདོད་པའི་སྲིད་པ་སོགས་ཡིན་པའི་ཕྱིར་སྲིད་པ་གསུམ་གྱི་བསྲེགས་སྦྱོངས་སུ་འགྲོའོ། །

གཉིས་པ་ལ། རུ་ཤན་མ་ཕྱེད་པའི་སྐྱོན་དང་། ཕྱེས་པའི་ཡོན་ཏན་ནོ། །དང་པོ་ནི། ཕྱི་ལྟར་རུ་ཤན་མ་ཕྱེད་ན་སྒོ་གསུམ་གྱི་མངོན་ཞེན་དང་བྱ་བ་ངན་ཞེན་གྱི་འཁྲུལ་པའི་འཁོར་ལོ་རྒྱུན་མི་ཆོད་དེ། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། ཁམས་གསུམ་ལས་༼ ལུས་དཔྱད། ༽ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་བས། ། འཁོར་འདས་རུ་ཤན་དབྱེ་བ་བཤད། ཅེས་དང་འདས་རྗེས་ལས། ལུས་རུ་ཤན་མ་བྱས་ན་ལུས་ཁམས་གསུམ་དུ་ལྡོག་པས་ལུས་རུ་ཤན་དབྱེ་བ་ལ་མཁས་པར་བྱའོ། །ངག་རུ་ཤན་མ་ཕྱེད་ན་ངག་ཁམས་གསུམ་དུ་ལྡོག་པས་ངག་རུ་ཤན་དབྱེ་བ་ལ་མཁས་པར་བྱའོ། །སེམས་རུ་ཤན་མ་ཕྱེད་ན་སེམས་ཁམས་གསུམ་དུ་ལྡོག་པས་ན་སེམས་རུ་ཤན་དབྱེ་བ་ལ་མཁས་པར་བྱའོ། །ཞེས་སོ། །ནང་ལྟར་མ་ཕྱེས་ན། ས་བོན་ལས་འབྲས་བུ་འབྱུང་བས་ན་འཁོར་བའི་འབྲེལ་རྒྱུན་མི་ཆོད་དེ། ཀློང་གསལ་ལས། དེ་ལྟར་ས་བོན་མ་འགགས་ན། འཁོར་བའི་འབྲེལ་བ་ཆོད་མི་འགྱུར། ཞེས་པ་དང་། གསང་བ་ལྟར་རུ་ཤན་མ་བྱས་ན། རུ་ཤན་བྱས་པའི་ཡོན་ཏན་ལས་གོ་ལྡོག་པའི་སྐྱོན་ཡོད་དེ། ཐལ་འགྱུར་ལས། དེ་ལྟར་རུ་ཤན་མ་བྱས་ན། །དེ་ལས་ལྡོག་པའི་སྐྱོན་ཡོད་དོ། །ཅེས་སོ། །

གཉིས་པ་ལ་དངོས་དང་དེའི་འཐད་པ་གཞན་ལས་བླང་བའོ། ། དང་པོ་ནི། དེས་ལུས་ངག༴ ཡོད་དོ། །

དེ་ལ་ཕྱིའི་རུ་ཤན་གྱི་ཕན་ཡོན་ནི། ཐུན་མོང་དུ་སྒོ་གསུམ་གྱི་སྡིག་སྒྲིབ་དག་པ་དང་། བག་ཆགས་དང་མངོན་པར་ཞེན་པ་ལྡོག་ཅིང་། ལུས་ངག་ཡིད་གསུམ་གྱི་བསྒྲུབ་པའི་བར་ཆད་ཉེ་བར་ཞི་ཞིང་མཆོག་ཏུ་སྐུ་གསུམ་དང་རྡོ་རྗེ་གསུམ་ལྷུན་གྱིས་འགྲུབ་པའང་། ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། ཐུན་མོང་མཆོག་གི་དབྱེ་བའོ། ཞེས་སོ། །

ནང་ལྟར་རུ་ཤན་དབྱེ་བའི་ཕན་ཡོན་ནི། འཁྲུལ་བ་འབྲས་བུ་ནས་ལྡོག་པར་བྱེད་པ་ཕྱིའི་རུ་ཤན་ལས་ཁྱད་པར་འཕགས་ཤིང་། གཞི་ནས་ལྡོག་པར་ནང་གི་རུ་ཤན་གྱིས་ཐུན་མོང་འཁྲུལ་བའི་རྒྱུ་དང་སྡིག་སྒྲིབ་བག་ཆགས་ཀྱི་ས་བོན་རྩ་བ་ནས་ཟད་པ་དང་། ཞལ་ཤེས་སུ་ད་ལྟ་ནས་རིགས་དྲུག་བསྲེག་སྦྱོང་གི་སྒོ་ནས་རང་གིས་རང་ལ་གསོན་དགུང་དེད་པ་ལྟ་བུའང་ཡིན་གསུངས་སོ། །ཁྱད་པར་གྱི་དགོས་པ་ནི། ད་ཕན་ཆད་ས་བོན་མེད་པས་འཁོར་བར་མི་ལྡོག་པ་དང་། མཆོག་གི་དགོས་པ་ནི། སངས་རྒྱས་ཀྱི་སྐུ་གསུམ་དང་རྡོ་རྗེ་གསུམ་གྱི་ཀློང་དུ་མྱ་ངན་ལས་འདའ་བ་སྟེ། ཀློང་གསལ་ལས། ཐུན་མོང་ཁྱད་པར་མཐར་ཐུག་གི །དགོས་པ་གསུམ་དུ་ཤེས་པར་བྱ། ཞེས་དང་། འཁྲུལ་རྒྱུ་ཟད་པར་བྱ་བའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་སོ། །

གསང་བ་ལྟར་རུ་ཤན་དབྱེ་བས། དང་པོ་ལུས་རྡོ་རྗེར་སྦྱངས་བས་ཐུན་མོང་དུ་ལུས་རྡོ་རྗེ་མེ་འབར་བར་མཐོང་བས་གདོན་བགེགས་དང་བར་ཆད་ཉེ་མི་ནུས་ཤིང་ལུས་ཤིན་སྦྱང་གི་བདེ་བ་ཐོབ། མཆོག་ཏུ་འཆི་བདག་གི་བདུད་ཆོམ་ནས་རྡོ་རྗེའི་ལུས་ཐོབ་པའི་དགོས་པའོ། །ངག་གི་དབྱེ་བས་སྔ་མ་གཉིས་ཀྱི་ཐུན་མོང་དུ་གནས་དོན་ལུས་གསུམ་གྱི་བག་ཆགས་སྦྱོང་བ་དང་། ཕྱི་མ་གཉིས་ཀྱིས་སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་པའི་ཏིང་ངེ་འཛིན་ཐོབ་པར་བྱེད་པ་དང་། དེ་དག་ཀུན་གྱི་མཆོག་ཏུ་ཡུལ་ཞིང་ཁམས་དང་། ལུས་འོད་གསལ་དུ་དག་པ་དང་། རྫོགས་སྨིན་སྦྱངས་གསུམ་གྱི་རྟེན་འབྲེལ་འགྲིགས་པའོ། །སེམས་རྩད་བཅད་པས་ཐུན་མོང་རྣམ་རྟོག་བ་དེད་ཀྱིས་དབྱིངས་སུ་དག་པའི་ཐབས་དང་། མཆོག་ཏུ་ཆོས་སྐུ་རང་ལས་རྙེད་པའོ། །དེ་དག་ཀྱང་ཐལ་འགྱུར་ལས། འདིར་ཡང་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་མཐའི་དབྱེའོ། ། ཞེས་དང་དེ་ལྟར་ངག་སྦྱངས་སེམས་ལ་ཕན། ཞེས་དང་། སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་སོ། །རྣལ་དབབས་ཀྱིས་ཐུན་མོང་དུ་ཉམས་ལེན་ལ་བརྩོན་མི་ནུས་པའི་རེ་ཞིག་དོར་བའི་དཔུང་དང་། རྩ་རླུང་འབྱུང་འཁྲུགས་ཀྱི་ནད་རྐྱེན་ཞི་བ་དང་། མཆོག་དུ་འཛིན་པ་རང་སར་གྲོལ་བའི་དགོས་པ་འགྲུབ་སྟེ། ཀློང་གསལ་ལས། འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། ། ཞེས་སོ། །སོར་གཞུག་གིས་ཐུན་མོང་དུ་འཁྲུལ་སྣང་བཙན་ཐབས་སུ་འགགས་པ། ཁྱད་པར་ཀ་དག་གི་ཡེ་ཤེས་རང་ལ་འཆར་བའི་རྒྱུར་བྱེད་དེ། དེ་ཉིད་ལས། ཀ་དག་དོན་ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ཡང་གཞུག །ཞེས་སོ། །

གཉིས་པ་དེའི་འཐད་པ་གཞན་ལས་བླང་བ་ནི་ལུང་རིགས་གཉིས་ཆར་ཡང་འཐད་དེ། ཕྱིའི་རུ་ཤན་གྱིས་དབུར་དྲངས་ཏེ་རྟོག་གེ་བྱེད་པ་དག་ན་རེ། འགྲོ་བ་དྲུག་གི་ས་ལ་རྟེན་འབྲེལ་མ་བསྒྲིགས་ཀྱང་སྐྱེ་བ་ལེན་ངེས་སོགས་ཟེར་ཞིང་རྩེད་མོ་ཙམ་གྱི་གྲངས་སུ་འཇོག་པ་ནི་མི་རུང་སྟེ། ཇི་ལྟར་འདོད་ཆགས་ཅན་འདོད་ཆགས་ཀྱིས་གྲོལ་བའི་གསང་སྔགས་ཀྱི་ཐབས་ཀུན་ལའང་ཤལ་མ་རི་ལ་རྟེན་འབྲེལ་བསྒྲིགས་པ་དང་། རྩ་རླུང་གི་འཁྲུལ་འཁོར་ཀུན་དུད་འགྲོའི་ལམ་ལ་བསྒྲིགས་པའི་བརྒྱུད་ཆུ་འདྲེན་པ་ངོ་མཚར། ཡང་སྣ་ཚོགས་རྡོ་རྗེའི་རིམ་པ་བསྒོམ་པ་དང་། བཅའ་བ་ལས་རྒྱ་ཀུན་ལ་བྱིན་རླབས་ཡོད་དམ་མེད། ཛ་ལན་དྷ་རའི་རིམ་པ་དང་། ཕྲ་མོ་བཀོད་པ་ཀུན་ལ་ཕན་ཡོན་ཨེ་ཡོད་ཅེ་ན་ལན་ཅི་ཡོད། སེམས་བ་དེད་བྱེད་པ་ནི་དཀོན་མཆོག་བརྩེགས་པར་ཡང་གསུངས་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རིལ་སྔགས་ཀྱི་སྔོན་འགྲོར་གྲུབ་པའི་འཐད་པའང་། ངེས་པ་འདི་སྔགས་མ་ཟད་མདོར་ཡང་གསུངས་ཏེ། མདོ་སྡེའི་རྒྱན་ལས། གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་ལ་འཇུག་པ་དེ་ཡིས་ཕྱིར། ། དེ་ཡི་རྣམ་པར་གྲོལ་འགྱུར་ན། །དེ་ཡིས་དེ་དག་ལས་ངེས་འབྱུང་། །ཞེས་དང་། ཐུན་མོང་གི་རྒྱུད་ལས། རྣམ་རྟོག་གིས་ནི་རྣམ་རྟོག་དང་། །སྲིད་པ་ལས་ནི་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་འགུགས་པ་ལྟར། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པར་སྦྱངས་བར་བྱ། །ཞེས་དང་། གདན་བཞི་ལས། སྒྱུ་མས་སྒྱུ་མ་བཅོམ་པ་ལྟར། །ཐབས་མཁས་སྤྱོད་པ་འདི་དག་གིས། །རྨི་ལམ་བཞིན་དུ་སྔགས་སྤྱོད་པའོ། །རྟོག་པས་རྟོག་པ་རྣམ་སྤོངས་སྟེ། །ཞེས་སོ། །དེས་ན་རང་གིས་ཀྱང་ངས་འདི་ལ་རྩེད་མོ་ཙམ་ལས་མི་འོང་བར་གདའ་ཟེར་ནས་རྩོལ་བཅས་ཀྱི་སྔོན་འགྲོ་གཞན་ལ་ལྟོས་འཆའ་བ་ནི་བདུད་ལས་སུ་ཤེས་སོ། །


previousབར་དུ་དགེ་བ་གཞུང་གི་དོན།།next