Nitartha Digital Library
Tibetan
 
previousདམ་ཚིག་ཕྱག་རྒྱའི་གདབས་པ།next

དམ་ཚིག་ཕྱག་རྒྱའི་གདབས་པ།

གསུམ་པ་དམ་ཚིག་ཕྱག་རྒྱའི་གདབས་པ་ནི། །ས་མ་ཡཱ། ནི་དམ་ཚིག་འདི་ལྟ་བུ་ལ་བརྟེན་ན་དངོས་གཞི་ཡང་དག་པར་གྲུབ་པའི་ཐ་ཚིག་གོ །རྒྱ་གསུམ་ནི་སྔར་བཞིན་ནོ། །སྔོན་འགྲོ་འདི་ནི་བླ་མ་རིན་པོ་ཆེ་ཉིད་ཀྱིས་ཅུང་ཟད་རྒྱས་དགོས་གསུངས་བས་སྤྲོས་པའོ། །

གསུམ་པ་ཐུན་གྱི་སྔོན་འགྲོ་དངོས་ལ། དངོས་དང་ཕན་ཡོན་ཕྱག་རྒྱའོ། །དང་པོ་ནི། དེ་ནས་སྒྲིབ་པ་སྦྱངས༴ བྱའོ། །ཞེས་པའི་བར་གྱིས། ཁྱད་པར་གྱི་སྔོན་འགྲོ་གྲུབ་པ་དེ་ནས་བསྒོམ་པའི་ཐོག་མར་རང་རྒྱུད་ཉོན་ཤེས་ཀྱི་སྒྲིབ་གཉིས་སྦྱངས་པ་དང་། བརྒྱུད་པའི་བྱིན་རླབས་འཇུག་པའི་ཕྱིར། བླ་མའི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། སྤྱིར་རང་གི་བླ་མ་དེ་ཇི་ལྟར་ཡོད་ཀྱང་དེ་བསྒོམ་ན་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་མཆོག་གོ་གསུངས། ཡི་དམ་ལྟར་བསྒོམ་ན་བསྙེན་བསྒྲུབ་ཚུལ་བཞིན་མ་བྱས་པར་མི་གྲོལ་ལོ། །དེའང་ཐ་མལ་དམན་པར་བསྒོམ་མི་རུང་པར་འདོད་པའང་། བཀོད་པ་ཆེན་པོ་ལས། གང་གི་ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མའི་སྐུ་ལ་དམིགས་པ་མ་ལོག་ན། །བསོད་ནམས་བརྒྱ་ཕྲག་སྟོང་གི་ཆར་མི་འགྲོ། །ཞེས་པས་བསལ་ཏེ། བླ་མ་འགྲོ་འདུལ་སྤྲུལ་སྐུའམ་སྐྱེ་བ་སྤྲུལ་སྐུ་བསྒོམ་མི་རུང་སངས་རྒྱས་སྟོང་གི་ཕལ་ཆེར་བསྒོམ་མི་རུང་བར་འགྱུར་རོ། །འོན་ཀྱང་མཚན་དཔེ་མི་ཚང་བས་མི་འདྲ་སྙམ་ན་ཁྱོད་འཁོར་ལོའི་བསྒྱུར་བའང་ཅེས་མི་བསྒོམ་པའི་ཐ་ཚིག་དང་། ལར་མཚན་དཔེ་དངོས་གནས་པ་ལོངས་སྐུ་ལས་མེད་པས་སྤྲུལ་སྐུ་ཁྱོད་ཀྱིས་མི་བསྒོམ་སོ། ། ཆོས་སྐུ་ལ་མཚན་དཔེ་མེད་པས་མི་བསྒོམ་པར་ཐལ་བ་བཟློག་ཏུ་མེད་དོ། །འོན་ཀྱང་བློ་རྩིང་སྤྱིའི་བབས་དང་བསྟུན་ནས། པདྨ་སེམས་དཔའི་གསང་བསྒྲུབ་ལྟར་ཉམས་སུ་ལེན་པས་བསྙེན་པ་དང་། དངོས་གཞིའི་རྟོགས་པ་སྐྱེ་ཞིང་གོ་འཕང་གི་ཆོས་བརྒྱུད་ལ་འཇོག་ཕྱིར་གསོལ་བ་ཕུར་ཚུགས་སུ་གདབས་ཅིང་སྒོ་གསུམ་གུས་པས་ཕྱག་དང་བསྐོར་བ་དང་ཕྱི་ནང་གསང་བའི་མཎྜལ་ཀྱང་ཕུལ་ལོ། །གཞན་ཡང་བླ་མའི་རྣལ་འབྱོར་བསྒོམ་ནས་བདུན་རྣམ་དག་གིས་མཆོད་དེ་དབང་བཞི་བླང་བར་བྱའོ། །དེ་ཡང་ལར་བླ་མ་བརྟེན་ཚུལ་ལ་བལྟས་ནས་སྐྱོན་དུ་མི་སེམས་པར་ཡོན་ཏན་འབའ་ཞིག་ལ་བློ་གཞོལ་ཞིང་མོས་གུས་བྱེད་པ་ལ་འབད་དོ། །དེ་མ་སྐྱེས་ཀྱི་བར་ལ་ངས་ཆོས་ཐོབ་པས་སྨད་མི་རུང་བསམ་པ་དང་། གསོལ་བ་འདི་ལ་འདེབས་དགོས་བསམ་པ་ལས། བླ་མ་ཚོད་ཚོད་ཡིན། ཡོན་ཏན་ཡང་ཡོད་དེ་སྐྱོན་ཀྱང་འདི་འདྲ་བརྡོག་གོ་སྙམ་དུ་ཁར་མ་ཐོན་པས་མི་འོང་། ཡང་བླ་མ་དངོས་སུ་བཞུགས་པ་ལ་དད་གུས་དང་བསྙེན་བཀུར་མེད་པར། གཟུགས་བརྙན་འབྲི་མདོག །མཆོད་པ་ཕུལ་ཁུལ་བྱེད་པ་ནི་དོན་དམན་ནོ་གསུངས་སོ། །དེས་ན་བསྐྱེད་རྫོགས་གང་ཡང་བསྒོམ་མི་སྔ་བར་འདི་ཁོ་ན་ལ་ཐུགས་དམ་བྱས་པས་དངོས་གཞི་བརྒྱུད་ལ་རང་ཤུགས་ཀྱིས་འབྱོར་བའོ། །རིམ་པ་དེ་རྣམས་ཀྱང་བླ་མ་དང་ཐུགས་ཡིད་འདྲེས་པའི་ཉེར་ལེན་མོས་གུས་ཀྱིས་བརྒྱལ་བ་ལྟ་བུ་མ་བྱུང་གི་བར་དུ་ཉམས་སུ་བླང་བར་བྱའོ། །

གཉིས་པ་དགོས་པ་ནི། དེའི་བྱིན་རླབས༴ནས། འཆར་རོའི་བར་གྱི། དེ་ལྟར་བླ་མ་མཆོད་བསྒྲུབ་བྱས་པས་བསྐྱེད་རྫོགས་བསྐལ་བར་བསྒོམ་པ་ལས་ལྷག་པའི་བསོད་ནམས་འབྱུང་བ་དང་། སངས་རྒྱས་ཀྱི་འབྲས་བུ་ཅིག་ཆར་དུ་འགྲུབ་པའང་། ཀུན་འདུས་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་དྲན་པའི་བསོད་ནམས་མཆོག །བསོད་ནམས་འདིའི་ནི་ཕ་མཐའ་ཡས། ། ཞེས་དང་། རྫོགས་རིམ་བསྐལ་པ་ཉི་ཤུའི་བར། །གང་གི་འདུ་འཛི་སྤངས་ནས་བསྒོམ་པ་ལས། །བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ། ། བསོད་ནམས་སྟོང་ཕྲག་ཉི་ཤུའི་ཆར་མི་ཕོད། །བླ་མ་བསྒོམ་དང་བསྟོད་པའི་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཆར་འགྲུབ་པར་ངེས། ཞེས་དང་། གསོལ་བ་བཏབས་པའི་ཕན་ཡོན་ཡང་། དམ་ཚིག་བཀོད་པ་ལས། བསྙེན་བསྒྲུབ་བཟླས་བརྗོད་ས་ཡ་བས། །བླ་མའི་གསོལ་འདེབས་ལན་ཅིག་མཆོག །ཞེས་སོ། །དེའི་རང་རྒྱུད་ལ་བྱིན་རླབས་འཇུག་ཅིང་སྒོ་གསུམ་གྱི་སྒྲིབ་པ་བྱང་སྟེ་ཉམས་རྟོགས་ན་འཕར་ཞིང་། ལྟ་བསྒོམ་ཡང་དག་གི་དོན་གཏད་མེད་དུ་བརྒྱུད་ལ་སྐྱེ་བས། རྗེ་བཙུན་གྱིས། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་སློབ་མ་གུས་ལྡན་ཞིག་གིས་གསོལ་བ་བཏབ་ན་སྒོམ་ཞོར་ལ་འོང་གསུངས་སོ། །བརྒྱུད་ལ་བྱིན་རླབས་འཇུག་པའང་དགེ་བཤེས་སྟོན་པས། ངས་ཡི་དམ་ཀྱི་ལྷ་ལ་གསོལ་བ་བཏབས་པ་བས་ཨ་ཏི་ཤ་ལ་གསོལ་བ་བཏབས་པ་བྱིན་རླབས་ཆེ་བ་ཉམས་མྱོང་ཡོད་གསུངས་སོ། །

༼ གསུམ་པ་དཔྱད། ༽ཕྱག་རྒྱ་ནི་ས་མ༴ ནས་རྒྱ། སྒྲུབ་པའི་དམ་ཚིག་གི་གཙོ་བོ་ཡིན་པས་འདི་ལ་བརྟེན་པར་བྱ་བ་ཁོ་ནའོ། །ཞེས་དང་། རྒྱ་གསུམ་ནི་སྔར་བཞིན་ནོ། །

རྩ་བའི་ས་བཅད་གཉིས་པ་གཞི་ལམ་འབྲས་བུའི་རྫོགས་ཆེན་བཤད་པ་ལ་དགོངས་པའི་དབྱིངས་སྤྱིར་འཇལ་བ། རང་བཞིན་དངོས་དོན་རྒྱས་པར་བཤད། དེ་དག་གི་མཇུག་བསྡུ་བའོ། །

དང་པོ་ནི། འདིར་ཁྲེགས་ཆོད་ལ་གཞི་དང་ཐོད་རྒལ་ལ་ལམ་རྫོགས་ཆེད་དུ་བཤད་པའི་དོན། ལར་གཞི་ལ་ནི་སྔར་ཡེ་ཐོག་དང་པོའི་གཞི་དང་། གནས་སྐབས་ཀྱི་གཞིར་གནས་རང་གི་རིག་པའི་གནས་ལུགས་གཉིས་སུ་བསྟན་པའི་གཞི་འབྲས་དབྱེར་མེད་ཆེན་པོ་རྟོགས་བྱའམ་བྱ་བ་རྫོགས་པའི་གཞི་དང་། དེ་རྟོགས་བྱེད་ཐབས་ཀྱི་གཞི་གཉིས་སུ་ཡོད་པ་སྟེ། རྩལ་རྫོགས་ལས། གཞི་ཡི་དབྱིངས་རིག་རྣམ་གཉིས་ནི། །རྟོགས་བྱེད་ཐབས་ཀྱི་གཞི་དང་ནི། །བྱ་བ་རྫོགས་པའི་གཞི་རུ་བཤད། །རྟོགས་བྱེད་ཐབས་ཀྱི་གཞི་ཡི་དུས། །བག་ཆགས་ཕུང་པོ་འདི་ལ་བཤད། །བྱ་བ་རྫོགས་པའི་གཞིར་གནས་ནི། །ཆོས་ཉིད་ཀ་དག་སྣང་བར་བཤད། །ཅེས་པས། ཕྱི་མ༼ རྟོགས་བྱེད་ཐབས་ཀྱི་གཞི་ལ་མཆན། ༽ལའང་གཞི་ཀ་དག་རང་བྱུང་གི་རིག་པ་ཆོས་སྐུ་ཆོས་དབྱིངས་དབྱེར་མེད་པའི་རང་བཞིན་གྱི་སྣང་བ་ལུས་ལ་རྫོགས་ཚུལ་དང་། དེའི་སྐུའི་སྣང་ཆའམ་གཞི་སྣང་ལུས་ལ་རྫོགས་ཚུལ་གཉིས་སུ་ཡོད་པ་སྟེ། སྔ་མ་དབང་བཙན་དུ་བྱས་ནས། །ཀློང་གསལ་ལས། ཀུན་ཁྱབ་ཡེ་ཤེས་འདི་ལྟར་གནས། །སྟོང་གསལ་ཡེ་ཤེས་ཆེན་པོ་ནི། །ཡེ་ནས་རྣམ་པ་གསུམ་དུ་གནས། །ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། ། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་མདངས་ལྔ་ཉིད་དུའོ། ། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་གནས། །ཞེས་སོ། །དེའི་དང་པོའི་གནས་ལུགས་བྱེ་བྲག་ཏུ། ལུང་ཡེ་ཤེས་མར་མེའི་རྒྱུད་ལས། གསང་བའི་བདག་པོ་རང་གི་སྙིང་གི་དཀྱིལ་ན་ཆོས་སྐུ་མཚན་མ་མ་གྲུབ་པའི་སྟོང་བར་བཞུགས་སོ། །ཞེས་དང་ཕྱི་མའི་དབང་དུ་བྱས་ཏེ། རྩལ་རྫོགས་ལས། རྟོགས་བྱེད་ཐབས་ཀྱི་གཞི་བཤད་པ། །དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་རྒྱུད་དུ་གསལ། །ཞེས་སོ། །དེ་ལྟར་གནས་པའི་དབང་གིས་དེ་ཉིད་ཉམས་སུ་ལེན་པའི་ལམ་ཀྱང་གཉིས་སུ་བྱུང་བ་སྟེ། རྟོགས་བྱེད་ཐབས་ཀྱི་གཞི་ཆོས་ཀྱི་སྐུ་དངོས་ལམ་དུ་བྱེད་པ་ཁྲེགས་ཆོད་དང་། རྟོགས་བྱེད་ཐབས་ཀྱི་གཞི་གཟུགས་སྐུ་རིག་གདངས་ལམ་དུ་བྱེད་པ་ཐོད་རྒལ་གཉིས་སུ་བསྟན་པ་ཡིན་ནོ། །འདི་གཉིས་ཀ་གནས་སྐབས་ཀྱི་གཞི་དང་། གཞི་སྣང་ལམ་བྱེད་ཡིན་པས་གཞི་དང་ལམ་གྱི་རྣལ་འབྱོར་རམ་རྫོགས་ཆེན་ཞེས་བྱ་ཞིང་། ཡང་གཞི་ཁྲེགས་ཆོད་ཀྱིས་མ་བཟུང་ན་མཚན་མ་བཟང་ཞེན་གཟུགས་ཁམས་ཀྱི་གོལ་ས་ལྡང་པ་དང་། ལམ་ཐོད་རྒལ་མྱུར་བས་དེའི་བསྐྱངས་ན་ངོ་བོ་དང་རང་གདངས་གཉིས་ཆར་ཉམས་སུ་ལོན་པའི་ཁྱད་པར་འཕགས་པ་སྟེ། དེས་ནའང་གཞི་ལམ་གྱི་རྫོགས་ཆེན་ཞེས་བྱའོ། །རབ་འབྱམས་ལས་ཀྱང་། གཞི་ནི་ཁྲེགས་ཆོད་ལམ་ཐོད་རྒལ། །འབྲས་བུ་སྐུ་གསུམ་ཡོངས་རྫོགས་སོ། ། ཞེས་དང་། ཡང་དམིགས་པ་ཡུལ་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ལ་དགོངས་ནས། དེ་ཉིད་ལས། དམིགས་པ་ཡུལ་གྱི་བློ་ཅན་ལ། ། ཁྲེགས་ཆོད་གདམས་པ་བསྟན་པ་ནི། ། ཞེས་དང་རིག་པ་རང་སྣང་བློ་ཅན་ལ། ཐོད་རྒལ་གདམས་པ་བསྟན་པར་བྱ། ། ཞེས་སོ། །འདིའི་གོ་བ་ཅུང་ཟད་བཤད་ན། ལར་རིག་ཁམས་རང་བཞིན་རྣམ་དག་གམ་ཡེ་ཐོག་དང་པོའི་གཞི་ནི་འཁོར་འདས་གཉིས་ཀྱི་བར་དོ་ཡིན་པས་དེའི་ཐོག་ནས་གྲོལ་འཁྲུལ་གང་ཡང་མི་སྲིད་ལ། གཞི་སྣང་འདི་གྲོལ་འཁྲུལ་གཉིས་སུ་བྱེད་པའི་ལམ་ཡིན་ལ། སྤྱི་སྒྲ་བྱེ་བྲག་ཏུ་ཞུགས་ནས་གནས་སྐབས་ཀྱི་གཞིར་གནས་ལའང་སྐུ་གཉིས་ཀྱི་ཁྱད་པར་ལས་གཞི་ལམ་ཟེར། ཡང་བར་དོ་དང་པོའི་གཞི་ཐོག་དུ་ཕེབས་པ་དེ་དུས་ཁྲེགས་ཆོད་ཀྱི་སྟོང་འདེབས་ལ། བར་དོ་གཉིས་པ་གཞི་སྣང་ལོངས་སྐུ་ལྷུན་གྲུབ་སྒོ་བརྒྱད་ཀྱི་ལམ་སྣང་ལ་ཐོད་རྒལ་བསྒོམ་པས་སྟོང་འདེབས་པས་ནའང་གཞི་ལམ་དུ་བཞག་པར་མཛད་པ་འདི་ཤིན་ཏུའང་དཔྱད་བཟོད་ཀྱང་། དེང་སང་ཅི་ལ་ཟེར་ཆ་མ་ཆོད་པས། ཁོ་བོའི་རྩལ་གྱིས་ཅུང་ཟད་ཕྱེད་པར་བྱས་པའོ། །འབྲས་བུ་གཞི་ལ་རྫོགས་པ་ཞེས་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པ་གཞི་ལ་རྫོགས་པ་བྲལ་དག་གིས་གསལ་བ་ལས་གསར་བྱུང་འདུས་བྱས་མ་ཡིན་པས་ན་འབྲས་བུ་ཡེ་ནས་རྫོགས་པའོ། །དེ་དུས་ཡེ་གཞི་དེ་གློ་བུར་བྲལ་དག་ཏུ་གྱུར་པའི་བྱང་ཆུབ་བམ་བྱ་བ་རྫོགས་པའི་གཞིའི་ཐ་སྙད་དུ་ཐོབ་པ་ཡང་ཡིན་ནོ། །


previousདམ་ཚིག་ཕྱག་རྒྱའི་གདབས་པ།next