Nitartha Digital Library
Tibetan
 
previousཐ་མར་དགེ་བ་མཇུག་གི་དོན།next

ཐ་མར་དགེ་བ་མཇུག་གི་དོན།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། ཨོ་རྒྱན་གྱིས་གསུངས་ཤིང་སླར་ཡང་གཏེར་དུ་སྦེད་པར་དགོངས་པ་དང་། དུས་དང་སྐལ་ལྡན་ལུང་བསྟན་ནས་སྨོན་ལམ་དབང་བསྐུར་མཛད་པ། དམ་ཚིག་བཀའ་རྒྱའི་གདབས་ཏེ་གཏེར་དུ་སྦས་ཚུལ། སླར་གཏེར་ནས་བཏོན་ཏེ་ཤོག་སེར་ལས་ཕབ་ཚུལ་གདམས་པ་དང་བཅས་པའོ། ། དང་པོ་ལ། ཨོ་རྒྱན་གྱིས་གསུངས་པ་དང་། གཏེར་དུ་སྦེད་པར་དགོངས་པའོ། །

དང་པོ་ནི། ཨོ་རྒྱན༴ ནུབ་ཕྱོགས་ཨོ༵་རྒྱན༵་གྱི་ཡུལ་ནས་སྐུ་འཁྲུངས་པ། མདོ་རྒྱུད་ཕྱི་ནང་གི་ཆོས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་ཅིང་། བསྟན་པ་ཐམས་ཅད་འཆད་རྩོད་རྩོམ་པའི་སྒོ་ནས་འཛིན་སྐྱོང་སྤེལ་བའི་སྐལ་བ་ཆེན་པོ་དང་ལྡན་པའི་མཁ༵ན་པོ༵ར་གྱུར་པ། མེ་ཏོག་པ༵དྨའི༵་སྙིང་བོ་ལས་ས༵མ་བྷ༵་ནི་བྱང་བ་སྟེ། འགྲོ་འདུལ་མཆོག་གི་སྤྲུལ་སྐུར་རིག་པ་ཐོལ་སྐྱེས་སུ་འབྱོན་པ་ངས། རྒྱ༵་གར༵་འཕགས་པའི་ཡུལ་གྱི་མཁ༵ས་པ༵་དགའ་རབ་ཤྲཱི་སེང་སོགས་ཀྱི་ཐུག༵ས་བ༵ཅུད་གས༵ང་ད༵གུ་སྟེ། ཟབ་གསང་བླ་ན་མེད་པའི་ནང་རྒྱུད་སྡེ་གསུམ་དང་སེམས་ཀློང་མན་ངག་གི་སྡེ་ལ་སོགས་པའི་དོན། ཐོས་པའི་ཤེས་རབ་ཀྱིས་བླང༵ས། བསམ་པས་གཏན་ལ་ཕབ། བསྒོམ་པས་ཉམ༵ས་སུ༵་བླང༵ས་པ༵འི་སྟོབས་ཀྱིས་གྲུབ་འབྲས་མངོན་དུ་གྱུར་ནས། སྐྱེ་འཇུག་ལ་རང་དབང་ཐོབ་པས་སྐྱེ་བའི་རྒྱ་མཚོ་ཕྱིར་བསྙིལ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་ཅིང་འཆི་བདག་གི་བདུད་བཅོམ་ནས། སྐྱེ༵་འཆི༵་གཉི༵ས་སྤང༵ས་པའི་རྡོ་རྗེ་ལྟ་བུའི་སྐུ་ཐོབ༵་སྟེ་དགུང་ལོ་སུམ་སྟོང་དུ། རྒྱ་གར། ཨོ་རྒྱན། ཟ་ཧོར་ལ་སོགས་པར་བསྟན་པའི་རྒྱལ་མཚན་བཙུག ། དེ་ནས་བོ༵ད་དུ༵་མང༵འ་བད༵ག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དགོངས་པ་ཅི་ལྟ་བ་བཞིན་དུ། སྐུ་རྟེན་དུ་ཕྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གླིང་བཞི་གླིང་ཕྲན་དང་བཅས་པ་བཞེངས། གསུང་རྟེན་དུ་རྒྱ་ཆོས་མ་ལུས་བོད་དུ་བསྒྱུར། ཐུགས་རྟེན་དུ་དགེ་འདུན་གྱི་སྡེ་གཉིས་གཙུགས་ཤིང་། རྒྱལ་པོ་ཉིད་སྐུ་དངོས་ཀྱིས་གདུལ་བྱ་རྫོགས་པ་ན། སླར་ཡང་ལྷ་སྲས་མུ་ཏིག་བཙད་པོ་རྗེས་སུ་བཟུང་ནས། སྙིང་ཐིག་གི་གདམས་པ་ལྷག་ལུས་མེད་པར་བསྩལ་ཏེ། དགོང༵ས་པ༵་རྫོག༵ས་པ༵ར་བསྒྲུབ༵། ཞེས་གསུངས་པའོ། །

གཉིས་པ་ནི། ད་ལྟ༴ ད༵་ལྟ༵་ཟབ་མོ་སྙིང༵་གི༵་ཏི༵་ལ་ཀ༵་ཞེས་བོད་སྐད་དུ། སྙིང་ཐིག་གི་གདམས་པ་རྒྱུད་སྡེ་ཀུན་གྱི་ཡང་གས༵ང་བ༵་བླ་ན་མེད་པ་ཐིག་ལེ༵འི་སྐོར་གྱི་བཅུད༵་བསྡུས་པ་འདི། ས༵་སྟེང༵་འཇིག་རྟེན་གྱི་ཁམས་སུ་ཁྱབ་བརྡལ་དུ་ང༵་ཡི༵ས་བསྟན༵་པ༵འི་དུས༵་མ༵་ཡི༵ན་ཏེ། དེའི་ཕྱིར་ཆོས་གཏེར་བསྟན་པ་མི་ནུབ་པའི་བཙས་སུ་སྦས་ཏེ་བཞག་པར་བྱ་དགོས་སོ། །ཞེས་གསུངས་པའོ། །

གཉིས་པ་ལ། འདོན་པའི་དུས་ལུང་བསྟན་པ། སྐལ་ལྡན་གྱི་གཏེར་སྟོན་ལུང་བསྟན་པ། དེ་ལ་ཞལ་གདམས་སྙིང་གཏམ་དུ་མཛད་པ། སྨོན་ལམ་དབང་བསྐུར་མཛད་ཚུལ་དང་བཅས་པའོ། །

དང་པོ་ནི། མ་འོངས༴ མ༵་འོང༵ས་པའི་དུས་ན། ཉོན་མོངས་པའི་སྙིགས་མ། ལྟ་བའི། དུས་ཀྱི། ཚེ་ཡི། སེམས་ཅན་གྱི་སྙིག༵ས་མ༵་ལྔའི༵་གཞན་དབང་ལ་སྤྱོད༵་པ༵འི་དུས༵་སམ། ཡང་ན་ཡེ་ཤེས་ལྔའི་སྙིག༵ས་མ༵་ཉོན་མོངས་ལྔ༵འི་ཉེས་པ་ལ་སྐྱེ་འགྲོ་རྣམས་ཀྱི་ལོངས་སྤྱོད༵་པའི་དུས༵་ཀྱི༵་ཚེ༵་ན། ཆོས་ཉིད་ཟབ་མོ་རང་ལ་ཡོད་ཀྱང་གས༵ང་བ་བཞིའི་ཆོད་དེ་རྟོགས་དཀའ་བ༵འི་ཕྱིར་དང་། རྟོག་གེའི་འདོད་ཞེན་སྣ་ཚོགས་པས་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་དྲི་མས་བསླད་དེ། སྔར་བྱུང་གི་མན་ངག་རྣམས་ཀྱི་དོན་གྱི་ངོ་བོ་ཁ་འཆལ་ཏེ་འགྲེལ་ཚུལ་རྣམ་པ་མང་པོར་གྱུར། ཡུན་རིང་བོར་བརྒྱུད་པས་ཡི་གེ་མ་དག་པའི་སྐྱོན་དང་། བླུན་པོ་གཟུ་ལུམ་མཁན་གྱིས་བཅོས་བསྒྱུར་ལ་སོགས་པའི་དབང་གིས། མན་ངག་གི་དཔེ་བུམ་ཀུན༵་ཀྱང༵་ཁ༵་འཆ༵ལ་ནས་འདྲ་མིན་སྣ་ཚོགས་བྱུང་། དམ་ཉམས་དང་འདྲེས་ཁྱེར་གྱིས་བསླད་དེ་བརྒྱུད་པ་ཉམས་པ་དང་། སྤ་ལོ་དང་ཆེ་འདོད་ཀྱི་དབང་གིས་བརྒྱུད་པ་མེད་བཞིན་ཡོད་མདོག་བྱས་ཏེ༵་བཤད་པའི་རྐྱེན་གྱིས་བརྒྱུད་པ་བཅད་པ་དང་། བརྒྱུད་པ་དག་མ་དག་འདྲེས་ནས་འཆལ་བས་བརྒྱུད་པ་ཆད་དེ༵། དེ་བཞིན་དུ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་ཉམས་ནས་ཐོ༵ས་ལོ༵་ཙ༵མ་ལ༵ས་ཉམ༵ས་སུ༵་མི༵་ལེ༵ན་ཅིང་། དེའི་རྐྱེན་གྱིས་གྲུབ་པ་ཐོབ་པ་ཉུང་བ་དང་། ལྟ་བའི་སྙིགས་མར་སླེབས་པས་ཆོས་ཟབ་མོ་བློ་ལ་མི་ཤོང་བ་དང་། ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་དབྱེན་སྤྱོས་ཏེ། ཐེ༵ག་ད༵གུའི་མཐར་ཐུག་གི་དོན་གྱི་སྙིང༵་པོ་ལ༵། སྐྱོན་མེད་པ་ལ་ཡོད་པར་སྒྲོ་བཏགས། ཡོན་ཏན་ཡོད་པ་ལ་མེད་པར་བསྐུར་འདེབས་ཀྱིས་ཡ༵་ག༵་སྟེ་ངན་སྨྲས་འཕྱ་སྨོད་སྒྲོག༵ས་པ༵འི་དུས༵་སུ་འདོན་པའི་དུས་ལ་བབས་པ་ཡིན་ཏེ། གུ་རུ་ཨོ་རྒྱན་གླིང་པས། གཏད་རྒྱ་འདོན་དུས་ཕུན་སུམ་ཚོགས་པ་ནི། །ས་རྟགས་གཡོ་འགུལ་སྐྱོ་ཤེས་མར་འགྲིབ་གསུམ། ཞེ་སྡང་ལས་གྱུར་དམག་འཁྲུགས་འབྱུང་བ་དང་། །འདོད་ཆགས་ལས་གྱུར་མུ་གེ་འབྱུང་བ་དང་། །གཏི་མུག་ལས་གྱུར་ནད་ཡམས་འབྱུང་བ་དང་། །མི་རྣམས་སྐྱོ་ཤེས་ཆེ་ལ་འདུལ་བའི་ཞིང་། །མི་འདོད་བཞིན་དུ་ཁབ་ལེན་རྡོ་ཉུལ་བཞིན། །གཏད་རྒྱ་འབྱིན་པའི་གཏེར་སྟོན་གཅིག་འབྱུང་སྟེ། །ཞེས་པ་ལྟར་རོ། །

གཉིས་པ་ནི། ང་ཡི་ཐུགས་སྤྲུལ༴ འཕྲད་ནས་ཅེས་པའི་བར་ཏེ། པདྨ་ང༵་ཡི༵་ཐུག༵ས་སྤྲུལ༵་ལྷ༵་སྲས༵་མུ་ཏིག་བཙ༵ད་པོ༵་ཁྱོད་ནི༵། མི་རབས་བཅུ་གསུམ་ལ་སོགས་པར་འགྲོ་དོན་མཛད་པར་གསུངས་པ་ལྟར་སྐྱེ༵་བ༵་མ༵ང་དུ་བརྒྱུད༵་པའི་མཐར་རྒྱལ་དབང་རིན་ཆེན་ཕུན་ཚོགས་ཞེས་བྱ་བར་གྱུར་བའི་དུས་སུ་ད་ལྟ་གདམ༵ས་ཞིང་གཏེར་དུ་སྦས་པ༵འི་ཆོ༵ས་ཟབ་མོ་འ༵དི་ད༵ང་འཕྲ༵ད་ན༵ས་ཟབ་གཏེར་གྱི་མངའ་བདག་ཏུ་འགྱུར་རོ། །ཞེས་སོ། །

གསུམ་པ་ནི། ཡ༵ང་གས༵ང་བསྒྲུབ་པའི༴ གང་ཐོགས་གྱིས། ཞེས་པའི་བར་ཏེ། སྔར་ན༵ས་ཞེས་པས་དེ་དང་རྗེས་འབྲེལ་དུ་གདམས་པ་འབྱུང་བའི་གོ་སྐབས་ཕྱེ་བ་སྟེ། འཕྲད་པའི་དུས་དེ་ནས་རང་གར་ཚོད་ཡོད་དང་ལེ་ལོའི་དབང་དུ་མ་ཤོར་བར། ཡང༵་གས༵ང་གི་གདམས་པ་འདི། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་མི་ཆད་ཅིང་ཁ་གསོ་བའི་ཕྱིར་དང་། གཞན་ཡིད་ཆེས་པའི་ཕྱིར་དང་། ཕྲིན་ལས་ཕྱག་བཞེས་དང་འབྲེལ་བའི་ཕྱིར་དུ་རང་གིས་ཀྱང་ཉམས་སུ་ལེན་ཚུལ་དགོས་ཏེ། པདྨ་བཀའ་ཡི་ཐང་ཡིག་ལས། དྲོད་རྟགས་མ་ཐོན་བར་དུ་སྒྲུབ་ལ་འབུངས། །ཞེས་དང་ཆོས་ལ་རང་གིས་ཉམས་ལེན་མ་བྱས་ན། ། གཞན་མ་ཡིད་མི་ཆེས་ཤིང་རྩིས་མི་འོང་། །མི་ཚེ་ཉམས་ལེན་ཆོས་ལ་དྲིལ་ལ་ཞོག །ཞེས་སོ། །དེ་ལྟར་བསྒྲུབ༵་པ༵འི་གན༵ད་ད༵ང་འབྲེ༵ལ་བ༵ས་ཚོགས་སྨོན་ལ༵ས་འཕྲོ༵་དང་ལྡན༵་པ༵འི་སྙིང༵་གི༵་བུ༵་ཞེས་མངོན་ཤེས་ཀྱིས་ཤེས་སམ། ཡང་ན་བརྟགས་པའི་སྒོ་ནས་ཀྱང་རུང་སྟེ། གཏེར་སློབ་མཚན་ཉིད་དག་པའི་ཡོན་ཏན་བཅུ་ལྡན་ལ༵། བསྟན་པ་མི་ནུབ་པར་དར་རྒྱས་ཡུན་རིང་དུ་གནས་པའི་སླད་དུ་གདམས་ཤིང་གཏད་དེ། ལས་ཅན་ལ་བསྟན་ཅིང་། སྐལ་མེད་ལ་སྦས་པའི་བཀའ་རྒྱའི༵་ཐོ༵བ་ལ་བྱིན༵་ཅིག་ཅེས་པའོ། ཚུལ་འདི་ལྟར། ཕྲ་བཀོད་ལས། དེ་རྣམས་གཅིག་ལ་ཚང་པ་ན། །ཤན་པའི་རིགས་སམ་སྨད་འཚོངས་རིགས། །ཕྱག་དར་ཁྲོད་བའི་རིགས་ཀྱང་རུང་། །རིགས་ངན་གང་དག་སུ་ཡིན་ཀྱང་། །ལྷག་མ་མེད་པར་ཡོངས་སུ་སྦྱིན། །གསང་བའི་བཅུད་གསུམ་མན་ངག་འདི། །རིགས་དང་ཁ་དོག་བརྟགས་ཐབས་རྣམས། །ང་ནི་མྱ་ངན་འདས་འོག་ཏུ། །གསང་བའི་མན་ངག་ཡང་བཅུད་འདི། །ངེས་པའི་རྒྱལ་པོ་འདི་ལྟར་བསྟན། །དེ་རྣམས་ལྡན་པའི་སྐྱེས་བུ་ལ། །གོང་གིས་གདམས་པ་བསྟན་པར་བྱ། །ཞེས་དང་། སྐལ་མེད་ལོག་ལྟ་ཅན་ལ་གསང་ཞིང་། སྐལ་བ་མཆོག་ལྡན་ལ་གཏད་པར། ཀུན་བྱེད་ལས། མདོ་ལུང་མངོན་དུ་ཕྱུང་པའི་བཀའ་རྒྱུད་འདི། །མི་འཕེལ་མི་ནུབ་སྙིང་པོ་འཛིན་པ་ལ། ། ཀུན་བྱེད་རྒྱལ་པོ་ངེས་པར་ཁྱོད་ལ་གཏད། ཅེས་སོ། །དེ་ལྟར་བསྟན་གཏད་སྦས་གསུམ་ཚུལ་དང་ལྡན་པའི་སྒོ་ནས་བསྒྲུབ་ན་གཏེར་སྟོན་ར༵ང་དང་། གཞ༵ན་གཏེར་སློབ་སོགས་ཉམས་སུ་ལེན་པ་པོ་ཀུན་ལ་མཆོག་ཐུན་མོང་གི་གྲུབ༵་པ༵་གཉིས་དང་། ༼ གཏེར་སྟོན་གྱི། མཆན། ༽གཞན་དང་རང་༼ གཏེར་སློབ་སོགས་ཀྱི་མཆན། ༽གི་དོན་གཉིས་ཀྱི་སྙིང༵་པོ༵་འདི༵འི་བྱིན༵་པར་ངེ༵ས་སོ། །དབང་གིས་རྒྱུད་སྨིན། དམ་ཚིག་རྣམ་དག་བསྲུང་ནས་རྩེ་གཅིག་ཟོལ་ཟོག་མེད་པར་ཚུལ༵་བཞི༵ན་དུ་ཉམ༵ས་སུ་བླང༵ས་ཀྱང་། ཕྱི་ནང་གསང་གསུམ་གྱི་དྲོད་ཐོབ་པའི་རྟགས་དང་། གྲོལ་བ་ཐོབ་པའི་སྔ་རྟགས། ཕྱི་རྟག༵ས། གོམས་བརྟན་མཐར་ཕྱིན་པའི་ཚ༵ད་དང་བཅས་པ་མཐར་མ༵་ཕྱིན༵་ན༵། པ༵དྨ༵་བད༵ག་གི༵ས་ཕྱི༵་རབ༵ས་ཀྱི། འདོན་གཏད་སྤེལ་གསུམ་བྱེད་པོ་རྣམས་དང་། ཉམས་སུ་ལེན་པའི་འགྲོ༵་བ༵་རྣམས་བསླུས༵་པར་འགྱུར་ཏེ། དེ་ལྟ་ན་དབྱིངས་བཞུགས་དུས༵་གསུམ༵་དུ་གཤེགས་བྱོན་འབྱོན་འགྱུར་གྱི་རྒྱལ༵་བ་སྲས་དང་བཅས་པ༵འི་ཐུག༵ས་ཀྱི༵་ཀློང༵་ན༵ས་ཁྲེ༵ལ་བར་འགྱུར་བས་དེ་དག་དཔང་བཞག་ཡིན་ནོ་ཞེས་པའི་ཐ་ཚིག་གོ །རྒྱུ་མཚན་དེ༵་ལྟ་བ༵ས་ན། གནམ་ལྷ༵་བབས་ཀྱི་རྒྱལ་པོའི་གདུང་བརྒྱུད་མི་འགྱུར་བའི་སྲས༵་ཀྱི་དམ་པར་གྱུར་བ་སྟེ། འཇམ་ཞིང་དེས་པ་དང་། བདེན་ཞིང་བརྟན་པ། མཛངས་ཤིང་ཞི་བ། ཁྱད་པར་སྙིང་བརྩེར་ལྡན་པ་ལ་སོགས་པའི་ང༵ང་རྒྱུད་བཟང་བ་དང་། ཕྱི་སྤྱོད་ཚུལ༵་ཆོས་དང་མཐུན་ཞིང་། ངེས་པ་དོན་དུ་མཛོད་གསུམ་གྱི་བཅུད་འཛིན་པས་སྐྱེ་བོ་ད༵མ་པའི་ཡོན་ཏན་དང་ལྡན་པ༵་ཁྱེད༵། དེ༵་དུས༵་གད༵མས་པ༵་འདི༵་ད༵ང་འཕྲ༵ད་པ༵འི་ཚེ༵། དཔེར་ན་རྒྱལ་པོའི་རིགས་མཆོག་དང་ལྡན་པའི་རྩལ་ཅན་ལ་སྤྱི་བོ་ནས་དབང་བསྐུར་བའི་སྒོ་ནས་ཆུས་སྲིད་ཕོག་པ་བཞིན་དུ། རིག༵ས་ཀྱི༵་སྲ༵ས་ལ༵་དབང་དང་གད༵མས་པ༵འི་རྒྱལ༵་སྲི༵ད་ཕོ༵ག་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ་མངའ་གསོལ་བར་མཛོད་ལ། །དེས་ཀྱང་དེ་ལྟར་གཅིག་བརྒྱུད་དུ་འཛིན་སྐྱོངས་མཛད་ནས། གདུང་རབས་ནས་གདུང་རབས་སུ་སྤེལ་ན་མི་རབས་བ༵ཅུ་གསུམ༵་གྱི་བ༵ར་དུ༵་མ༵་བསྒོམ༵་པར་སང༵ས་རྒྱས༵་འགྲུབ༵་པ་དང་། གང་ཟག་གང༵་གིས་བཟང་ངན་གྱི་ལས་ཀྱིས་འབྲེལ༵་བར་གྱུར་བ་ཐ་ན་སྐུ་མཐོ༵ང་བ་དང་། མཚན་ཐོ༵ས་པ་ཡན་ཆད་ཀྱི་འ༵གྲོ་བ༵་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདེ་ཆེན་དག་པའི་གནས་སུ་འདྲེ༵ན་པའི་དེད་དཔོན་ཆེན་པོ་ཤ་སྟག་པ༵ར་འགྱུར༵་རོ། །ག༵ལ་ཏེ༵་སྐྱེ་འགྲོ་བསོད་ནམས་དམན་པ་དང་། བདུད་ཀྱིས་བར་དུ་གཅོད་པའི་གཞན་དབང་གིས་རིགས་ལྔའི་རིགས༵་ཀྱི་ཕྱག་རྒྱ་བདེ་ཆེན་དགའ་བཞིའི་ཡེ་ཤེས་ཀྱི་རྒྱན་དུ་གསོ༵ལ་བའི་རྟེན༵་འབྲེ༵ལ་མ༵་འགྲིག༵ས་ན༵་ཡིན་ནམ། ག༵ལ་ཏེ་ཆོས་བརྒྱུད དང་། རིག༵ས་བརྒྱུད་མི་ནུབ་པར་གསོ་བའི་ཕྱིར་དུ་གདུང་བརྒྱུད་སྤེལ་ཞིང་གསོ་བའི་རྟེན༵་འབྲེ༵ལ་མ༵་འགྲིག༵ས་ན༵། ༼ ཞེས་པ་དོན་གང་ཡིན་ཡི་གེ་དག་པ་བཞག་གོ །མཆན། ༽གཏེར་ཆོ༵ས་གཉན་པའི་བརྒྱུད༵་པ་འཛི༵ན་པར་ཨོ་རྒྱན་དང་མཁའ་འགྲོའི་ལུང་བསྟན་པའི་སྐྱེས་བུ་ལྔ༵་ལ༵་ཡང་ཟབ་ཀྱི་གདམ༵ས་པ༵་ལྷག་ལུས་མེད་པར་བྱིན༵་ཅིག ། དེ་ལྟར་ལས་འཕྲོ་ང་ཡི་གཏེར་དང་འཕྲད་པའི་དུས་སུ་ར༵ང་གིས་ཀྱང་ཉམ༵ས་སུ་ལོང༵ས་ལ༵་གྲུབ༵་འབྲས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ༵་མངོན་དུ་གྱུར་ནས་མཐ༵ར་དབྱུང༵་ཞིང་མགོ་འདོན་པའི་ཕྱིར༵་དུ། ར༵ང་ཡུལ༵་དུ་གནས་ན་རང་ཕྱོགས་ལ་ཆ༵གས་ཤིང་དགྲ་ཕྱོགས་ལ་སྡང༵་། འབྱོར་ན་ང་རྒྱལ་དང་། མཉམ་པ་ལ་ཕྲག་དོག་ལ་སོགས་པའི་དུག༵་ལྔ༵འི་ཀུན་ནས་བསླང་བས། རང་ཕྱོགས་ལ་ལེགས་པ་བསྒྲུབ་པས་གཉེན་སྐྱོངས་པ་དང་། མི་མཐུན་ཕྱོགས་བསལ་བ་དང་། དགྲ་འདུལ་བ་ལ་སོགས་པའི་སྡིག་པའི་ལས་ཀྱི། བྲེལ་བའི་ཁུར༵་ཆེན་པོ་དེ༵་བོ༵ར་ནས། མི་ཡུལ་དེང་དུ་ལོངས་ལ། ལྷོ༵་མོ༵ན་དང་། རྒྱ༵་གར༵། རྒྱ༵་ནག༵་ལ་སོགས་ཕྱོགས༵་མེད༵་ཀྱི་གནས་ཉིད་དུ༵། གས༵ང་བ་བླ་ན་མེད་པ༵འི་གད༵མས་པ༵ས་རྣམ་སྨིན་སྡུག་བསྔལ་གྱི་ཕུང༵་པོ༵་ལྔ་ལྷག༵་མ་མེ༵ད་པར་འོད་གསལ་དྭངས་མའི་རང་བཞིན་དུ་སྦྱང༵ས་པར་བྱ་དགོས་ཏེ། པདྨ་བཀའ་ཡི་ཐང་ཡིག་ལས། བདག་གིས་བདག་ཉིད་འཁོར་བར་མ་བསྐྱུར་བར། །བརྩེ་བརྩེ་དུང་དུང་ཆོས་བཤོལ་བསྒྲུབ་གཅོག་པའི། །ཉེ་དུ་འབྲེལ་བ་ཐམས་ཅད་འགལ་རྐྱེན་ཡིན། །ཕ་ཡུལ་མ་བསྡད་གར་སོང་ཆ་མེད་སོང་། །འགལ་རྐྱེན་མེད་པའི་གནས་སུ་སྒྲུབ་པ་གྱིས། །རང་གིས་རང་ཕུང་མ་འཇུག་སྙིང་གཏམ་ཡིན། །ཞེས་སོ། །ལྷ་སྲས་དམ་པ་འགྲོ་འདུལ་སྐྱེ༵་བ༵་སྤྲུལ་པའི་སྐུར་བཞེངས་བ་རྒྱལ་བའི་དབང་པོ་མཆོག་དེ༵་ཉིད༵་གང༵་གིས༵་ཞལ་མཐོ༵ང་བ༵་དང༵་། མཚན་ཐོ༵ས་པ་དང༵་། ཞབས་པད་སྤྱི་བོར་བླངས་ཤིང་རེག༵་པ་དང༵་། སྐུ་གསུང་ཐུགས་ཀྱི་མཚན་དཔེ་དང་རྣམ་པར་ཐར་པ་ཡིད་ལ་དྲན༵་པ༵ར་གྱུར་བ་ཙམ་གྱིས་ཀྱང་། བླ་ན་མེད་པ་རྫོགས་པའི་བྱང༵་ཆུབ༵་ཀྱི༵་ལ༵མ་སྣ༵་ཟི༵ན་པར་འགྱུར་བ་ཡིན་ནོ༵། །རྒྱུ་མཚན་དེའི་ཆེ་འབྲེལ་ཆེ་འཚེང་ཆུང་འབྲེལ་ཆུང་འཚེང་བ་ལ་སོགས་པ་ལགས་པས། འབྲེ༵ལ་བ༵་གང༵་ཐོ༵གས་གྱིས༵་ཤིག་ཅེས་ཕྱི་རབས་ལ་གདམས་པའོ། །

བཞི་པ་སྨོན་ལམ་དབང་བསྐུར་མཛད་པའི་ཚུལ་ནི། ཨོ་རྒྱན༴ ནས། གདམས་སོ། །ཨོ༵་རྒྱན༵་གྱི་སློབ་དཔོན་ཆེན་པོའི་བཀ༵འ་མན་ངག་གི་རྒྱུད་རྣམས་ཀྱི་དོན་གནད་བསྡུས་པའི་ཡི༵་གེ་པ༵དྨ༵་འབྱུང་གནས་ངས་གཞན་སུ་ལའང་མ་བསྟན་པར་ལྷ་སྲས་ཡབ་ཡུམ་ལ་གསང༵་གཏམ་དུ་སྨྲས་པའི་ཚི༵ག་འདི༵་ཉིད། ཕྱི་མའི་དུས་སུ་འབྱུང་བར་འགྱུར་བའི་ལྷ༵་སྲས༵་ཀྱི་སྐྱེ་བ༵་དེ་ད༵ང་། ཆོས་གཏེར་དུ་སྦས་པ་འདི༵་འཕྲ༵ད་པར་ཤོ༵ག་ཅིག །ཅེས་ཕྲིན་ལས་ཆུད་མི་ཟ་བར་སྨོན་པ་ཡིན་ལ། གད༵མས་སོ༵་ཞེས་པས་དབང་ཁྲིད་བཀའ་ལུང་དང་བཅས་པ་སྦྱིན་པ་ཡིན་ནོ། །ཞེས་དབང་བསྐུར་གྱི་དོན་དུ་གནས་སོ། །འདི་ལ་བརྒྱུད་པ་བསྒྲངས་ན། ཨོ་རྒྱན་ཆེན་པོའི་འོག་མིན་ཆོས་ཀྱི་དབྱིངས་སུ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ལས་རྫོགས་ཆེན་སེམས་སྨད་ཀྱི་རྒྱུད་ཞུས་ཏེ། གསང་མཚན་བླ་མེད་རྡོ་རྗེ་འཆང་དུ་བཏགས་ནས་དགོངས་པ་དབྱེར་མེད་དུ་གྱུར། བཀོད་པ་ལྷུན་གྲུབ་ཏུ་སྐུ་བཞིའི་སྟོན་པ་ཀུན་ཏུ་འཆང་ལས་སྤྱི་ཏིའི་རྒྱུད་བྱེ་བ་ཕྲག་བཅུ་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། མཁའ་དབྱིངས་རྣམ་དག་དུ་རྡོ་རྗེ་སེམས་དཔའ་ལས་མ་ཧཱའི་རྒྱུད་གསན་ནས་རྒྱལ་བ་དགོངས་པའི་བརྒྱུད་པ་ཐོབ། གཞན་ཡང་། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་། །སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ། །རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད། །དབྱེར་མེད་པདྨ་ང་རུ་ལྷུན་གྱིས་གྲུབ། །ཞེས་དགོངས་པ་དབྱེར་མེད་པས་ཀྱང་དགོངས་བརྒྱུད་རྫོགས། ཤྲཱི་སེང་གིས་གང་ཤར་མ་ཞེན་སོགས་བརྡ་ཐབས་ཀྱིས་བསྟན་པས་བརྡ་བརྒྱུད་དང་། པདྨ་སཾ་བྷའི་དགའ་རབ་དྲུང་དུ་ཕྱིན། རྫོགས་ཆེན་སྙིང་ཐིག་རྒྱུད་རྣམས་མ་ལུས་ཞུས། ཞེས་སྙན་བརྒྱུད་རྫོགས། གཏེར་སྟོན་འདི་དང་པདྨ་འབྱུང་གནས་ཆོས་ཉིད་དོན་གྱི་ངོས་སམ་སྤྲུལ་གཞི་སྤྱན་རས་གཟིགས་སུ་གཅིག་པས་དགོངས་བརྒྱུད༡། བརྡ་ཡིག་ཙམ་གྱིས། སྒྲ་བསྒྱུར་བསྒྲུབ་སོགས་ལ་མ་ལྟོས་པར་སྟོན་པས་བརྡ་བརྒྱུད༢། སྔར་དང་ད་ལྟའང་ཨོ་རྒྱན་ཆེན་པོའི་ཡེ་ཤེས་སྒྱུ་མའི་སྐུའི་རྗེས་སུ་བཟུང་བའི་སྒོ་ནས་གདམས་པ་ནོད་དུ་ཡོད་པས་སྙན་བརྒྱུད༣། ཟངས་ཤོག་གི་ངོས་ལ་ཡོད་པའི་བརྡ་དེ་ལས་ཞལ་བཤུས་ནས་གཏེར་ཆོས་ཕབ་པས་ཤོག་སེར་ཚིག་གི་བརྒྱུད་པ་བར་མ་ཆད༤། ང་ཡི་ཐུགས་སྲས་ཞེས་དགོངས་བརྒྱུད་གཅིག་པ་དང་། ལྷ་སྲས་ཀྱི་སྐྱེ་བ་དེ་བཀའ་བབས་ཀྱི་སྐྱེས་བུར་ལུང་བསྟན་པས། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་བར་མ་ཆད༥། ཨོ་རྒྱན་ཉིད་དང་ཆོས་བདག་གཏེར་སྟོན་གཏེར་སློབ་དང་བཅས་པས་ཉམས་སུ་བཞེས་ནས་གྲུབ་པ་ཐོབ་པའི་རྒྱུན་མ་ཆད་པས་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ༦། སྨོན་ལམ་དབང་བསྐུར་ནི༧། སྔར་སྨོས་གྲུབ་ལྟར་དང་། མཁའ་འགྲོ་ཆོས་སྐྱོང་ལ་ལས་ལྡན་གྱི་གཏེར་སྟོན་ལས་གཞན་ལ་མི་སྦྱིན་པར་གཉེར་གཏད་དེ་བཅོལ་བས་མཁའ་འགྲོ་གཏད་རྒྱ་བར་མ་ཆད་པ་དང་༨། དབང་རུ་ཤན་གནད་གསུམ་གྱིས་ཆིངས་བཅིངས་དང་བཅས་པས་ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་བར་མ་ཆད་པ་སྟེ༩། བརྒྱུད་པ་དགུ་དང་ལྡན་པས་ཁུང་རབ་ཏུ་བཟང་བའོ། །

གསུམ་པ་དམ་ཚིག་ཕྱག་རྒྱ་གཉན་པོའི་ཆིངས་སུ་བཅིངས་བ་ལ། རྒྱ་རིམ་པ་ཉེར་གཅིག་གི་ཕྱག་རྒྱའི་བཏབས་ཚུལ་དང་། གཏེར་དུ་སྦས་པའི་ཚུལ་བསྟན་པའོ། །དང་པོ་ལ་བཀའ་སྲུང་ལ་བྱེ་བྲག་ཏུ་གཏད་རྒྱའི་གདབས་པ་དང་། རྒྱ་ལྷག་མའི་སྤྱིར་གདབས་པའོ། །

དང་པོ་ནི། གཏད་དོ་ནས། རྒྱ་རྒྱ་རྒྱའི་བར་གྱིས་བསྟན་ཏེ། གང་གཏ༵ད་ན་ཡང་ཟབ་ཀྱི་གདམས་པ་འདི། སུ་ལ་ན། མ༵་མོ༵་ཨེ་ཀ་ཛ་ཏི། གཟ༵འི་དགེ་བསྙེན་ར་ཧུ་ལ། སྐྱེས༵་བུ༵་ཆེན་པོ་རྡོ་རྗེ་ལེགས་པ་རྣམས་ལའོ། །ཅིའི་ཕྱིར་ན། བར་མ་དོར་ཆུད་ཟོས་སུ་མི་ནུབ་པ་དང་། འཇིག་རྟེན་གྱི་མངོན་ཤེས་ས་འོག་གི་གཏེར་མཐོང་བ་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་བརྙེས་པ་དང་། གཏེར་བདག་དངོས་མ་ཡིན་ཞིང་། དུས༵་མི༵ན་པར་ལེ༵ན་པ༵འི་གང་ཟག་སུ་ཡིན་ཀྱང་སྙིང༵་ཁྲ༵ག་ཐང༵་ལ༵་ཕོ༵ས་ཤིག ། དུས༵་ལ༵་བབ༵ས་ཚེ༵། གཏེར་ལ་དབང་བའི་གང་ཟག་ལྔ༵་༼ འདི་ཆོས་དང་བླ་མ་ཆོས་བདག་གར་གསུང་རྒྱུས་ཆུང་བས་གང་ཡིན་དུ་ཉིད་རྣམས་ནས་བཞག་འཚལ། མཆན། ༽ལྡན༵་སྐྱེས་བུ༵་ལ༵་སྤྲོད༵་ཅིག་ཅེས་གཉེར་གཏད་པའོ། ། ས་མ་ཡཱ་ནི་སྐུའི་དམ་ཚིག་གི་རྟགས་སུ་དབང་རྟགས་རྡོ་རྗེ་སྤྱི་བོར་བཀོད་དེ། གསུང་གིས་དམ་ཆུ་བླུད་ནས་གཉེར་གཏད་མཛད་དེ། ཐུགས་ཀྱི་དམ་ཚིག་རང་རང་གི་ཁས་བླངས་པའི་ཐ་ཚིག་བསྒྲགས་ཤིང་། རྒྱ་གསུམ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ཆུད་ཟོས་སུ་མི་བཏང་བའི་རྒྱའི་བཏབས་པའོ། །

གཉིས་པ་རྒྱ་ལྷག་མས་ཐུན་མོང་དུ་གདབ་པ་ལ་ཉི་ཤུ་ལས། དང་པོ་གཏེར་རྒྱ་ལ། ངོ་བོ། དབྱེ་བ། མཚན་ཉིད། མཚོན་དཔེ། དགོས་པ་དང་ལྔ་ལས། དང་པོ་ངོ་བོ་ནི། ཟད་མི་ཤེས་པ་ལ་བྱ་སྟེ། གཏེར་གྱི་ངོ་བོ་ཟད་མི་ཤེས་པ་སྟེ། ཞེས་སོ། དབྱེ་བ་ནི། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་རང་བྱུང་བ་གཞིའི་གཏེར་ཞེས་བྱ་སྟེ། རིན་ཆེན་རྩ་བརྒྱུད་ཀྱི་རྒྱུད་ལས། ཕྱི་ནང་གྲགས་པའི་ད་ལ་ཀུན། ། ཆོས་ཀྱི་དབྱིངས་ནས་གཏེར་དུ་ཕྱུང་། །ལྷ་སྔགས་ལས་ཚོགས་ཆོ་ག་སོགས། །ཐམས་ཅད་ཐམས་ཅད་དེ་ལས་བྱུང་། །ཞེས་སོ། །ཡང་ཆོས་ཀྱི་གཏེར་ལ་བཤད་དེ། བྱང་སེམས་ལས་ཅན་ལ་བབས་ཚུལ་ཀྱང་ཏིང་འཛིན་རྒྱལ་པོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་དགོན་པ་ན་གནས་པ་ནི། སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར་། ཆོས་ཀྱི་གཏེར་རྙེད་པར་འགྱུར་ལ་སོགས་པ་གསུངས་སོ། །གཞན་ཡང་གཏེར་གྱི་རིགས་བཅོ་བརྒྱད། གྲངས་བྱེ་བ་བཅོ་བརྒྱད་སོགས་ཡོད་དེ། དབྱེ་ན་གཏེར་གྱི་རིགས་བྱེད་བཅོ་བརྒྱད་དོ། །ཅེས་སོ། །མཚན་ཉིད་ནི། གང་འདོད་པ་འབྱུང་བའི་རང་བཞིན་ཅན་ནོ། །མཚོན་དཔེ་ནི། ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ་མཚན་ཉིད་དང་མཚོན་དཔེ་དེ་དག་ཀྱང་། ཐང་ཡིག་ལས་མཚན་ཉིད་མཚོན་དཔེ་ཡིད་བཞིན་ནོར་བུའི་གཏེར། ཞེས་སོ། །དགོས་པ་ནི། རྒྱ་སོ་སོའི་སྐབས་སུ་འཐུས་པ་དང་། ཅུང་ཟད་མདོར་བསྡུས་ན། ཆུ་ཀླུང་རོལ་བའི་མདོ་ལས། ང་ཡི་བསྟན་པ་ཐུགས་ཀྱི་མཛོད། །ཐུགས་ནས་ཐུགས་ཀྱི་དཀྱིལ་དུ་སྦ། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་འགྱུར་ཏ་རེ། །ཞེས་པ་ལ་སོགས་པ་བཞིན་སྤྱིར་ངེས་པར་བྱས་ནས། བསྟན་པ་མི་ནུབ་པར་གནས་པའི་ཕྱིར་གཏེར༵་དུ་རྒྱས༵་གདབས་པ་སྟེ། ཆོས་ཡང་དག་པར་སྡུད་པ་ལས། གང་གི་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ། གཏེར་དུ་སྦས་ནས་མཆོད་ན། དེའི་དེ་ཉིད་བཅུ་ཐོབ་སྟེ། ཞེས་སོ། །སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད་གཏེར་ལ་རག་ལས་པས་ན། གཏེར་དུ་རྒྱས་གདབས་པར་གནང་བ་ཡིན་ཏེ། ཐང་ཡིག་ལས། ཡི་གེར་བྲིས་ནས་གཏེར་སྦ་ཡིས། །དུས་མཐའི་སེམས་ཅན་གདུལ་དཀའ་བ། ། གཏེར་ཆོས་སྤང་དུ་ག་ལ་རུང་། །འདི་ནི་བྲིས་པ་ཙམ་གྱིས་ཀྱང་། ། སངས་རྒྱས་བསྟན་པ་འཕེལ་བར་འགྱུར། །སྙིང་རྗེའི་ལྕགས་ཀྱུ་དང་བྲལ་ན། །སྙིགས་མའི་སེམས་ཅན་སུ་ལ་རེ། །ཞེས་སོ། །

གཉིས་པ་ནི། ཡང་སྦས་རྒྱའི་གདབས་པ་འདི་ལ། མི་འགའ་ཞིག་གཏེར་དང་འཕྲད་པའི་ཚེ་གཞན་ལ་སྦས་ཤིང་། རང་གིས་ཉམས་སུ་ལེན་དགོས་པའི་རྒྱས་བཏབས་པའང་ཡོད་དེ། ལྷ་ལྕམ་ལུང་བསྟན་པ་ལས། པདྨ་ང་ཡི་ཟབ་གཏེར་བདག་པོར་འགྱུར། །སྦས་པའི་ཚུལ་གྱིས་ཉམས་ལེན་དུས་ཡིན་པས། །ཞེས་པ་ལྟ་བུའོ། །འདིར་ནི་ཆོས་ཕུན་སུམ་ཚོགས་པའི་མཚན་ཉིད་ལེགས་པར་ཚང་བའི་གཏེར་ཆོས་ལ། བསྟན་པའི་ཆོམ་རྐུན་དུ་གྱུར་བ་དང་། བསྲེ་བསླད་མཁན་དང་། བློར་མི་ཤོང་བ་སྐལ་མེད་གཞན་གྱི་སྡིག་རྐྱེན་དུ་མི་འགྱུར་བའི་ཕྱིར་མན་ངག་གི་ཆ་རྐྱེན་གྱི་དཔེ་དང་། ལས་གནད་སོགས་སྦས༵་དགོས་པ་རྒྱས༵་བཏབས་པ་སྟེ། རྔམས་ཀློག་ལས། སྦས་པ་རྣམ་པ་གསུམ་ཡིན་ཏེ། །ཕྱི་ཡི་སྦས་པ་གསང་བ་དང་། །དེ་བཞིན་ནང་གི་སྦས་པ་དང་། །གཉིས་ཀར་མ་ངེས་སྦས་པ་སྟེ། །ཞེས་སོ། །

གསུམ་པ་ནི། སྦས་པའི་གནས་ས་ཆུ་བྲག་ཤིང་གཙུག་ལག་ཁང་ལ་དང་། ཕྱོགས་བཞི་དབུས་ལྔར་བྱེ་བྲག་ཏུ་སྐབས་སུ་བབས་པར་དགོངས་དེ་རྒྱས་གདབས་པ་སྟེ། ཐང་ཡིག་ལས། ཟབ་རྒྱ་གཏེར་གནས་ཕུན་སུམ་ཚོགས་པ་ནི། །གནས་ཀྱི་ཟབ་ཁྱད་ཐུན་མོང་ཁྱད་པར་ལྔ། ། ཐུན་མོང་ལྔ་ལ་ས་ལ་ཟབ་པ་དང་། །དེ་བཞིན་ཆུ་ལ་ཟབ་པ་བྲག་ལ་ཟབ། །གཙུག་ལག་ཁང་ཟབ་ཤིང་ལ་ཟབ་པའོ། །ཁྱད་པར་ལྔ་ལ་དབུས་གནས་ཟབ་བ་དང་། །དེ་བཞིན་ཤར་གནས་ཟབ་དང་ལྷོ་གནས་ཟབ། ། ནུབ་གནས་ཟབ་དང་བྱང་གནས་ཟབ་པའོ། །ཞེས་སོ། །ཡང་གཅིག་ཏུ་ན་རྟོག་གེའི་ཡུལ་མ་ཡིན་པས། དགོངས་ལྡེམ་དགོངས་དང་། མཐའ་དྲུག་ཚུལ་གཞིའི་རྒྱས་བཏབས་པ་རྣམས། རྟོན་བཞི་ཕྱིན་ཅི་མ་ལོག་པ། གཅུས་དཀྲུགས་གབ་པའི་གནད་བསལ་ཏེ་བཀོད་པའི་མན་ངག་ཤིན་ཏུ་ཟབ༵་མོའི་ཕྱག་རྒྱའི༵་གཏེར་ཆོས་འདི་དང་གཞན་ཐམས་ཅད་བཏབ་ཡོད་པར་བསྟན་པའོ། །མདོ་རྒྱན་ལས། ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། །ཞེས་དང་། ཆོས་སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་རྒྱུད་ལས། དེ་བཞིན་ང་ཡི་བསྟན་པའང་། ནུབ་ཀ་ཟབ་མོའི་ཆོས་དར་འགྱུར། །ཞེས་སོ། །

བཞི་བ་ནི། གཏེར་ཆོས་འདི་ནི་ཤིན་ཏུ་གཉན་པས་ན། ཚུལ་བཞིན་ལེན་བསྒྲུབ་སྤེལ་བརྟེན་བྱས་ན་འཚེངས་བ་དང་། ཚད་དང་མ་ལྡན་པར་ཕུང་བར་འགྱུར་བ་ནི། ཆོས་ཉིད་བཀའ་གཉན༵་པོའི་རང་རྒྱས༵་ཆོད་པ་དང་། ཆོས་སྐྱོང་དབང་བཙན་པར་དམ་རྒྱའི་བཅིངས་པའི་ཕྱིར་ཏེ། ཇི་སྐད་དུ། གསང་བ་འཆལ་བར་བྱེད་པ་ནི། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །ཞེས་དང་། གསང་སྙིང་ལས། གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་དང་འཕྱར་བས་གལ་ཏེ་སྦྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་དང་། བྱེ་བྲག་ཏུ། གཏེར་ཆོས་འདི་ཉིད་ཤིན་ཏུ་གཉན་པའི་ཕྱིར། །དཔེར་ན་དུག་སྦྲུལ་མགོ་ཡི་ནོར་བུ་བཞིན། །ཐབས་ལ་མཁས་ན་ནོར་བུ་ལོན་པས་འཚེངས། །ཐབས་མ་མཁས་ན་དུག་གིས་འཆི་བར་བྱེད། །དེ་བཞིན་ཡང་ན་འཚེངས་ལ་ཡང་ན་ཕུང་། །འཕུངས་འཚེངས་ནུས་པ་རིན་ཆེན་ས་ཡི་གཏེར། །ཞེས་སོ། །

ལྔ་ནས་དགུའི་བར་ནི། གུ་རུ་རིན་པོ་ཆེའི་སྐུའི༵་བྱིན་གྱིས་བརླབས་ཀྱི་ཕྱག་རྒྱའི་གཏེར་སྟོན་གྱིས་སྐུའི་ཀློང་དུ་རྒྱའི༵་གདབས། གསུང༵་གིས༵་གསུང་ལ་རྒྱའི༵་གདབས། ཐུག༵ས་ཀྱི༵ས་ཐུགས་ལ་རྒྱའི༵་བཏབས། ཡོ༵ན་ཏན༵་གྱི༵ས་ཡོན་ཏན་ལ་རྒྱའི༵་གདབས་ཕྲིན༵་ལ༵ས་ཀྱིས༵་བྱིན་གྱིས་བརླབས་པའི་ཕྱག་རྒྱའི་ཕྲིན་ལས་ཀྱི་ཀློང་དུ་རྒྱའི༵་གདབས་པ་སྟེ། གཏེར་སྟོན་ཉིད་ཀྱི་ཀློང་དུ་རྒྱས་གདབས་པས། ཉིད་ལ་དབང་བ་དང་། གཞན་གྱི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱག་རྒྱའི་བཏབས་པའོ། །རྒྱུ་མཚན་དེའི་ཕ་ནོར་བུ་ལ་དབང་བ་ལྟ་བུའང་ཡིན།ཡང་ཆོས་ལ་འབྲས་ཆོས་ཀྱི་བྱིན་གྱིས་རླབས་ཀྱིས་རྒྱས་བཏབས་པའང་ཡིན་ལ། དེ་ལྟར་ཡང་སྔར་རྒྱ་གསུམ་གྱི་འབྲས་བུའི་ཆོས་དང་བཟློས་པར་ནི་མི་འགྱུར་ཏེ། སྔར་གྱི་དེ་ནི་ཆོས་ཀྱི་ངོ་བོའམ་ཡི་གེ་སྐུ་གསུམ་ཏུ་སྒྱུ་འཕྲུལ་ལས་སངས་རྒྱས་པར་བཤད་པའི་གཞི་ཡེ་རྒྱའི་ཐེབ་པ་དེ་མི་འཆལ་བའི་རྒྱ་དང་། འདི་ནི་གུ་རུའི་འབྲས་ཆོས་ཀྱི་བྱིན་གྱིས་རླབས་པ་ཡིན་པས་དང་། སྔར་ནི་ཆོས་སྐྱོངས་། འདི་ནི་གཏེར་སྟོན་ལ་ཡིན་པས་ཀྱང་ངོ་། །ཡང་ཆོས་འདི་ལུས་ཀྱིས་བརྡ་ཙམ། ངག་གིས་དངོས་སུ་སྨོས་པ། སེམས་ཀྱིས་བརྗོད་པར་བསམ་པ། ཆོས་དངོས་མ་བཤད་ཀྱང་ཁོ་བོ་ལ་ཡོན་ཏན་དེ་འདྲ་ཡོད་པར་བྱེད་པ་དང་། དེའི་སྒོ་ནས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཀྱང་མི་བསྒྲུབ་སྟེ། དེ་ལྟར་བྱས་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དམ་ཚིག་དང་འགལ་བ་ཡིན་པས་བཀའ་རྒྱར་འཆད་པའང་ཡོད་དོ། ། དེ་དག་ཀྱང་ཕྲ་རྒྱས་ལས། སེམས་ཀྱིས་བསྟན་པར་མི་བསམ་ཞིང་། ། ངག་གིས་བརྗོད་པར་ཡོངས་མི་བྱ། །ལུས་བརྡའི་བསྟན་མིན་སུམ་ཅུའོ། །ཞེས་པ་དག་གི་ལྟར་རོ། །

བཅུ་པ་ནི། དེ་ལྟ་བུའི་གཞི་ལམ་འབྲས་བུའི་རྫོགས་ཆེན་གྱི་དོན་རང་ལ་ཡོད་ཀྱང་། ཡེ་ནས་གསང་བ་དང་། རང་བཞིན་གྱིས་གསང་བ་དང་། ངོ་བོ་ཉིད་ཀྱིས་གསང་བ། ཤིན་ཏུ་གསང་བ་སྟེ་བཞིའི་རང་གསང༵་ཐབས་ཀྱིས་ཆོད་པའི་རྒྱའི༵་བཏབས་པའང་། གསང་བའི་སྙིང་པོའི་རྒྱུད་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་དང་། རྔམས་གློག་ལས། རང་བཞིན་དོན་གྱིས་གསང་བ་དང་། །ཞེས་སོ། །

བཅུ་གཅིག་པ་ནི། སྐལ་མེད་ལོག་ལྟ་ཅན་ལ། སྟོན་པ་པོ་སློབ་དཔོན་དང་། གཏེར་སྟོན་གྱི་ཐུགས་ཀྱི་ཀློང་དུ་གབ༵་ཅིང་བཟུང་པ༵འི་རྒྱའི༵་གདབས་དགོས་པ་སྟེ། རྔམས་གློག་ལས། གབ་པ་སྦས་པའི་གསང་བ་དང་། །ཞེས་སོ། །

བཅུ་གཉིས་པ་ནི། གསང་བར་གཉེར་གཏད་དེ། ཨོ་རྒྱན་རིན་པོ་ཆེའི་བཀ༵འ་རྒྱའི༵་གདབས་པ་དང་། གཏེར་སྟོན་གྱིས་ཀྱང་གཞན་ལ་བསྟན་དུ་བཀ༵འ་རྒྱའི༵་གདབས་པར་བྱ་དགོས་པར་བསྟན་པ་སྟེ། དེ་ཡང་གསལ་བཀྲ་ལས། གཉེར་གཏད་པ་ནི་གདམས་པ་སྟེ། ། སྔར་བཤད་སློབ་དཔོན་མཆེད་ཀྱིས་སོ། །ཞེས་སོ། །

བཅུ་གསུམ་པ་ནི། དེ་ལྟ་བུ་ནི་དངོས་གྲུབ་མི་ཡལ་བ་དང་། གསང་བར་འོས་པའི་དམ༵་ཚི༵ག་གི་ཡིན་པས་དེའི་རྒྱའི༵་གདབས་པ་སྟེ། དེ་ཉིད་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསུང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་སོ། །

བཅུ་བཞི་པ་ནི། ཨོ་རྒྱན་གྱི་དགོང༵ས་ཀློང་ཏིང་ངེ་འཛིན་གྱིས་མི་སྣང་བར་རྒྱའི༵་གདབས་སྟེ། ཀུན་མཁྱེན་གྱིས། འགྲོ་མགོན་ཆོས་རྗེ་བླ་མའི་དགོངས་པས་བཅིངས། །ཞེས་དང་། རྩལ་རྫོགས་ལས། རང་སྣང་དམིགས་མེད་ཏིང་འཛིན་རྒྱ་ཡིས་ཐོབ། །ཅེས་སོ། །

བཅོ་ལྔ་བ་ནི། ལྟ་བ་མི་འགྱུར་བའི་ཀློང་དུ་མི༵་གཡོ༵་བར་རྒྱའི༵་བཏབས་པ་སྟེ། རྩལ་རྫོགས་ལས། ཆོས་ཉིད་མི་འགྱུར་སྤྲོས་བྲལ་རྒྱ་མཚོ་ལ། །ཀ་དག་སེམས་བྲལ་གསེར་གྱི་ཉ་མོ་འགྱུ། །བློ་དངོས་གཉིས་མེད་རང་བྱུང་ཡེ་རྒྱའི་ཐོབ། །ཞེས་སོ། །

བཅུ་དྲུག་པ་ནི། སྤེལ་མ་དྲག་པ་ཞིག་མ་བྱས་ན། བྱིན་རླབས་ཉམས་པ་དང་། བསྡམས་མ་དྲག་པ་ཞིག་མ་བྱས་ན་ནུབ་པར་འགྱུར་བས་ན། གང་ཡིན་ལ་མི༵་འཕྲོ༵་ཞིང་སྐལ་ལྡན་ལ་སྤེལ་བའི་བཀའ་རྒྱའི༵་གདབས་པ་སྟེ། ཐང་ཡིག་ལས། ཆོས་ནི་སྤེལ་མ་དྲགས་ལ་བསྡམས་མ་གྲགས། །ཞེས་གསུངས་སོ། །

བཅུ་བདུན་པ་ནི། ཨོ་རྒྱན་གྱིས་གཏེར་སྲུང་ལ་བཅོལ་བས། ཇི་སྲིད་གཏེར་ལ་དབང་བ་མ་བྱུང་གྱི་བར་དུ་བསྲུང༵་བ༵འི་རྒྱའི༵་བཏབས་པ་སྟེ། སྔར་གཏད་རྒྱ་དང་དོན་གཅིག་གོ །དེ་ཡང་གཏེར་ལ་དབང་བས་ལེན་དུས་ཀྱང་། དེ་ཡི་བར་ཆད་སེལ་བ་དང་། མཐུན་རྐྱེན་བསྒྲུབ་པ། ཆོས་བདག་དང་ཉམས་སུ་ལེན་པ་ཀུན་ལའང་བར་ཆད་མི་འབྱུང་བར་བསྲུང་བ་དང་། ཆོས་གཏེར་ལ་དབང་ཟ་བ་དང་། སྣུབས་པ་དང་། བསྲེ་བསླད་བྱེད་པ་ལ་སོགས་པའི་བར་ཆད་ཐམས་ཅད་བསྲུང༵་བ༵འི་རྒྱའི༵་བཏབས་པའོ། དེར་མ་ཟད་གཏེར་སྟོན་གྱིས་ཀྱང་མིག་གི་འབྲས་བུ་བཞིན་བསྲུང་ཞིང་འཚོ་དགོས་པའི་དོན་གྱི་བཀའ་རྒྱ་སྟེ། ཐང་ཡིག་ལས། གཏེར་འཚོ་མ་ཤེས་འཕྲལ་རྐྱེན་ངན་དགུ་འོང། །ཞེས་སོ། །

བཅོ་བརྒྱད་པ་ནི། །མན་ངག་གི་རྒྱུད་སྤྱི་ལ་དང་། ཁྱད་པར་བ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་འདུས། གསུང་འདུས། དགོངས་པ་དོན་གྱིས་འདུས༵་པར་རྡོ་རྗེ་འཆང་གི་ཕྱག་རྒྱའི༵་བཏབས་ཡོད་པས། སྤྱིར་བཏང་གི་དབང་གིས་དེ་ཉིད་སྟོན་པའི་ཟབ་གཏེར་ཀུན་ལའང་ཐེབ་པ་དང་། ཁྱད་པར་དུ་སློབ་དཔོན་རིན་པོ་ཆེའི་མན་ངག་ཆོག་འགྲིགས་སུ་མཛད་དུས། མདོ་རྒྱུད་ཐམས་ཅད་ཀྱི་དོན་ཚིག་སྤྱི་སྦས་པ་ཐམས་ཅད་མཐར་ཐུག་གི་དོན་ལ་ཡར་ལྡན་གྱི་ཚུལ༵་དུ་འདུས༵་པར་གཏན་ལ་ཕབ་པ༵འི་ཕྱག་རྒྱའི༵་བཏབས་ཡོད་པའི་དོན་ཏེ། ཀུན་བྱེད་ལས། ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ཞེས་དང་། དུས་བརྟགས་པ་ལས། ཨེ་མ་གསང་སྔགས་མཐར་ཐུག་སྙིང་པོའི་ཆོས། །ཐེག་པ་རིམ་དགུའི་ཉམས་ལེན་དོན་རྫོགས་འདི། །ཀུན་ལས་ཁྱད་འཕགས་ཨེ་མ་ངོ་མཚར་ཆེ། །ཞེས་པ་ལྟར་རོ། །

བཅུ་དགུ་པ་ནི། འདི་ལ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་ལྡང་ཚ༵ད་ལྔ་བོ་རྫོག༵ས་པར་ཚང་བ༵འི་ཕྱག་རྒྱའི༵་བཏབས་ནས་བཀོད་ཡོད་ཅེས་པའོ། །ལྡང་ཚད་ལྔ་ནི། གཞི་ལམ་ལ་བཟླ་གཉིས། དབང་དམ་ཚིག་གཉིས། འབྲས་བུ་དང་ལྔའོ། །

ཉི་ཤུ་པ་ནི། འདི་ལྟར་ཉམས་སུ་བླངས་བས་ཕུང་པོ་ལྷག༵་མ་མེ༵ད་པར་མྱ་ངན་ལས་འདས་པའི་ཐ་ཚིག་གི་རྒྱའི༵་གདབས་པ་སྟེ། འདི་གདམས་ངག་ལ་སྦ་གསང་དང་ལྷག་ལུས་མེད་པའི་དོན་དུ་འཆད་ཀྱང་རུང་སྟེ། དེ་ལྟ་ན་རབ་ཚེ་འདིར་སངས་རྒྱས་པའི་གདམས་པ། འབྲིང་བར་དོར། ཐ་མ་རང་བཞིན་སྤྲུལ་པའི་སྐུར་སངས་རྒྱས་པའི་གདམས་པ་གསུམ་ལས་དང་པོའི་དོན་དུ་བཟུང་དགོས་ཀྱི། གཞན་དུ་རེས་ཞིག་རྟགས་ཀྱི་བར་དོ་མི་འཆད་གསུངས་པས་མི་འགྲིགས་སོ། ། དོན་གསལ་ལས། འདི་ཉིད་ལོ་དྲུག་ཉམས་བླངས་ན། །ལྷག་མ་མེད་པར་འཚངས་རྒྱའོ། །ཞེས་སོ། །

གཉིས་པ་སླར་བསྡུ་བ་པོའི་ཡི་གེར་བཏབས་ནས་གཏེར་དུ་སྦས་པའི་ཚུལ་བསྟན་པ་སྟེ། རྒྱ་རིམ་པ༴ བྲིས་སོ། །ཞེས་གསུང་པའི་ལོ་རྒྱུས་ཀྱི་ཁ་བསབས་རྒྱས་པར་བྱས་ན་ཕུན་སུམ་ཚོགས་ལ། མིན་ཀྱང་། དེ་ལྟར་རྒྱ༵་རི༵མ་པ༵་ཉེར༵་གཅི༵ག་གི༵ས་བཏ༵བས་ཏེ་མངའ་བདག་དང་བཙུན་མོའི་གཙོའི་རྗེ་འབངས་ལ་དབང་གདམས་པ༵་དང་བཅས་པ་གནང་པ་འ༵དི། སླར་མ༵་ཧཱ༵་གུ་རུ༵འི་གཏེར་དུ་སྦ་དགོས་ཚུལ་གྱི་བཀ༵འ་ཇི༵་ལྟ༵་བ༵་བཞིན་དུ། ལྷ༵་སྲས༵་བད༵ག་ར༵ང་ད༵ང་། ཡུམ༵་བཅ༵ས་དད་མོས་གདུང་ཤུགས་དྲག་པོའི་གདོང༵་མ༵ཆི་མ༵ས་བ༵རླན་བ༵ཞིན་དུ༵། བ༵ར་ཁ༵ང་ག༵ཡུ་ཞ༵ལ་འབར་བའི་སྟེང༵་དུ༵། ང༵ང་བ༵ཙུན་དཔལ་གྱི༵་རྒྱལ༵་མོ༵འི་སྒྲོན༵་མེ༵་བཏེག༵ས་ཏེ༵། སྣང༵་གས༵ལ་གྱི༵་ངོ༵ས་ལ༵་ལྷ་སྲས་ཀྱི་མགྱོགས་པ༷ར་བྲིས༵་སོ༵། ། བྲིས་ནས་ཀྱང་རིན་པོ་ཆེའི་སྒྲོམ་དུ་བཙུད་ནས་གཏེར་དུ་སྦས་སོ། །༼ གཏེར་གནས་ལ་ཆ་མེད་པས་བསབས་སོ། །མཆན། ༽

བཞི་བ་སླར་གཏེར་ནས་བཏོན་ཏེ། ཤོག་སེར་ལས་ཕབས་ཚུལ་གདམས་པ་དང་བཅས་པ་ལ། ཕབས་ཚུལ། གདམས་པ། རྟེན་འབྲེལ་དགོས་པའི་ཁྱད་པར་གཞན་བཤད་པའོ། །

དང་པོ་ནི། ཟངས་ཤོག༴ ཕབ་ཡོད། ཅེས་པ་རྟགས་དང་རྟེན་འབྲེལ་དུས་ལ་བབས་པའི་སྐབས་སུ་ལས་ལྡན་གྱིས་བསྐུལ་བ་དོན་ཡོད་པར་བྱ་བ་དང་། མ་ཧཱ་གུ་རུའི་ཕྲིན་ལས་ཆུད་མི་ཟ་བ་དང་། དུས་ལས་མི་ཡོལ་བའི་ཕྱིར་ཤོག་སེར་ལས་བརྡའི་ཁོང་སྙིང་ཕྱུངས་ཏེ། ཚིག་ལ་ལྷག་ཆད་དང་དོན་ལ་ནོར་འཁྲུལ་མེད་པར་དག་པར་གཏན་ལ་ཕབས་ནས་ཡི་གེར་བཏབས་ཡོད་ཅེས་པའི་དོན་དང་།

གཉིས་པ་ལ། སྐལ་ལྡན་ལ་ངེས་པ་བསྐྱེད་ཅིང་ལོག་ལྟ་ཅན་ལ་སྐྱོ་བ་མཛད་པ་དང་། གདམས་པ་དངོས་སོ། །

དང་པོ་ནི། གསོན་དང་༴ འཛིན་ཕུར་བཅང་། གསོ༵ན་ད༵ང་སྤྱི་རིང་ཉེ་འདྲེས་དང་། ཕ་མ་ཡ་ཟུང་དང་། མཚེ་མ་ལྟ་བུའི་མཆེ༵ད་པོ། བྱང་ཆུབ་བར་དུ་མི་འབྲལ་བར་མེ་མར་གྱི་འོད་དང་སྡོང་བུ་བཞིན་འགྲོགས་ཤིང་གོ་འཕང་མཉམ་དུ་བསྒྲུབ་པའི་གྲོག༵ས་བྱེད་པ། སྐྱེ་བོ་དམ༵་པ༵འི་ངང་ཚུལ་དང་། ཤེས་བྱ་མ༵ཁྱེན་པའི་རྣམ་དཔྱོད་དང་ལྡན༵་པ་ཀུན༵། མ༵་ཧཱ༵་གུ༵་རུ༵འི་རྡོ་རྗེའི་བཀ༵འ་ཚད་མ་ལས་གཏེར་དུ་སྦས་ནས། མ་འོངས་ཆོས་ལ་དབང་བའི་སྐྱེས་བུའི་བླངས་དགོས་ཚུལ་ཞལ་གདམས་དང་བཅས་པ་དང་། གཏེར་བཀའ་འདི་ནས་འདོན་དུས་འདོན་ཚུལ་་ལ་སོགས་པ་ལུང༵་བསྟན་པ་དང། ༼ བར་འདིར་རྒྱལ་དབང་ལུང་ཟིན་ཡོད་ན་བསྣོན། མཆན། ༽༼ ༈རིག་འཛིན་པདྨ་གླིང་བའི་ལུང་བྱང་ལས། རྒྱ་གར་རིག་འཛིན་ཧཱུྃ་ཆེན་ཀཱ་ར་དེ། །འབྲི་ཡི་ཕྱོགས་སུ་རཏྣའི་མིང་ཅན་འབྱུང་། །ཞེས་པ་ལྟར་རོ། ། ༽ཆོས་དང་གང་ཟག་མ་འོངས་འབྱུང་འགྱུར་གྱི་ལུང༵་བསྟན་གཞན་ནས་ཀྱང་བྱུང་བ་ཇི༵་ལྟར༵་བ༵་བཞིན་དུ་ཁོ་བོའི་ད༵་ལྟ༵འི་དུས༵་འདི༵ར་བསྟན༵་པ༵་མ༵་དགོང༵ས་ས༵མ་ཏེ་དགོངས་པར་རིག་པ་ལ། ལར་ད་ལྟ་སྙིགས་མའི་སེམས་ཅན་རྣམས་དམུ་རྒོད་པ་དང་། མིའི་སྐྱེ་གནས་ན་ཐེ་ཚོམ་གྱི་སྒྲིབ་པ་ཤས་ཆེ་བ་དང། ད་ལྟ་ཟོག་པོ་མང་བས་བློ་སུན་པོའི་སྟབས་ཀྱིས་ངེས་པ་བསྐྱེད་པའི་ཕྱིར་དུ། མངོན་ཤེས་དང་རྫུ་འཕྲུལ་དབང་འབྱོར་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ཆོ་རོལ་དུ་མ་བསྟན་པའི་སྒོ་ནས། གཏེར་དུ་བླངས་པའི་ཟངས་ཤོག་དངོས་སུ་བཞུགས་པའི་ངོས་ལས་ཕབས་ཏེ། ཟོ༵ལ་མའམ་རྫུན་མའི་བཟོས་པའི་ཆོས་དང་འཁྲུལ་གནས་མེ༵ད་པར་སྤྱོད༵་ཀྱང༵་ཡིད་ཆེ༵ས་པར་དཀ༵འ་འོ་ཞེས་སྐྱོ་བ་བསྐྱེད་པའོ། །དེ༵འི་ཕྱིར་ན་གཞན་དོན་འབྱུང་དཀའ་བ༵ས་ར༵ང་དབ༵ང་རང་གིས་མི་ཆོ༵ད་པ་སུ་ཡང་མི་སྲིད་པས། སྒོ་གསུམ་དགེ་བ་ལ་བསྐུལ་ཏེ་དམ་པ༵འི་ཆོས་ཀྱི་བྱ༵་བ༵་བསྒྲུབ༵་ནས་དགེ་བ་སེམས་ཅན་ལ་བསྔོ་བར་བྱའོ། །དེ་ཡང་དགྲ་གཉེན་རང་གཞན་གྱི་ཕྱོག༵ས་གཏན་ནས་མེ༵ད་ཅིང་། ར༵ང་སྣང༵་ཕྱུགས་དང་འདུ་ལོངས་རྣམ་པར་གཡེང་བའི་ཡུལ་མེད་པས་དབེན་ཞིང་ཡ༵ངས་བ༵འི་ས༵་ཕྱོག༵ས་སུ༵་རི་དྭགས་ལྟ་བུར་བསྒྲུབ་པའམ། ཡང་ན་ངོ༵་ཤེས༵་པ་སུ་ཡང་མེ༵ད་པ༵འི་ཡུལ༵་དུ་ཕྱིན༵་ནས། གང་ཟག་དེའི་ཆོས་ཅི་ཤེས། བླ་མ་སུ་ཡིན་སོགས་ཀྱི་བརྡ་ཙམ་ཡང་མི་སྦྱོར་བར་གནས་ནའང་། རང་ཡུལ་དུ་གནས་པ་ལས་ཆ༵གས་སྡང༵་ཉུང་ངུར་འགྲོ་ཞིང་། དེ་ལྟ་བུའི་ཡུལ་དུ་ད༵མ་པའི་ཆོ༵ས་ཟབ་མོ་འདི༵་ལ༵་སྙིང་༵གི་དཀྱིལ་དུ་འཛི༵ན་རྒྱ་དང་། ཕུར༵་ཚུགས་སུ་བསྒྲུབ་པའི་སྙིང་པོར་བཅི༵ངས་པར་བྱས་ནས་སྤྲང་པོ་ལྟ་བུའི་ཚུལ་གྱིས་བསྒྲུབ་པར་བྱའོ། །འདི་ཡང་ཞིབ་དུ་བརྟགས་ན་ནི་སློབ་འབངས་རྣམས་ཀྱི་དེ་ལྟ་བུའི་གནས་སུ་གཏད་པ་བཞིའི་སྒོ་ནས་སྒྲུབ་པ་ལྷུར་ལེན་དགོས་པའི་བརྡ་སྟོན་ལ་དགོངས་ནས་ཡིན་ཏེ། ཐལ་འགྱུར་ལས། འཁོར་བའི་འབྲེལ་བ་ཀུན་སྤོངས་ནས། །གྲོགས་སྤངས་གཅིག་པུར་གནས་པར་བྱ། །ཞེས་དང་། ཁ་སྦྱོར་ལས། རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་རྐྱེན་གྱུར་ཡུལ་རྣམས་སྤངས། །ཞེས་སོ། །

གདམས་པ་དངོས་ནི། སྐྱིད་འདོད༴ སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་མན་ཆད་ཀྱིས། ཆོས་ཕྱིར་དཀའ་སྤྱད་དགོས་ན། རང་ཅག་རྣམས་ཟས་གོས་འདོད་པའི་ཡོན་ཏན་ལ་སྤྱོད་པས་སྐྱིད༵་པ་དང་། ཆོས་ཕྱིར་དཀའ་སྤྱད་མི་ནུས་པར་ཉལ་འཁྲིས་རྣམས་ཀྱི་བདེ་བ་ཙམ་འདོ༵ད་པ་དང་། འཁོན་པའི་ཡུལ་ལས་ཁེ༵་དང་རྒྱལ་ཁ་བསྒྲུབ་པ་དང་། ༼ ས་མཐའ་མེད་པའི་གྲག་འདི་ད་དང་ག་གང་ཡིན་དཔྱད་དེ། འཁོན་པའི་ཡུལ་ལས་ཁེ་དང་རྒྱལ་ཁ་བླངས་ནས་རང་ཁས་དྲག་ཏུ་བསྒྲུབ་པའམ། ཡང་ན། གང་འཐད་བཞག ། ༽རང་ཉིད་སྙན་གྲག༵ས་ཀྱིས་མཚོན་འཇིག་རྟེན་ཆོས་བརྒྱད་བསྒྲུབ་པ་ལ་སོགས་པ་ཚེ༵་འདི༵ར་ཞེན་འཛིན་བསམ་སྤྱོད་ངན་པའི་ཡུལ་གྱུར་མནོག་ཆུང་ཉེན་ཆེ་བས་རང་རྒྱུད་མ༵་བཅི༵ངས་པ༵འི་ཞེས་བུད་བརྙེགས་ཐོབ་གསུམ་ལ་དགོངས་པའོ། །ཕྱི༵་མ༵འི་སྲིད་པ་ནི་གཏིང་མཐའ་མི་མངོན་པས་ཡུན་རིང་བ། འཕགས་བཞིའི་འབྲས་བུ་ཐོབ་ན་སྡུག་བསྔལ་རྒྱུ་འབྲས་ཀུན་དང་བྲལ་བས་ཉེན་མེད། ཕུན་སུམ་ཚོགས་པས་མནོགས་ཆེ་བ་སྟེ། དེས་ན་དེ་ལྟ་བུ་དོ༵ན་དུ་ག༵ཉེར་བ་དང་། གང་ཟག་གང་ཞིག་གིས་མཉེས་པ་གསུམ་གྱི་སྒོ་ནས་བླ༵་མ༵་རྟེན་ཅིང་མི་འབྲལ་སྤྱི་གཙུག༵ས་འཁོར་ལོའི་རྒྱན་དུ༵། ཁྱད་གསོད་དང་བརྙས་ཐབས་སུ་མ་སོང་བ་དང་། ཟོལ་ཟོག་མེད་པའི་དད་གུས་ཀྱིས་ཁུར༵་ཞིང་བརྟེན་པ་དང་། རྒྱུད༵་ཆོས་དྲེད་དུ་མ་སོང་བ་དང་། ཆོས་ལ་བཀོལ་མི་བཏུབས་པའི་གྱོང༵་བོར་མ་གྱུར་ཞིང་། །རིགས་གཟུགས་ལང་ཚོ་ཐོས་བསམ་ཚུལ་ཁྲིམས་དཔལ་འབྱོར་གྱིས་ཁེང༵ས་པའི་སེམ༵ས། ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འགོ་བ་ཞིག་མ་ཡིན་ཞིང་། ཆོས་དང་བླ་མའི་ཡོན་ཏན་ལ་མི་སེམས་པར་སྐྱོན་ཚོལ་བྱེད་པའི་ལོ༵ག་པར་རྟོག༵་པ་མ༵་མཆི༵ས་པ༵འི། འོད་གསལ་རྡོ་རྗེ་སྙིང་པོའི་སྣོད༵་ཀྱི་ཡོན་ཏན་རྒྱུད་ལས་གསུངས་པ་ཀུན་དང་ལྡན༵་པ་དང་། ང༵ང་རིང་བས་བརྩོན་འགྲུས་བར་མ་དོར་མི་ལྡོག་པ་དང་། སྡོམ་པ་གསུམ་གྱི་ཚུལ༵་ཁྲིམས་དང་། དཀའ་སྤྱད་ནུས་པའི་སྙིང༵་རུས༵་དང་ལྡན༵་པ༵་ཡིས༵། རྡོ་རྗེའི་མཆེ༵ད་ལྕམ་ཕོ་མོ་བྱང་ཆུབ་བསྒྲུབ་པ་དང་། ཚངས་པ་མཚུངས་པར་སྤྱོད་པའི་གྲོག༵ས། ལས་སྐལ་དང་ལྡན་པ་ཉིན་མོའི་སྐར་མ་ཙམ་རེ་མཆིས༵་ན༵་ང༵་ཡི༵་ཟླ༵་བོར། རྡོ་རྗེ་གསུམ་གྱི་གདེངས་དང་འགྲོགས་ལ༵་གཤེ༵གས་ཤིག་ཅེས་དབེན་པ་ལ་བསྐུལ་བའོ། །དེར་ཡང་ཁྱིམ་ཆེན་སྤངས་པའི་ཁྱིམ་ཆུང་ལྟ་བུར་བྱ་བ་ངན་ཞེན་གྱི་ལེ་ལོ་སྤོངས་ལ། དུས་གསུམ་རྒྱལ༵་བ༵་སྲས་དང་བཅས་པ༵འི་ཐུག༵ས་ཀྱི་ཡང་བཅུད༵། མན་ངག་མཐར་ཐུག་གི་དོན་ཟབ་ལས་ཆེས་ཟ༵བ་པའི་ཆོས་གཏེར༵་བྱིན་རླབས་དང་བརྒྱུད་པ་གྲ་མ་ཉམས་པ་ཉིད་ཉམ༵ས་སུ་ལེན༵་ཅིང༵་། བོད་ལ་བཀའ་དྲིན་ལྷག་པར་ཆེ་ཞིང་བླ་མའི་སྐལ་བར་གྱུར་བས་འབྲེལ་ཆེ་བ་ཨོ༵་རྒྱན༵་རྗེ༵་ཞེས་ཆོས་ཀྱི་རྒྱལ་བོ་ཆེན་པོར་གྱུར་བ་ལ༵་གསོ༵ལ་བ༵་ཁ་ཙམ་མ་ཡིན་པར། སྙིང༵་ན༵ས་ཆོས་ཀྱི་བར་ཆད་སེལ་བ་དང་། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཆེད་དུ། ཆུ་བོའི་རྒྱུན་ལྟ་བུ་དང་། ཉིན་མཚན་དུས་དྲུག་གམ་ཐུན་གྱི་མགོ་འཇུག་ཀུན་དུ་འདེབ༵ས་ཤིང་དབང་བཞི་བླངས་པ་ལ་སོགས་པ་བྱ་བས། ཕྱོག༵ས་ཀྱི་ངེས་བཟུང་མེད༵་པའི་རི༵་ཁྲོད༵་དམ་གངས་ཁྲོད་རྣམས་སུ་སྣང་སྲིད་ད༵ག་པ་རབ་འབྱམས་ཡིན་པ་ལ། ཡིན་ལུགས་ཚུལ་བཞིན་ཤེས་པའི་ལྟ་བ་དང་ལྡན་པའི་བསྒོམ་སྤྱོད་ཀྱིས་ལྷ་སྔགས་ཆོས་ཉིད་ཀྱི་སྣང༵་བར་རྩལ༵་དུ༵་སྦྱང༵ས་བ་དང་། བཟ༵ང་རྐྱེན་ལྷ་བདུད་ཀྱི་གཡབ་མོ། ང༵ན་རྐྱེན༵་འཆི་བདུད་ཀྱི་ཆོ་འཕྲུལ། ངར་འཛིན་ལྷན་སྐྱེས་ཀྱི་བདག་གཉིས་སུ་ཞེན་ཡུལ་ཕུང་བདུད་ཀྱི་རྒྱུ་འགྲུལ། ཆགས་སྡང་ཉོན་བདུད་ཀྱིས་གླགས་རྩོལ་གྱི་རྐྱེན༵་གང་ལ༵འང་། ཡུལ་དངོས་བདག་པོ་དང་བྲལ་བའི་སྟོང་ཉིད་དུ་རོ༵་གཅིག་པར་རྟོགས་པའི་ལྟ་གདེངས་དང་ལྡན་པས། སྤངས་བླངས་མེད་པར་མགོ་སྙོམ༵ས་དུ་ཆམ་གྱིས་བཞག་པའི་སྤྱོད༵་པ༵་སྐྱོང༵ས་བར་མཛོད་ལ། སྔོན་གྱི་དགེ་འབྲས་ཞིག་ཡོད་ན་ནི་བཤོལ་དུ་མེད་པར་རང་བྱུང་ཀྱི་འབྱུང་། མེད་ན་ནི་འབད་རྩོལ་ཅི་ལྟར་བྱས་ཀྱང་བསྒྲུབ་ཏུ་མེད་པའི་རྒྱུ་མཚན་ཤེས་པས། སྐྱིད༵་ལ༵་མི༵་རེ༵་བས་ཕྱི་ཚེས་ཀྱི་གྲབ་ཤོམ་སྤངས། ལས་མ་བྱས་པ་དང་མི་འཕྲད་པ་དང་། ཆོས་པ་རི་ལ་བསྡད་ན་འཚོ་བ་ལྷས་སྦྱོར། བཀུར་བསྟི་རྗེའི་བྱེད་པས་འོ་བརྒྱལ་དུ་མི་འཇུག་པའི་ངང་ཚུལ་བསམ་ནས། སྡུག༵་ལ༵་མི༵་དོག༵ས་པ༵ར་སྐྱིད་སྡུག་ལེགས་ཉེས་གང༵་བྱུང༵་ཀྱང་། སྐྱིད་ན་དཀོན་མཆོག་གི་ཐུགས་རྗེ། སྡུག་ན་སྔོན་བསགས་ཀྱི་འབྲས་བུ། ངོ་བོ་མེད་མཉམ་དང་དག་མཉམ་དུ་གནས་པས་ན་ལྟ་བའི་གསལ་འདེབས། རྩལ་སྦྱོངས་བོག་འདོན་གྱི་རྒྱན་དུ་ཤར་བ་དེ་ཉིད་ལ་ལ༵མ་དུ་ཁྱེར་ན། རྐྱེན་རྣམས་རྐྱེན་གྱིས་གྲོལ་བའི་ངོ་བོར་སློང༵་བས་ན། བདེ་སྡུག་གང་བྱང་ཡང་ཞེ༵་ལ་འགྱོད༵་པ་མེད༵་པ༵ར་ཆོས་ཉིད་ཀྱི་འཁོར་ལོར་འཁྱེར་བ་འདི༵། ཞེས་སམ། ཡང་ན་དེ་ལྟར་ཚེ་གང་ཆོས་ལ་གཞོལ་བས། རབ་ཚེ་འདི་ལ་འཆི་མེད་གཉུག་མའི་བཙན་ས་ཟིན་པ། འབྲིང་བར་དོར་གྲོལ་བའི་ཚད་བྱུང་ནས་འཆི་བྲོད་ཀྱི་གདེངས་དང་ལྡན་པ། ཐ་མའང་འཆི་ཁ་ཞེ༵་འགྱོད༵་མེ༵ད་པ༵་ཞིག་འགྲུབ་པ་འདི༵། ར༵ང་ཅ༵ག་དམ་པའི་ཆོས༵་བསྒྲུབ་པ༵འི་གང་ཟག་རྣམས་ཀྱི་ཉམ༵ས་ལེ༵ན་གྱི་མཐིལ་དང་། ཉམས་སུ་བླངས་པས་བྱས་པའི་ལས་ལ་གྲུབ་པའི་མཐའ་དེ་ཉིད་མ༵་ཡིན༵་ནམ༵་ཏེ་ཡིན་ནོ། །དེ་ལྟར་རོ་སྙོམས་ཆོས་ཟད་ཀྱི་དགོངས་པས་མངོན་སུམ་གཤིས་ཐོག་ཏུ་ཕེབས་པས་རང་ལ་རང་ངོ་མཚར་ཏེ། གད་མོ་ཆེན་པོའི་རྣམ་པ་དག་ཐུགས་ལ་འཁྲུངས་པས་ཧ༵་ཧ༵་ཞེས་རང་ལ་རང་བགད་པའོ། །དེ་དག་ཀྱང་ཀློང་དྲུག་པ་ལས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་ཆེན་སྤུངས་པའི་རྒྱན་གྱིས་ཆོས་ཐམས་ཅད་ཡོན་ཏན་གྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་རང་ངོ་མཚར་ཏེ། རང་གིས་གད་མོ་ཆེན་པོའི་རྣམ་པ་ཉིད་ཀྱིས་ཉིད་ལ་རང་བགོད་པ་འདི་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཅི་ལྟར་བསམ་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ཉིད་ལ་ཕར་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་བར་རང་ཤར་ཏེ་ངོ་མཚར། ཅི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགགས་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཉིད་ཀྱང་ཉོན་དང་། ཆོས་ཉིད་སྟོང་བ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར་། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་། གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ། རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅི་ལྟར་སྣང་ཡང་རང་བཞིན་ལས་མ་གཡོས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་ལ་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་གྱི་ཆ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་བཞག་སྟོང་བ་ཆེན་པོ་ཀུན་མཉམ་གྱི་ཡེ་ཤེས་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར་སྤང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམ་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ། ཞེས་གསུངས་པས། གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམས་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་ཤར་ནས། རང་སྣང་རང་གྲོལ་རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ། །ཞེས་གསུངས་སོ། དོན་དེ་ལྟར་དུ་གནས་པས་ཚིག་གི་ཟེ༵ར་སྒྲོས་འདི་ལྟར་བརྗོད་ཀྱིས༵། སློབ་མ་ཁྱེད་རྣམས་ཀྱིས་ཀྱང་ཉམས་ལེན་གྱི་གནད་འདི་དག་ཡལ་བར་མ་འདོར་བར་བློ་འདས་ཆོས་ཟད་ཀྱི་ཀློང་དུ་ཁོ་བོའི་རྗེས་སུ་སྙོགས་པ་ཞིག་མཛོད་ཅིག་ཞེས་གདམས་སོ། །

གསུམ་པ་རྟེན་འབྲེལ་དགོས་པའི་ཁྱད་པར་གཞན་བཤད་པ་ནི། རེས་ཅིག༴ རྟེན་འབྲེལ་ཡོད། བར་རོ། །ལར་རྒྱུད་བཅུ་བདུན་སོགས་ལས་དབང་པོ་རབ་འབྲིང་ཐ་མའི་རིམ་པས་ཚེ་འདི་དང་བར་དོར་རང་བཞིན་སྤྲུལ་སྐུར་དབྱུགས་འབྱིན་པའི་གདམས་ངག་གསུམ་དུ་གསུངས་པས། ཁྲིད་ཡིག་རྣམས་ལས་ཀྱང་དེ་ལྟར་མཐར་ཆགས་སུ་བསྒྲིགས་པར་མཛད་དེ། འདིར་རེ༵ས་ཐང་གཅི༵ག་ཏུ་འབྱུང་བ་རགས་པའ་ིཐིམ་རིམ་ཉི་ཤུ་དང་། རླུང་ཉེར་ལྔའི་ཐིམ་རིམ་སོགས་འཆི་ཁའི་བར་དོའི་རྟགས། འོད་གསལ་ཟུང་འཇུག་བཞི་སྦྱོར་ལྷུན་གྲུབ་གཞི་སྣང་ཐིམ་རིམ་དང་བཅས་པའི་ཆོས་ཉིད་བར་དོའི་རྟགས། མ་ངེས་རྟགས་དྲུག་ལ་སོགས་སྲིད་པའི་བར་དོའི་རྟགས། རྟག༵ས་སོ་སོའི་མཚན་ཉིད་ཅན་གྱི༵་བ༵ར་དོ༵་དང་། དེ་དག་ཏུ་གྲོལ་བའི་གདམས་པ་སོ་སོ་བ་རྣམས་ནི་གཏན་ལ་མི༵་འབེ༵བས་ཏེ༵། དགོས་ཆེད་ཅི་ཞིག་གི་ཕྱིར་ཞེ་ན་དེ་དག་ལ་ལྟོས་འཆའ་མི་དགོས་པར་མ་དག་འཁྲུལ་བའི་ཕུང༵་པོ༵་ཁམས་དང་སྐྱེ་མཆེད་རྣམ་སྨིན་གྱི་ལྷག༵་མར་གྱུར་པའི་འབྱུང་བའི་ལུས་ཅུང་ཟད་ཙམ་ཡང་བཞག་ཏུ་མེ༵ད་པར་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ནས་ཚེ་འདི་ཉིད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ༵་པ༵འི་རྟེན༵་འབྲེལ༵་ཁྱད་པར་ཅན་ཡོ༵ད་པ་ཡིན་ནོ། ། ཞེས་པའི་དོན་ཏེ། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཇི་ལྟ་བུ་ཞིག་སྙམ་ན། གཞི་རྒྱུད་ཡེ་སངས་རྒྱས་པ་ཡིན་པའི་གཤིས་ཐོག་ཏུ་ཕེབས་པ་ལས་གཞན་པའི་རྒྱུ་རྐྱེན་གྱིས་སྨིནཔའི་འབྲས་བུ་ཐོབ་ལེན་ལྟ་བུ་མེད་དེ་མ་དག་པ་ལྟར་སྣང་པའི་རྩལ་སྣང་ཐམས་ཅད་གཞི་འབྲས་དབྱེར་མེད་པའི་ཆོས་སྐུ་ལ་ཐིམ་ནས། གཞི་རང་གི་ངོ་བོ་རང་བཞིན་ཐུགས་རྗེའི་ཀློང་དུ་སྟོང་གསལ་མ་འགགས་པར་འབྲས་བུའི་ཆོས་ཁམས་རྫོགས་པ་མངོན་དུ་གྱུར་བས་ཡང་སངས་རྒྱས་པའི་མཚན་དོན་འཆང་བཞིན་དུ། རྟེན་དེའི་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བས་ངོ་བོ་སྐུར་རྒྱས། རང་བཞིན་འོད་དུ་རྒྱས། །ཐུགས་རྗེ་ཟེར་ལྟར་དུ་རྒྱས་པ་སྟེ། ཀློང་གསལ་ལས། ཡང་དག་རྫོགས་པའི་སངས་རྒྱས་ནི། །ཕུང་པོ་ལྷག་མ་མེད་པར་རྒྱས། །ཞེས་དང་། རབ་འབྱམས་ལས། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །གོང་ལྟར་ཉམས་སུ་བླངས་པ་ཡིས། །ཡོན་ཏན་འབྲས་བུ་འདི་ལྟར་ཐོབ། །རྒྱས་སུ་མེད་པའི་སངས་རྒྱས་དང་། །འདའ་རྒྱུ་མེད་པའི་མྱ་ངན་འདས། །ཡང་དག་སངས་རྒྱས་མངོན་སངས་རྒྱས། །མངོན་སངས་རྒྱས་པ་དེར་སངས་རྒྱས། ། སྤྲུལ་པ་པོ་རྣམས་འདིར་སངས་རྒྱས། །རིག་རྩལ་ཡེ་ཤེས་ངང་ལ་ཐིམ། ། འོད་ལྔ་སྟོང་གསལ་ངང་ལ་ཐིམ། །སྟོང་གསལ་མ་འགགས་རང་ངང་རྫོགས། །ཡོན་ཏན་འབྲས་བུ་ཐོབ་ཚུལ་ལོ། །ཞེས་སོ། །དེ་ཡང་རྣམ་པ་གཉིས་སུ་འདུས། །ཡང་དག་རྫོགས་པའི་སངས་རྒྱས་དང་། །མངོན་པར་རྫོགས་པའི་སངས་རྒྱས་གཉིས། །ཡང་དག་རྫོགས་པའི་སངས་རྒྱས་ནི། །ངོ་བོ་སྐུ་རུ་རྒྱས་པ་དང་། །རང་བཞིན་འོད་དུ་རྒྱས་པ་དང་། ། ཐུགས་རྗེ་ཟེར་དུ་རྒྱས་པའོ། །ཞེས་གསུངས་པའོ། །

སླར་སྨྲས་པ། ཕྱོགས་དུས་རྒྱལ་བའི་དགོངས་པ་ལྷུན་རྫོགས་ཤིང་། །གཟུགས་བརྙན་བསྟན་པ་རྒྱ་མཚོའི་སྐྱེལ་སོའི་འབྲས། །སངས་རྒྱས་ཡེ་ཤེས་མངོན་སྟོན་ཅིག་ཆར་ལམ། །དངོས་ཀྱི་བསྟན་མཆོག་རྡོ་རྗེ་སྙིང་པོའི་སྲོལ། ༡།རྩ་༼ རྒྱུད་རང་བྱུང་ཡིག་མེད་གཉིས་ ༽བཤད་༼ རྒྱུད་རང་ཤར་གྲོལ་གཉིས་ ༽ཡན་ལག་༼ གི་རྒྱུད་སྐུ་འབར་རིན་སྤུང་གཉིས། ༽ལུང་རིགས་གསལ་བའི་རྒྱུད། ༼ ཐལ་འགྱུར་མཛེས་ལྡན་གཉིས། ༽མན་ངག་དགོངས་པ་༼ སྙིང་ཐུགས་ངོ་སྤྲོད་ཕྲེང་བ་བཞི། ༽ རང་གནས༼ ཀློང་དྲུག་སྒྲོན་འབར་ཁ་སྦྱོར་གསུམ། ༽འཇུག་རང་གྲོལ། ༼ རྩལ་ཕྲ་གཉིས། ༽ཨུ་པ་དེ་ཤ་བརྒྱ་དང་རྩ་བརྒྱད་སོགས། །ཀུན་གྱི་གནད་གསང་དྲིལ་བའི་མནྡྲ་ཡ། ༢།ཀུན་བཟང་རྡོར་འཆང་ཐུབ་པ་ཆེན་པོ་རུ། །དགོངས་པ་དབྱེར་མེད་དྷ་ན་ཀོ་ཥའི་མཚོར། །ང་ལས་ལྷག་པའི་སྤྲུལ་སྐུ་འབྱུང་ཞེས་སུ། །རྡོ་རྗེའི་ལུང་གིས་བསྔགས་པ་གང་དེ་ཡིས། ༣།བཀའ་བསྡུས་མཛད་དེ་རིན་ཆེན་གཏེར་དུ་སྦས། །དུས་རྟགས་མངོན་གྱུར་ལུང་བསྟན་བཀའ་བབས་ཀྱིས། །སྐྱེས་བུ་མཆོག་གིས་མངོན་ཤེས་རྫུ་འཕྲུལ་དང་། །དབང་འབྱོར་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་བླངས། ༤།བརྒྱུད་པའི་མུ་ལ་སོ་སྐྱེས་བསླད་མ་ཞུགས། །རྡོ་རྗེའི་གནས་ལ་རྟོག་གེའི་སྒྲོའི་མ་རེག །བརྟགས་གསུམ་རྟོན་པ་བཞི་བོ་གོ་མ་ལོག །པདྨ་སཾ་བྷའི་བཀའ་སྲོལ་རྨད་དུ་བྱུང་། ༥།ཟབ་མོའི་རྒྱུད་ཀྱང་ཆོས་སྐུའི་སྟོན་པའི་བཀའ། །བཀའ་གསང་མཐར་ཐུག་འདི་ལས་གཞན་ཡོད་མིན། །མན་ངག་དཔེ་བུམ་བཀའ་སྡོད་སྐྱེས་བུའི་བསྡུས། །ཚིག་དོན་གནས་ལས་འཁྱམས་པ་སྲིད་དམ་ཅི། ༦།ཕ་ནོར་དབང་གི་རྒྱལ་པོ་འདི་ཡོད་ཀྱང་། །བསྒྲུབ་བརྒྱུད་རྒྱལ་མཚན་རྩེ་ལ་མི་མཆོད་པར། །གཞན་དྲིངས་བཤད་ཡམ་ཆིང་བུ་གཙིགས་བྱེད་པ། །འདི་ལས་ནོར་འཁྲུལ་རང་བསླུས་ཅི་ཞིག་ཡོད། ༧།གང་ཞིག་དད་གུས་ཚུལ་བཞིན་ངེས་པའི་བློའི། །གསོལ་བཏབས་སྒྲུབ་བརྟེན་སྐད་ཅིག་ཡུད་ཙམ་གྱིས། །འདོད་དགུའི་དོན་ཐོབ་གནའ་དུས་མང་བྱུང་བཞིན། །ད་དུང་དེ་རྗེས་ཟིན་པར་ཅིས་མི་འགྱུར། ༨།དེ་ཕྱིར་མན་ངག་ཟབ་མོའི་རྡོ་རྗེའི་གནས། །བདག་ལྟ་བྱིས་པའི་རྩལ་གྱིས་ཕྱེད་དཀའ་ཡང་། །དམ་པས་བསྐུལ་དང་ཆོས་ལ་གུས་བློས་སྦྱར། །བསྟན་འགྲོ་ཕན་པའི་དགོངས་གཞི་སྲིད་དམ་སྙམ། ༩།མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་གཞན་དབང་གིས། །མ་འབྲེལ་མ་ཚང་མི་དགོས་གྱུར་པ་དང་། །གཞན་ཟེར་རྗེས་ཕྱོགས་དགོངས་དོན་དཀྲུགས་མཆིས་ནོངས། །བླ་མ་ལྷ་དང་ཆོས་སྤྱན་ལྡན་ལ་འཆགས།༡༠།འདི་ལ་ལེགས་པར་བཤད་པའི་ཆ་ཡོད་ན། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །གནས་སྐབས་སྙིང་པོའི་བསྟན་པ་དར་ཞིང་རྒྱས། །སྐྱེ་དགུ་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །༡༡།བདག་ཀྱང་སྐྱེ་ཀུན་ཡང་དག་རིག་པ་བཞིའི། །རྒྱལ་བའི་ཆོས་མཛོད་ཕུལ་བྱུང་འཛིན་ནུས་ཤིང་། །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །རྡོ་རྗེའི་ཐེག་པ་དག་ནི་རབ་སྟོན་ཤོག །༡༢། མཐར་ཐུག་སྲིད་གནས་སེམས་ཅན་ཐམས་ཅད་ཀྱི། །མི་ཤེས་མུན་པའི་ཁམས་ཀུན་དྲུང་ཕྱུང་ནས། །ཕྱམ་གཅིག་རྫོགས་སངས་རྒྱས་ཀྱི་གནས་ཐོབ་ཅིང་། །འཁོར་བ་དོང་ནས་སྤྲུགས་པའི་རྒྱུར་གྱུར་ཅིག །༡༣།བཀྲ་ཤིས་གང་ཞིག་རང་རིག་བྱང་ཆུབ་སེམས། །རང་བྱུང་ཆོས་གསུམ་ལྷུན་རྫོགས་ཀུན་ཏུ་བཟང་། ། མ་ལུས་ཀུན་གྱི་སྙིང་ལ་རྟག་བཞུགས་པའི། །བདེན་པ་མཆོག་དེའི་དུས་ཀུན་ཤིས་གྱུར་ཅིག །༡༤།

ཅེས་པ་འདི་ཡང་མཚན་བརྗོད་བར་དཀའ་བ་དོན་གྱི་སླད་དུ་སྨོས་ན་རྡོ་རྗེ་འཛིན་པ་ཆེན་པོ། དཀོན་མཆོག་ངག་དབང་ཕྲིན་ལས་ཞེས་མཁས་པའི་ཕུལ་དུ་ཕྱིན་ཅིང་གྲུབ་པའི་ས་མཐོར་གཤེགས་པ་གང་གི་ཞལ་སྔ་ནས་བཀའ་དྲིན་དུ་ཐོབ་ཅིང་། བསྒྲུབ་བརྒྱུད་ཆུ་བོ་གཅིག་འདྲེས་སུ་གྱུར་ན་དགོས་པ་ཆེ་བས་ཁྱོད་ཀྱིས་རྒྱ་ཆེར་འགྲེལ་ཞིག་རྩོམས་ཞེས་གསུང་གི་ཅོད་པཎ་སྤྱི་བོར་བསྩལ་བ་གྱི་ནར་འདོར་མ་སྤོབས་བར་སྐྲག་ཟིང་ཟིང་། རང་ཉིད་སྐྱེས་སྦྱངས་ཀྱི་ཤེས་རབ་ཞན་ཅིང་། མཁས་པའི་བྱ་བ་གསུམ་གྱི་ཡང་རྩེ་ལྷུར་ལེན་པའི་ཁུར་མི་བཟོད་པ་དང་། རང་གི་ནང་ཆ་མངོན་པ་དང་། གཞན་གྱིས་ཁྲེལ་འདེད་འོང་གིས་དོགས་པས་བག་ཚ་ནས་ལོ་ལྔའི་བར་བསྲིངས་ཀྱང་། སླར་ཡང་ལན་གྲངས་གསུམ་དུ་གསུང་གི་ཕྲིན་ལས་བྱུང་བའི་བཀའ་ནན་མ་བཟོད་པར་བྲིས་པ་ལ། རང་སློབ་དམ་པ་འགྱུར་མེད་རྣམ་པར་རྒྱལ་བ་དང་། ཤེས་རབ་བློ་འཕེལ། པདྨ་བློ་གྲོས་རྣམས་ནས་ཀྱང་གསུང་གིས་མཐུན་འགྱུར་ལ་བརྟེན་ནས། རིག་འཛིན་བདུད་འཇོམས་རྡོ་རྗེའི་རིགས་ཀྱི་མྱུ་གུར་སྐྱེས་ཤིང་། མཁས་གྲུབ་དུ་མས་རྗེས་སུ་བཟུང་བ་དང་། ཀུན་བཟང་ཐུགས་ཀྱི་བསྟན་པའི་ལྷག་ཞབས་ཟིན་ཅིང་། རིག་པ་འཛིན་པའི་གྲྭལ་མཐར་འཁོད་དེ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོའི་གཟིག་གོས་བོང་བུ་ལ་བསྐོན་ཀྱང་། རང་ངོས་ནས་བསྟན་པའི་བླ་བཙོང་དུ་གྱུར་པའི་གྲོང་སྔགས་ག་ག་ཨ་བྷྱེ་ཞེས་བྱ་བས་བསྟན་ལ་གུས་པའི་ལྷག་བསམ་གྱིས་སྦྱར་བ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒལཾ། །

བསྟན་པ་རྒྱས་བྱེད་སྨོན་ལམ་བཞུགས། པདྨའི་རང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་བསྒྲུབ་པས་འཛིན་གྱུར་ཅིག །

ཅེས་པའང་གང་གི་སློབ་འབངས་པྲཛྙཱའི་མིང་འཛིན་གྱི་བསྐུལ་ངོར་སྤྲུལ་མཁྱེན་བརྩེ་མྱུ་གུའི་བྲིས་པ་དགེ་བར་གྱུར་ཅིག ། ། །


previousཐ་མར་དགེ་བ་མཇུག་གི་དོན།next