Nitartha Digital Library
Tibetan
 
previousདམ་ཆོས་དགོངས་པ་ཡང་ཟབ་རྫོགས་རིམ་ཡེ་ཤེས་ཀུན་རྫོགས།no next

དམ་ཆོས་དགོངས་པ་ཡང་ཟབ་རྫོགས་རིམ་ཡེ་ཤེས་ཀུན་རྫོགས།

དམ་ཆོས་དགོངས་པ་ཡང་ཟབ་རྫོགས་རིམ་ཡེ་ཤེས་ཀུན་རྫོགས་བཞུགས་སོ༔ ཟངས་ཤོག་དམར་པོའི་ཆོས་སྡེའོ༔ ས་མ་ཡཱ༔

༼ རྩ་བ། ༽

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔* འཁོར་འདས་ཆོས་རྣམས་རང་བཞིན་མྱ་ངན་འདས༔ གདོད་ནས་མ་འཁྲུལ་ཡེ་ནས་མངོན་སངས་རྒྱས༔ རྣམ་དག་ཡེ་ཤེས་རང་བཞིན་ཀ་ནས་དག༔ ལྷུན་གྲུབ་འགག་མེད་ཡེ་ཤེས་རྩལ་ཆེན་འབར༔ སྣང་སྲིད་ཡེ་གྲོལ་རང་དགོངས་བསྟན་བའི་ཕྱིར༔ ཟབ་ལམ་སྙིང་ཐིག་ཁྲིད་ཀྱི་རིམ་པ་བསྟན༔ ས་མ་ཡཱ༔ * བདག་འདྲ་ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ * རྫོགས་ཆེན་སྙིང་པོ་ཐེག་པའི་རྒྱལ་པོ་ལ༔ མང་དུ་མཉན་ཅིང་ཀུན་ལ་མཁས་པར་སྦྱངས༔ གནས་ལུགས་དོན་གྱིས་ངེས་གསང་གཅིག་ཏུ་དྲིལ༔ མ་འོངས་སྨོན་ལམ་ལས་འབྲེལ་དབང་གི་མཐུས༔ བོད་དུ་རྗེས་འབྲངས་ཐུན་མོང་ཁྱད་པར་ལས༔ སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པའི་ཁྲིད༔ རྟགས་དང་ཚད་ཀྱི་ཡི་གེ་ལ་སོགས་པ༔ སོ་སོར་བསྟན་ཀྱང་འདིར་ཀྱང་ཡང་ཟབ་གནད༔ ཤིན་ཏུ་བསྡུས་ཏེ་ལག་ལེན་སྙིང་པོ་དྲིལ༔ * ལྷ་སྲས་ཆོས་ཀྱི་སྐལ་བར་མི་འཕམ་ཀྱཻ༔* ས་མ་ཡཱ༔ རྒྱ་རྒྱ་རྒྱ༔*

དེ་ཡང་ལས་དང་པོ་རྣལ་འབྱོར་པས༔ དབེན་པའི་གནས་སུ་* འཇིག་རྟེན་གྱི་བྱ་བ་དང་ཞེན་འཁྲིས་ཐམས་ཅད་རྦད་ཀྱིས་བཅད་ལ༔ * རང་རིག་ལ་དབང་འབྱོར་བའི་བླ་མ་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ༔ * ལུས་ངག་ཡིད་མོས་གུས་དང་གདུང་ཤུགས་རྩེ་གཅིག་པས་བཏུད་ལ༔* རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་གི་སྨིན་པར་བྱས་ཏེ༔ * རྩ་བ་གསུམ་ལ་ཚོགས་དང་ཡོན་གྱི་མཉེས་པར་བྱས་ནས༔ * ལུས་ངག་ཡིད་ཀྱི་བཟང་ངན་གྱི་རྣམ་རྟོག་བྱ་བྱེད་ཐམས་ཅད་སྤང་ལ༔ ཚེ་འདི་བློས་ལིང་གིས་བོར་ཏེ༔ བདེ་བའི་སྟན་ལ་མན་ངག་དང་ལྡན་པའི་ལུས་གནད་ལེགས་པར་བསྲང་སྟེཿ ཞག་གསུམ་གྱི་བར་དུ་འཆི་བ་མི་རྟག་པ་ཉིན་མཚན་ཁོར་ཡུག་ཏུ་བསམ་དགོས་ཏེ༔* ཕྱི་སྣོད་ཀྱི་འཇིག་རྟེན་རྟག་གམ་མི་རྟག༔* ནང་བཅུད་ཀྱི་བདག་གཞན་སེམས་ཅན་ཐམས་ཅད་འཆི་འམ་མི་འཆི༔* འཆི་བ་འདུག་ན་ཆོས་མིན་པ་སྡེ་རིས་དང་དཔུང་ནོར་ལོངས་སྤྱོད་དབང་ཁེངས་དྲེགས་གང་གིས་ཀྱང་ཕན་ནམ་མི་ཕན༔ * ཁྱད་པར་རང་ཉིད་ཀྱང་ནམ་འཆིའི་ཚོད་ཟིན་ནམ་མི་ཟིན་ལ་སོགས་པ་བརྟག་པས༔* ཉིན་མཚན་གང་དུ་འང་འཆི་བ་དྲན་ཞིང་༔ ཆོས་མིན་པར་གང་གིས་ཀྱང་ཕན་པ་མེད་པར་རིག་སྟེ༔ འཇིག་རྟེན་གྱི་བྱ་བ་གང་གིས་ཀྱང་དགོས་པ་མེད་པར་གོ་ན་མཐར་ཕྱིན་པའི་རྟགས་ཏེ༔ མ་བྱུང་གི་བར་དུ་སྐྱར་རོ༔* དགོས་པ་ནི་འཆི་བ་དྲན་པས་ཆོས་ལ་བློ་གཏད་དོ༔ འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་པར་གོ་སྟེ༔ ཉམས་ལེན་ལ་བར་ཆད་མི་འཇུག་གོ༔* ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

* ད་ནི་རུ་ཤན་དབྱེ་བར་བྱ་སྟེ༔ * དེ་ཡང་ཕྱི་ནང་གསང་བ་དང་༔ ལུས་ངག་ཡིད་ཀྱི་རུ་ཤན་དབྱེ་ལུགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་༔ * རྩ་བར་ལུས་ངག་ཡིད་གསུམ་དུ་འདུས་པས་འདི་ལྟར་བྱའོ༔ ཤིན་ཏུ་དབེན་པའི་གནས་སུ་ལུས་རྡོ་རྗེའི་འདུག་སྟངས་བྱ༔ ངག་ཏུ་ཨོཾ་ཨཱཿཧཱུྃ་བཟླས༔ ཡིད་ཀྱིས་རང་ལུས་ཐ་མལ་པའི་དཔྲལ་བར་ཨོཾ་དཀར་པོཿ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་བསྒོམ་པ་ལས༔ མེ་དཀར་དམར་མཐིང་གསུམ་དུ་འབར་བས༔ ལུས་ངག་ཡིད་གསུམ་དུ་འཛིན་པའི་བག་ཆགས་ཐམས་ཅད་བསྲེགས་ཏེ་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་གྱུར་བར་བསམ་ལ༔ ཡི་གེ་གསུམ་གྱི་བསྙེན་པ་འབུམ་ཕྲག་གསུམ་བྱའོ༔* དེས་ལུས་ངག་ཡིད་གསུམ་འཁོར་བར་མི་ལྡོག་པའི་དགོས་པ་ཡོད་དོ༔ * ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

* དེ་ནས་སྒྲིབ་པ་སྦྱངས་པ་དང་༔ བྱིན་རླབས་འཇུག་པའི་ཕྱིར༔ བླ་མ་པདྨ་སེམས་དཔའི་གསང་སྒྲུབ་ལྟར་ཉམས་སུ་བླངས་ཞིང་༔ བསྙེན་པ་དང་གསོལ་བ་ཕུར་ཚུགས་གདབས་ཅིང་༔ ཕྱག་དང་བསྐོར་བ་མཎྜལ་ཀྱང་དབུལ་ལོ༔ དེ་ཡང་བླ་མ་དང་ཐུགས་ཡིད་འདྲེས་པས་མོས་གུས་ཀྱིས་བརྒྱལ་བ་ལྟ་བུ་མ་བྱུང་གི་བར་དུ་བྱའོ༔ * དེས་བྱིན་རླབས་ཞུགས་ཤིང་སྒྲིབ་པ་བྱང་སྟེ་ཉམས་རྟོགས་ཀྱི་ན་འཕར་ཞིང་༔ ཡང་དག་གི་དོན་གཏད་མེད་དུ་འཆར་རོ༔ * སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔

*དེ་ནས་ལུས་སྐྱིལ་ཀྲུང་༔ ལག་མཉམ་བཞག༔ སྒལ་ཚིགས་བསྲང་༔མགྲིན་པ་གུག༔ ལྕེ་ཡ་རྐན་ལ་མ་རེག་ཙམ་གྱེན་སྒྲིལ༔ མིག་སྣ་རྩེར་ཕབ༔ ཤེས་པ་རང་ལུགས་སུ་ལྷོད་བཞག་གོ༔ དེ་ལྟར་ཞག་འགའ་བསྒོམ་པས༔ སྔར་བས་རྣམ་རྟོག་ཤིན་ཏུ་མང་སོང་སྙམ་པ་ཅིག་འོང་སྟེ༔ དེ་ནི་ཤེས་པ་ངོས་ཟིན་པའི་རྟགས་ཡིན་ནོ༔ དེ་ལ་མ་ཡེངས་བར་བསྒོམ་པས་ཡིད་བརྟན་པ་ན༔ * ལྟེངས་སུ་མི་གཞུགས་པ་ནི༔ དེ་ཉམས་སུ་ལེན་པ་པོ་དེ་ལ༔ ཁྱེད་ཀྱི་སེམས་དེ་ཇི་ལྟ་བུ་ཅིག་འདུག་ལྟོས་ཤིག་ཞེས་ལྟར་བཅུག་ལ༔ ངོས་མ་ཟིན་ན༔ འོ་ན་སྐྱེ་བ་དཔག་ཏུ་མེད་པར་ལུས་མང་པོ་སྔར་ཀྱང་བླངས་པ་ཡིན་པས༔ ད་ལྟ་དང་མཚུངས་པ་ན༔ ལུས་དང་སེམས་གཅིག་གམ་ཐ་དད༔་ཞེས་དྲི༔དེས་ལུས་འདུས་བྱས་སུ་གོ༔ སེམས་ཇི་ལྟ་བུ་ཡིན་སྙམ་དུ་གཞིག་པ་ཆེར་འགྲོ༔ དེའི་རྗེས་སུ་ལུས་དང་སེམས་གཅིག་གམ་ཐ་དད༔ ལུས་སེམས་གཉིས་གལ་གང་ཆེ་ལྟར་བཅུག་པས༔ གནས་སྐབས་སུ་དབྱེར་མེད་པ་འདྲ་བ་ལ༔ མཐར་སེམས་གལ་ཆེ་བར་ཤེས་ན་གོ་བའོ༔་དེ་རྩད་དུ་མ་ནས་བཅད་དེ་བསྐོར་གྱིན་བསྐོར་གྱིན་དྲི་རྟོགས་ཡང་ཡང་བྱའོ༔ * ཡང་ལུས་འདི་མ་ཡིན་པ་སྔོན་ལུས་མང་པོར་ལེན་པའི་སེམས་འདི་གཅིག་གམ་ཐ་དད༔ ཁམས་གསུམ་འཁོར་བའི་སེམས་དང་རང་གི་སེམས་གཅིག་གམ་མི་གཅིག༔་གཅིག་ན་མང་པོ་ཡོད་པ་གང་༔མི་གཅིག་ན་ཁྱད་པར་གང་གིས་དབྱེ་སོགས་དྲིས་པས༔ མཐའ་བྲལ་སྐྱེ་མེད་དྲན་རྟོག་བརྗོད་མི་ཤེས་པ་སྐྱེ་མེད་དུ་ཧད་དེ་སང་ངེ་ཕྱལ་ལེ་འགྲོའོ༔ དེས་དུས་སུ་གཞི་གནས་ཀྱི་ངོ་སྤྲོད་གང་འོས་སུ་གདབས༔ * དེའི་རྗེས་སུ་ཁྱོད་ཀྱི་སེམས་ཞེས་བྱ་བའི་བདེ་སྡུག་བྱུང་ཚོར་ཉམས་མྱོང་ཤེས་མཁན་དེ༔ དང་པོ་ག་ནས་བྱུང་བ་ཡིན༔ བྱུང་བའི་དུས་གང་༔ ཕ་མ༔ * འདྲ་དཔེ༔ གྲོགས༔ ཁ་དོག༔ དབྱིབས་སོགས་གང་༔ ཞེས་ཞག་གསུམ་བར་དུ་གཞིག་དུ་བཅུག་པས༔* མ་རྙེད་པར་ཐག་ཆོད་ནས་གཞི་གདོད་མའི་གནས་ལུགས་ཀྱི་ངོ་འཕྲོད་པར་སྤྲོད་དོ༔ དེ་ཡན་ཆད་ཀྱིས་གཞི་གནས་གཏན་ལ་ཕེབས་པ་གལ་ཆེའོ༔ ས་མ་ཡཱ༔* རྒྱ་རྒྱ་རྒྱ༔

*དེ་ནས་ཡང་ཕྱི་སྣང་བ་དཀར་དམར་དུ་སྣང་བ་འདི་ལ་སེམས་ཀྱི་ཁྱབ་སམ་མ་ཁྱབ་པར་འདུག་ཞེས་ལྟར་གཞུག༔ འདི་རྣམས་ལ་སེམས་ཀྱིས་མ་ཁྱབ་པ་མི་འདུག་ཟེར་ན༔ སེམས་དངོས་གྱིས་ཁྱབ་བམ༔ སེམས་ཙམ་གྱིས་ཁྱབ་དྲི༔ དངོས་མ་ཡིན་ཏེ་རྟོག་བྱེད་སེམས་སུ་ཤེས་ན༔ དེ་ཀ་ལྟར་སྣང་བ་གང་སྣང་བ་ཐམས་ཅད་སེམས་ཀྱི་སྣང་བ་ཤར་བ་ཡིན་ཏེ༔ * སེམས་ཀྱི་རང་གདངས་རང་རྩལ་དུ༔ དཀར་དམར་བདེ་སྡུག༔ ཡིན་མིན་རེ་དོགས་ཐམས་ཅད་ཤེས་པ་ནི་ཐག་ཆོད་པའི་དགོས་པའོ༔ *ཡང་སྣང་བ་གང་ཡང་རུང་བ་གཅིག་ལ༔ * གཅེར་གྱིས་བལྟས་ཤིང་༔ དུས་གསུམ་གྱི་རྟོག་པ་ལ་བཟོ་བཅོས་མེད་པར་ལྷོད་ཀློད་པས༔ གསལ་སྟོང་དུ་ལྷག་གིས་འཆར་ཏེ༔ དེའི་དུས་གཟུགས་སོགས་སུ་རྟོག་མཁན་དེ་སེམས་ཡིན་ནམ༔ ཡུལ་འདིས་ཚུལ་འདི་ཞེས་བཟུང་ངམ༔ བར་དུ་མིང་འདོག་གི་མཁན་པོ་ལ་ངོས་བཟུང་གི་དབྱིབས་དང་ཁ་དོག་གྲུབ་བམ་མ་གྲུབ༔ ད་ལྟར་མིང་དུ་གདག་པ་འདི་རྣམས་མཐར་ཐུག་གི་བར་དུ་རྟག་པར་གྲག་པ་ཅིག་ཡིན་ནམ༔ * ཞེས་ལེགས་པར་ལྟར་བཅུག་པས༔ སྣང་བ་ཐམས་ཅད་སེམས་སུ་གོ༔ སེམས་སྐྱེ་མེད་གཏད་མེད་མིང་བྲལ་སྨྲ་བསམ་བརྗོད་པ་ལས་འདས་པ་ཤེས་འོངས་ཏེ༔ དེ་ལྟར་གོ་ན་འཁོར་འདས་ཀྱི་རྩ་བ་སེམས་ཡིན༔ སེམས་སྐྱེ་མེད་གཏད་མེད་སེམས་ལས་ཀུན་གྱི་ས་པ་ཡིན༔ འདི་ཡི་དོན་གཅིག་པོར་ཤེས་ན་གཞི་མ་རྩལ༼ བཙལ་དཔྱད། ༽བ་རང་ལ་རྙེད་པ་སྟེ༔ དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་ལག་ཏུ་རྙེད་པ་ཞེས་ངོ་སྤྲོད༔ * ས་མ་ཡ༔ རྒྱ་རྒྱ་རྒྱ༔

* ད་ནང་འཛིན་པ་སེམས་ཀྱི་ངོ་སྤྲོད་ནི༔ བུའི་མིང་ནས་བོས་ལ༔ ཨ་ཟེར་དུས༔ ཁྱོད་ཀྱི་མིང་ནས་བོས་དུས་ངའོ་སྙམ་པ་དེ༔ སེམས་ཉིད་སྟོང་གསལ༔ ལུས་བེམ་པོ༔ ངག་བྲག་ཆ་དང་འདྲ་བའི་གཏད་མེད་པོ་འདི་ལ༔ ཁྱོད་རང་གི་ངའོ་ཞེས་ངོས་བཟུང་མེད་པ་ལ་འཛིན་པ་དེ་ཁྱོད་རང་འཁྲུལ་བ་ཡིན༔* འཛིན་པ་ཡིན༔ བསྟོད་ན་དགའ་ལ་སྨད་ན་མི་དགའ་བ་སོགས་ཆགས་སྡང་གི་རྟོག་པ་སྣ་ཚོགས་པ་ཇི་སྙེད་སྐྱེ་བ་ཡང་དེ་དང་འདྲ་སྟེ་འཛིན་པ་ཡིན༔ * ད་དེ་ལྟར་འཛིན་པ་དེ་ཕྱི་ནང་གང་ནས་བྱུང་༔ ད་ལྟ་གང་དུ་གནས༔ ལུས་ཕྱི་ནང་སྟོད་སྨད་ཐམས་ཅད་དུ་ལྟར་བཅུག་པས༔ སེམས་ཀྱི་སེམས་བཙལ་བས་ཤིན་ཏུ་བྲེལ་ཞིང་༔ རང་གི་རང་མ་རྙེད་པ་གཟའ་གཏད་མེད༔ གནས་པའི་རྟེན་མ་རྙེད་པས་རང་སྟོང་གང་ཡང་ངོས་བཟུང་མེད་པས་རྗེས་མེད༔* གང་དྲན་འགྱུ་བ་ཐམས་ཅད་ཆབ་རོམ་ཆུར་ཞུ་བ་ལྟར་ཟང་ཐལ་དུ་ཁྲོལ་གྲོལ་ནས༔ དེར་འདུག་སྙམ་པའི་མཚང་ཤེས་པ་གཅིག་འབྱུང་སྟེ༔ མ་བྱུང་གི་བར་དུ་བསྒོམ་མོ༔ * དེ་ལྟར་ནང་འཛིན་པ་སེམས་ལ་ངོ་སྤྲད་པས༔ ལྷག་མཐོང་ལ་རེ་མ་དགོས་པར་གཞི་བཞག་ཏུ་ངོ་སྤྲོད་པས་ནོར་བུ་རང་རྙེད་ཅེས་བྱའོ༔ * ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

གསང་བ་ཕྱི་ནང་གཉིས་མེད་དུ་ངོ་སྤྲད་པ་ནི༔ * དཔེར་ན་མིག་གིས་གཟུགས་མཐོང་བ་ལ་རྟེན་འབྲེལ་འདི་རྣམས་འཛོམ་དགོས་ཏེ༔ གཟུགས་ཀྱི་དངོས་དམིགས་ཅན་༼ རྐྱེན་དཔྱད། ༽མིག་འཁྲུལ་མེད༔ ཡིད་རྟོག་བྱེད་ཡུལ་ཐག་ཉེ་བ༔ མུན་པའི་རྐྱེན་དང་བྲལ་བ༔ བར་དུ་སྒྲིབ་བྱེད་གཞན་མེད་པ་སྟེ༔ དེ་ལྟར་རྐྱེན་བཞི་འཛོམ་དགོས་ཏེ༔ གལ་ཏེ་གཅིག་མ་འཛོམ་ཀྱང་གཟུགས་མི་མཐོང་སྟེ༔ ཕྱི་ནང་གཉིས་མེད་ཀྱི་རྟེན་འབྲེལ་ལས་སྣང་ངོ་༔ དེའི་ངོ་བོ་ལས་བལྟས་ཏེ༔ དེའི་རྗེས་སུ་ཡང་མི་འབྲང་༔ འགག་ཀྱང་མི་འགག༔ གསལ་ནི་གསལ༔ འཛིན་པ་མ་ཞུགས་ཀྱང་༔ གཟུགས་སུ་ལམ་མེ་བ༔ ཝ་ལེ་སངས་སེ་བ་གཅིག་ཡོང་ངོ་༔ དེའི་མྱོང་བ་སྟོང་བ་རུ་རྗེན་ནེ་བ་དེ་ནི༔ སེམས་ཀྱི་ངོ་བོ༔ གཟུགས་སུ་ལམ་མེ་བ་དེ་ཀ་སེམས་ཀྱི་རང་བཞིན༔ གཉིས་མེད་དུ་ཁྱུག་སེ་བ་དེ་སེམས་ཀྱི་མཚན་ཉིད་དེ༔ འདི་ནི་དོན་དམ་པར་མཉམ་རྗེས་གཉིས་སུ་མེད་པར་ལྷན་ཅིག་གནས་པ་དེ༔ རྐྱེན་རྟོག་འཁྲུལ་བའི་སྒྲིབ་པས་མ་གཡེང་བ་འདི་ནི༔་དུས་གསུམ་སངས་རྒྱས་ཀྱི་ངོ་བོ༔ སྐུ་གསུམ་རང་ས་ན་ཁྲང་ངེ་བ༔ རྩོལ་བཅས་རྩོལ་མེད་ཀྱི་མཐའ་ལས་བཟླས་པ་ཅིག་ཡིན་ནོ༔ * དེ་བཞིན་དུ༔ སྒྲ་དྲི་རོ་རེག་བྱ་རྣམས་ལ༔ ལུས་རྣ་བ་སྣ༔ ལྕེ་ལུས་དབང་ན་སྐྱོན་མེད་པ༔ སེམས་དེ་རྣམས་སུ་རྟོག་པའི་བློས༔ བར་དུ་རྐྱེན་གྱིས་མ་ཆོད་པ༔ ཡུལ་སྒྲ་དྲི་རོ་རེག་བྱའི་སྤྱོད་ཡུལ་དང་ལྡན་པའི་རྐྱེན་བཞི་བཞི་ཚང་དགོས་པ་སོགས་སྔར་བཞིན་ངོ་སྤྲད་པས༔ གྲགས་སྟོང་༔ ཚོར་སྟོང་༔ མྱོང་སྟོང་༔ རེག་སྟོང་དུ་གོ་སྟེ༔ སྣང་སེམས་གཉིས་མེད༔ ཐབས་ཤེས་གཉིས་མེད༔ བདེ་སྡུག་གཉིས་མེད༔ ཟུང་འཇུག་བདེ་ཆེན་དུ་ངོ་སྤྲད་པས༔ * གང་སྣང་གྲོགས་སུ་སོང་༔ ཅི་ཤར་ཆོས་ཉིད༔ འཁོར་འདས་དབྱེར་མེད་དུ་ཤེས་པ་ཅིག་འོང་༔ * རང་རིག་ཡུལ་མེད་དུ་གསལ་བས་ན་རང་གསལ་དུ་སལ་ལེ་བ༔ ཡིད་གཉིས་དང་ཐེ་ཚོམ་གྱི་འགྱུ་བ་རང་སར་ཆད་པས་རང་དངས༔ གནས་ལུགས་ཀྱི་གཞི་རྩ་ལ་རྩལ་སེམས་ཀྱི་བློ་དང་བྲལ་བའི་ཆེས་ཕྲ་བ༔ བློ་བཟོ་དང་རྟོག་པས་འཆིངས་ཤིང་༔ སླད་དུ་མེད་པས་ན་ངོ་བོ་ཉིད་ལྷུག་པའོ༔ * ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

*དེ་ལྟར་རང་ངོ་འཕྲོད་ནས་བོག་འདོན་པ་ནི༔ * རེས་དབུགས་སྡམ་ལ་མིག་གཏད་པའི་previous hit འབེན next hit་དང་བཅས་ཏེ་བསྒོམ༔ * རེས་གཏད་མེད་རྒྱ་ཡན་ལྷུག་པར་ཀློད་ལ་བཞག་ནས༔ དེ་གཉིས་ལ་ཁྱད་པར་འདུག་གམ་མི་འདུག་ལྟར་ཡང་གཞུག༔ འདུག་ན་གང་གསལ་དང་གང་མི་གསལ་བ་འདུག་དྲིས་པས༔ མཐར་བཟང་ངན་བླང་དོར་མེད་པར་ངོ་ཤེས་ནས༔ * ད་ལྟར་གྱི་རིག་པ་གཏད་མེད་སྟོང་སང་ངེ་༔ རྗེས་མེད་དུ་གཏིང་ཁྲོལ་ལེ༔ ཟླ་བྲལ་དུ་རང་རྐྱང་ངེ་བ་ཅིག་འཆར་སྟེ༔ * དེ་ལ་བརྟན་པ་ཐོབ་ནས་ཀུན་གཞི་མ་ཐོག་ཏུ་ཕྱིན་ཏེ༔ * འཁོར་འདས་དབྱེར་མེད་རྒྱུས་མ་བསྐྱེད༔ རྐྱེན་གྱིས་མི་འཇིག༔ དུས་གསུམ་དུས་མེད༔ སྤྲོས་པ་དང་བྲལ་བའི་ཆོས་དབྱིངས་ནི་རང་བཞིན་རྣམ་པར་དག་པའི་རང་ལུགས་དེ་ལ་བཟོ་མེད༔ གཉེར་མེད༔ གཤིས་ཅི་ཡང་མ་ཡིན་ལ་གདངས་གང་དུའང་མ་འགགས་པ་རྒྱུན་དུ་འགྲོ་བ༔ * དེ་ལ༔ རྟོགས་པ་ཟེར༔ གོམས་པ་ཟེར༔ མཐར་ཕྱིན་པ་ཟེར༔ གྲོལ་བ་ཞེས་བྱའོ༔ དུས་ཐམས་ཅད་དུ་བསྒོམ་མེད་ཀྱི་ཤེས་པ་འདི་ལས་མི་འདའ་བ་ཅིག་དགོས་སོ༔* དེ་ནི་གཞི་ཁྲེགས་ཆོད་ཀྱི་སྣང་བ་སེམས་སུ་ངོ་སྤྲད་པ་དང་༔ ནང་འཛིན་པ་རང་གྲོལ་དུ་ངོ་སྤྲད་པ་དང་༔ གསང་བ་ཕྱི་ནང་གཉིས་མེད་དུ་ངོ་སྤྲད་པས༔ ཅིག་ཤེས་ཀུན་གྲོལ་ཏེ་གཞི་རྫོགས་ཆེན་འཁོར་འདས་སེམས་སུ་རྫོགས་པར་བསྟན་པའོ༔ ས་མ་ཡཱ༔་རྒྱ་རྒྱ་རྒྱ༔

* གཉིས་པ་ལམ་མངོན་སུམ་དུ་སྟོན་པའི་རྫོགས་པ་ཆེན་པོ་ནི༔ * དེ་ནས་ཞག་གསུམ་གྱི་བར་ལུས་ངག་ཡིད་གསུམ་གྱི་དགེ་མི་དགེ་བར་མའི་བྱ་བ་ཐམས་ཅད་བཏང་སྟེ་མ་ཡེངས་མི་སྒྲིམ་ངང་ལ་བཞག་གོ༔ དེ་ནས་དབེན་པའི་གནས་དྭངས་ཤིང་མཐོ་བའི་ཤར་ངོས་སུ་ཁ་ལྟས་ལ་གསོལ་བ་དྲག་ཏུ་བཏབས་ཏེ༔ *ཆོས་སྐུའི་བཞུགས་སྟངས་སེདྒེ་ལྟ་བུ་ནི༔* ལུས་འགྱིང་ཚུལ་རྐང་མཐིལ་སར་ཕབ༔ ལག་སོར་སྐུམ་པའི་ནང་སར་བསྟན༔ རོ་སྟོད་སེངྒེ་ལྟར་དགྱེ༔ ཤུགས་མཇིང་བ་ལ་བསྐུར་སྟེ༔ ཆོས་ཀྱི་སྤྱན་མིག་སྟེང་གི་ནམ་མཁའ་གཏད་པར་བྱའོ༔* ལུས་གནད་འདིའི་ཡོན་ཏན་ནི༔ ལས་རླུང་འགག་སྟེ་ཡེ་ཤེས་ཀྱི་རླུང་འཕེལ་ཏེ༔ ཆོས་ཉིད་ཀྱི་སྣང་བར་ལྷུག་པར་འཆར༔ *གང་ཟག་སྒོམ་པ་པོ་ལུས་ཚ་ཤས་ཆེ་ཞིང་ཤེས་པ་བྱིང་བ་དང་༔ གནས་ཡུལ་ཁ་དམའ་བ་དག་ལ་མཆོག་ཏུ་འགྱུར་རོ༔* ཡང་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི༔ * ཁ་སྦུབ་པའི་པུས་མོ་བྲང་ལ་སྦྱར༔ རྐང་སོར་ཕྱིར་འཕྲུལ་༼ འཕུལ་དཔྱད། ༽གྲུ་མོ་སར་བཙུག་སོར་མོའི་ལྐོག་མ་ལ་བརྟེན་ནས༔ མཇིང་པ་ཅུང་ཟད་གྱེན་ལ་བཏེགས་ནས༔ མིག་བར་སྣང་ལ་ཟུར་གྱིས་ཧྲིག་པོར་བལྟའོ༔ * ལུས་གནད་འདི་ཡི་ཡོན་ཏན་ནི༔ ལུས་ལ་དྲོད་ཕེབ་གཡོ་བྱེད་ཀྱི་རྟོག་པ་ནུབ་ནས༔ དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ལ་གནས༔ * རྣལ་འབྱོར་པའི་ལུས་ཚ་གྲང་སྙོམས་པ་དང་༔ གནས་མཐོ་དམན་བར་མ་ལ་མཆོག་ཏུ་ཤིས་སོ༔ *ཡང་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ནི༔ * རྐང་བའི་ལོང་བུ་གཉིས་གཤིབ༔ པུས་མོ་ཙོག་པུར་བྱ༔ ལག་པ་བསྣོལ༔ པུས་བྲང་སྦྱར༔ ལུས་དྲང་པོར་བསྲང་བས་མཇིང་པ་ཡུད་ཙམ་བསྲང་སྟེ་མིག་སྣ་རྩེའི་ཐད་སོ་ཙམ་ཕབ་ལ་འོད་སྣང་ལ་སྦྱང་ངོ་༔ * ལུས་གནད་འདིའི་ཡོན་ཏན་ནི༔ འབྱུང་བ་སྙོམས་ཤིང་རླུང་དལ་བས་ཡེ་ཤེས་མྱུར་དུ་འཆར་ལ་དབྱིངས་རིག་འདུ་འབྲལ་མེད་པའི་ངང་ལ་གནས་པའོ༔ * འདི་ནི་རྣལ་འབྱོར་བ་གྲང་ཤས་ཆེ་བར་དང་གནས་མཐོ་སར་སྡོད་པ་ལ་ཤིས་སོ༔* ལུས་གནད་འདི་རྣམས་ལས་མ་འགུལ་ན་ཡོན་ཏན་མྱུར་དུ་འཆར་རོ༔ * ལུས་གནད་འདི་རྣམས་ལས་འདས་ན་ཕུང་པོ་ལྷག་མེད་མི་འགྲུབ་པོ༔ *དེའི་ཕྱིར་ལུས་ཀྱི་གནད་ལ་ནན་ཏན་དུ་བྱའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔

*ངག་གི་བྱ་བ་ནི་ཉུང་ངུ་ཚིག་བརྗོད་པར་བཏུད་དེ་སྨྲ༔ ལོང་གཏམ་མང་པོ་མི་སྨྲ་བར་སྐབས་སུ་སྨྲ་བཅད་རྒྱུན་རིང་བར་རེ་བྱ༔ * ཡང་སྐབས་སུ་རང་གི་ཆོས་སྤྱོད་རྣམས་དལ་བུའི་སྒྲ་གསལ་བ་རེ་བརྗོད་ལ༔ གཞན་དང་ངག་མི་བསྲེ་བར༔ དོན་གལ་ཆེ་ན་ལུས་ཀྱི་བརྡ་ཅུང་ཟད་བྱ་བ་ཙམ༔ * མཐར་བྱ་བ་ཐམས་ཅད་བཀག་སྟེ་ལྐུག་པ་ལྟ་བུར་གནས་པར་བྱའོ༔ * དགོས་པ་ནི་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེ་བར་འགྱུར་རོ༔ *ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

*དེ་ནས་ཡིད་ཀྱི་གནད་ནི་གཏད་པ་previous hit འབེན ་ལ་བཅའ་བ་སྟེ༔ མིག་མི་འགུལ་བ་བཟློག་པ༔ ཟུར་ཁྲིད༔ ཟིམ་བུ་ཕབ་པ་གསུམ་ལས་མི་གཡོ་བར༔ ཕྱིའི་དབྱིངས་ནམ་མཁའ་སྟོང་བ་ལ་མ་ཡེངས་པར་བལྟས་པས༔* རྟོག་བཟོ་བློ་ཡི་དྲི་མ་ཡིད་དཔྱོད་ཀུན་འདས་ཤིང་༔ ཚིག་གི་སྒྲོ་འདོག་མ་ལུས་པ་ཆོད་པའི་དགོས་པ་ཡོད་དོ༔* ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

*དེ་ནས་གནད་རྣམ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་བབ་༼ དབབ་དཔྱད། ༽དགོས་ཏེ༔ * སྒོའི་གནད་དམིགས༼ མིག་དཔྱད། ༽* ཡུལ་གྱི་གནད་སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ༔ *རླུང་གི་གནད་ཤིན་དུ་དལ་བ་ལ༔ ཕྱིར་ཨེན་ཙམ་དོར་དེ༔ *དེའི་ངང་ལ་ཅི་སྣང་ལྟར་བཅུག་པས༔ དོན་ནི་རང་གི་རིག་པ་སྙིང་གི་དཀྱིལ་ན༔ ངོ་བོ་སྐུ༔ རང་བཞིན་འོད༔ ཐུགས་རྗེ་མཚན་མ་ཞལ་ཕྱག་གི་རྣམ་པ་དང་བཅས་ཏེ༔ གསལ་དྭངས་རང་སྟོང་དུ་ལྷམ་མེ་བཞུགས་པ་ཏེ༔* སྙིང་ལས་རྩ་བ་མེན་གྱི་རྭ་ལྟ་བུ་དར་དཀར་གྱི་རྐུད་པ་ཙམ་མིག་གི་སྒོར་ཟུག་པ་དེ་ལས་ཐོན་ནས༔ ཕྱི་དབྱིངས་ཀྱི་ནམ་མཁར་ལམ་འཆར་རོ༔ *དེ་ཡང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ *ལྟ་སྟངས་ཀྱི་སར་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འཇའ་འམ་རྨ་བྱའི་མདོངས་ལྟ་བུ་ཅིག་འཆར༔* དེའི་ནང་དུ་ཐིག་ལེ་སྟོང་སྒྲོན་ནི་འཁྱིལ་ཆུའི་ནང་དུ་རྡོ་རིལ་དོར་བའི་རི་མོ་ལྟར་རིག་༼ རིམ་དཔྱད། ༽པ་དུ་མ་ཡོད་པ་ཉུང་འབྲུ་འམ་སྲན་འབྲུ་ཙམ་དུ་འཆར༔* དེའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་རྟ་རྔ་ལ་མུ་ཏིག་གི་ཕྲེང་བ་རྒྱུས་པ་ལྟ་བུའམ༔ ལྕགས་ཐག་རྐྱང་བ་ལྟ་བུའམ༔ དྲ་བ་དྲ་ཕྱེད་རླུང་གིས་བསྐྱོད་པ་ལྟ་བུ་གཉིས་སྦྲེལ་དང་གསུམ་སྦྲེལ་ལ་སོགས་པ་དཀར་ཕྲོ་ཕྲོ་བ་འཆར་ཏེ༔ *དེ་ནི་རང་མདངས་རིག་པའི་ངོ་བོ་ཐིག་ལེ་ཉག་གཅིག་མཐོང་བ་ཞེས་བྱ་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

*དེ་ཡང་ཁྲེགས་ཆོད་གཞི་ཡེ་རྫོགས་ཆེན་པོ་ལས་མ་གཡོས་པར༔ ཞེན་འཛིན་དང་ཞེན་འདོད་དང་བྲལ་བའི་ངང་ལས་ཉམས་སུ་བླངས་པས༔ *དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས༔ ནམ་མཁའི་དབྱིངས་སུ་ཡེར་གྱི་ཐོན་ཏེ༔ མིག་སྔ་ནས་འབྲལ་བ་མེད་པར༔ ཐིག་ལེ་ཡང་སྲན་མ་ཙམ་ལས༔ * འོད་ལྔ་ཡང་༔ ཕྲ་བ་དང་༔ རགས་པ་དང་༔ གསལ་བ་དང་༔ འཚེར་པ་དང་༔ ལྷུན་སྡུག་པ་དང་༔ ཐིག་ལེ་ཐིག་ཕྲན་ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་༔ རྨ་བྱའི་མདངས་༼ མདོངས་དཔྱད། ༽ དང་༔ ཉ་མིག་གི་རྣམ་པ༔ ལྕག་ཙག་༼ ཚགས་དཔྱད། ༽དང་༔ ཁྲོལ་མ་ལྟ་བུ༔ གྱེན་འགྲེང་དང་རྩིབས་ཤར༔ དཔལ་བེའུ་དང་རིན་ཆེན་འབར་བ་ལྟ་བུ་དང་༔ ཉ་མིག་གི་རྣམ་པར་ལྟ་བུའི་ལུང་བ་ཁེངས་པ་ཙམ་ལ་ཐིག་ལེ་ཡང་རྒྱས་པར་འགྱུར་རོ༔ ཡང་འོད་ཡུལ་ཁམས་ཙམ་ལ་ཐིག་ལེ་ཡང་རབ་ཏུ་རྒྱས་པར་འགྱུར་རོ༔ * ཡང་འོད་ནི་སྟོང་གསུམ་གང་ཙམ་ལ་ཐིག་ལེ་ཡང་ཆེར་རྒྱས་པའི་ནང་༔ ཐིག་ཕྲན་ལྔ་ལྔ་དང་༔ བཅུ་ལྡན་དང་འབར་བ་ལྟ་བུ་དང་༔ མཆེད་པ་ལྟ་བུ་དང་༔ འོད་གྱུ་གྱུ་བོ་ལ༔ སྣུམ་ཞིང་འདྲིལ་བའི་ཐིག་ལེ་ཐིག་ཕྲན་འཆར་བ་ནི་གང་དུའང་སྣོད་༼ སྡོད་དཔྱད། ༽ཅིང་གང་སྣང་ཐམས་ཅད་འོད་སྐུར་འཆར་བ་དང་༔ དབྱིངས་རིག་མི་འབྲལ་བའི་སྐུ་རྐྱང་བ་དང་ཕྱེད་སྐུ་དང་༔ ལྔ་ཚོམ་ལ་སོགས་པ་བལྟ་བས་ཆོག་མི་ཤེས་པ་རྣམས་རིམ་པ་ལྟར་སྣང་བའི་ཉམས་ལ་ལམ་ལམ་འཆར་བ་ནི༔ སྟེང་འོག་དང་ཕྱོགས་མཚམས་མེད་པར་ཟང་ཐལ་ལེ་གསལ་བ༔ སུས་ཀྱང་བྱས་པ་མེད་པར་རང་ཤར་བ༔ རང་བཞིན་གྱིས་ལྷུན་གྱིས་གྲུབ་པ༔་ནམ་མཁས་གར་ཁྱབ་དུ་བར་མཚམས་མེད་པར་འཆར་ཏེ༔ འདིའི་དུས་ཀྱི་སྣང་བར་རང་སར་སྡོད་པས་སྣང་རྐྱེན་གྲོགས་སུ་འཆར༔ ནང་རྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བྱེད་དང་བྲལ༔ གསང་བར་རླུང་སེམས་སྡོད་པས་རྣམ་རྟོག་འགྱུ་མི་སྲིད་དོ༔ ལམ་འདིར་ཚེའི་དུས་བྱས་ཀྱང་ཆོས་ཉིད་བར་དོར་སངས་རྒྱས་པར་ཐེ་ཚོམ་མེད་དོ༔ *གོང་གི་ཆོས་ཉིད་མངོན་སུམ་མཐོང་བ་ལས་ཉམས་སྣང་གོང་དུ་འཕེལ་བས་ཉམས་གོང་འཕེལ་ཞེས་བྱའོ༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

*ད་དུང་དེའི་ངང་ནས་ཉམས་སུ་བླངས་པས༔ *ཐིག་ལེ་མུ་ཁྱུད་ལྔ་ལྡན་གྱི་ར་བའི་ནང་ནས་ཞི་ཁྲོ་ཡབ་རྐྱང་དང་ཡུམ་བཅས་ཀྱི་སྐུ་ལྔ་ལྔ་ནས་མཐར་ཡོངས་སུ་རྫོགས་པ་འཆར་ཏེ༔ * དེའི་དུས་ན་ཕྱི་རོལ་གྱི་ས་རྡོ་རི་བྲག་ཐམས་ཅད་ཀྱང་འཇའ་འོད་ཀྱི་ཞིང་ཁམས་སུ་གྲོལ༔ *ནང་རིག་པ་གཟུང་འཛིན་གྱི་ཞེན་པ་འཛིན་བྲལ་དུ་གྲོལ༔ * གསང་བར་སྒྱུ་ལུས་ཀྱི་ཕུང་པོ་འདི་འོད་ལུས་སུ་ལམ་ལམ་འགྱུར་རོ༔ *དེ་ལས་ཉམས་སྣང་འཕེལ་རྒྱུ་དང་འཆར་རྒྱུ་མེད་དེ༔ འཁྲུལ་སྣང་ཀུན་རང་ཟད་ནས་ཡེ་ཤེས་རྒྱས་ཏེ༔ གདོས་བཅས་ཀྱི་ཕུང་པོ་རང་སར་ནམ་མཁའ་ལ་སྤྲིན་ལྟར་དེངས་སོ༔ *འདི་ནི་ཉམས་གོང་དུ་འཕེལ་བ་ཙམ་གྱི་འང་འཕེལ་ཟད་དེ༔ སྐུ་དང་ཞིང་ཁམས་བྲེ་ཚད་སྲང་ཚད་ལ་ཕེབས་པར་ཐག་ཆོད་པས༔ རིག་པ་ཚད་ཕེབས་པ་ཞེས་བྱའོ༔ *ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

*དེ་ནས་དེའི་ངང་ལ་ཆོས་ཉིད་ཀྱི་སྣང་བ་འོད་སྐུ་རྣམས་འགག་པའི་ཟད་པ་ནི་མ་ཡིན་པས༔ མ་འགག་བཞིན་དུ་ཞེན་འཛིན་གྲུབ་མཐའི་ཆོས་ཟད་བྱ་བ་ཅིག་འཆར་རོ༔* དེ་ཡང་ལུས་ཟད་དེ་རང་ཡལ༔ དབང་པོའི་ཡུལ་ཀུན་གྱིའང་འཛིན་པ་ལས་འདས༔ བདེ་སྡུག་བྱེད་ཆོས་བྱས་ཆོས་ཐམས་ཅད་ཟད་པའི་དུས་ཏེ༔ ཆོས་ཟད་བློ་ཟད་ཅེས་བྱའོ༔ དེའི་ཚེ་འཁྲུལ་སྣང་ཞིང་ཁམས་སུ་ཟད༔* རང་སྣང་བཟོ་མེད་དུ་ཡལ༔ ངོ་བོ་རང་བཞིན་གཞིར་བཟློག་གོ༔ *འདི་ལ་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ༔ * བརྩོན་པ་ཆེན་པོའི་འབད་ན་ལོ་གསུམ་དང་ཟླ་བ་བདུན་གྱིས་ལྷག་མེད་འགྲུབ་པ་ནི༔ གསང་བ་མན་ངག་གི་རྩེ་མོའི་རླུང་གི་གནད་དང་འབྲེལ་བས་སོ༔ * ལམ་མངོན་སུམ་སྟོན་པའི་རིག་པར་བརྟེན་པའི་རྫོགས་པ་ཆེན་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

*དེ་ལྟར་ཉམས་སུ་བླངས་པ་ལས༔ *འབྲས་བུ་ཡེ་རྫོགས་ཀྱི་རྫོགས་པ་ཆེན་པོ་ནི༔ *རིག་པ་ལ་ཕོ་མོ་དང་མཐོ་དམན་མེད་དེ༔ གདོད་མའི་ཀུན་ཏུ་བཟང་པོ་དང་༔ ཤན་པ་ལག་དམར་གྱི་རྒྱུད་ཀྱི་རིག་པ་ལ་ཁྱད་པར་མེད་པའོ༔ རིག་པ་ལ་རྒན་གཞོན་མེད་དེ༔ ཐོག་མ་དང་༔ ཐ་མ་བྲལ་བའི་ཕྱིར་རོ༔ རིག་པ་ལ་ཕྱོགས་ཆ་མེད་དེ༔ ཕྱོགས་རིས་ལས་འདས་པའི་ཕྱིར་རོ༔ རིག་པ་ལ་སྤངས་ཐོབ་མེད་དེ༔ རེ་དོགས་ལས་བྲལ་བའི་ཕྱིར་རོ༔* དཔེ་ཇི་ལྟ་བུ་ཞེ་ན༔ རྒྱུ་གསེར་ཉིད་ལ་བཞུ་བཏུལ་དང་༔ བཟོ་དང་སྐྱོ་མ་ལྡེ་གུ་གང་བྱས་ཀྱང་༔ གསེར་ཉིད་མི་འགྱུར་བ་ལྟ་བུའོ༔ རིག་པ་འདི་ཉིད་འཁྲུལ་དང་མ་འཁྲུལ༔ རིག་དང་མ་རིག༔ ཇི་ལྟར་སྣང་ཀྱང་སྐུ་གསུམ་གྱི་ངོ་བོ་ལས་མ་གཡོས་ཏེ༔ * གང་སྣང་གང་རྟོགས་དེ་ཉིད་ཀྱིས་དངོས་པོ་ངོ་བོ་ངོས་བཟུང་དུ་མ་གྲུབ་རྒྱ་ཆད་ཕྱོགས་ལྷུང་དང་འདས་པ་ཆོས་སྐུ༔ དེ་ལས་མ་འགག་པའི་སྣང་བ་རང་དྭངས་འཕོ་འགྱུར་མེད་པ་གསལ་བ་ནི་ལོངས་སྐུ༔ སྐུ་ལྔ༔ གསུང་ལྔ༔ ཐུགས་ལྔ༔ ཡོན་ཏན་ལྔ༔ ཕྲིན་ལས་ལྔའི་བདག་ཉིད་དུ་མ་བཅོས་པ་ཀྲོང་ངེ༔ འགག་མེད་ཐུགས་རྗེའི་འགྱུ་རྟོག་རང་ཐལ་དུ་ཤར་ཀྱང་༔ གང་ཤར་རྗེས་མེད་རང་ཡལ་དུ་བོ་ཟེག་མེད་པ་གསལ་ཧྲིག་རྗེན་པ་དེ་ནི་སྤྲུལ་པའི་སྐུ་སྟེ༔ *དོན་སེམས་ཅན་གྱི་དུས་ན་རྟོགས་པ༔ བུདྡྷའི་དུས་ན་སངས་རྒྱས་ཡིན་ཏེ༔ ཁྱད་པར་ནི་འཛིན་ཞེན་གྱི་རྗེས་སུ་འབྲེང་བ་དང་མི་འབྲེང་བས་འབྱེད་དོ༔ *རེ་དོགས་དང་བྲལ་བ་ལ་མ་འདུས་པའི་གདམས་པ་ནི་གང་ཡང་མེད་དོ༔* དབང་པོ་རབ་ཚེ་འདིར་རང་གྲོལ་སྐད་ཅིག་ཏུ་རྙེད་པའི་ཆོས༔ རྫོགས་པ་ཆེན་པོ་མངོན་སུམ་སྙིང་ཏིག་གི་ཁྲིད་ཀྱི་རིམ་པ་གཞི་ལམ་འབྲས་བུ་གསུམ་དུ་བསྟན་པ་རྫོགས་སོ༔

* ཨོ་རྒྱན་མཁན་པོ་པདྨ་སམ་བྷ་ཝས༔ རྒྱ་གར་མཁས་པའི་ཐུགས་བཅུད་གསང་དགུ་བླངས་༔ ཉམས་སུ་བླངས་པས་སྐྱེ་འཆི་གཉིས་སྤངས་ཐོབ༔ བོད་དུ་མངའ་བདག་དགོངས་པ་རྫོགས་པར་སྒྲུབ༔ *ད་ལྟ་སྙིང་གི་ཏི་ཀ་གསང་བའི་བཅུད༔ ས་སྟེང་ང་ཡི་བསྟན་པའི་དུས་མ་ཡིན༔ *མ་འོངས་སྙིགས་མ་ལྔ་སྤྱོད་དུས་ཀྱི་ཚེ༔ གསང་བའི་མན་ངག་ཀུན་ཀྱང་ཁ་འཆལ་ཏེ༔ ཐོས་ལོ་ཙམ་ལས་ཉམས་སུ་མི་ལེན་ཅིང་༔ ཐེག་དགུ་སྙིང་ལ་ཡ་ག་སྒྲོགས་པའི་དུས༔* ང་ཡི་ཐུགས་སྤྲུལ་ལྷ་སྲས་བཙད་པོ་ནི༔ སྐྱེ་བ་མང་བརྒྱུད་གདམས་པའི་ཆོས་འདི་དང་༔ ཕྲད་ནས་ *ཡང་གསང་བསྒྲུབ་པའི་གནད་འབྲེལ་བས༔ ལས་ལྡན་སྙིང་གི་བུ་ལ་རྒྱས་ཐོབ་བྱིན༔ རང་གཞན་གྲུབ་པའི་སྙིང་པོ་འདིས་བྱིན་ངེས༔ ཚུལ་བཞིན་ཉམས་བླངས་རྟགས་ཚད་མ་བྱིན་ན༔ པདྨ་བདག་གིས་ཕྱི་རབས་འགྲོ་བ་བསླུས༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་ཀློང་ནས་ཁྲེལ༔ དེ་བས་ལྷ་སྲས་ངང་ཚུལ་དམ་པ་ཁྱེད༔ དེ་དུས་གདམས་པ་འདི་དང་འཕྲད་པའི་ཚེ༔ རིགས་ཀྱི་སྲས་ལ་གདམས་པའི་རྒྱལ་སྲིད་ཕོག༔ བཅུ་གསུམ་གདུང་རབ་བར་དུ་མ་སྒོམ་སངས་རྒྱས་འགྲུབ༔ གང་འབྲེལ་མཐོང་ཐོས་འགྲོ་བ་འདྲེན་པར་འགྱུར༔ གལ་ཏེ་རིགས་གསོལ་རྟེན་འབྲེལ་མ་འགྲིགས་ན༔ ཆོས་ཀྱི་བརྒྱུད་འཛིན་ལྔ་ལ་གདམས་པ་བྱིན༔ རང་ཉམས་ལོངས་ལ་གྲུབ་པ་མཐར་དབྱུང་ཕྱིར༔ རང་ཡུལ་ཆགས་སྡང་དུག་ལྔའི་ཁུར་དེ་བོར༔ ལྷོ་མོན་རྒྱ་གར་རྒྱ་ནག་ཕྱོགས་མེད་དུ༔ གསང་བའི་གདམས་པས་ཕུང་པོ་ལྷག་མེད་སྦྱངས༔ སྐྱེ་བ་དེ་ཉིད་གང་གིས་མཐོང་བ་དང་༔ ཐོས་དང་རེག་དང་དྲན་པར་བྱང་ཆུབ་ཀྱི༔ ལམ་སྣ་ཟིན་ནོ་འབྲེལ་བ་གང་ཐོགས་ཀྱིས༔ * ཨོ་རྒྱན་བཀའ་ཡིག་པདྨའི་གསང་ཚིག་འདི༔ ལྷ་སྲས་སྐྱེ་བ་དེ་དང་འདི་འཕྲད་ཤོག༔ གདམས་སོ་*གཏད་དོ་མ་མོ་གཟའ་སྐྱེས་བུ༔ དུས་མིན་ལེན་པའི་སྙིང་ཁྲག་ཐང་ལ་ཕོས༔ དུས་ལ་བབ་ཚེ་ལྔ་ལྡན་བུ་ལ་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔* གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉེན་༼ གཉན་དཔྱད། ༽རྒྱ༔ སྐུའི་རྒྱ༔ གསུང་རྒྱ༔ ཐུགས་ཀྱི་རྒྱ༔ ཡོན་ཏན་གྱི་རྒྱ༔ ཕྲིན་ལས་ཀྱི་རྒྱ༔ གསང་བའི་རྒྱ༔ གབ་པའི་རྒྱ༔ བཀའི་རྒྱ༔ དམ་ཚིག་གི་རྒྱ༔ དགོངས་པའི་རྒྱ༔ མི་གཡོ་བའི་རྒྱ༔ མི་འཕྲོལ་བའི་རྒྱ༔ བསྲུང་བའི་རྒྱ༔ འདུས་པའི་རྒྱ༔ ཚད་རྫོགས་པའི་རྒྱ༔ ལྷག་མེད་ཀྱི་རྒྱའོ༔ * རྒྱ་རིམ་པ་ཉེར་གཅིག་གིས་བཏབས་པ་འདི༔ མ་ཧཱ་གུ་རུའི་བཀའ་ཇི་ལྟ་བ་ལྷ་སྲས་བདག་རང་དང་༔ ཡུམ་གདོང་མཆི་མས་བརླན་བཞིན་དུ༔ བར་ཁང་གཡུ་ཞལ་གྱི་སྟེང་དུ་ངང་བཙུན་དཔལ་གྱི་རྒྱལ་མོའི་སྒྲོན་མེ་བཏེགས་ཏེ༔ སྣང་གསལ་གྱི་ངོས་ལ་མགྱོགས་པར་བྲིས་སོ༔ *ཟངས་ཤོག་དམར་པོའི་ངོས་ལས་འབྲི་གུང་པ་རཏྣས་སྒྲུབ་གནས་ཏི་སྒྲོ་བྲག་དཀར་གྱི་འདབས་ཀྱི་དབེན་གནས་འབྲོང་ངུར་དུ་དག་པར་ཕབ་ཡོད་དོ༔

* གསོན་དང་མཆེད་གྲོགས་དམ་པ་མཁྱེན་ལྡན་ཀུན༔ མ་ཧཱ་གུ་རུའི་བཀའ་ལུང་ཇི་ལྟ་བར༔ ད་ལྟའི་དུས་འདིར་བསྟན་པ་མ་དགོངས་སམ༔ ད་དུང་ཟོལ་མེད་སྤྱད་ཀྱང་ཡིད་ཆེས་དཀའ༔ དེ་བས་རང་དབང་ཆོད་པའི་བྱ་བ་སྒྲུབ༔ ཕྱོགས་མེད་རང་སྣང་ཡངས་པའི་ས་ཕྱོགས་སུ༔ ངོ་ཤེས་མེད་པའི་ཡུལ་ཕྱིན་ཆགས་སྡང་ཉུང་༔ དམ་ཆོས་འདི་ལ་སྙིང་གི་འཛིན་ཕུར་བཅང༔* སྐྱིད་འདོད་ཁེ་གྲགས་ཚེ་འདིས་མ་བཅིངས་པའི༔ ཕྱི་མ་དོན་གཉེར་བླ་མ་གཙུག་ཏུ་ཁུར༔ རྒྱུད་གྱོང་ཁེངས་སེམས་ལོག་རྟོགས་མ་མཆིས་པའི༔ སྣོད་ལྡན་ངང་ཚུལ་སྙིང་རུས་ལྡན་པ་ཡི༔ མཆེད་གྲོགས་མཆིས་ན་ང་ཡི་ཟླ་ལ་གཤེགས༔ རྒྱལ་བའི་ཐུགས་བཅུད་ཟབ་གཏེར་ཉམས་ལེན་ཅིང་༔ ཨོ་རྒྱན་རྗེ་ལ་གསོལ་བ་སྙིང་ནས་འདེབས༔ ཕྱོགས་མེད་རི་ཁྲོད་དག་སྣང་རྩལ་དུ་སྦྱངས༔ བཟང་ངན་རྐྱེན་ལ་རོ་སྙོམས་སྤྱོད་པ་སྐྱོངས༔ སྐྱིད་ལ་མི་རེ་སྡུག་ལ་མི་དོགས་པར༔ གང་བྱུང་ལམ་སློང་ཞེ་འགྱོད་མེད་པ་འདི༔ རང་ཅག་ཆོས་པའི་ཉམས་ལེན་མ་ཡིན་ནམ༔ ཧ་ཧ་ཟེར་གྱིས༔* རེས་ཅིག་རྟགས་ཀྱི་བར་དོ་མི་འབེབས་ཏེ༔ ཕུང་པོ་ལྷག་མེད་འགྲུབ་པའི་རྟེན་འབྲེལ་ཡོད༔ མངྒ་ལཾ། བཀྲ་ཤིས་ཤུ་བྷཾ། དགེའོ། །ཨེ་ཀ་བྲ་ཙྪ། ༼ རྩ་བ་འདིས་མ་དཔེ་དག་པོ་ཞིག་མི་འདུག་པས་རྗེས་སོར་གཟིགས་མཁན་རྣམས་ཀྱི་དེ་ལུགས་དགོངས་མཚལ།


previousདམ་ཆོས་དགོངས་པ་ཡང་ཟབ་རྫོགས་རིམ་ཡེ་ཤེས་ཀུན་རྫོགས།no next