Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
ཨུ་པ་དེ་ཤ་ཡང་གསང་རྗེན་པར་སྟོན་པའི་འགྲེལ་བ།
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousཨུ་པ་དེ་ཤ་ཡང་གསང་རྗེན་པར་སྟོན་པའི་འགྲེལ་བ།next

ཨུ་པ་དེ་ཤ་ཡང་གསང་རྗེན་པར་སྟོན་པའི་འགྲེལ་བ།

འོད་གསལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གསལ་བའི་ཨུ་པ་དེ་ཤ་ཡང་གསང་རྗེན་པར་སྟོན་པའི་འགྲེལ་བ་བཞུགས་སོ། །

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཐོག་མའི་རང་བཞིན་སྤྲོས་པ་ཀུན་བྲལ་བ། །གཞི་དང་སྙིང་པོ་མེ་ཏོག་རྒྱུད་བཅུད་དང་། །བཅས་པར་ཡོངས་བཞུགས་རྫོགས་པ་ཆེན་པོ་ལ། །ཡེ་ནས་འདུ་འབྲལ་མེད་པར་རིག་པས་འདུད། །དེ་ལྟའི་རང་བཞིན་བརྒྱད་ལྡན་འགགས་མེད་པ། །སྟོང་གསལ་རིག་པའི་རང་མདངས་ཟག་མེད་བཞིན། །འགྲོ་ཁམས་གཙང་མའི་མོས་དགེ་དག་པ་རུ། །ལྷུན་གྱིས་གྲུབ་པའི་སྒྲ་དབྱངས་རྒྱ་མཚོར་འདུད། །ཞི་བའི་ཆོ་འཕྲུལ་རིག་རྩལ་ཁྲོ་བོར་ཤར། །ཞེ་སྡང་ལ་སོགས་རང་གཟུགས་ལོག་སྲེད་ཅན། །ཚར་གཅོད་པདྨའི་ཕྲིན་ལས་དཔལ་འབར་བ། །བདུད་འཇོམས་རྡོ་རྗེ་དེ་ལ་གུས་པས་འདུད། །ཟབ་ཞི་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །གང་དང་མི་འདྲ་ཀུན་ལས་འདས་པ་ནི། །ཆོས་སྐུའི་བླ་མས་སྔ་མོར་ལེགས་གསལ་བའི། །དོན་བསྡུས་སྤྲོས་བྲལ་རྗེན་པར་སྟོན་འདི་བཤད། །དེ་ལ་འདིར་སངས་རྒྱས་ཀུན་ཏུ་བཟང་པོའི་ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་པ་བརྙེས་ཏེ་ལོངས་སྤྱོད་རྫོགས་པ་གངས་ཆེན་མཚོ་རིགས་ལྔ་སོགས་བཀོད་ནས་ཐུགས་གསུང་སྐུའི་སེམས་དཔའ་སོགས་ཚད་མེད་པའི་ཆོས་ཉིད་རང་ངོ་མ་མཐོང་བའི་སེམས་ཅན་དཔག་ཏུ་མེད་པའི་དོན་དུ་ཆོས་ཀྱི་འཁོར་ལོ་རྟོག་འདུལ་གྱི་གྲངས་དང་མཉམ་པ་ཅིག་རང་སྣང་དང་གཞན་སྣང་གི་འཁོར་ལ་གསུང་ལྔའི་བསྟན་པ་ཐམས་ཅད་ཀྱི་དོན་འོད་གསལ་རྫོགས་པ་ཆེན་པོ་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་འདིར་འདུས་པ་དང་། འདིར་སྟོན་པ་དང་། འདིའི་ཕྱིར་སྟོན་པ་སྟེ། སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་སྒྱུ་འཕྲུལ་གསང་བའི་བཤད་རྒྱུད་རྒྱ་མཚོ་ལས། སོ་སོར་སྟོན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིའི་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས༔ ལུང་གི་སྤྱི་ཞེས་བརྗོད་པ་ཡིན། །ཞེས་དང་། གསང་བ་སྤྱོད་པ་ལས། བསྟན་པའི་གསུང་ནི་རྒྱ་མཚོ་ཀུན། །ལ་ལ་གནས་སྐབས་ཡུལ་དོན་དུ། ལ་ལ་མ་འོངས་འཇུག་དོན་དུ། །ལ་ལ་གདུལ་དོན་ཐ་དད་ཉིད། །སྙིང་གི་སྙིང་པོ་ཚིག་འགའ་ལས། །ཀུན་གྱིས་འགྲུབ་པ་མ་ཡིན་ནོ། །ཞེས་དང་། ཀུན་བྱེད་ལས། ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ཞེས་སོ། །དེ་ལྟ་བུའི་དོན་དེ་དག་ནི་རང་བྱུང་གི་ཡེ་ཤེས་རྟོགས་པར་བྱེད་པའི་ཐབས་ཀྱི་རྒྱུད་དུ་འདུའོ། །ཐབས་རྒྱུད་དེ་ལའང་མང་དུ་ཡོད་ཀྱང་འདི་ནི་མན་ངག་གི་རྒྱུད་དེ་དེའི་རྗེས་སུ་འབྲངས་ནས་སྟོན། དེ་ཡང་ལག་ལེན་དུ་གདབས་པའི་ཚུལ་དུ་ཚིག་ཉུང་ལ་དོན་འདུས་པ་གོ་སླ་ལ་གནད་ཟབ་པར་སྟོན་པ་དང་། ཁྱད་པར་དུའང་ཞལ་གདམས་གྱི་ཚུལ་དུ་གྲོང་ཚིག་དང་བསྲེས་ཏེ་བཤད་ན། ཐོག་མར་མཆོད་བརྗོད་ནི། བླ༵་མ༵་ལ༵་ཕྱག༵་འཚ༵ལ་ལོ༵། ཞེས་པ་ནི་བླ་མའི་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས། ངོ་བོ་ཆོས་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུར་བཞུགས་པའི་དང་། ཡང་ངོ་བོ་བླ་མ། རྣམ་པའམ་རང་བཞིན་ཡི་དམ། ཕྲིན་ལས་སམ་ཐུགས་རྗེ་མཁའ་འགྲོར་ཤེས་པ་དང་། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་གམ། དམ་པའི་དོན་གྱི་བདེན་པར་འཁོར་འདས་ཐམས་ཅད་ཀྱི་བླ་མ་གཞི་ལམ་འབྲས་བུའི་རྒྱུད་ཀྱི་རང་བཞིན་དུ་བཞུགས་པའི་རིག་སྟོང་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བའི་ཀློང་དུ་འདུ་འབྲལ་མེད་པར་རིག་པ་ལྟ་བ་མཇལ་བའི་ཕྱག་གོ །དེ་ནས་ཆོས་ཉིད་བདེ་གཤེགས་སྙིང་པོ་ཉིད་ངོ་བོ་སྐུར་བཞུགས། རང་བཞིན་འོད་དུ་བཞུགས། ཐུགས་རྗེ་རིག་པར་བཞུགས་པ་ཡེ་ནས་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་ཟག་མེད་ཀྱི་ཆོས་ལྷུན་གྲུབ་དུ་ཡོད་པ་ལ་སེམས་ཅན་ཀྱི་ངོ་མ་ཤེས་པར་འཁོར་བའི་སྡུག་བསྔལ་མཐའ་དག་གི་གཟིར་ཞིང་གདུང་ཀྱང་རང་བཞིན་ལས་ཉམས་པ་མེད་པ་ལ་ངོ་མཚར་ནས། ཨེ༵་མ༵་ཧོ༵་ཞེས་སྟེ། ཇི་སྐད་དུ། ཨེ་མ་ཧོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་ཀྱང་ཀུན་གྱི་མཐོང་བ་མེད། །ཅེས་དང་། རིན་པོ་ཆེ་སྤུང་བ་ལས། འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་འཛིན་མེད་པ་ཡ་མཚན་ཆེ། །ཞེས་དང་། སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་བཅུ་དང་མི་འཇིགས་པ་དང་། མ་འདྲེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང་སེམས་ཅན་དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་ཆགས་པ་སྡུག་བསྔལ་བས་འཁོར་བར་འཁོར་ཏེ་ཆོས་ཀྱི་གཏེར་ཆེན་པོ་དེ་མ་མཐོང་མ་ཐོས་པས་ཐོབ་པར་མི་འགྱུར་ཞིང་ཡོངས་སུ་སྦྱངས་བའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ་ཅེས་སོགས་དང་། དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་པའི་སེམས་ཅན་དེ་ལྟ་བུར་མཐོང་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། སྟོབས་བཅུ་དང་། མི་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་སྦྱོངས་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏོ། །ཞེས་པའི་ཚུལ་ཡང་དག་པར་བླ་མའི་བྱིན་རླབས་ཀྱིས་མཐོང་བ་ངོ་མཚར་བའོ། །དེ་ནས་དེང་དུས་ཀྱི་སྐྱེ་བོ་ཕོ་མོ་ཐམས་ཅད་ཀྱིས་འོལ་སྤྱི་ལ་མི་ག་གེ་མོ་ཞིག་གིས་བསྟན་ནས་ང་རང་གི་རིག་པ་མངོན་སུམ་མཐོང་སྟེ་འདི་འདྲའོ་ཞེས་ལྟ་སྟངས་མཐོ་མཐོ་བྱེད་པ་དང་། འགའ་ཞིག་གིས་ཐ་མལ་གྱི་ཤེས་པ་མ་བཅོས་པ་ཞེས་འཁྲུལ་བའི་སེམས་ལ་ངོས་འཛིན། འགའ་ཞིག་གིས་རིས་ཆད་སྔ་ཕྱིའི་བར་གྱི་དངས་འཚོལ་བ་དང་། གཞན་དུ་ཕྱོགས་ལྟ་གཟུང་འཛིན་གྱི་ཞེན་ཆགས་ལ་གདོང་གཏད་པ་འདོད་པ་ལྟོག་ཆེན་པ། ལྷ་ཡི་དབང་པོ་བརྒྱ་བྱིན་གྱི་གླང་པོ་ཆེ་ས་སྲུང་གིས་བཞོན་པ་འདོད་པ་ཁྱེད་ཅིག་གི་ཡུལ་མིན་ཏེ་ཞེས་བསྟན་པ་ནི། །བློ༵་བྲལ་མངོན་སུམ་མ་མཐོང་བར། །བློ༵་ཡི་བྱས་ཆོས་ཐམས་ཅད་ཀུན། །བློ༵་སྐྱོན་གཟུང་འཛིན་གྱིས་བསླད་པས༔ བློ༵་གྲོས་ཕྱིར་ཞིང་འཆིང་བའི་རྒྱུ། །ཞེས་པའི་དོན་ནི་སྟོང་སྒོམས་མུན་རྡོ་འཕེན་པ་སོགས་གཟེབ་བཅུ་བཅད་དེ། ཟག་མེད་རིག་པའི་གནས་ལུགས་བླ་མའི་བྱིན་རླབས་དང་། རང་གི་དད་གུས་ལས་འཕྲོ་བཟང་པོ་དང་། ཐོས་བསམ་རྒྱ་ཆེ་བ་དང་། དམ་ཚིག་གཙང་ཞིང་སྡིག་ལས་ལྡོག་པ། སྒྲིབ་པ་འབྱོངས་ཞིང་ཚོགས་ཆེན་རྫོགས་པ། སྐུ་གསུང་ཐུགས་ལ་སྔོན་སྦྱངས་པའི་རྟགས་དང་ལྡན་པ་མ་གཏོགས་པ་གང་རུང་གི་རྟོགས་མི་སྲིད་པའི་དམ་བཅའ། རྟོགས་ནས་གོམས་ན་གདེངས་མི་ཐོབ་མི་སྲིད་པའི་དམ་བཅའ། ཐོབ་པ་མི་གྲོལ་མི་སྲིད་པའི་དམ་བཅའ། གྲོལ་ཚད་ཆོས་སྐུ་ཐོབ་པའི་དམ་བཅའ་བཞི་པོ་འདི་རྡོ་རྗེ་འཆང་གི་མ་གསུང་ཞེའམ། མི་བདེན་ཞེའམ། དགོངས་པ་ཅན་ཞེས་པའི་གཏན་ཚིག་དང་ལུང་རྙེད་གནས་བྲལ་བ་སྟེ། ཁྱད་པར་ཐེག་བརྒྱད་ཨ་ཏིའི་གོལ་སར་བསྟན་པ་ལ་ལྟོས། རྡོ་རྗེ་འཆང་གིས། ལས་མེད་སྐལ་ཆད་ཤིན་ཏུ་མི་བཟད་ལ། །མ་གབ་མངོན་དུ་བསྟན་ཡང་མི་རྟོགས་སྟེ། །ཞེས་སོ། །འོན་ཀྱང་ལས་ལྡན་ཡིན་པས་སོ་སྙམ་པ་དེ་དང་ལེགས་ཏེ་སྣོད་ལྡན་ལ་མཚན་ཉིད་འདི་དང་གཞན་ཡང་ཡོད་དེ། ཀུན་བྱེད་ལས། དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡིད་རིང་སྐྱོ་དང་ཡིད་ཟློག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལ་ཡང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པ་སྦྱིན་པར་བྱ། །དྲེགས་པ་སྤངས་ཞིང་ང་རྒྱལ་བྲལ་བ་དང་། །སྙིང་པོའི་དོན་ཕྱིར་ལུས་སྲོག་ཕངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོ་དོན་ལྡན་སྐྱེ་མེད་བསྟན་པ་སྦྱིན། །ཞེས་པས་ཏེ། རང་རེ་ངན་སྤྱོད་སྣ་དགུ་སྤྱོད་པ་ལ་ནི་རྟོགས་པ་མ་དགོས་མཉན་ཅིང་བསྟན་པ་ཙམ་གྱི་སྣོད་དུ་མ་གྱུར་ཏེ། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་བ་དང་། །བཀའ་དྲིན་ཁྱད་དུ་གསོད་བ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོག་པ་དང་། །དོན་མེད་ཕྱལ་བར་གྱུར་བ་སྟེ། །ཞེས་དང་། ཐུན་མོང་དུ་གྲགས་པའང་། ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །ཞེས་པ་སོགས་ལྟར། ཐོབ་མཐོ་མཐོ། རྒྱུ་ཡོད་པོ། གོས་བཟང་པོ་ཅན། རྒྱན་བརྡོ་བ་ཅན་ཙམ་དང་། ངན་གཡོ་ལ་མཁས་པ་ཙམ་དང་མི་རེའི་ཁ་ཉོས་ནས་བླ་རྡོལ་བ་ལྟར་སྨྲ་བ་ལ་དགའ་བ་དག་གིས་ཕྱོགས་ཙམ་ཡང་རྟོགས་རེ་ཀན། དེ་བས་ལྷག་ཏུ་ཡང་། སྔོན་མུ་སྟེགས་པ་དག་གིས་སྤྲིན་གློ་བུར་འབྱུང་བས་རྒྱུ་མེད་དུ་རྟོགས་པ་ལྟ་བུའི་རྟོག་པ་ཁྱད་པར་ཅན་རེ་འཁྲུངས་བས་ན། ལོངས་སྐུའི་བླ་མ་མཁྱེན་བརྩེའི་འོད་ཟེར་གྱིས། །ལམ་གོལ་དམན་པར་མ་བཏང་ཀུན་མཁྱེན་རྗེ། །ཞེས་སོ། །དེས་ན་ཐ་མའི་དབང་པོའི་སྤྱོད་ཡུལ་དུ་གྱུར་བ་བསླབས་ཀྱང་ཤེས་པའི་གྲུབ་མཐའ་ཙམ་གྱི་ཕྱོགས་མི་འཚལ་བར་དབང་པོ་རྣོན་པོའི་ལམ་སྔགས། དེ་ལ་ཡང་རྣོན་པོའི་རྩེ་མཆོག་རབ་འབྲིང་ཐ་སོགས་ཡོད་པའི་རྩེ་མོའི་ཀྱང་རྩེ་མོར་གྱུར་བ་འགའ་ཞིག་གི་ཡུལ་དུ་གྱུར་བ་རྡོ་རྗེ་འཆང་གིས། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཡང་དག་མྱ་ངན་འདའ། །ཞེས་པ་ལྟ་བུའི་ལམ་ལ་འདོད་པ་གསོགས་ ༼ སོགས་དཔྱད་ ༽ཉེས་པ་ཆེན་པོའི་གཞིར་གྱུར་བས་འཆོལ་སྤྱོད་འདི་འདྲ་རྣམས་ཀྱི་བཞད་གད་ཉོ་བའི་རང་བཞིན་ཞིག་གོ །ཉེས་པ་ནི། རྩལ་རྫོགས་ལས། གསང་བ་འཆོལ་བར་སྤྱོད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོར་མྱོང་བར་འགྱུར། །ཞེས་སོ། །དེ་བས་ཤེས་རབ་ཀྱི་དབང་པོའི་དོན་སྤྱི་ཟིན། མངོན་སུམ་གྱི་དབང་པོའི་རང་མཚན་མ་མཐོང་གི་བར་དུ། བློས་དཔྱད་དེ་ཕྱོགས་རེས་ཆ་གཞལ་ནས་རང་རིག་འདི་ཤེས་ཟེར་བ་དེ་ཚོ་སྒོམ་ཉེས་པས་འཆི་མི་ཐུབ་ཟེར་བ་ཡིན་སྙམ་དེ། ཡོད་བསམ་པས་རྟག་པ་མེད་པས་ཆད། གཉིས་གཉིས་མིན་ནི་ལྐོག་གྱུར་ཚིག་ཏུ་བསངས་པས་མཐའ་ལ་ལྷུང་ནས་མ་ཟད་སོ་སྐྱེས་ཀྱི་གཟུང་འཛིན་དུ་ཞེན་བའི་བློ་སྐྱོན་གྱིས་བསླད་དེ་ད་སྔོན་ཡང་འཁྲུལ་བ་ལ་སླད་ནས་ཀྱང་འཆིང་བའི་རྒྱུའོ། །ཞེས་སོ། །དེ་ལྟར་ན་རྟོགས་པ་མངོན་གྱུར་གྱི་ཐབས་བསྟན་པ་ནི། དེ་༵ལ་ཐོག་མར་སྔོན་འགྲོ་བ། །ཕྱི༵་ནང་རུ་ཤན་གྱིས་ལྡོག་པས། །འ༵ཁྲུལ་བའི་ཞེན་པ་ཁུང་ནས་ཕྱུང་། །སྐུ༵་གསུམ་པ་ལ་སྐལ་བཟང་འགྱུར། །ཞེས་པའི་དོན། དེ་ཡང་མདོ་ལམ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་པ་དེ་ཙམ་ཀྱང་འཆུན་གཅིག་པར་སྔོན་འགྲོ་ཆོས་བཅུ་སོགས་ཀྱི་རྒྱུད་ཕྱི་ནང་གསང་བ་མ་སྦྱང་བར། ལས་འབྲས་ཆུད་ཟོས་སུ་བྱས་ནས་མགོ་འཕྱོང་བརྒྱབ་པ་ཙམ་ནི་རྟོགས་པ་འཁྲུངས་མི་སྲིད་པར་མདོ་རྒྱུད་ཞལ་མཐུན་པས་ན་སྦྱངས་བརྩོན་ལ་གཟབ་དགོས་པ་རྟོགས་པ་ཀློང་དུ་གྱུར་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་མཛད་པ་ལ་ལྟོས་ཤིག །རྒད་པོ་མཛུབ་འཇུག་གི་གདམས་པ་ཟེར་ཡང་། སྔོན་རྗེ་བཙུན་ཆེན་པོར་ནང་བསྒོམ་ན་ནང་སངས་རྒྱས་སོགས། གསུངས་བས་རང་ཀར་བཞུགས་པས་དོན་མ་གྲུབ་པའི་རབ་དེ་ལ་དཔྱོད་ཅིག །དེ་བས་ན་སྒྲིབ་པ་སྦྱོངས་ཕྱིར་འབད་དོ། །དེང་སང་བན་རྒན་རྒས་པ་འགའ་རེའི་འབུམ་ལྔ་མ་བསོགས་མ་དག་མཐར་མ་བྱིན་༼ ཕྱིན་དཔྱད། ༽པ་མང་པོ་ཡོད་ཀྱང་མཐོ་འཐམ་ཞིག་བྱས་ཚར་བས་སླར་ཡང་གསང་དགོས་པའི་རྒྱུ་ལས་གར་ཡང་མ་ཕྱིན་ནོ། །དེ་ནས་གཞན་ལ་བཤད་ངོས་མི་གསལ་བར་སེམས་མ་དག་ཟེར་རོ། །ཧ་ཧ། དེ་སླད་བློ་ལྡོག་རྣམ་བཞི་ནས་བརྩམ་རིམ་པ་བཞིན་དུ་ཉམས་སུ་བལྟར་དགོས་སོ། །དེའི་རྗེས་ཐོག་ཏུ་འབྱུང་བཞིའི་སྒྲ་དོན་ལ་བསླབ་པ་དང་། ལུས་འགྲོ་དྲུག་གི་སྟངས་སྟབས་རྒྱུག་འཕྱོངས་སོགས་བྱེད་པ་དང་། ངག་གི་ཆོས་འཇིག་རྟེན་གྱི་བྱ་བ་གང་དྲན་ཐམས་ཅད་བྱེད་པ་དང་། སེམས་དགའ་སྡུག་བདེ་སྡུག་རྟག་མི་རྟག་སོགས་ལྟ་བསྒོམ་སྤྱོད་པའི་དུག་གསུམ་དགེ་མི་དགེའི་བསམ་སྤྱོད་ཐམས་ཅད་སྣ་ཚོགས་པ་བྱའོ། །དེ་ལྟར་བྱས་པས་ལུས་ངག་ཡིད་ཀྱི་མངོན་ཞེན་དང་རྟོག་པ་རང་ཆོད་ནས་ལུས་སྤྲུལ་སྐུ་ངག་ལོངས་སྐུ་སེམས་ཆོས་སྐུ་ཐོབ་པའི་ཚུལ་རང་བྱུང་བསྟན་པའི་རྒྱུད་ཐལ་འགྱུར་ཆེན་པོ་སོགས་ནས་བསྟན་པ་ཡི་གེ་ལ་འཛེམ་སོ། །སེམས་ཀྱི་སྣ་ཁྲིད་དེ་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ་ནི་ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་དང་། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡའ་ཙམ་ཡང་མི་བྱ། །འདི་ལྟར་སུ་ཡི་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་ནས། །འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམ་པར་འགྱུར་བའོ། །ཞེས་སོ། །དེ་ནས་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དོན་ཐམས་ཅད་འདིར་འདུས་པའོ་ཞེས་པའི་དོན་རིག་པ་རྐྱེན་ཐོག་ནས་ངོས་བཟུང་བ་ནི། གཞ༵ན་ཡང་རྐྱེན་ཐོག་ལ་བཟླ་ནི། །འཁྲུལ༵་འཁོར་སྡུག་བསྔལ་བདེ་བ་ཆེ། །དེ༵་ཕྱིར་རྩལ་གྱི་སྦྱངས་བརྩོན་པ། །འདོ༵ད་པས་ཐོག་མར་ཐོས་བསམ་བྱ། །ཞེས་པའི་དོན་ནི་ལར་རིག་པ་རྐྱེན་ཐོག་ནས་ཐག་ཆོད་པའམ་ངོ་འཕྲོད་པའི་འཕྲུལ་གསང་། ངོ་སྤྲོད་པའི་རིམ་པ་ཉིད་དབང་པོ་ཉེར་གཅིག་གིས་སྒོ་དང་བསྟུན་པ་ལས་ཁྱད་པར་དུའང་། འཁྲུལ་པའི་འཁོར་ལོ་སྣང་བའི་ངོས་ནས་རིགས་དྲུག་གི་སྡུག་བསྔལ་སོགས་མྱོང་དུས་སུ་དེ་ཡི་འཆར་གཞི་ཟང་མ་རྗེན་པ་ངོ་བོ་ཡེ་ནས་མི་བདེ་བའི་ཟུག་ངུའི་མ་གོས་པའི་བདེ་བ་ཆེན་པོ། རང་བཞིན་ལྷུན་གྱིས་གྲུབ་པའི་རང་གསལ་གཟུང་འཛིན་དང་བྲལ་བ་ཐུགས་རྗེ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འཆར་སྒོ་མ་འགགས་པའི་སྣང་བ་ཕྱོགས་ཁྱབ་བརྡལ་བའི་རིས་མེད་རང་ཡན་དུ་གུད་ཡངས་པ་ཞིག་ཡོད་པ་སྟེ། ཆེད་དུ་སྒྲུབ་པ་མིན་པར་རང་གནས་ཀྱི་བསམ་གཏན་བར་མེད་ཆེན་པོ་ལ་འབྱམས་སུ་ཀླས་པ་ཉིད་ནི། སྲོག་མེད་པའི་སྐུར་བཞུགས་བས་སེམས་མེད་པའི་སངས་རྒྱས་ཁ་དོག་ལས་འདས་པའི་འོད་ཆེན་པོ་འཁོར་བའི་དུས་སུ་མ་སྨད་པར་གནས་པའི་ཡེ་ཤེས་དམིགས་གཅིག་གོ །དེའི་རྩལ་སྣང་དེ་དག་ཡེ་ནས་གཞི་གྲོལ་མཉམ་པ་ཆེན་པོར་ཉམས་སུ་བླང་བར་གྱིས་ཤིག་དང་། ཚེ་གཅིག་གི་རྡོ་རྗེ་འཆང་འགྲུབ་བོ། །དེ་ཡང་ཐོས་པའི་མིག་གི་དཔྱད་ཤེས་ཀྱི་གོལ་སུ་ཐུབ་དགོས། མངོན་སུམ་ཡོངས་གཅོད་ཀྱིས་དེའི་གནས་ལུགས་མཐོང་ཟིན་ནས་ཐེ་ཚོམ་མེད་པར་ལ་བཟླ་དགོས། དེའི་དོན་དུ་བསམ་པས་ཁྱུང་ཆེན་ཐུར་བབས་སུ་གཏན་ལ་ཕབ། བསྒོམ་པས་གྲོལ་གཞི་ཐོག་མའི་ས་ལ་འཁྱོལ་དགོས། གོང་དུ་བསྟན་པ་དེ་དག་གཞི་ལམ་འཛོལ་བ་མེད་པར་ད་ལྟ་ནས་གནས་པ། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པ་སྔར་མ་མཐོང་། །རྟོག་བཅས་འཁྲུལ་བ་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །ཞེས་དང་། རིན་པོ་ཆེ་སྤུངས་པ་ལས། འགྲོ་བའི་སྡུག་བསྔལ་མྱོང་དུས་སུ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་གཉིས་མེད་ནས། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་བཙལ་དུ་མེད། །ཞེས་དང་། རིན་པོ་ཆེ་སྤུངས་བ་ལས། བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པར་རང་ཤར་བས། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ཞེས་དང་རང་ཤར་ལས། ཐོས་པ་ཆེ་བའི་གང་ཟག་བརྟེན། །ཞེས་སོ། །དེ་ལྟ་བུའི་རང་བཞིན་དེ་ཉིད་ནི་རྒྱུད་སྡེ་མཆོག་གི་དགོངས་པའི་རྩ་བ་ཡིན་པས་ན་བྱེ་བའི་སྒོ་ནས་། གཞི༵་དང་སྙིང་པོ་མེ་ཏོག་བཅུད། །རང༵་བཞིན་ཉིད་ཀྱི་དོན་དངོས་པོ། །མ༵་འཁྲུལ་སངས་རྒྱས་རང་གི་ཞལ། །ཅི༵་བཞིན་བཅར་ཕོག་མཛུབ་འཛུག་གནད། །ཅེས་པའི་དོན་ནི། གཞི་རང་བཞིན་གྱི་རྒྱུད་ནི། རིག་པ་སྐུ་གསུམ་དུ་བཞུགས་པ་ཉིད་རྟོགས་ན་སངས་རྒྱས་དང་། མ་རྟོགས་སེམས་ཅན་དུ་འཁོར་བས་སོ། །ཀུན་བྱེད་ལས། ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་བྱུང་སྤྲུལ་པའི་སྐུ། །སྐུ་གསུམ་རང་བཞིན་ཀུན་བྱེད་ང་རུ་བསྡུས། །ཞེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་པའོ། །སྙིང་པོ་རང་བཞིན་གྱི་རྒྱུད་ནི། །སེམས་ཅན་ཐམས་ཅད་ཀྱི་ཙིཏྟ་ན་ཡེ་ཤེས་སུམ་བརྩེགས་སུ་བཞུགས་པ་ཉིད་དེ། དེ་ཉིད་ལས་འོད་རྩ་ལ་བརྒྱུད་དེ་གདངས་ཕྱིར་ཤར་བར་བྱེད་བའི་གཞི་སྟེ། ཐལ་འགྱུར་ལས། འཁོར་དང་འདས་པ་མི་གནས་པས། །ཆོས་ཉིད་སྟོང་བ་ཀུན་ཁྱབ་པའི། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་པའོ། །ཞེས་སོ། །དེ་ལྟར་རིག་པའི་སྣང་བ་ལ་ལམ་བྱས་པས་རང་གདངས་ཐོབ་ནས་སྐུར་སྨིན་པ་གསལ་བ་གསུམ། གདེངས་གསུམ། སྣང་བ་གསུམ། མི་ལྡོག་གསུམ། སྟོང་པ་གསུམ་སོགས་འབྲས་བུ་ལྷུན་གྱིས་གྲུབ་པ་ནི་བཅུད་རང་བཞིན་གྱི་རྒྱུད་དོ། །རྩལ་རྫོགས་ལས། མཐའ་ལ་སྐྱོལ་བའི་དབྱིངས་རིག་ནི། །རྨ་བྱའི་ཕྲུ་གུ་སྒོང་རྒྱ་ནས། །བཏོལ་ཏེ་དོན་པ་ལྟ་བུའོ། །ཞེས་སོ། །ལམ་སྣང་གི་ཡེ་ཤེས་ཀྱི་སྣང་བ་སྒྲོན་མ་བཞི་མཐོང་བ་ཉིད་ཆོས་ཉིད་མངོན་སུམ་གྱི་རིག་སྟེ། མ་མཐོང་ན་སེམས་ཅད་དུ་འཁོར་ལོ། །དེ་ཡང་། འདི་ལྟར་མཐོང་པའི་སྐྱེས་བུ་ནི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་མཉམ་པ་ཁོ་ནའོ། །ཞེས་སོ། །དེའི་ཚུལ་ནི་མེ་ཏོག་རང་བཞིན་གྱི་རྒྱུད་དོ། །ཚུལ་དེ་དག་ནི་མུ་ཏིག་ཕྲེང་བ་ན་གསལ་ལོ། །དེ་ལྟ་ལྡོག་པས་དབྱེ་ཡང་རིག་པ་གཅིག་ཏུ་དོན་འདུ་བས་དེ་དག་གི་དོན་གྱི་དངོས་པོ་གཅིག་ཏུ་བཞུགས་པ་ནི། །ཀུན་བྱེད་ལས། གཅིག་ལ་རྫོགས་པའི་ལུང་འདི་ཡི། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡི། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། ཅེས་སོ། །དེ་ཡང་ཆོས་སྐུ་འདུས་བྱས་མ་ཡིན་པའི་གནད་དང་། བཀའ་ཐ་མའི་བསྟན་དོན་གྱིས་མཚོན་ནས་རང་ངོ་མ་འཁྲུལ་བར་ཡིད་ཆེས་པ་དང་། རྫོགས་ཆེན་གྱི་རྒྱུད་ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་ཏེ། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་དང་། འཁྲུལ་དང་མ་འཁྲུལ་སེམས་ཅན་སུ་ལ་སྲིད་མིང་མེད། ཅེས་དང་། རིན་པོ་ཆེ་སྤུངས་བ་ལས། །འཁྲུལ་མ་མྱོང་བས་མ་རིག་རྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །ཞེས་སོ། །དེ་ལྟ་བུ་དེ་ཡེ་ནས་དྲི་མ་མེད་པས་སངས་བའམ་ཀ་ནས་དག་པ། ཡོན་ཏན་གྱི་ངང་རྒྱས་པ་རང་བཞིན་སྐུ་གསུམ་ལྷུན་གྱི་གྲུབ་པའི་དང་། གཞན་ཞིག་ན་དེ་ལྟ་བུའི་སངས་རྒྱས་བཟང་པོ་ཞིག་ཡོད་པར་ལྟ་བ་ལས་འཕགས་ནས། །རང་ངོ་ཡང་དག་པ་ཡིན་པས། བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་དང་དགའ་རབ་རྗེས། རང་ངོ་ཡིན་པ། གཞན་ངོར་སྣང་བ། ཚུལ་གཉིས་འདྲེས་པ་འཕྲད་པའོ། །ཞེས་དང་མུ་ཏིག་ཕྲེང་བ་ལས། དེ་ལྟར་གནས་པའི་འཁྲུལ་མེད་གཞི། །རང་རིག་ཡེ་ནས་འོད་རེ་གསལ། །སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས། །འབྲས་བུ་ཡེ་ནས་རང་གནས་པ། །ཞེས་པ་ལྟ་བུའི་ངོ་རང་ཐོག་དུ་སྤྲད་པའི་དོན་ཉིད། དབུ་མ་ལྟར་རྣམ་གཅོད་དང་། སྔགས་ཕྱི་ལྟར་གདོད་ཀྱི་ཐོབ་བྱར་མི་འདོད། ནང་བས་ཀྱང་དཔེའི་ཡེ་ཤེས་ཀྱི་མཚོན་པ་ལྟ་བུ་ལས་འདས་ནས། དོན་གྱི་ཡེ་ཤེས་མཛུབ་འཇུག་གི་ཚུལ་གྱིས་བཅར་ཕོག་ཏུ་མཐོང་བའི་གནད་ཟབ་མོ་བླ་མེད་རྡོ་རྗེ་སྙིང་པོ་འདི་ན་ཡོད། འགའ་ཞིག་གི་ལོག་སྲེད་ལ་དཔྱད་ཤེས་ཀྱི་ལྟ་བ་ལ་ཞེན་ཆེས་ཏེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་ཅི་ཞིག་མཐོང་སྟེ་ཆོས་ལོག་གོ་ཟེར། དཔེའི་ཡེ་ཤེས་ཀྱི་མཚོན་བརྗོད་ལས་འདས་པ་ཅི་ཞིག་མཚོན་དེ་གཉིས་ཁྱད་མེད་དོ། །ཆོས་ཉིད་དེ་རྣམ་གཅོད་དུ་ཤེས་ཀྱི་ཡོངས་གཅོད་དུ་མིན་ཟེར། སངས་རྒྱད་ཀྱི་དེ་ཉིད་མངོན་སུམ་མི་གཟིགས་པར་སྒྲ་རྟོག་གི་དཔྱོད་པ་ལ་རག་ཞེས་མཁྱེན་པའི་ཡེ་ཤེས་ལ་བསྐུར་འདེབས་འདི་ལ་ཀུན་གྱི་སྟེ་མཁས་པ་རྣམས་ཀྱི་བག་ཟོན་ཆེན་པོ་ཞིག་མ་བྱས་ན་རྟོགས་པའི་ཆོས་སྤངས་ཉམ་ཉེས་བ་ཞིག་གོ །དགོངས་པ་ངེས་འགྲེལ་ལས། །སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པས་དཔྱད་ཤེས་ཀྱི་ཤེས་བྱ་མིན་པ་དང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མངོན་སུམ་པའི་སྤྱོད་ཡུལ་དུ་གྱུར་བའི་ཡོངས་གཅོད་དུ་མཐོང་བ་བསྟན་པ་བསྟན་པའི་བདག་པོའི་བཀའ་རྩོད་པ་བྲལ་བའོ། །གནད་དེ་ཇི་ལྟར་ཞེ་ན། གུ༵་རུའི་ཐུགས་རྗེའི་རང་ལ་ཤར། གཅུས༵་དཀྲུག་གབ་པའི་གནད་བསལ་བ། ཟ༵བ་སླ་ཨུ་པ་དེ་ཤ་ཡི༔ རྒྱུད༵་དོན་བསྟན་པའི་ཡུལ་རྣམ་གཉིས། །ཞེས་པའི་དོན། དེ་ཡང་རང་ལ་གནས་པའི་ཡེ་ཤེས་དེ་ཉིད་བླ་མ་དམ་པ་མཉེས་པར་བྱས་ནས་དམ་ཚིག་སྲོག་ལྟར་བསྲུང་ནུས་པའི་གང་ཟག་གིས་ཐོག་མ་བུམ་པ་གསང་བ་ཤེས་རབ་ཀྱི་དབང་རྫོགས་པར་ཐོབ་ནས། རྡོ་རྗེ་འཆང་གིས། རབ་འབྱམས་རིག་པའི་དབང་མེད་ན། །འདུས་བྱས་དབང་གིས་སྨིན་མི་སྲིད། །ཅེས་དང་། །ཐལ་འགྱུར་ལས། རབ་ཏུ་སྤྲོས་པ་མེད་པ་ལ། །སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེས་ལ། །ལུས་ཀྱི་འདུག་སྟངས་ངེས་པར་བརྩམ། །དེ་ལ་གོམས་ཏེ་གཟིགས་སྟངས་སྦྱར། །མངོན་སུམ་རིག་པ་ལུང་གིས་བརྡའོ། །ཞེས་པས་དོན་གྱི་ཡེ་ཤེས་བཙན་ཐབས་སུ་ངོ་འཕྲོད་པའི་ཐབས་བཞི་བ་ཚིག་གིས་མཚོན་པ་དོན་དམ་པའི་དབང་གི་དུས་སུ་གནད་ལ་མ་བརྟེན་བར་ངོ་སྤྲོད་པའམ། བརྟེན་ནས་ངོ་སྤྲད་པ་དྲུག་གི་སྒོ་ནས་བྱིན་གྱི་རླབས་ཀྱི་ཉི་མའི་སྣང་བས་སྒོ་གསུམ་གྱི་རྟོགས་སྒྲིབ་མུན་པ་ལྟ་བུ་བསལ་ནས་རང་གནས་ཀྱི་ཡེ་ཤེས་ཉིད་མངོན་དུ་བསྟན་པ་ནི་རྒྱས་པའི་དབང་དུ་དབང་པོ་ཉེར་གཅིག་གི་ངོ་སྤྲོད་ཉེར་གཅིག་དུ་གྲངས་ངེས་པ་ཉིད་ངོ་སྤྲོད་སྤྲས་པ་ལས། ཉི་ཤུ་རྩ་གཅིག་བློ་རིམ་བཞིན། །འོད་དང་ཡེ་ཤེས་ཉིད་ལ་ནི། །ངོ་སྤྲོད་རྣམ་པ་བདུན་དག་གི །བློ་ཆུང་རིམ་པ་རྣམ་བདུན་གྲོལ། །སྐུ་དང་ཡེ་ཤེས་ཉིད་ལ་ཡང་། །ངོ་སྤྲོད་ཉིད་ནི་རྣམ་བདུན་གྱི། །འབྲིང་བོ་བདུན་གྱི་དོན་དུའོ། །རིག་བ་ཉིད་དང་དབྱིངས་ལ་བདུན། །ཆེན་པོ་རྣམས་ཀྱི་དོན་དུའོ། །ཞེས་པའི་ཚུལ་གྱིས་ངོ་སྤྲད་པས་གཞན་ལས་མ་བྱུང་བ་རང་བྱུང་ཆེན་པོ་རང་ལ་ཤར་ཞིང་རང་བཞིན་བར་མེད་ཀྱི་བསམ་གཏན་རང་གསལ་གཡོ་མེད་ཆུ་བོའི་རྒྱུན་ལྟ་བུ་དང་ལྷག་མཐོང་གི་ཡེ་ཤེས་རིག་པ་ཆོས་ཟད་མིང་མེད་ཆེན་པོ་དང་བཅས་པ་ལྐུགས་པས་བུ་རམ་ཟོས་པ་ལྟར་ཉམས་སུ་མྱོང་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་འགྱུར་རོ། །དེང་སང་འགའ་ཞིག་གིས་ཡི་གེ་མགུར་མ་སོགས་ཆད་ཆོད་ཟིན་ཐོར་བྱས་ནས་བླ་མ་ལ་མི་བརྟེན་དབང་མི་ཞུ་སྦྱངས་བརྩོན་མི་བྱེད་པར་རྒྱུད་ཀུན་བྱེད་ལས། རང་ཚོས་ཉམས་ལེན་བཙན་ཐབས་འདོད་པ་དང་། ཞེས་པ་ལྟ་བུ་དང་། རུ་ཏྲ་ལྟ་བུར་ཀུན་རྫོབ་རྩོལ་བཅས་དགེ་བས་སངས་མི་རྒྱ། དོན་དམ་རྩོལ་མེད་ངང་ལ་འཇོག་པ་ཡིན། །ཟེར་བ་དེ་ཚོའི་འོད་གསལ་རྫོགས་པ་ཆེན་པོའི་ཕྱོགས་ཙམ་ཡང་རྟོགས་རེ་ཀན། ཡང་ཐམས་ཅད་སྟོང་པ་ཉིད་སྤྲོས་བྲལ་ཙམ་མོ་ཞེས་དབུ་མ་ཆེན་པོའི་ཀ་དག་གི་དགོངས་པ་རྩལ་དུ་བཏོན་ཡང་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་མེད་པར་འདོད་པ་དེ་ཡང་བློ་གྲོས་ཁབ་མིག་ཙམ་གྱིས་ཆོས་ཡངས་བའི་ཡུལ་ནང་དུ་ཚུད་པར་འདོད་པས་ཟག་པ་མེད་པའི་ཆོས་ཁམས་ལ་བསྐུར་བ་འདེབས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མྱ་ངན་འདས་མདོ་ལས་སྟོང་བ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་གང་གི་ཚེ་བཙལ་ཀྱང་ཅི་ཡང་མ་རྙེད་པ་སྟེ། ཅི་ཡང་མེད་པ་ནི་གཅེར་བུ་བ་རྣམས་ལ་ཡང་ཡོད་ཀྱི་ཐར་བ་ནི་དེ་ལྟ་མ་ལགས་སོ། །ཐར་བ་ནི་བཅོས་མ་མ་ཡིན་པའི་ཁམས་ཡིན་ཏེ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་དང་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པར་བསྒོམ་ཤིང་གཏན་དུ་སྟོང་བ་ཉིད་བསྒོམ་པ་ནི་སྡུག་བསྔལ་རྣམས་མི་འགགས་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ། །ཞེས་དང་གཞན་ཡང་ཤིན་ཏུ་མང་ངོ་། །ཡང་ཁ་ཅིག་གིས་རྙིང་མའི་ལྟ་བ་ནི་མ་ཡིན་དགག་གོ་ཟེར་ཀྱང་དེ་ལྟར་སྨྲས་ཀྱང་མི་འགལ་མོད་དེ་དཔྱིས་མ་ཕྱིན་པའི་གང་ཟག་གིས་གཞན་སྟོང་གི་ཕྱོགས་སུ་གོལ་ཉེས་པས་ན་ལྷུན་གྱི་གྲུབ་པ་ལ་ཞེན་པའི་སྒྲོགས་སུ་གྱུར་ནས་བཀའ་ཐ་མ་འབའ་ཞིག་ཏུ་རྐྱང་ཆད་པའང་རྫོགས་ཆེན་གྱི་རྒྱུད་ནས་བཀག་པས་མེད་མ་ཡིན་དགགས་ཀྱི་སྤྲོས་པ་ཐམས་ཅད་ལས་འདས་པར་བཞུགས་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། ཟད་མི་ཤེས་ཤིང་ཉེ་བར་ཞི། །ལྷུན་གྱི་གྲུབ་ཅིང་བསྟན་མེད་པ། །རྙོགས་མེད་ཡང་དག་ཉིད་ཀྱི་མཐའ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ལོ། །འོང་དང་འགྲོ་བ་མེད་པ་དང་། །སྤྲོས་མེད་ལྷུན་གྱིས་གྲུབ་པ་ཡི། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །སངས་རྒྱས་ཀུན་གྱི་བསླབ་པ་སྟེ། །རྫོགས་པའི་སངས་རྒྱས་འདི་བསླབ་ནས། །ཡོན་ཏན་དག་གི་ཕ་རོལ་ཕྱིན། །ཚུ་རོལ་དང་ནི་ཕ་རོལ་མེད། །སྔོན་མཐའ་རྣམ་པར་མ་བརྟགས་ཏེ། །དེ་ཕྱིར་སངས་རྒྱས་དེ་དག་ཀུན། །ཡོན་ཏན་དག་གི་ཕ་རོལ་ཕྱིན། །འོང་དང་འགྲོ་བ་མེད་པ་དང་། །སྤྲོས་མེད་ལྷུན་གྱིས་གྲུབ་པ་ཡི། །ཆོས་རྣམས་རང་བཞིན་མཁྱེན་པ་ནི། །དེ་དག་དེ་ལ་ཕ་རོལ་ཕྱིན། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི། ཀུན་ཡིན་ཀུན་མིན་བརྟགས་པ་མི་འགལ་བ། །ཞེས་དང་། སྨོན་པ་མེད་པའི་སྒྲུབ་བློའོ་ཆོས་ཟད་དེ། །སྤང་བླང་མེད་པའི་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །ཞེས་དང་། ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཞེས་སོ། །དེ་ལྟ་བུའི་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་རྒྱུ་ནི་རྒྱུད་དཀྲུགས་ལུང་གཅུས་མན་ངག་གབ་པ་ལ་ཐུག་པ་ཕྱོགས་རེ་རིས་ཆད་དུ་བཟུང་བའི་སྐྱོན་གྱིས་ཏེ། འོད་གསལ་བླ་ན་མེད་པ་འདིར་ནི་བླ་མའི་མན་ངག་གི་གཅུས་དཀྲུགས་གབ་པའི་གནད་བསལ་ནས་དོན་རྒྱུད་དང་མདོ་སྡེ་ཐམས་ཅད་ཀྱི་དགོངས་པ་སྟོན་པའི་ནི་ཟབ་པ་སྟེ་རྟོག་གེའི་རྣམ་པར་འཁྱམས་པའི་གཏན་ལ་མི་ཕེབ་པ་དང་། ཚོགས་ཆེན་ཡེ་རྫོགས་སོགས་དང་གཞན་ཡང་མདོ་ལམ་ནས་གྲངས་མེད་དུ་མར་སྦྱངས་བརྩོན་དགོས་པ་ལས། ལྡོག་པའི་ཆོས་ཉིད་མངོན་སུམ་དུ་གཟིགས་པ་དང་། བསྐྱེད་རྫོགས་ཀྱི་རྒྱུད་ལས་ཀྱང་ཐབས་ཀྱི་འཕྲུལ་གསང་རླུང་ཐིག་གི་རྣལ་འབྱོར་སོགས་ཀྱི་སྟོབས་ལས་དྲངས་པའི་ཟབ་གསལ་བདེ་གསལ་སོགས་ལ་ཡིད་བྱེད་ཀྱི་ལྷན་པ་འདེབས་པ་ལས་སྤགས་ནས་རིག་སྟོང་ཐིག་ལེ་ཉག་གཅིག་གི་རང་ཞལ་མངོན་སུམ་སྐད་ཅིག་གིས་རང་ལ་སད་པའི་སླ་ཆོས་དང་བཅས་པའི་མན་ངག་གི་རྒྱུད་བསྟན་པའི་ཡུལ་དུ་གྱུར་བའི་གང་ཟག་གི་བློ་རིམ་གཉིས་ལ་ལྟོས་ནས་དམིགས་པ་ཡུལ་གྱི་བློ་ཅན་དང་རིག་པ་རང་སྣང་གི་བློ་ཅན་དུ་བསྟན་ཏེ། རིན་པོ་ཆེ་སྤུང་བ་ལས། འདི་དག་བློ་རིག་རྣམ་གཉིས་ཀྱིས། །དོན་གྱི་ངོ་བོ་ཉམས་སུ་བླང་། །དམིགས་པ་ཡུལ་གྱི་བློ་ཅན་ལ། །བསྒོམ་དང་བསྒོམ་བྱའི་ཆོས་ཀུན་བསྟན། །རིག་པ་རང་སྣང་བློ་ཅན་ལ། །ལྟ་བའི་ཐབས་རྣམས་གཅིག་དུ་བསྟན། །ཞེས་སོ། །དེ་ལས་ཐོག་མར། སྣང༵་བ་ཡུལ་གྱི་བློ་ཅན་ལ། ཆོས༵་ཚན་བཞི་བཞིར་ལྔར་དྲིལ་བས། །ཆོས༵་ཟད་ཆོས་འདས་ཆོས་འདས་པས། །མ༵་ཧཱ་ཡོ་ག་རྣམ་བཞིའོ། །ཞེས་པའི་དོན་ནི། དབང་པོ་དེ་གཉིས་ཀྱི་ཐ་མ་སྣང་བ་ཡུལ་གྱི་བློ་ཅན་ལ། སྤྱོད་པ་རྒྱུན། སྒོམ་པ་རྒྱུན། ལྟ་བ་རྒྱུན། འབྲས་བུ་རྒྱུན་དུ་བྱེད་པ་བཞི་ལས། སྤྱོད་པ་ལ་སྤྱིར་ཉེར་གཅིག་ལས་འདིར་བདུན་ཏེ་བུང་བ་ལྟ་བུ་ནས་སེང་གེ་ལྟ་བུའི་བར་རོ། །དེ་ནི་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་སྟེ་གསད་པ་གསོ་ནུས་པ་སོགས་སྣང་བ་གང་ལ་ཡང་དབང་བསྒྱུར་བའོ། །མན་ངག་སྣང་བ་ཅེར་བཞག་གི་ཐབས་ཆོས་ཅན་དུམ་བུ་བ་དང་སྤྱི་ལའང་བསླབས་པས་གཟུགས་བརྙན་ལྟ་བུར་རྟོགས་པའོ། །དེ་ལ་སྣང་སྲིད་གཞིར་བཞེངས་གི་དགོངས་པ་ཆོས་ཐམས་ཅད་ལ་རང་བྱན་ཆུད་དེ་བློ་ཐོག་ཏུ་གསལ་བའོ། །ཉོན་མོངས་གནས་གྱུར་གྱི་འབྲས་བུ་ནི། ཉོན་མོངས་དང་ཡེ་ཤེས་སུ་ཤར་ཐ་དད་མེད་པར་ཡེ་ཤེས་གཅིག་གི་རོལ་པར་འགྱུར་པའོ། །བསྒོམ་པ་རྒྱུན་གྱི་རྣལ་འབྱོར་ནི། ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ལ། བྱང་ཆུབ་སེམས་དཔའ་བསམ་གཏན་འཇིག་རྟེན་ཕལ་བའི་སེམས་འཛིན། བདེ་བར་གཤེགས་པའི་དགོངས་པའོ། །དང་པོ་ནི་སེམས་འཛིན་ཉེར་གཅིག་སོགས་སོ། །གཉིས་པ་ནི། རང་བཞིན་ཤུགས་ཀྱི་བསམ་གཏན་དང་དམིགས་པ་རྒྱུན་བསྟེན་གྱི་བསམ་གཏན་གཉིས་ཀྱིས་བསྡུས་པའོ། །བདེ་བར་གཤེགས་པའི་དགོངས་པ་ནི། ཉི་ཟླ་ཁ་སྦྱོར་ལས། བདེ་གཤེགས་དགོངས་པ་རྣམ་གཉིས་ཏེ། །མ་བཅོས་བཞག་པས་བྱུང་ཚོར་འགགས། །མ་བསྒོམ་བལྟས་པས་དྲོད་ཚད་རྙེད། །ཅེས་དང་། རང་ཤར་ལས། དེ་བཞིན་གཤེགས་པའི་དགོངས་པ་ནི། །ནམ་མཁའི་མཐོང་སུ་ཤེས་པར་བྱ། །ཞེས་པ་ལྟ་བུ་དག་གོ །ཐབས་སུ་མན་ངག་རྒྱ་མཚོ་ཅོག་བཞག་ནི་མིག་མི་འཛུམ་པར་འཇོག་པའོ། །དེའི་སྟོབས་ཀྱིས་མཉམ་རྗེས་དབྱེར་མེད་ཞི་ལྷག་ཐ་དད་མེད་པ་ནི་སྣང་སྲིད་གཞིར་བཞེངས་གི་དགོངས་པ་སྟེ། དེ་ཉིད་གཞིར་བཞག་རྟོགས་དཔྱོད་ཆོད་པ་ཆོས་ཉིད་གཅིག་གི་ངང་དུ་གནས་པའོ། །ཉོན་མོངས་པ་ཐམས་ཅད་དག་ནས་ཡེ་ཤེས་སུ་ཤར་བའི་ཉོན་མོངས་རང་རྒྱས་ཐེབ་པའི་འབྲས་བུའོ། །ལྟ་བ་རྒྱུན་དུ་བྱེད་པ་ནི་གྲོང་ཁྱེར་རྒྱུན་ཆོད་དེ་མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་པའོ། །དེ་ཡང་རྣམ་གྲངས་པའི་ལྟ་བ་སོགས་དབྱེ་བ་སྤྱི་དང་། ཚིག་དོན་གྱི་ལྟ་བ་སོགས་མང་དུ་གྲུབ་ཀྱང་འདིར་ནི་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ལྟ་བའོ། །བཞག་ཐབས་རི་བོ་ཅོག་བཞག་ནི། །མཚན་རྟོག་གིས་མི་བསྒུལ་བར་བཞག་པ་དང་། ཐེག་པའི་དོན་མཐོང་བ་གཉིས་ཀྱིས་སོ། །ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པར་ཤར་ཞིང་མ་གྲོལ་བ་འགའ་ཡང་མེད་པར་མཐོང་བའོ། །འབྲས་བུ་ཉོན་མོངས་གནས་སུ་དག་སྟེ་འཁྲུལ་བ་མིང་མེད་དུ་དག་པའོ། །འབྲས་བུ་རྒྱུན་དུ་བྱེད་པ་ལ། འབྲས་བུ་རྒྱུར་མི་ལྡོག་པའོ། །དེ་ཡང་མདོར་ན་རིག་པ་མི་འགྱུར་བའོ། །སྒོ་ལྔའི་འཆར་གཞི་སྟོངས། རིག་པ་རང་ས་ཟིན། ཡིད་ཤེས་འགྱུ་བ་རྒྱུན་ཆད་རིག་པ་རང་དབང་ཐོབ་པའོ། །དེ་ཡང་མདོར་ན་རིག་པ་མི་འགྱུར་བའོ། །སྒོ་ལྔའི་འཆར་གཞི་སྟོངས། རིག་པ་རང་ས་ཟིན། ཡིད་ཤེས་འགྱུ་བ་རྒྱུན་ཆད་རིག་པ་རང་དབང་ཐོབ་པའོ། །དེ་ནི་རང་བཞིན་རྣམ་དག་གི་འབྲས༵་བུའོ༵། །རིག་པ་གང་སྣང་གི་ཐོག་ཏུ་བཞག་པས་འཛིན་པ་གྲོལ་བའི་ཐབ༵ས། འཁྲུལ་བའི་དྲི་མ་ཟད་པས་སྲིད་གསུམ་ཀ་དག་གི་དགོང༵ས་པ༵་ཟེར། ཉོན་མོངས་རང་གྲོལ་བས་ཤར་གྲོལ་སྔ་ཕྱི་མེད་པའི་དག༵་ལུག༵ས་སྟེ་བཞི་བཞི་བཅུ་དྲུག་ལ། སྤྱོད་པ་ཆོས་ཀྱི་རྒྱུན་ལ་གནས་པ་དང་། བསྒོམ་པ་ལ་ཆོས་ལ་གནས་པའི་རྣལ་འབྱོར། ལྟ་བ་ལ་ཆོས་བོར་བ། འབྲས་བུ་ལ་ཆོས་ལས་འདས་པའི་རྣལ་འབྱོར་བཞིར་གྲགས་པའི་རྣལ་འབྱོར་ཆེན་པོ་བསྣན་པས་བཞི་ལྔ་ཉི་ཤུར་དྲིལ་བའི་བཞི་ཚན་ཐ་མ་འདི་མ་གཏོགས་༼ རྟོགས་དཔྱད། ༽པ་རྣལ་འབྱོར་རེ་རེའི་ལམ་ཚང་ལ་མ་ནོར་བའོ། །གཉིས་པ་རང་སྣང་གི་བློ་ཅན་གྱི་ངོར་བསྟན་པ་ནི། ཡང༵་ན་རང་སྣང་བློ་ཅན་ལ། །འག༵གས་བསྡམས་ཆིངས་བཅིང་ལ་བཟླའོ། །ར༵ང་ངོར་ཐག་བཅད་གྲོལ་གདེངས་འཆོས། །རྣམ༵་པ་དྲུག་གི་རང་བཞིན་གྱི། །ཁྱད༵་ཆོས་བདུན་བདུན་གྱིས་སྤག་པས། །ཕྱི༵་ནང་གསང་པའི་ཐུགས་ཀྱི༵་མཛོད། །མ༵་ནོར་གནད་ལ་བརྟེན་མ་བརྟེན། །སྒོ༵་ཡི་ཁྱད་པར་དབང་རིམ་ལ། །སློབ༵་བརྒྱུད་བརྡོལ་མཁས་སྤྱན་ལྡན་པས། །མཚ༵ན་ཉིད་ཅན་ལ་ཕུག་ཐག་བསྟན། །ཞེས་པའི་དོན་ནི། སྣང་བ་ཡུལ་གྱི་བློ་ཅན་གོང་དུ་བསྟན་པའམ། ཡང་ན་དེ་ལས་གཞན་རང་སྣང་གི་བློ་ཅན་རྣམས་ལ་འབད་བཅས་ཐོད་རྒལ་དང་འབད་མེད་ཁྲེགས་ཆོད་གཉིས་སུ་བསྟན་པ་ལས་སྔ་མ་ཕྱི་མ་ལས་ཁྱད་ཆོས་བདུན་གྱིས་འཕགས་པ་དང་། ཕྱི་མའང་རང་སྣང་གི་བློ་ཅན་ལས་ཁྱད་ཆོས་བདུན་གྱིས་འཕགས་ཏེ། དེ་ལྟ་བུའི་འཕགས་ཆོས་ཅན་གྱི་ཁྲེགས་ཆོད་ལ། འགགས་བསྡམ་པ། ལ་བཟླ་བ། ཆིངས་སུ་བཅིང་བ་དོན་གསུམ་དང་། ཡང་ན་ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདེངས་གྲོལ་ཐོག་ཏུ་བཅའ་བ་གསུམ་སྟེ་རྣམ་པ་དྲུག་གི་རང་བཞིན་གྱིས་སྟོན་ཏོ། །དང་པོ་ཤེས་པའི་བཟང་ངན་སོགས་རྟོག་པ་ཐམས་ཅད་ཀྱི་གཤིས་རྗེན་པའི་ཤེས་པ་ཟང་མ་ཐལ་རིག་གེ་སང་ངེ་བ་རྒྱ་ཚད་༼ ཆད་དཔྱད། ༽ཕྱོགས་ལྷུང་ལས་འདས་པ། མཐའ་གྲོལ་ཁ་ཡན་ཆེན་པོ་ཆོས་ཟད་མིང་མེད་ཆེན་པོ་དེ། གཟུང་འཛིན་གྱིས་བསླད་མ་ཞུགས་པ་མ་རྨོངས་ཞིང་རྟོག་པ་བྲལ་བ་དེ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་གོ །དེ་ཡང་རང་བྱུང་གི་ཡེ་ཤེས་རང་མལ་གྱི་ཆོས་སྐུ་རང་ངོ་ཤེས་པའོ། །དེར་གང་ཤར་གྱི་རྟོག་པ་ཅོག་བཞག་ཏུ་གློད་ནས་རིག་གེ་རྗེན་ནེ་བའི་དངས་ཕྱིན་པར་གསལ་ངར་བཏོན་ནས་དུས་གསུམ་འབྲེལ་ཐག་ཆོད་པའི་ཆོས་སྐུ་ལ་ཕྱམ་གདལ་ཞིང་རང་ངོ་རྗེན་པར་ཕུད་ནས་རྟོག་ཚོགས་ཀྱི་ངོ་བོར་རང་རྒྱས་ཐེབ་སྟེ་ཤར་བ་རིག་པ་རྗེན་པར་ངོས་ཟིན་ནས་ཆོས་སྐུ་མངོན་དུ་གསལ་ཞིང་རང་བཞག་གྱི་དགོངས་པ་ལ་གནས་སོ། །རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཀ་དག་དུ་ལ་བཟླ་བ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱམ་གཅིག་ཏུ་ཡོད་མེད་ཡིན་མིན་གྱི་སྤྲོས་པ་ཐམས་ལས་འདས་པར་ཡེ་ནས་སངས་རྒྱས་སུ་ཟིན་བའི་རིག་པའི་ཆོ་འཕྲུལ་འགགས་པ་མེད་པར་ཤར་བ་ལ་ངོ་ཤེས་པས་གྲོལ་ལ་མ་ཤེས་པས་འཁྲུལ་བའི་འཁོར་འདས་རིག་པར་དག་རིག་པ་ཆོས་སྐུ་རྣམ་དག་ཆེན་པོ་སྲིད་གསུམ་ཀ་དག་གི་དགོངས་པ་ལས་མ་འདས་པར་ལ་ཟློ་བའམ་ཐག་གཅོད་པའོ། །དེ་ཡང་རྩལ་རྫོགས་ཆེན་པོའི་རྒྱུད་ལས། དགོངས་པར་བྱུང་ཡེ་ཤེས་ནི། །རྟོགས་དང་མི་རྟོགས་མཐའ་ལས་འདས། །ཡིན་མིན་བློ་ཡི་བྱ་བ་ཐོངས། །སྣང་དང་མི་སྣང་ཆོས་ཉིད་ཀྱང་། །བྱ་བྱེད་མཐར་ལྷུང་ཆོས་དང་བྲལ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལས། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་ལ་སོགས་པ་བསྟན་པ་བཞིན་ནོ། །གསུམ་པ་ཆིངས་སུ་བཅིང་བ་ནི། །དཔེར་ན་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་གཅིག་གི་རོལ་བ་ལས་མ་འདས་པ་བཞིན་དུ་འཁོར་འདས་ཐམས་ཅད་རིག་པ་གཅིག་གི་ཀློང་ལས་མ་འདས་པ་རིག་པ་གཅིག་གི་སྤྱི་ཆིང་གི་ཐེབ་པས་ན་རིག་པ་གཅིག་ཡོང་ཡེ་གྲོལ་བའི་ཡེ་ཤེས་འཁྲུལ་བ་མཐར་ཟད་མིང་མེད་ཆེན་པོར་རྟོགས་པའི་ཆོས་ཐམས་ཅད་ཡོངས་གྲོལ་མཉམ་པ་ཆེན་པོའི་ཆིངས་སུ་བཅིངས་ནུས་པ་ཡིན་ནོ། །དེས་ན་ཤར་གནས་གང་གི་ཐོག་ཏུའང་ཅོག་གིས་བཞག་པར་རང་ཡལ་རྗེས་མེད་ཀྱི་སྟེང་དུ་ཟང་ཐལ་གྱི་རིག་པ་ངོས་བཟུང་བས་གྲོལ་བར་འགྱུར་ཏེ། ཐལ་འགྱུར་ལས། གཅིག་ཤེས་པས་ནི་ཀུན་གྲོལ་ཏེ། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །དེ་ཡང་འཆར་གནས་གང་གི་ཐོག་ཏུ་བཞག་ཀྱང་མི་ལྟོ་སྟེ་དེའི་དུས་ཀྱི་རིག་པ་ངོས་བཟུང་བའི་ངང་དུ་བསྒྱུར་བ་གནད་དོ། །འདི་གཉིས་གནད་གཅིག་ཀྱང་། །ངོ་རང་ཐོག་ཏུ་སྤྲོད་པ་ནི། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་གྱི་སྤྲུལ་སྐུ་ཡེ་ཤེས་དང་བཅས་པ། གཞན་ཡང་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལས་ཕྱེ་བས་ཉི་ཤུ་རྩ་ལྔ་སོགས་འབྲས་ཆོས་ཐམས་ཅད་པ་ག་ཤེད་ན་གྲུབ་པ་མེད་པ་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་འཁོར་འདས་ཡེ་ནས་སངས་རྒྱས་པའི་གཞི་རང་བཞིན་གྱི་བདག་ཉིད། རིག་པ་ཡེ་ཤེས་འདུ་འབྲལ་མེད་པར་སོ་སོ་རང་གི་ཆོས་ཉིད་དུ་བཞུགས་པ་ནི་གཟུང་འཛིན་ཅན་གྱི་སེམས་ལས་འདས་པའི་ཁྱད་པར་ཉེར་གཅིག་གི་འབྱེད་ནས་རང་ངོ་ཡེ་ཤེས་ཟང་ཐལ་སྒྲིབ་གཡོག་དང་བྲལ་བ་རྣམ་མེད་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཉི་མ་དང་ཟེར་བཞིན་རྫོགས་པ་ལ་རྟགས་སུ་རིག་བྱེད་ཀྱི་ཡེ་ཤེས་དང་སྐུར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འོད་དུ་དབྱིངས་དང་ཐིག་ལེའི་མཚོན་ནས་རང་གནས་ཀྱི་ཡེ་ཤེས་བཙན་ཐབས་སུ་སློང་ཞིང་ཡིད་ཆེས་པའི་སྒོ་ནས་ཡེ་ཤེས་རང་སྤྱན་ཆུད་པ་ནི། ངོ་བོ་སྐུར་བཞུགས་པ་ལ། འཇམ་དཔལ་མཚན་བརྗོད་ལས། སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཞེས་དང་རང་བཞིན་འོད་དུ། དེ་ཉིད་ལས། འོད་བཟང་འབར་བ་དཔལ་བེའུ། །ལག་ན་འོད་འབར་སྣང་བ་པོ། །ཞེས་དང་། ཐུགས་རྗེ་རིག་པ། ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། ཞེས་སོགས་རྒྱ་ཆེར་གསུངས་པའི་མཚོན་ཚུལ་ནི། ཀུན་བྱེད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟགས། །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགགས་པ་མེད། །ཅེས་དང་། རྩལ་རྫོགས་ལས། འགགས་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས་། ཞེས་དང་། རྟོགས་བྱེད་ཐབས་ཀྱི་གཞི་བཤད་པ། །དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་རྒྱུད་དུ་གསལ། ཞེས་དང་དུར་ཁྲོད་ཕུང་པོ་འབར་བ་ལས། སྐུ་ནི་ནང་གསལ་བུམ་སྐུ་ལྟར་། །འོད་ནི་བུམ་པའི་མར་མེ་བཞིན། །ཡེ་ཤེས་རྨ་བྱའི་སྒོ་ང་འདྲ། ཞེས་དང་། སྒྲོན་མ་འབར་བ་ལས། རང་གི་འོད་དང་ཟེར་ཉིད་དུ། །རང་ཆས་ཉིད་དུ་རྣམ་པར་སྣང་། །ཞེས་སོ། །དེ་ལྟ་བུའི་དཔེའི་མཚོན་ནས་དོན་ངོ་ཤེས་པར་བྱེད་པ་ནི་ངོ་རང་ཐོག་ཏུ་སྤྲོད་པའོ། །༈ཐག་གཅིག་ཐོག་ཏུ་བཅད་པ་ནི། རླུང་སེམས་ཡུལ་དང་བཅས་པ་རིག་པ་ཉག་གཅིག་གི་རྩལ་དང་རོལ་བ་ཡོ་ལང་དང་ཆོ་འཕྲུལ་དུ་ཐག་ནང་ནས་ཆོད་དགོས་ཏེ། དེ་བཞིན་དུ་རིག་པའི་ངོ་བོ་ཡེ་སྟོང་ཆེན་པོའི་དབྱིངས་དང་འདུ་འབྲལ་མེད་པར་ཡེ་ཤེས་ཆོས་སྐུའི་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་ངང་གིས་རྫོགས་ལ། རང་བཞིན་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པ་དང་། ཐུགས་རྗེ་དབྱིངས་རིག་དབྱེར་མེད་ཀྱི་འཆར་ཚུལ་ལྷུན་གྲུབ་སྒོ་བརྒྱད་དུ་མ་འགགས་པའི་ཚུལ་དང་རིག་པ་གཅིག་རྟོགས་ན་ཐེག་པ་བརྒྱད་ཀྱི་དོན་ཅིག་ཆར་དུ་ཟིན་པ་དང་ལམ་ཐམས་ཅད་དེ་ཉིད་སྒྲིབ་བའི་སྦུབས་དང་བྲལ་བའི་ཐབས་སུ་རྟོགས་པ་དང་། གང་དུ་འདོང་པའི་འབྲས་བུ་བླ་ན་མེད་པའི་བབས་སོ་ཉིད་དེ། མདོར་ན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་གཅིག་གི་ངོ་བོར་རྫོགས་པས་ན་དེ་ལས་གཞན་མེད་པར་ཐག་བཅད་དེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་གཅིག །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ལ། །གཅིག་ཏུ་མེད་ལ་བསྒྲང་ན་བརྗོད་མི་ལང་། །སངས་རྒྱས་སྐུ་གསུང་སེམས་ཅན་ལུས་ངག་ཀྱང་། །བྱང་ཆུབ་སེམས་ཡིན་ཡེ་ནས་གཟུང་འཛིན་བྲལ། །ཞེས་དང་། དེ་བཞིན་དུ་དེ་ཉིད་ལས། །བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །ཞེས་དང་། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །ཞེས་དང་། རྩལ་རྫོགས་ལས། ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །ཞེས་དང་། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱི་གྲུབ་པ་འགྱུར། །ཞེས་པས་ན། དེ་ལས་བོགས་དབྱུང་དུ་མེད་པའི་སྤྲོས་བྲལ་ཆེན་པོ་སངས་རྒྱས་ཉག་གཅིག་གི་དགོངས་པར་ལ་བཟླའོ། །གསུམ་པ་གདེངས་གྲོལ་ཐོག་དུ་བཅའ་བ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་རིག་པ་རྗེན་པར་གྲོལ་བའི་གནད་ཀྱིས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གདེངས་འཆོས་ཏེ་སྣང་ཤེས་ཟང་ཀ་ཐལ་བྱུང་དུ་ཤར་བ་དང་། སྐད་ཅིག་ཆ་མེད་བྱུང་ཞིག་ཏུ་སྐྱེས་པའི་གནད་ཀྱིས་གང་ཡང་དུས་གཉིས་པར་མི་སྡོད་པར་གྲོལ་བའི་ཆོས་ཉིད་དུ་རང་ཤར་བ་དང་། སྣང་ཤེས་གཞི་མེད་སྟོང་གཟུགས་ཡིན་པས་རང་བབ་ཅོག་བཞག་བར་མེད་ཀྱིས་གནད་ལས་འབད་རྩོལ་འཆིང་ཞེན་ལས་འདས་པ་དང་། ཆོས་ཐམས་ཅད་རང་སྟོང་བྱ་རྩལ་ལས་འདས་པའི་གནད་ཀྱིས་གང་བབ་རང་ཡལ་རྗེན་པར་སོང་བའི་གདེངས་འཆོས་པའོ། །ཞེས་དང་། རྣལ་འབྱོར་བ་ཡང་ཆོས་ཐམས་ཅད་ཡེ་ནས་གྲོལ་བར་རྟོགས་པས་བསྐྱལ་ནས། འབད་པས་གྲོལ་མི་དགོས་པར་ཤེས་ཏེ་གང་ཡང་ནི་བྱེད་པར་སྡོད་པ་དང་། ཆོས་ཐམས་ཅད་རང་གིས་གྲོལ་བ་སྦྲུལ་མདུད་ལྟར་རྟོགས་པས་གཉེན་པོ་གཞན་མི་བརྟེན་པར་ཁོངས་ཡངས་པ་དང་། ཆོས་ཐམས་ཅད་གང་སྣང་ཅེར་ས་དེར་གྲོལ་བར་རྟོགས་པས་མཐོང་ཡལ་གཏད་སོ་མེད་པ་དང་། ཆོས་ཐམས་ཅད་ཡོངས་གྲོལ་དུ་ཕྱམ་ཕྱལ་དུ་སོང་ནས་བར་མེད་མཉམ་པ་ཆེན་པོར་རྟོགས་ནས་འབད་རྩོལ་གང་ཡང་མེད་པར་བློ་བདེ་བ་སྟེ་ཞེས་གྲོལ་ལུགས་བཞི་སྤྱིར་བསྟན། ཁྱད་པར་དུ་གདེངས་ཀྱི་གྲོལ་བ་བྱེ་བྲག་ཏུ་བཤད་པ་རྣམས་ལས་གྲོལ་ཐོག་ཏུ་བཅའ་བ་ལས་འདིར་ཕྱི་མ་དེ་དག་བཤད་ན། ཐལ་འགྱུར་ལས། དེ་ལ་གདེངས་ཀྱི་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱལ་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་གསུངས་ཏེ། ཡེ་གྲོལ་ནི་རིག་པ་འཁྲུལ་མ་མྱོང་བའི་སངས་རྒྱས་ཡིན་པས་གདོད་གྲོལ་མི་དགོས། ཞེས་སོ། །དེ་ཡང་རིག་པ་གཞི་རྩ་མཚན་ཉིད་སྐྱེ་བ་དང་བྲལ་བ་སོགས་ཀྱིས་དང་། སེམས་ལ་གྲོལ་བྱ་གྲོལ་བྱེད་དུ་མེད་མ་གྲོལ་བ་ཡང་མེད་པར་ཡེ་སངས་རྒྱས་པས་ད་གྲོལ་རྒྱུ་མེད་དོ། །རང་གྲོལ་ནི། རང་ཉིད་ཀྱིས་རང་གྲོལ་བ་དྲི་མའི་དྲི་མ་འཁྲུད་པ་ལྟ་བུ་ལས་གཉེན་པོ་གཞན་མི་དགོས་པར་གྲོལ་བ་སྟེ་ཉོན་མོངས་པ་དེ་ཉིད་ཀྱི་ཉིད་གྲོལ་བས་སོ། །ཅེར་གྲོལ་ནི། གང་སྣང་ལ་བཅས་བཅོས་མེད་པར་བཞག་པའི་རང་དག་ཏུ་ཅེར་བའམ་མཐོང་པ་དེ་ཉིད་དུ་ཡལ་བ་སྟེ་ཆོས་ཉིད་རིག་པའི་མངོན་སུམ་ཐུགས་ཕྲད་ཀྱི་རྩིས་ཟིན་པས་སོ། །དེ་ཡང་ཆོས་ཅན་དུམ་བུ་བ་དང་སྤྱི་ལ་བསླབ་པས་སྣང་བ་ཅེར་གྱི་གྲོལ་བའོ། །མཐའ་གྲོལ་ནི། ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་ལས་གྲོལ་བའི་སྟེ། གོང་གི་གནད་ཀྱི། དུས་ཀྱི་འབད་མེད་དུ་གྲོལ་བ་རྣམས་དེར་འདུས་སོ། །གཅིག་གྲོལ་ནི། རིག་པ་ཐིག་ལེ་ཉག་གཅིག་ཡེ་གྲོལ་འཁྲུལ་མ་མྱོང་བ་གཅིག་ལས་ཆོས་གཞན་མེད་པས་དེའི་ངང་དུ་ཆོས་ཐམས་ཅད་གྲོལ་བས་གཅིག་པོ་དེ་ལ་དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དེ་དག་གི་མདོར་བསྡུ་ན། །དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བས་སྔར་འདྲེས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་སྦྲུལ་གྱི་མདུད་པ་ལྟར་རང་གྲོལ་བ། ཐ་མ་ཁང་སྟོང་དུ་རྐུན་པོ་ལྟར་ཕན་གནོད་དང་བྲལ་བ་འདི་སྒོམ་ཆེན་སྒོམ་གྱིས་མི་གཏོང་བ་ལ་འབྱུང་ངོ་། །དེ་ལྡོག་ ༼ ཅེར་གྲོལ། རང་གྲོལ། ཡེ་གྲོལ། མཆན། ༽པའི་རིམ་པས་དབང་པོ་རབ་འབྲིང་ཐ་གསུམ་དུ་ཤེས་པར་བྱའོ། །འདི་དག་ནི་ངོ་བོ་ཡེ་གྲོལ་ཡིན་པས་གྲོལ་མི་དགོས་ཀྱང་གྲོལ་འཁྲུལ་རྩལ་ཐོག་ནས་བྱེད་པའོ། །གནད་དྲུག་པོ་འདི་དག་སྔ་མ་གསུམ་ཤྲཱི་སེདྷ་དང་། །ཕྱི་མ་གསུམ་དགའ་རབ་དཔའ་བོའི་རྗེས་སུ་འབྲིང་བའི་ལུགས་སོ། །གོང་གི་སྣང་བ་ཡུལ་གྱི་བློ་ཅན་པས་རིག་པ་རང་སྣང་གི་བློ་ཅན་ཁྱད་ཆོས་བདུན་གྱི་འཕགས་པ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་གནད་ཀྱིས་ཀྱང་། །ལས་ལ་བཟང་ངན་མེད་པར་རྟོགས། །སྙིང་ཐིག་ངེས་པས་བསྡུས་པ་ཡི། དབང་པོ་རྣམས་ལ་རྣོ་རྟུལ་མེད། ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མ་ཡིན་དབང་པོའི་མཐོང་། །ཚིག་གི་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། འདི་མཐོང་ཁམས་གསུམ་ལྡོག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པ། །གཞི་ལམ་འབྲས་བུ་ལྡོས་མིན་པའོ། །ཞེས་པ་དང་། རིག་པ་རང་སྣང་གི་བློ་ཅན་ལ་ཡང་། འབད་མེད་ཀྱི་ཁྲེགས་ཆོད་ལས། ཐོད་རྒལ་ཉིད་ཁྱད་ཆོས་བདུན་གྱིས་འཕགས་པ། ཀུན་མཁྱེན་ཆེན་པོའི། ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར། ལུས་གནད་རྩའི། སྣང་བྱེད་སྒོའི། མཐོང་བ་དབང་པོའི། རང་གནད་མངོན་སུམ་གྱི། སྣང་བ་འོད་ཀྱི། ཉམས་གོང་འཕེལ་གྱི་ཁྱད་པར་བདུན་དུ་གསུང་བ་དག་གི་སྔ་མ་ལས་ཕྱི་མ་སྤག་པས། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག །དེ་ཡང་ཕྱི་ནང་གསང་བ་ཡང་གསང་གི་སྐོར། འབད་བཅས་ཐོད་རྒལ། འབད་མེད་ཁྲེགས་ཆོད་སོགས་ཡོད་དེ། ཨ་ཏི་བཀོད་པ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་བ་མན་ངག་གོ །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། འདི་དག་བློ་རིམ་རྣམ་གཉིས་ཀྱི། །འབད་བཅས་རྣམས་དང་འབད་མེད་དོ། །ཅེས་པ་ལྟ་བུའི་ཐུགས་ཀྱི་གསང་བ་བླ་ན་མེད་པའི་མཛོད་རྣམས་མ་ནོར་བར་སྒོ་ཡིས་ཁྱད་པར་གང་གི་ཡུལ་གྱུར་བ་དབང་པོའི་རིམ་པ་ལ་བསྟུན་པ་ལས་དམན་ལ་མཆོག་གི་ཆོས་བསྟན་ན་སྒྲོ་བསྐུར་གྱིས་དོན་ལོག །མཆོག་ལ་དམན་པས་ཤེས་རབ་སྒྲོགས་སུ་བཅུག་ནས་ལམ་མིན་དུ་འཁྱམས་པས་སློབ་མའི་རྒྱུད་བརྟོལ་བའམ་བརྟགས་ནས་གང་ལྟར་གྱི་ཚོད་ཟིན་པས་ཤེས་རབ་ཀྱི་སྤྱན་དང་ལྡན་པས། རྫོགས་ཆེན་གྱི་སྣོད་མཚན་ཉིད་པའམ་དེ་ལས་ནང་སེལ་དུ་ཡང་གང་ལ་གང་འཚམས་པར་བསྟན་ནོ། །ཞེས་པའི་དོན་ནོ། །དེ་ནས་གསང་འཆལ་དང་མ་རྟོགས་པའི་སྐྱོན་བསལ་ནས་གཞི་ལམ་འབྲས་བུ་དབྱེར་མེད་པའི་རང་བཞིན་བསྟན་པ་ནི། ཡེ༵་འབྱམས་ཕྱལ་བ་ཆེན་པོ་ཉིད། །དམ༵ན་པའི་སྣོད་དུ་བཅུད་མཆོག་ལྟར། །རང༵་གཞན་གཉིས་ཀ་ཉམས་ཉེས་པས། །རྩ༵་བའི་ལྟུང་བར་བག་ཟོན་མཛོད། ཡེ་འབྱམས་ཞེས་པ་ནི་སྟོང་ཉིད་དེ་སྐྱོན་དང་ཡོན་ཏན་གང་གིས་བསྒྱུར་བཀོད་མེད་པའི་ཕྱལ་བ་ཆེན་པོ་རང་བཞིན་རྣམ་པ་བཅུ་སོགས་ཀྱི་གཏན་ལ་ཕབ་པ་ཉིད་དམན་པའི་སྣོད་དུ་བཅུད་མཆོག་ཏུ་གྱུར་བ་བཞིན་དུ། རང་ལའང་གསང་སྒྲོགས་འབྱུང་བ་དང་། གཞན་དག་ལ་ཡང་ཕན་པ་མེད་པའི་སྟེང་དུ་གནོད་པའི་རྒྱུར་འགྱུར་བའི་དམ་ཚིག་ཉམས་པ་དང་གནོད་སྦྱིན་པའི་ཉེས་པས་གོས་པར་འགྱུར་བས། རྩ་བའི་ལྟུང་བ་བདུན་པའི་གནས་དང་སེམས་ཅན་བློས་བཏང་བ་དང་། ཡང་དག་པའི་ཆོས་ལའང་དཔང་ཟོས་པ་སོགས་ཚད་མེད་པའི་སྐྱོན་དམིགས་པ་ནི། ཇི་སྐད་དུ། གསང་སྔགས་སེང་གེའི་འོ་མ་འདྲ། །རིན་ཆེན་གསེར་སྣོད་མ་ལགས་པ། །སྣོད་གཞན་ཕལ་བར་བླུགས་གྱུར་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་རལ། །སྣོད་བཅུད་གཉིས་ཀ་མ་རུང་འགྱུར། །ཞེས་དང་། རྒྱུད་ཆེན་ཀུན་བྱེད་རྒྱལ་པོ་ལས། རྒྱུ་དང་འབྲས་བུ་ཐེག་པ་ཅན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན། །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །ཡང་དག་ང་ལ་སྒྲོ་དང་སྐུར་བཏབ་པས། །ཡང་དག་ང་དང་ཡུན་དུ་འཕྲད་མི་འགྱུར། །ཞེས་དང་། ང་ནི་སྤྱོད་ཡུལ་ཀུན་ལས་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོགས་དང་། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པའོ། །ཞེས་སོ། །དེ་བས་ན་གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པ་འདི་དག་ནི་བདུད་ཀྱིས་བསྟན་པ་དཀྲུགས་པར་ཤེས་ནས་བག་ཟོན་གྱིས་ཤིག །དེ༵་ཡང་ད་ལྟའི་ཤེས་པ་ཟེར། གཞི༵་བདུན་རང་བཞིན་བརྒྱད་གནས་པ། །མ༵་ཤེས་དག་གི་གཡོན་པོར་བལྟར། །ངོ༵་བོ་སྐུ་ལ་མཚན་མར་བལྟའ། །ར༵ང་བཞིན་འོད་ལ་རྒྱུ་རྐྱེན་བལྟ། །ཐུག༵ས་རྗེ་རིག་པ་སེམས་སུ་བལྟ། །དེ་ཡང་དེང་སང་ཨ་ཏིའི་བསྟན་པ་ཉམས་རྟགས་སུ་ད་ལྟའི་ཤེས་པ་འདི་རང་བྱུང་གི་ཡེ་ཤེས་སྤྲོས་པ་དང་བྲལ་པའོ་ཞེས་ཀུན་གྱི་ཁ་ཏོན་བྱེད་དེ། དེ་ནི་མ་ཡིན་པའི་ཚུལ་སེམས་དང་ཡེ་ཤེས་ཕྱེ་བས་ཁྱད་པར་གྱིས་ཀྱང་ཤེས་ལ་གཞན་ཡང་སྔ་ཕྱི་གཉིས་སུ་མི་འགྱུར་བའི་ཤེས་པ་ཞིག་མི་རྙེད་པས་ཡང་ན་ཡེ་ཤེས་མེད་སྨོས། ཡང་ན་ཤེས་པ་ཐམས་ཅད་རང་དུས་དེར་ད་ལྟའི་ཤེས་པ་མིན་པ་མི་རྙེད་པས་ཐམས་ཅད་ཡེ་ཤེས་ཡིན་གྱིས་དང་ལེགས་པ་ལས་གཞན་དུ་འགལ་འདུ་སྣ་ཚོགས་སུ་ཐལ་ལ། ཁ་ཅིག་གིས་ཐ་མལ་གྱི་ཤེས་པ་ཞེས་གསུངས་པ་ཡེ་ཤེས་མ་བཅོས་པའི་དོན་ཡིན་པ་མ་ཤེས་པར་ཐ་མལ་འཁྲུལ་པའི་སེམས་སུ་བལྟས་ནས་འདུག་གི །དེ་ལྟ་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་དེ་ལས་འཕགས་པའི་ཁྱད་ཆོས་རྡུལ་ཙམ་ཡང་མེད་ཅེས་བསྐུར་བ་འདེབས་ནས་དམ་པ་དོན་གྱི་གནས་ལུགས་སམ་རྟོགས་པའི་ཆོས་སྤངས་ནས་རྣལ་འབྱོར་བ་ཡིན་སྙམ་པ་དེ་ཚོའི་རྫོགས་ཆེན་གྱི་རྒྱུད་ནས་གསུངས་པའི་གཞི་ལྷུན་གྲུབ་དང་། མ་ངེས་པ། ངེས་པ་དོན། ཅིར་ཡང་བཏུབ་པ། ཅིར་ཡང་ཁས་ལེན་དུ་བཏུབ་པ། སྣ་ཚོགས་པ། ཀ་དག་པའི་ཕྱོགས་རེར་འཛིན་པའི་སྐྱོན་གྱི་ཆར་གོལ་སར་བཞག་པའང་ཅེ་རེ་ལོང་དུ་ཐལ་ཞིང་། གཞན་ཡང་མུ་ཏིག་ཕྲེང་བ་ལས། ངོ་བོ་རང་བཞིན་ཐུགས་རྗེ་དང་། །ངང་དང་རང་བཞིན་བདག་ཉིད་ཆེ། །ཀ་དག་ཉིད་དང་ལྷུན་གྲུབ་དང་། །སྤྱི་བའི་གཞི་དང་འཁྲུལ་གཞིའོ། །ཞེས་རང་བཞིན་བརྒྱད་དུ་གནས་ཏེ། ངོ་བོ་སྐུར་བཞུགས། རང་བཞིན་འོད་དུ་བཞུགས། ཐུགས་རྗེ་རིག་པར་བཞུགས་པའི་ངང་ཉིད་ཤུགས་ལས་བྱུང་བ་རང་བཞིན་མ་བཅོས་པར་ཀུན་སྣང་བ། བདག་ཉིད་ནི་ཁྱབ་གདལ་འུབ་ཆུབ་ཆེན་པོ། དྲི་མ་དང་བྲལ་པའི་ཀ་དག་ལྷུན་གྲུབ་སྣ་ཚོགས་སུ་འབྱུང་བའི་སྤྱི་གཞི་དང་གྲོལ་འཁྲུལ་གྱི་གཞིར་ཡང་འགྱུར་བ་དག་ཀྱང་མི་ཤེས་པར་འཁྲུལ་གཞི་ལ་གྲོལ་གཞིར་ངོས་ཟིན་པའི་རྣལ་འབྱོར་བ་ཁྱེད་ཅག་རང་བཞིན་ལས་གཡོན་དུ་སྟེ་གཞན་དུ་ལོག་པར་འཁྱམས་ཞིང་མངོན་པའི་ང་རྒྱལ་ལ་ཡིན་སྙམ་དུ་བལྟ་བ་ཞིག་གོ །ཡང་ངོ་བོ་སྐུར་བསྟན་པའི་ཁ་མིག་དང་རྣ་བ་དོད་པའམ། རང་བཞིན་འོད་དུ་བསྟན་པས་འོད་རང་མཚན་པར་བལྟ། དེའི་རྟགས་ཀྱི་འོད་དང་ཐིག་ལེའི་སྣང་བའང་མིག་གི་སྤུ་ལས་རྐྱེན་ཉི་ཟླའི་བསྐྱེད་པར་བལྟ་བ་དང་། ཐུགས་རྗེ་འགགས་མེད་སྤྲོས་བྲལ་དུ་བཤད་པ་ཡེ་ཤེས་རྒྱུན་ཆད་དུ་བལྟ་ལ། རིག་པ་སེམས་སུ་བལྟས་ནས་ད་ལྟའི་ཐ་མལ་གྱི་ཤེས་པའམ་རྟོག་པ་ཟང་ཀ་མ་འདི་ཡེ་ཤེས་སུ་ངོས་འཛིན་པ་ལ་རིམ་པ་བཞིན། རང་ཤར་ལས། གལ་ཏེ་མཚན་མ་ཡོད་གྱུར་ན། །ཆོས་སྐུ་བཟུང་དུ་ཡོད་པར་འགྱུར། ཞེས་དང་། །མཚན་མ་ཅན་དུ་ལྡོག་པས་ན། །ཆོས་སྐུ་གཟུགས་སུ་ཡོད་པར་འགྱུར། ཞེས་དང་། ཤེས་བྱའི་ཡེ་ཤེས་གཉིས་མེད་ན། །བེམ་པོ་རྣམས་དང་ཁྱད་ཅི་ཡོད། །ཅེས་དང་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཡེ་ཤེས་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། ཞེས་སོ། གང༵་དུ་མ་ཕྱེའི་འཆར་གཞི་དང་། རྨ༵་བྱའི་ཕྲུ་གུ་སྒོང་རྒྱར་གནས། །སྤྲིན༵་མེད་མཁའ་དག་ཀློང་ཡངས་གསུམ། །གཤིས༵་ཀྱི་བབས་ཏེ་དེའི་རྒྱུར་མཚོ༵ན། །དེའི་དོན་ནི། ཀ་དག་གི་གནས་ལུགས་ཉིད་སྤྲོས་པ་གང་དུའང་མ་ཕྱེད་པའི་སྟོང་ཉིད་ཆེན་པོ་ཆོས་ཟད་མིང་མེད་གཏིང་གསལ་གཞོན་ནུ་བུམ་པ་སྐུའི་བདག་ཉིད་དུ་བཞུགས་པ་དང་། ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་མ་ལུས་པ་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོའི་འོད་ལས་འདས་པའི་ཡེ་གདངས་སྐུ་ལས་འདས་པའི་རང་གདངས་དང་རྣམ་རྟོག་ལས་འདས་པའི་རིག་གདངས་སུ་ཤར་བའི་འོད་ལྔ་རང་གནས་པའོ། །ཐུགས་རྗེའི་རང་བཞིན་ནི་སྤྲིན་མེད་པའི་ནམ་མཁའ་ལྟར་རྣམ་དག་ཆེན་པོ་དང་མཁྱེན་པ་མ་འགགས་ཡུལ་ཡུལ་ཅན་དུ་ཞེན་འཛིན་དང་བྲལ་བ་ལ་ཤེས་བྱའི་ཡེ་ཤེས་རྣམ་གཉིས་སུ་བཞུགས་པའོ། །ད་ལྟ་གཞི་ལས་འཕགས་པའི་དུས་ན་རིག་པ་ལུས་པ་གནས་པའི་ངོ་བོ་སྐུར་བཞུགས་པའི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་དང་དུང་ཁང་བྷནྡྷའི་གཞལ་ཡས་ཁང་གཉིས་ན་འཆར་གཞི་དང་གདངས་ཀྱི་སྐུར་གནས། རང་བཞིན་འོད་དུ་བཞུགས་པའི་ཐིག་ལེ་སྟེ། རྩ་རྣམས་ན་ཆེ་བའི་ཚད་ནམ་མཁའི་མཐའ་དང་མཉམ་པ་ཆུང་བའི་ཚད་རྟ་རྔ་བཅུ་གཤག་ཙམ། གསལ་བའི་ཚད་ཉི་ཟླའི་དཀྱིལ་འཁོར་ལྟར་གཟི་བརྗིད་ལྡན་པར་གནས་པའོ། །ཐུགས་རྗེ་ནི་སྒྲོན་མ་རྣམ་པ་བཞིར་གནས་སོ། །འཇམ་དཔལ་མཚན་བརྗོད་ལས། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་ལ་སོགས་པའི་དོན་ཏོ། །ཡང་ད་ལྟ་རིག་པའི་ཡེ་ཤེས་དབྱིངས་དང་འདུ་འབྲལ་མེད་པའི་བདག་ཉིད་དམ་པ་ཉིད། འོད་ཀྱི་གོང་བུ་ན་བཞུགས་པ་དེ་གཞི་ལས་འཕགས་པའི་གཞི་སྣང་ཐམས་ཅད་པའི་བཞུགས་ཚུལ་ཡིན་པས་རྨ་བྱའི་ཕྲུ་གུ་སྒོང་རྒྱར་གནས་པ་ལྟ་བུ་དང་། དེ་བཞིན་དུ་གྱུར་བའི་རིག་པའི་ཡེ་ཤེས་ཉིད་ལ་གཟུང་འཛིན་གྱི་རྣམ་པ་རང་ཟད་ཅིང་མཁྱེན་པར་ལྡན་པས་སྤྲིན་མེད་པའི་ནམ་མཁའ་དག་པ་ཀློང་ཡངས་དུ་ཉི་མའི་འོད་ཟེར་འབར་བ་ལྟ་བུ་རྣམས་ཀྱི་ཚུལ་བཤད་པ་འདི་དག་ནི། སྔ་མ་གསུམ་གཞིའི་ཡེ་ཤེས་གསུམ་བརྩེགས་དང་། ཕྱི་མ་གསུམ་གཞི་སྣང་དུ་ཤར་བའི་དུས་སུ་ལུས་གྲུབ་ཀྱི་ཡེ་ཤེས་སུམ་བརྩེགས་ཀྱི་གནས་ལུགས་སྔ་མ་སྤྱི་མོ་དང་ཕྱི་མ་ཐོད་རྒལ་བསྒོམ་པའི་ཆེད་གར་དུ་ཤེས་བྱའི་གཞིའོ། །ཡང་སྔ་མ་གསུམ་གྱི་ཚུལ་བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་དང་ཀློང་དྲུག་པ་རང་ཤར་གྱི་རྒྱུད་སོགས་སུ་རྒྱས་པར་བསྟན་ལ། ཕྱི་མ་འདི་ཕྲ་བཀོད་ཀྱི་རྒྱུད་དང་། རིག་པ་རང་ཤར་ན་གསུངས་པ་དང་། རྩལ་རྫོགས་ལས། གཞི་ལ་གནས་པའི་རིག་པ་ནི། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །དཔེར་ན་རྨ་བྱའི་སྒོང་ང་བཞིན། །ལམ་ལ་འཆར་བའི་རིག་པ་ནི། །དཔེར་ན་འཇའ་ཚོན་ལྟ་བུར་བསྟན། །མཐའ་ལ་འཁྱོལ་བའི་རིག་པ་ནི། །རྨ་བྱའི་ཕྲུ་གུ་སྒོང་རྒྱ་ལས། །བརྟོལ་ཏེ་ཐོན་པ་ལྟ་བུའོ། །ཞེས་སོ། །སྔ་མ་གསུམ་གཤིས་ཀྱི་བབས་དང་། ཕྱི་མ་གསུམ་དེ་རྒྱུར་གྱུར་བ་ལས་གཤིས་མཚོན་པར་ཤར་བ་གནད་གཟིར་བས་བསྟན་དུ་ཡོད་པའི་གཞིའོ། །འོ་ན་དཔེ་དང་དཔེ་ཅན་ལས་རང་བཞིན་ཐ་དད་པའམ་སྙམ་ན་དེ་ནི་མ་ཡིན་ཏེ། གོང་མ་ནི་རགས་པའི་ས་ལས་འདས་པའི་གཞི་རང་བཞིན་གྱི་གནས་ལུགས་དེ་ལ་གསལ་བ་ཕྱིར་མི་མངོན་ཀྱང་བྱད་དང་གཟུགས་བརྙན་བཞིན་གནས་སྣང་གི་དབང་ཆེད་དུ་དེ་སྐད་བརྗོད། གནས་སྣང་མི་མཐུན་ན་གཞིར་མི་འགྱུར་རོ་སྙམ་ན། གཞི་དེ་དཔེར་ན་ཉི་མ་སྤྲིན་གྱིས་སྒྲིབ་པ་ན་མི་མངོན་ཀྱང་གདངས་སྣང་བའི་མུན་མི་རུབ་པ་ལྟ་བུའོ། །ད་ལྟའི་དེ་ཉིད་ནི་སྣང་བ་ལྟ་བུའོ། །དངོས་གཅིག་སྒྲིབ་པས་སྒྲིབ་པ་ཤེལ་གོང་རྡུལ་དང་ལྡན་པ། དེ་དང་བྲལ་བའི་ཇི་བཞིན་པའི་གནས་སྐབས་ལྟ་བུར་ཤེས་དགོས། འདི་དག་ནི་རང་བཞིན་རྫོགས་པ་ཆེན་པོའི་གནད་ཤིན་ཏུ་ཟབ་པ་གོ་སླ་བ་མ་ཡིན་པ་སྟེ། དེ་དཔྱད་སྒོ་ཙམ་ལས་མཐར་མ་ཐུག་པ་གཞི་ཆུང་བ་ལས་མེད་པ་མིན་ནོ། །འོ༵ད་གསལ་ཐོད་རྒལ་ཆེན་པོ་ལ། །དགོང༵ས་ཀློང་ཀྱིས་ལྡོག་དྲུག་ཅུའི་ཚོགས། །རྣ༵མ་པ་ལྔ་ཡི་གྲོལ་ཆིངས་ལྔ། །དབ༵ང་དུ་མ་འདུས་དཔེ་དོན་རྟགས། །མཁ༵འ་དང་ཆོས་ཉིད་འོད་ཀྱི་ཕྱེ། །ཏེ༵་བོར་རིག་ཅན་མཆོག་གིས་ཀྱང་། །བད༵ག་བཞིན་ཡེ་འབྱམས་དོན་ལ་བརྩོན། །ཞེས་པའི་དོན་ནི། ཁྱད་པར་དུ་འོད་གསལ་ཐོད་རྒལ་ཆེན་པོའི་རང་བཞིན་ལ། མིག་གི་བལྟ་བ་ཙམ་དང་གཟུགས་ཙམ་མཐོང་བ་ལས་གྲོལ་བར་འདོད་པ་ནི་འོལ་སྤྱི་ཙམ་ལ་ཞེན་ནས་སྨྲ་བ་སྟེ། ཐ་ན་རིག་སྔགས་ཙམ་ལའང་རྣོ་མདེའུ་དགོས་པ་ལ་ལྟོས་ཤིག །དེའི་ཕྱིར་ཐ་ན་འདི་ཙམ་ཤེས་དགོས་ཏེ། རི་བོ་སྤྱི་ཆིངས་ཀྱི་དགོངས་པ་ནི་སེང་གེ་རྣམ་བསྒྱིང་ལྟ་བུ་ནི་དབྱིངས་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་སྤྲོས་བྲལ་དུ་ལ་བཟློས་ཏེ་འཁྲུལ་སྣང་ཟིལ་གྱིས་གནོན་པའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི་རིག་པའི་རྩལ་དབང་རང་ལ་རྫོགས་པའི་རང་གནས་ཀྱི་ཡེ་ཤེས་ངོས་ཟིན་ནས་ཆོས་ཉིད་དུ་ས་ཟིན་པ་རྒྱལ་རིགས་སྤྱི་བོ་ནས་དབང་ཐོབ་པ་ལྟ་བུ། ཐིག་ལེ་མཐོང་བརྟོལ་གྱི་དགོངས་པ་ནི་བར་དོའི་སྣང་བའི་མཐོང་རང་རིག་དུ་བརྟོལ་ནས་སངས་རྒྱས་དེ་སྔར་བསྟན་པའི་འབྲས་བུའི་དུས་ཀྱི་རིག་པའི་གནས་ཚུལ་ལ་དབང་ཐོབ་པའོ། །ཉི་ཟླ་ཁད་མཉམ་གྱི་དགོངས་པ་ནི། སྣང་སྟོང་མཉམ་ཉིད་ཆོས་ཟད་ཀྱི་དགོངས་པ་ཡེ་ཤེས་རང་གསལ་མཐར་སྐྱེལ་བ་ཉིད་དོ། །རྒྱ་མཚོ་ཀློང་རྡོལ་གྱི་དགོངས་པ་ནི། རང་གནས་ཀྱི་བསམ་གཏན་ལ་གནས་ཏེ་ཀ་དག་གི་བཙན་ས་བཟུང་ནས་རང་སྣང་ཡེ་ཤེས་སུ་གསལ་བའོ། །དེ་དག་ཀྱང་དབང་པོའི་རིམ་པས་རབ་འབྲིང་ཐ་གསུམ་ལ་ལྟ་བསྒོམ་སྤྱོད་འབྲས་བཞི་རེ་འཆར་ཚུལ་ཡོད་པའི་དགོངས་ཀློང་ལྔ་ལ་དབྱེ་ན་དྲུག་ཅུར་ཡོད་པ་ལ་བསྡུ་ན་ལྔ་བོ་འདིར་འདུས་སོ། །ཚུལ་དེ་རྩལ་རྫོགས་ལས། རི་བོ་སྤྱི་ཆིངས་གི་དགོངས་པ་ནི་སེང་གེ་རྣམ་པར་བསྒྱིངས་ལྟ་བུའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །ཐིག་ལེ་མཐོང་རྡོལ་གྱི་དགོངས་པ་ནི་རྨ་བྱའི་ཕྲུ་གུ་སྒོང་རྒྱ་ནས་ཐོན་པ་ལྟ་བུའོ། །ཉི་ཟླ་ཁད་མཉམ་གྱི་དགོངས་པ་ནི་ཉི་མ་དང་ཟླ་བ་གཉིས་མེད་དུ་སྙོམ་པར་ཞུགས་པ་ལྟ་བུའོ། །རྒྱ་མཚོ་ཀློང་རྡོལ་དགོངས་པ་ནི་རི་རབ་ཀྱི་མགུལ་ནས་ཉི་མ་ཤར་བ་ལྟ་བུའོ། །ཞེས་པའི་དགོངས་པ་ལྔའི་གྲོལ་བའི་ཆིངས་ལྔར་བཞུགས་པ། ཉམས་འོག་དུ་མ་ཆུད་ནས་དབང་དུ་མ་འདུས་པ་དང་། གཞན་ཡང་དཔེ་ནི་ནམ་མཁའ་ལྟ་བུ། དོན་ཆོས་ཉིད་སྤྲོས་བྲལ་སྐྱེ་བ་མེད་པ། རྟགས་ཐིག་ལེའི་སྣང་བ་འགྱུར་བ་མེད་པར་གནས་པ་དག་ཀྱང་། ཀུན་མཁྱེན་ཆེན་པོའི་མན་ངག་མཛོད་དུ་བསྟན་པ་ནི། དཔེ་ནི་མཁའ་ལྟར་རྣམ་དག་ཆོས་ཀྱི་སྐུ། །རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ཡིན། །དོན་ནི་འོད་གསལ་རང་དག་ལོངས་སྤྱོད་རྫོགས། །ཡེ་ནས་ལྷུན་གྲུབ་འདུས་མ་བྱས་པ་ཡིན། །རྟགས་ནི་རང་འོད་ངོས་སྣང་སྤྲུལ་པའི་སྐུ། །སྒྲོན་མ་རང་གསལ་ཡིད་ཆེས་བསྐྱེད་པ་ཡིན། །ཞེས་དང་། ཀུན་བྱེད་ལས། དཔེ་ནི་ནམ་མཁའ་ལྟ་བུ་ལ། །རྟགས་ནི་དབྱིངས་རིག་འགགས་པ་མེད། །དོན་ནི་རང་གི་རིག་པའོ། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །ཞེས་པ་འདི་དག་གི་ཚུལ་གྱིས་རྣམ་པར་ཕྱེ་བའི་སྒོ་ནས་ཏེ་བོར་སྟེ་དམ་པའི་རིགས་ཅན་ཁྱེད་ཀྱིས་ཀྱང་བདག་བཞིན་དུ་ཡེ་འབྱམས་སྟོང་ཉིད་རྨད་དུ་བྱུང་བའི་གནས་ལུགས་ལ་གཞལ་ཞིང་ཤེས་པའི་དོན་ལ་བརྩོན་པར་གྱིས་ཤིག་ཅེས་གདམས་ངག་གོ །དེ་ནས་ཆོས་ཉིད་ཅི་བཞིན་པའི་གཤིས་ཅེར་མཐོང་དུ་བསྟན་པ་འདི་ལྟ་སྟེ། དེ༵་ལྟར་མཆིས་ན་གམ་ཡོ་མིན། ཟ༵ང་ཐལ་ཅིག་རྫོགས་འབྲེལ་རྒྱུན་ཆོད། ཡོ༵ད་མིན་མེད་མིན་གཉིས་གཉིས་མིན། །ག༵ང་མིན་ཅི་མིན་བསམ་མིན་གྱི། བྱེད༵་པོ་མ་ཡིན་བློས་མི་རྟོགས།ར༵ང་སར་བཞག་ན་འབྲལ་བ་མེད། བརྟག༵ས་དཔྱད་གཏན་ཚིག་གིས་མི་མཚོན། །རྗེན༵་པར་བྱིན་རླབས་སྟོབས་ཀྱིས་ཏེ། ཞེས་པའི་དོན། དེ་ལྟར་གཞི་ཡི་མཚན་ཉིད་ཅི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་ནས་གདེངས་སུ་གྱུར་ན་དེང་དུས་ཀྱི་སྒོམ་ཆེན་པ་ལྟར་དཔེར་ན་ངོ་བསྲུང་ངམ་གམ་ཡོ་ཙམ་སྔ་སོ་ན་ཡོད་ཀྱང་རྒྱབ་སོ་ན་མེད་པ་ལྟ་བུ་མིན་པར་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེ་ཡང་མངོན་སུམ་གྱི་མཐོང་བའི་ངོ་བོ་ནི་སྤྲོས་པའི་མཐའ་ལ་མི་གནས་པའི་ཟང་ཐལ། དམིགས་པའི་རྣམ་པ་མི་སྤྱོད་པས་ཀྱང་ཟང་ཐལ། གཟུང་འཛིན་གྱི་ཡུལ་དུ་མ་སོང་བས་ཟང་ཐལ། སྟོང་བ་ལ་བློ་ཕུག་མི་ལྟོས་པས་ཟང་ཐལ་པ། ཆགས་ཐོགས་དང་དབྱེན་པོར་རྗེས་མི་བསྟི་བས་ཟང་ཐལ་བ། ས་བཅུ་ལམ་ལྔ་འབྲས་བུའི་ཆོས་ཉེར་ལྔ། གཞིའི་ཆོས་ཐམས་ཅད་དང་བཅས་པ་གཅིག་རྫོགས་སུ་ལྷུན་གྱིས་གྲུབ་པས་རང་ཞལ་ལས་མི་གཡོ། འདས་པའི་སེམས་ལ་ཡར་མ་འབྲེལ། མ་འོངས་པ་ལ་མར་མ་འབྲེལ། ད་ལྟའི་སེམས་ལ་འབྲེལ་རྒྱུན་ཆོད་པ་ནི་དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཡིན་པས། ཀློང་དྲུག་པ་ལས། འདས་པའི་དྲན་པ་རྣམས་མཚམས་བཅད་པ་དང་། མ་འོངས་པའི་དྲན་པ་རྣམས་མགོ་མནན་པ་དང་། ད་ལྟར་གྱི་དྲན་པ་ཉིད་རང་ཡལ་དུ་བཏང་བ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཞེས་བྱའོ། །འདས་པའི་སེམས་ལ་ཕུག་མི་གཏད། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་བློ་མི་གཏད་པ་ནི་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །ཞེས་སོགས་དུས་གསུམ་འབྲེལ་ཐག་བཅད་པའི་གནད་བཅུ་ཤུགས་ཀྱིས་འབྱོར་བས་ལྷུན་གྲུབ་རིག་པ་དེ་ཡང་ཡོད་ཡོད་པོ་དང་མེད་མེད་པོ་ཞིག་དུ་བཟུང་ན་དངོས་འཛིན་དང་སྟོང་ཉིད་དངོས་པོར་གོལ་བའམ་གསོ་རུ་མེད་པའི་ལྟ་བ་གང་རུང་དུ་འགྲོ་སྟེ། མགོན་པོ་ཀླུའི་ཀྱང་། ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་དུ་མེད་པར་གསུང་། །ཞེས་དང་། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིགས་སྔགས་ཉེས་པར་སྒྲུབ་པ་བཞིན། །ཞེས་པ་དང་། ས་ར་ཧས། གང་ལ་འཛིན་པ་ཡོད་ན་དེ་ཡང་ཐོང་། །ཞེས་པས་དོན་གྱི་དམིགས་པ་རབ་ཏུ་ཞི་བའི་དབུ་མ་ཆེན་པོ་ལ་མཉམ་པར་འཇོག་ཞིང་འབྱམས་ཀླས་པར་བྱེད་པ་ཉིད་ཀླུའི། སྟོང་དང་མི་སྟོང་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། །ཇི་སྐད་དུ། ཡོད་དང་མེད་དང་ཡོད་མེད་ཞེས་། །གང་ལ་མཐའ་ནི་ཡོད་མིན་པ། །ཞེས་པའི་དོན་གཤིས་ཐོག་ཏུ་ཕེབ་པ་ནི། སྣང་བས་ཡོད་མཐའ་སེལ། །སྟོང་པས་མེད་མཐའ་སེལ། ཕུང་པོ་གསུམ་པའི་ཆོས་ནི་འགལ་འདུར་ངེས་པའི་གྱེར་བའི་ཅི་ཡང་མིན་པར་མཐའ་གྲོལ་དུ་ལ་ཟློས་ཏེ་ཕྱི་རོལ་བས་བསམ་མིན་གྱིས་བྱེད་པོ་ལྟ་བུའང་མ་ཡིན་པར་བློས་རྟོགས་པའི་རྣམ་དཔྱོད་རྗེས་དཔག་གིས་མི་མཚོན་པར་སོ་སོ་རང་རིག་པའི་ཡེ་ཤེས་རྣམ་རྟོག་གིས་མི་བསྐྱོད་པའི་རོལ་བ་གཞི་ཐིམ་དུ་བཞག་པའི་རང་སོར་མཐོང་བ་མངོན་སུམ་པའི་ཡུལ་ཡུལ་ཅན་དབྱེར་མེད་གཉིས་སྣང་ནུབ་པའི་སྤྱོད་ཡུལ་ཡེ་ནས་འབྲལ་བ་མེད་པར་གཟིགས་པ་དག་པའི་ཡུལ་དུ་གྱུར་བའོ། །དེ་ལས་རྣམ་གཅོད་བརྟགས་དཔྱད་དང་རྟགས་དང་གཏན་ཚིག་གིས་སེལ་བའི་ཚུལ་དུ་མེད་དང་མ་ཡིན་དགག་སོགས་འདོད་པས་རྟགས་ཀྱི་མི་མཚོན་གཏན་ཚིགས་ཀྱིས་མི་གཞོལ་པ་ནི། སྲས་སྒྲ་གཅན་འཛིན་གྱིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། སོགས་དང་། ཞི་བ་ལྷའི། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་འཁྲུལ་པར་བརྗོད། །ཅེས་དང་། རྒྱལ་བ་ཀློང་ཆེན་རབ་འབྱམས་བཟང་པོའི་ཞབས་ཀྱིས། ཚིག་གིས་མཚོན་པའི་སྤྱོད་ཡུལ་མ་ཡིན་ཏེ། །ཤེས་རབ་ཀློང་རྡོལ་སོ་སོ་རང་རིག་ཡུལ། །ཞེས་དང་དེའི་འགྲེལ་བར། རྨད་བྱུང་རྒྱལ་པོས། བསམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །བསམ་དང་བརྗོད་པར་གཏན་ལ་ཕེབས་པ་མེད། །ཅེས་དང་། རྩལ་རྫོགས་ལས། བསམ་པས་ཡེ་ཤེས་དོན་མི་རྙེད། །བསམ་པས་ཡེ་ཤེས་དོན་རྙེད་ན། །རང་བྱུང་ཡེ་ཤེས་རྫུན་པར་འགྱུར། ཞེས་དང་། རང་ཤར་ལས། དེ་ཡང་ཡེ་ཤེས་དོན་ཉིད་རྟོགས། །རྟོགས་པས་ཡེ་ཤེས་དོན་དང་འཕྲད། །མཐོང་བ་ཉིད་ལ་དཔེ་གཞན་མེད། །དཔེ་མེད་རང་བྱུང་ཡེ་ཤེས་ཉིད། །གང་གི་མ་གོས་ཕྱོགས་དང་བྲལ། །ཞེས་དང་། འདས་དང་མ་འདས་ཚིག་ལས་འདས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ཡོད་དང་མེད་པ་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་བསྒོམ་དང་སྤྱོད་པས་ནི། །དེ་ཡིན་དོན་རྣམས་ཤེས་མི་འགྱུར། །ཞེས་པས་ན་དེང་སང་གི་འདང་བ་རྣམས་ཀྱི་མི་རྟོགས་ངེས་པ་ཅན་ནོ། །འོ་ན་ཅི་ལྟར་ཞེ་ན་བླ་མ་དམ་པའི་བྱིན་རླབས་ཀྱི་ཉི་མ་སྙིང་ལ་ཤར་བས་སྒྲིབ་པའི་མུན་པ་བསལ་མུན་ཁུང་གི་རྫས་གསལ་བ་ལྟར་སེམས་ལས་འདས་པའི་ཡེ་ཤེས་རྗེན་ཅེར་དུ་ཡོངས་གཅོད་ལ་མཐོང་ངོ་ཇི་ལྟར་ན། སྔར༵་མེད་གསར་དུ་སྐྱེས་པ་མིན། །སེམ༵ས་ལས་མ་བྱུང་སངས་རྒྱས་དང་། །རྒྱུ༵་ལས་མ་བྱུང་འབྲས་བུ་དང་། ལུང༵་ལས་མི་བྱུང་མན་ངག་ཞེས། །རྒྱུད༵་སྡེ་མཆོག་གི་ལམ་ལ་གྲགས། །དེ་ཡང་བླ་མའི་བྱིན་རླབས་ཀྱིས་སྔར་མེད་གསར་དུ་སྐྱེས་པ་མ་ཡིན་པར་ཡེ་ནས་འདུ་འབྲལ་མེད་པར་རང་ལ་ཡོད་པ་མཐོང་བ་ནི། ཀུན་མཁྱེན་གྱིས། ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཞེས། །ཞེས་དང་། རྒྱུད་ལས། ཡེ་ཡོད་དང་པོའི་སངས་རྒྱས་མཐོང་། །ཞེས་སོ། །དེ་ཡང་ཚོགས་བསགས་སྒྲིབ་སྦྱངས་སོགས་རྒྱུ་ལས་མ་བྱུང་བའི་ཡེ་ཤེས་སམ་འབྲས་བུ་ཡིན་ཏེ། ཀུན་བྱེད་ལས། རྒྱུ་ལས་བཙལ་བའི་འབྲས་བུ་འབྱུང་ཟེར་བ། །དེ་ནི་རྒྱུ་འབྲས་ཐེག་པའི་དྲང་ལུང་ཡིན། །རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་ཏེ། །ཐམས་ཅད་བསྐྱེད་པའི་གཞན་ནས་ཆོས་འབྱུང་མེད། །ཅེས་པ་དང་། དེ་བཞིན་དུ་འགའ་ཞིག་གི་སེམས་སངས་རྒྱས་ཡིན་ཟེར་བ་དེ་དག་གི་རྫོགས་པ་ཆེན་པོའི་ཕྱོགས་ཙམ་མི་ཤེས་པ་སྟེ། རིག་པ་རང་ཤར་ལས། གལ་ཏེ་སེམས་མེད་སངས་རྒྱས་ཉིད། ཁྱོད་ཀྱིས་རྙེད་པར་གང་གི་འགྱུར། །དེ་ལ་དྲིས་ལན་རྒྱས་བཏབ་པ། །སེམས་ལ་འབྲས་བུ་མི་འཚོལ་ཏེ། །སེམས་ལ་སྣ་ཚོགས་འབྱུང་བའི་ཕྱིར། །ཞེས་དང་། སེམས་ལ་འབྲས་བུ་མི་འདོད་དེ། །རིག་པའི་ཡེ་ཤེས་ཡོད་པའི་ཕྱིར། །ཞེས་དང་། མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་པའི་དོན་ཏོ། །དེའི་ཕྱིར་ན་སེམས་ལས་མ་བྱུང་བའི་སངས་རྒྱས་སུ་གྲུབ་པ་ནི་རིག་པ་ཡེ་ནས་མ་འཁྲུལ་པའི་སངས་རྒྱས་སུ་བཞུགས་པས་སོ། །ལུང་ལས་མ་བྱུང་བའི་མན་ངག་ནི་གོང་དུ་བསྟན་པ་ལྟར། རྒྱ་མ་ལས་ཀྱི་ལུང་ཡེ་ཤེས་ལྷའི་ལུང་ ༼ བྱ་བྲལ་རྫོགས་པའི་ལུང་། མཆན། ༽ལས་མ་བྱུང་བའི་རང་གི་རིག་པར་བྱ་བ་ནི་རྒྱུད་བླ་མ་ལས། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་ཐུན་མོང་དང་། རང་ཤར་ལས། ལུང་དང་རིགས་པའི་སྤྱོད་ཡུལ་མིན་སོགས་པའི་དོན་ཏེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་བྲལ་ཞི་བ་མཆོག་གི་ལམ། །ཞེས་སོ། །དེ་དག་རྒྱུད་གང་ན་གསལ་ཞེ་ན། །ཐལ་འགྱུར་ལས། གཞན་ཡང་བཅོས་མེད་ལྟ་བ་བཤད། །ཆོས་ལས་མ་བྱུང་སངས་རྒྱས་པ། །རྒྱུ་ཡིས་མ་བསྐྱེད་འབྲས་བུ་རྫོགས། །རྐྱེན་གྱིས་མི་འཇིག་ལུས་བླང་སྟེ། །ལུང་ལས་མ་བྱུང་གྲུབ་པའི་མཐའ། །རྒྱུད་ལ་མ་བརྟེན་མན་ངག་གི ། མྱ་ངན་འདས་པའི་རྩ་བ་ཆོད། །ཅེས་རྒྱུད་སྡེ་བཅུ་བདུན་གྱི་རྩ་བ་ལས་གསུངས་སོ། །དེ་ལྟ་བུའི་བཅོས་མེད་ཀྱི་ལྟ་བ་བྱ་བྲལ་ཀློང་ཆེན་དག་པ་ནི་རིག་པ་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་དེའི་རང་བཞིན་ནི། སལ་གྱི་གསལ་ཡང་གཟུང་འཛིན་མེད། །བ༵ག་ཆགས་པ་དང་ཡེ་གཞི་དོན། །སྦྱོར༵་བ་དོན་གྱི་ཀུན་གཞི་ལས། །གཞ༵ན་ཚོགས་སྡུད་བཅས་སྤངས་བའི་ས། །སྤང༵ས་བའང་ཆེད་མིན་བབ་ཀྱི་དོན། །འཆི༵་མེད་གཉུག་མའི་དོན་དམ་པ། །གཞི༵་ལམ་འོད་དུ་གནས་པ་ལ། །འབྲས༵་བུ་མཐོང་བརྡོལ་དེ་ཀའོ། །ཞེས་པའི་དོན་ནི། རིག་པའི་ཡེ་ཤེས་འགགས་པ་མེད་པས་སལ་གྱིས་གསལ་ཡང་གཟུང་འཛིན་གྱི་སྤྲོས་པ་ཐ་དད་དུ་མེད་པས་རྒྱུ་བའི་དབང་པོ་ཀློང༵་ཆེན༵་པོ་ཆོས་ཉིད་ཀྱི་དོན་ར༵བ་ཏུ་མི་གནས་པའི་དབུ་མ་ཆེན་པོ་ལ་འབྱམ༵ས་སུ་ཀླས་པ་མངོན་སུམ་པའི་གཤིས་ཐོག་ཏུ་ཕྱིན་པས་མ་རྟོགས་ལོག་རྟོགས་སོགས་སྐྱོན་གྱི་ཆ་དག་པའི་ཡོན་ཏན་གྱི་དཀྱིལ་འཁོར་གང་བས་བཟང༵་པོར༵་གྱུར་ཞིང་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་སྐུ་ཆེན་པོར་སངས་རྒྱས་ཀྱང་བརྩེ་བའི་ཐུགས་རྗེའི་སེམས་ཅན་རྗེས་སུ་མི་འདོར་བའི་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་རིང་བསྲེལ་དུ་བཞག་པ་ཐེག་པའི་མཆོག་ཏུ། རིག་པའི་དག་སྣང་འདས་པ་མ་མཐོང་། འཁྲུལ་སྣང་འཁོར་བ་མ་མཐོང་། འཁོར་འདས་ཀྱི་རིག་པ་མ་མཐོང་། ཞེས་པས་ཀུན་གཞི་དང་སེམས་ལས་དོན་དཔག་གི་རང་བཞིན་རྣམ་མང་གི་གཙོ་བོ་བཟུང་ནས་ཀུན་གཞི་དང་ཕྱེད་པར་འདོད་པ་སྟེ། ཀུན་གཞི་ལ་འཁོར་བའི་བག་ཆགས་སྣ་ཚོགས་པ་འཛིན་པས་ཀུན་གཞི་སྟེ། ཡེ་དོན་གྱི་ཀུན་གཞི་ཐོག་མེད་ཀྱི་མ་རིག་པའི་ཁྱབ་པ་དང་། ལུས་ཀྱི་ཀུན་གཞི་ལུས་སུ་བག་ཆགས་པ། སྦྱོར་བ་དོན་གྱི་ཀུན་གཞི་སྲིད་པའི་ཀུན་སྦྱོར་གྱི་ལས་གསོགས་པ་སྟེ་མདོར་ན་གནས་དོན་ལུས་ཀྱི་བག་ཆགས་ཀྱིས་འཁོར་བའི་ཆོས་གཞན་སྣ་ཚོགས་པའི་འཁྲུལ་འཁོར་སྡུད་བ་ནི་ཀུན་གྱི་གཞིའོ། །ཆོས་སྐུ་རིག་པའི་ཡེ་ཤེས་ནི། སྤྲོས་པ་དང་བྲལ་བ་འཁྲུལ་སྣང་རང་གར་འཛིན་པའི་མཚན་མ་མེད་པ་ངོ་བོ་སྟོང་པ་དྭངས་གསལ་དབྱེར་མེད་པ་སྐུ་གསུམ་གྱི་ཁྱད་པར་འཇུག་པ་ཟག་པ་མེད་པ་སེམས་དང་ཡིད་དང་རྣམ་རྟོག་ལ་སོགས་པ་རྣམ་པར་བྲལ་བའོ། །ཐལ་འགྱུར་ལས། དེ་ལ་རེ་ཞིག་ཀུན་གཞི་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ངོ་བོ་ངེས་ཚིག་དབྱེ་བར་བཅས། །ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །དབྱེ་བ་ལུས་དང་སྦྱོར་བ་དང་། །སྣ་ཚོགས་པ་དང་ཡེ་གཞིའོ། །ངེས་ཚིག་ཀུན་ནི་འདུས་པ་ལས། གཞི་ནི་ཚོགས་ཤིང་སོགས་པའོ། །ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱི་ཕྱེ་བས་ཁྱད་པར་འཇུག །ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་འགྲུབ་པའོ། །ཞེས་སོ། །དེ་བས་ན་ཀུན་གཞི་དེ་དག་སྤངས་པའི་རིག་པ་རྗེན་པ་མངོན་སུམ་མཐོང་བ་ལ་ཁྱད་པར་ཤེས་དགོས་ཀྱི་གཞན་དུ་ཁམས་གསུམ་གྱི་ཤེས་པ་སྒོམ་དུ་རེ་བའི་དམན་སྤྱོད་དུ་ལྟུང་ངོ་། །ཤེས་ན་ཆེད་དུ་སྤངས་མི་དགོས་པར་གཞི་རང་བཞིན་བབས་ཀྱི་གནས་ལུགས་ཀྱི་དོན་ངོས་ཟིན་པས་དེ་དག་ལས་ཤུགས་ཀྱིས་འདས་སོ། །དེ་ལྟའི་བུའི་རིག་པ་ཆོས་ཟད་བྱར་མེད་ཆེན་པོ་ནི། ཡེ་ནས་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བ་ལྷུན་གྲུབ་གྱི་ཕྱི་རྒྱ་མ་རལ་པ་གཞོན་ནུ་བུམ་པའི་སྐུ་གཟོད་མའམ་གཉུག་མའི་དམ་པ་དོན་གྱི་སངས་རྒྱས་ཆེན་པོ། གཞི་སྣང་གཡོས་པ་དང་། ལམ་ལ་འཆར་བའི་དུས་སུ། འོད་ཀྱི་ཁང་བ་ན་བཞུགས་པ་དང་། འོད་དུ་གསལ་ལ། འབྲས་བུ་ནི་རྨ་བྱའི་ཕྲུ་གུ་སྒོང་རྒྱ་ནས་བརྟོལ་ཏེ་ཐོན་པ་ལྟ་བུ་ཐིག་ལེའི་དགོངས་པ་མཐར་ཐུག་པའོ། །ལམ་ཉམས་སུ་ལེན་པའི་ཁྱད་པར་གཞན་བསྟན་པ་ནི། གནད༵་གསུམ་ཆོས་ཉིད་འཁོར་ལོ་ཡི། །དེ༵་བཞིན་གཤེགས་པའི་གསང་མཛོད་བརྟོལ། །སྐུ༵་གསུམ་ལམ་དུ་བྱེད་པའི་གནད། །སྒྲོན༵་མ་བཞི་ཡི་རང་བཞིན་གྱི། །ག༵ཞི་དང་གནས་ལམ་ཤེས་པ་ཡི། །ཕྲ༵་ལ་འཁྲིལ་གྱི་མངོན་གྱུར་བར། །སྨིན༵་ནས་གདེངས་གྱུར་འཁྲུལ་རྒྱུན་ཆོད། །སྣང༵་བཞི་མཐར་ཕྱིན་གདོད་མར་གྲོལ། ཞེས་པ་ནི་བཅའ་བ་ལུས་ཀྱི་གནད་ཆོས་སྐུ་སེང་གེ་ལྟ་བུ། ལོངས་སྐུ་གླང་ཆེན་ཉལ་བ། སྤྲུལ་སྐུ་དྲང་སྲོང་གི་ཚུལ་གསུམ་དང་གཟིགས་པ་སྒོ་གནད་ཀུན་མཁྱེན་ཀུན་ཁྱབ་ཀུན་གཟིགས་ཀྱི་སྤྱན་གསུམ་མཚོན་པ་ལྡོག་ཕབ་ཟུར་གྱིས་ལྟ་བ་གསུམ་འཁྲིད་པ་དབྱིངས་ཀྱི་གནད་ཀྱི་ལྡོག་ཕབ་ཟུར་གྱིས་དབྱིངས་ཀྱི་སྣ་ཁྲིད་པ་མིག་དང་སེམས་མི་འགུལ་བར་བཞག །སྣང་བ་ཡུལ་གྱི་གནད་ཕྱི་ནང་གསང་བའི་ཡུལ་གསུམ་ལ་གཏད་པས་དངས་སངས་ཕྱེད་ཅིང་ཕྱི་ནང་གི་འོད་གསལ་མ་བུ་འབྲེལ་ནས་ཀ་དག་གི་ས་ལ་བཙན་ས་ཟིན་ནོ། །དེ་ལྟ་བུའི་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་ལ་ནང་སེལ་གསུམ་གསུམ་དུ་དབྱེ་བས་བཅུ་གཉིས་སུ་གནས་པ་འདི་ཡང་འོད་གསལ་གྱི་རང་གནད་གལ་པོ་ཆེའོ། །གནད་དེ་རྣམས་ཀྱི་གཟིར་པས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛོད་དབང་པོའི་མངོན་སུམ་དུ་བརྟོལ་བ་དང་། གྲངས་མེད་དེ་བཞིན་གཤེགས་རྣམས་ཀྱི། །ཐུགས་བརྟོལ་ཉག་གཅིག་དགོངས་དོན་གཅིག །ཞེས་དང་། དེ་བཞིན་གཤེགས་པའི་དགོངས་པ་ནི། །དབྱིངས་རིག་གཉིས་ལས་མ་འདས་པའོ། །ཞེས་པ་ལྟ་བུའི་དགོངས་ཀློང་དེ་ཉིད་མངོན་དུ་གྱུར་བས་སྐུ་གསུམ་དབྱིངས་རིག་ཐིག་ལེའི་དགོངས་པར་ཤར་བ་ལམ་དུ་བྱེད་པའི་གནད། སྒྲོན་མ་བཞིའི་ཤེས་པ་དང། གཞི་ཤེས་པ་དང་། གནས་ཤེས་པ། ལམ་ཤེས་པ་ཞིག་དགོས་སོ། །རང་བཞིན་ནི་རྒྱང་ཞགས་སྣང་བ་གཉིས་ཀྱི་ཆ་འཛིན་པའོ། །སྟོང་པ་ནི་ཀ་དག་གི་རང་གདངས་རང་གསལ་བ། རྣམ་པར་དག་པ་ཆོས་ཉིད་ངེས་པའི་ཡུལ་བྱེད་པ། རང་བྱུང་གི་སྒྲོན་མ་ཐམས་ཅད་ཀྱི་ཁྱབ་བདག་གོ །གཞི་ཤེས་པ་འབྱུང་བ་འདུས་པའི་རྒྱང་ཞགས་དབང་པོ་འདུས་པའི་རྒྱང་ཞགས་ཡེ་ཤེས་འདུས་པའི་རྒྱང་ཞགས་ལས་འདིར་ཕྱི་མ་དེའོ། །སྟོང་བ་ལ་གཞི་གནས་རིག་པའི། ལུས་གནས་རྩའི། ཀུན་རྫོབ་རྒྱུའི། དོན་དམ་སྤྲོས་མེད་ཀྱི། །རང་བྱུང་འབྲས་བུའི་ཐིག་ལེ་སྟོང་བ་སྟེ། དབྱེ་སྒོ་ལྔ་བོ་མིག་གཉིས་ལ་ལྟོས་ནས་གཉིས་སུ་གྱུར་བའི་གཞི་དེའོ། །དབྱིངས་ལ། གཞིའི་དབྱིངས། ལམ་གྱི་དབྱིངས། ཡུལ་ལ་སྣང་བའི་དབྱིངས་གསུམ་གནས་པའི་གཞིའོ། །རང་བྱུང་ལ། གཤིས་གཞི་གནས་ཀྱི་ཤེས་རབ། སྣང་བ་གཅེར་འཛིན་གྱི། དྲན་པ་འགགས་མེད་ཀྱི། སོ་སོར་རྟོགས་པའི། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ལྔར་ཡོད་པའི་དངོས་རང་བྱུང་གི་རིག་པ་དང་རྩལ་གྱི་དབྱེ་བས་གཞིའོ། །འདིར་གཞི་ཞེས་པ་བརྟེན་པའི་གཞི་རེ་ཡོད་པར་མི་གོ་བར་དེ་དག་གི་དབྱེ་གཞི་བཞི་པོ་དང་ཁྱད་པར་གྱི་ངོས་འཛིན་མེད་པའི་གཅིག་རྐྱང་རེ་བ་མ་ཡིན་པའི་ལྡོག་པའི་དངོས་ཀྱི་ཁྱད་པར་ལ་གཞི་ཞེས་བཏགས་སོ། །གནས་ཤེས་པ་ནི། རྒྱང་ཞགས་ཀྱི་གནས་མིག་གཉིས། ཐིག་ལེའི་ངོ་བོའི་གནས་སྙིང་ཀ །གདངས་ཀྱི་གནས་མིག་གཉིས། དབྱིངས་ཀྱི་ཕྱི་ནང་བར་གསུམ་གྱི་གནས་ནམ་མཁའ། མིག་ཟུར། ཙིཏྟའོ། །རིག་པའི་སྙིང་ཀའི་འོད་རྩ་བཞི་དང་གདངས་རྩ་ཐམས་ཅད་ནས་ལུས་ལ་ཁྱབ་པོ། ལམ་ཤེས་པ་ནི། ཡེ་ཤེས་བཞིའི་ལམ། རོ་རྐྱང་ཀུན་འདར་མ་དང་ཤེལ་སྦུག་བཞི་ནས་འོད་གསལ་གྱི་ཐིག་ལེའི་སྣང་བ་ཡེ་ཤེས་ལྔའི་རྟེན་རྩ་ཕྲན་ཐམས་ཅད་དུ་ཉི་མ་ལས་ཟེར་བཞིན་དུ་འཕྲོ་བ་དང་ཁྱད་པར་ཆེན་པོའི་རྩ་བཞི་ནས་དེའི་གདངས་སུ་སྙིང་ཀའི་འོད་གསལ་ལས་འཆར་ཏེ། རྩ་བཞི་ནི། ཀ་ཏི་གསེར་གྱི་རྩ་ཆེན། ཤེལ་སྦུག་ཅན། དར་དཀར་སྣལ་མ། སྟོང་བ་རང་གྲོལ་བཞིར་ཡོད་པའི། མིག་གཡས་ནས་དར་དཀར་སྣལ་མ། གཡོན་ནས་ཕྲ་ལ་འཁྲུལ་གྱི་ཕྱིར་སྣང་བའི་བྱེད་པར་ལྡན་པས་ན་ཕྱིར་གསལ་གྱི་ལམ་ནི་འདི་གཉིས་སུ་ངོས་ཟིན་ནམ་སྙམ་ཀྱང་རྟོགས་སྒྲིབ་ཡོད་གྲང་། རང་ཤར་ལས། སྐད་ཅིག་འཆར་བར་བྱེད་པ་དང་། །ཞེས་པའི་དོན་ཏོ། །དེ་ཡང་མིག་གཡས་ནས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་སྒྲོན་མ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བར་འཆར་ལ་གཡོན་ནས་སྟོང་སྒྲོན་དང་རྣམ་པར་དག་པ་ལྟ་བ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར་ལ། ཚངས་པའི་བུ་ཀ་ནས་རིག་པ་རྟོགས་མེད་ལུག་རྒྱུད་ཐིག་ལེ་བརྩེགས་མར་སྟོང་ཞེས་མུ་ཏིག་ཕྲེང་བའི་རྒྱུད་ལས་གསུངས་པའི་དྲི༵་མེ༵ད་འོ༵ད་ཟེ༵ར་སྟོང་དུ་འབར་བས་བཀྲལ་བ་སྟེ། དེ་ལྟར་ལམ་ངོས་ཟིན་པ་དང་ཕྲ་ལ་འཁྲིལ་དང་དར་དཀར་སྣལ་མ་ནས་སྒོ་མིག་གི་དབང་པོ་ཡུལ་གསུམ་ལ་གཏད་པ་ལས་ཆོས་ཉིད་ཀྱི་སྣང་བ་མངོན་དུ་གྱུར་བ་ལས་མ་ཡེངས་པར་ཉིན་མཚན་ཁ་སྦྱོར་བ་སྒོམ་པས་རིག་པ་བཅུད་དུ་སྨིན་ནས་ལོངས་སྐུའི་ཚོམ་བུ་ཚད་ལ་ཕེབ་ནས་འཁྲུལ་པའི་རྒྱུན་ཆོད་དེ་མཐར་ཕྱིར་གསལ་གྱི་སྣང་བའི་འོད་གསལ་ཟད་དེ་བུམ་པའི་སྐུར་ཆོས་ཉིད་མངོན་སུམ་ཉམས་གོང་འཕེལ། རིག་པ་ཚད་ཕེབ་ཀྱི་སྣང་བ་རྣམས་མཐར་ཕྱིན་ནས་ཁྱད་ཆོས་དྲུག་གི་གྲོལ་བ་ཐོབ་པར་འགྱུར་རོ། །འབྲས་བུ་མཐར་ཐུག་པ་རྡོ་རྗེ་འཆང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་དམ་པ་དོན་དམ་དཀོར་བདུན་སོགས་མ་ལུས་པ་ཡོངས་སུ་རྫོགས་པ་ཆེན་པོ་ནི་རབ་ལོ་གསུམ། འབྲིང་ལྔ། ཐ་མ་བདུན། ཡང་ཐའང་སྐྱེ་བ་བཅུ་དྲུག་གི་ཐོབ་པའི་གནས་ལ་བརྩོན་པ་མ་ལྷོད་ཞེས་པའོ། །ད་ནི་དགོས་ཆེད་ཀྱི་དོན་གཞན་བསྟན་པ་ལ། དེ༵་ཚུལ་དེ་ལས་ཞལ་གདམས་གཞན། །མ༵་བཅོས་བདུན་ལ་དཔྱིས་ཕྱིན་པར། །མགུལ༵་བ་བཙན་ཐབས་གཅོད་པ་དང་། །མ༵་མོའི་དམར་བཤལ་གཡོ་བ་དང་། །གཉ༵ན་གྱི་དུག་མདའ་གཏོང་ལ་གཟོན། ཁྱ༵ད་པར་གྱུར་བ་དང་པོ་ལའོ། །གང་དུ་བསྟན་པ་དེ་དག་གི་ཚུལ་དེ་ལས་ཞལ་གདམས་དགོས་ཞེས་པ་ལ་ཆེད་དུ་དོན་གཞན་ཡང་དགོས་དབང་གིས་ཅི་ཞིག་ན་མ་བཅོས་པའི་དོན་བདུན་གདེངས་སུ་གྱུར་ནས་བདེན་པ་མ་མཐོང་གི་བར་དུ་གློ་བུར་དུ་འཆི་བའི་ནད་ཡམས་དམར་བཤལ་སྐེ་སྐྲང་བྱི་དུག་གསུམ་ལ་བག་ཟོན་དགོས་ཁྱད་པར་དུའང་དང་པོ་སྟེ་སྐེ་སྐྲང་ལ་འཛེམ་ཞེས་པའོ། །མ་བཅོས་བདུན་དེ་ཅི་ལྟ་བུ་ཞིག་ན། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ལྟ་བ་མ་བཅོས་ཡེ་ཤེས་ཟང་ཐལ་ངང་། །བསྒོམ་པ་མ་བཅོས་གསལ་ལ་འཛིན་པ་མེད། །སྤྱོད་པ་མ་བཅོས་རང་བྱུང་ལྷུག་པ་ཉིད། །འབྲས་བུ་མ་བཅོས་རང་སྣང་རིག་པའི་ངང་། །དམ་ཚིག་མ་བཅོས་མ་ཡེངས་ཆོས་ཉིད་ངང་། །དབང་རྣམས་མ་བཅོས་རིག་པ་རྩལ་གྱི་དབང་། །དད་པ་མ་བཅོས་འགྱུར་མེད་ནམ་མཁའི་ངང་། །དེ་ལྟར་རྟོགས་པའི་དབང་པོ་རབ་མཆོག་འདི། བདེ་ཆེན་ས་ལ་མི་གཡོ་མཉམ་པར་གནས། ཞེས་སོ། མ་བཅོས་པ་འདི་བཞག་ཐབས་ཀྱི་གནད་ལ་རབ་ཏུ་མཁོ་བས་དེའི་གཞིའི་དབང་དུ་བྱས་ནས་ཡིན་ལུགས་རྣལ་མ་རུ་ངེས་པ་ཐོབ་པའི་ལྟ་བསྒོམ་སྤྱོད་འབྲས་ལམ་དུ་འགྲོ་ཡིས། གཞི་ལམ་འཛོལ་བས་མར་མེའི་འོད་ཀྱིས་ནོར་བུ་མི་ཐོབ་པ་ལྟར་ལོག་པར་འཁྱོགས་པས་ལམ་གོལ་བ་ལས་འཕགས་པའི་གཞིའི་ངེས་པ་ནི། དེ་ཉིད་ལས། སྣང་སྲིད་མ་བཅོས་ཆོས་སྐུའི་ངང་། །ཡེ་ཤེས་མ་བཅོས་ཐུགས་ལ་རོལ། །འབྱུང་བ་མ་བཅོས་ལོངས་སྐུའི་ངང། །ཁ་དོག་མ་བཅོས་དབྱིངས་ལ་རོལ། །སེམས་ཅན་མ་བཅོས་སྤྲུལ་སྐུའི་ངང་། །ཐུགས་རྗེ་མ་བཅོས་འགགས་མེད་ཀློང་། །ཀུན་གཞི་མ་བཅོས་བདེ་ཆེན་ངང་། །རིག་པ་མ་བཅོས་ནམ་མཁའི་ཀློང་། །ཡེ་ཤེས་མ་བཅོས་རྣམ་དག་པ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །སེམས་ཉིད་མ་བཅོས་རིག་པའི་ངང་། །ཡིད་རྣམས་མ་བཅོས་ཡེ་ཤེས་འོད། །འགྱུ་བྱེད་མ་བཅོས་རང་བཞིན་འོད། །སེམས་ཅན་མ་བཅོས་སངས་རྒྱས་དངོས། །མ་རིག་མ་བཅོས་རིག་པ་དངོས། །དུག་ལྔ་མ་བཅོས་ཡེ་ཤེས་ལྔ། ཁམས་ལྔ་མ་བཅོས་ཡུམ་ལྔར་རོལ། །ཞེས་པ་སོགས་དག་མཉམ་བདེ་བ་ཆེན་པོར་བཞུགས་ཚུལ་ཇི་བཞིན་པར་གསུང་བའི་ལྟ་སྒོམ་སྤྱོད་འབྲས། གཞིའི་བབས་སུ་གནས་པ་འདི་ཡང་འཕྲོས་པའི་དོན་ནོ། །ཡང་ཁ་མྱོགས་མའི་དབང་དུ་བྱས་རིམས་ནད་དེ་དག་ལ་འཛེམ་བག་སྤངས་ནས་བླ་མ་དམ་པ་བསྐུལ་ཀྱང་མི་ཕན་པ་ནི། བླ༵་མའི་ཐུགས་རྗེ་བསྐུལ་ནའང་། །རྣམ༵་པར་སྨིན་པ་བཟློག་ལ་སྡུག །ཞེས༵་ཏེ་ག་ག་ཨ་བྷྱེ་ཡི། །ཤོ༵ག་བུའི་གྲོན་བཞིན་སྐུ་རེས་ལགས། བདག་གི་ཡོན་བདག་གལ་ཆེ། ང་རང་ཡང་འགོ་རྣ་ཞིག་ཡོད་པས་བླ་མ་མཁྱེན་ང་ལ་ནད་འདི་མི་འབྱུང་བར་ཤོག །ཞེས་གསོལ་བ་བཏབས་ཀྱང་བླ་མའི་ཐུགས་རྗེ་ཆུང་བ་མིན་ཏེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལ་བཟློག་དུ་སྡུག་པ་པདྨ་འབྱུང་གནས་ཀྱི་གཟན་མཐུ་ལ་འཇུས་ཤིང་པདྨ་གསལ་གྲོངས་པ་དང་། བཅོམ་ལྡན་འདས་ཀྱི་ཤཱཀྱའི་ཡུལ་དུ་མ་ལ་གནོད་དང་འཕགས་སྐྱེས་པོའི་གཡུལ་ལ་བཟློག་ཏུ་མེད་པར་མ་ཟད་ཕྱིར་ཞིང་བསྙུན་ཚུལ་བསྟན་པ་ལ་ལྟོས་ལ་མདོ་འདྲ་མ་མ་བྱེད་ཅེས་པའོ། །ཞེས་དེ་སྐད་ཀྱི་གྲོང་ཚིག་རྐང་ཆགས་བསྟན་བཅོས་ཀྱི་ཐ་སྙད་དང་འགལ་བའི་འབེལ་གཏམ་འདྲ་བའི་ལྷུག་པར་བཤད་པ་འདི་བླ་མ་པདྨ་བློ་གྲོས་ཀྱི་བཀའི་བསྐུལ་བ་བཞིན་གནད་ཟབ་མོ་གོ་སླ་བར་ཚིག་དང་ལུས་རྣམ་བཞག་གི་མཛེས་ཚུལ་གྱི་སྤྲོས་པ་མེད་པར་མདོར་གང་འདུས་སུ་ནམ་མཁའ་འཇིགས་མེད་པས་བྲིས་ཏེ། རང་གཞན་གྱི་དོན་དུ་མི་འགྱུར་པས་ཤོག་བུའི་གྲོན་ཙམ་དུ་ཟད་དོ་སྙམ་ཞིང་ཡི་མུག་ཀྱང་འོག་གི་འདི་དག་ཀྱང་ཀུ་རེའི་ལབ་མོ་སྤྲོས་པ་ལགས་སོ། །གཞན་ཡང་། དམ༵་ཚིག་ཅན་ལ་བསྲུང་བར་དན། བཀ༵འ་རྐུན་བྱེད་ལ་ཆད་པས་གཟིར། གནོ༵ད་སྦྱིན་དམར་ནག་དྲེགས་རྩལ་ཅན། འདི་འཛིན་ཅིང་སྤེལ་པའི་དམ་ཚིག་ཅན་ལ་བར་ཆད་ལས་བསྲུང་ཞིང་ཉམས་རྟོགས་ཀྱི་ཡོན་ཏན་གོང་དུ་རྒྱས་པ་དང་མཐུན་རྐྱེན་སྒྲུབ་པར་སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་པདྨ་ཐོད་ཕྲེང་གི་སྤྱན་སྔར་ཁས་བླང་ཞིང་དན་བཅས་པ་བཞིན་དུ་མི་གཡེལ་བ་དང་། བཀའ་རྐུན་སོགས་བྱས་ནས་བསྲེ་བསླད་དང་བསྐུར་འདེབས་བྱེད་པ་དག་གི་ཚེ་སྲོག་ལ་དུས་མ་བཏབ་པར་ཆད་པས་ཆོད་ཅིག །ཅེས་ཕྲིན་ལས་བཀའ་རྩིས་ཀྱི་དཔང་ནན་བྱས་ཏེ་བཅུ་བདུན་རྒྱུད་ཀྱི་སྲུང་མ་གནོད་སྦྱིན་ཤན་པ་དམར་ནག་དང་གཟའི་དགེ་བསྙེན་ཆེན་པོ་དབྱིངས་ཀྱི་རྗེ་མོ་དང་བཅས་པ་རྣམས་ལ་གཏད་པའོ། །སླར་ཡང་། རིམ་བརྒྱད་ཐེག་པའི་ཚོགས་ལས་མ་བྱུང་ཞིང་། །ཀུན་ལས་འདས་པ་མ་བསྒོམ་སངས་རྒྱས་ལུང་། །བདེ་བར་གཤེགས་པའི་དགོངས་པ་རྨད་པོ་ཆེ། །ཉུང་ངུའི་ངག་གིས་མན་ངག་ཁྲིགས་སུ་བསྡབས། ཚིག་གི་འཕྲད་ལེགས་རྒྱན་དེ་རྣམ་འགོང་ཀྱང་། །དོན་གྱི་མནོག་དུ་ཟབ་བརླིངས་ངོ་མཚར་འབར། །རྡོ་རྗེ་འཆང་གི་བསྟན་པའི་སྲོག་ཤིང་དུ། །མཐའ་དྲུག་ཚུལ་བཞིའི་དཔྱད་པས་རྣམ་པར་དག །ཀྱཻ་ལགས་སྤྲོས་པའི་སྨྲ་ལ་དགའ་བ་འགའི། །འགལ་འདུའི་བརྗོད་ཚུལ་བཤད་རོལ་ཅན་གྱི་ངག ། རང་འདོད་ལ་འཆེལ་དོན་གྱིས་དབུལ་བ་ཡི། །ཚིག་གི་གཞར་འདེབས་མོས་པས་གང་དགར་མཛོད། །ངེས་གསང་དོན་དེ་རྣལ་འབྱོར་མངོན་སུམ་དུ། །གཡུར་བ་མེད་པར་གཟིགས་པའི་སྤྱན་སྔ་རུ། །མ་རྟོགས་བློ་སྐྱོན་རྒྱུད་མཐའི་འོད་ཟེར་དབང་། །ཡོད་ན་འདག་ལྟའི་ཞིག་སྟེ་མཐོལ་ཞིང་བཤགས། །དགེ་ཚོགས་ཟག་མེད་དོན་ལ་འབྲེལ་བའི་མཐའི། །སྲིད་མཐའི་ལས་ཅན་བདག་དང་སྐལ་ལྡན་གཞན། །ཀུན་ཀྱང་སྤངས་རྟོགས་ཡོན་ཏན་མཐར་ཕྱིར་ཏེ། །དོན་གཉིས་ལྷུན་གྲུབ་འབྱོར་བ་རྒྱས་པར་ཤོག །ཅེས་ཀྱ་འདི་ལ་དོན་འགྲེལ་དུ་གྱུར་པ་ཁ་གསལ་བ་སྤྲོས་པ་བསྐྱུང་ཞིང་འབེལ་གཏམ་འདྲ་བ་དགོས་ཞེས་པདྨ་མ་ཏིའི་བསྐུལ་བ་བཞིན་ནམ་མཁའ་འཇིགས་མེད་པས་བྲིས་པ། སརྦ་མངྒ་ལམ། གཅིག་བརྒྱུད་མའོ། །


previousཨུ་པ་དེ་ཤ་ཡང་གསང་རྗེན་པར་སྟོན་པའི་འགྲེལ་བ།next