Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
དོན་གནས་ཀྱི་ངེས་འབྱུང་བཟློག་པའི་མཆིད་ལྷན་རྡོ་རྗེའི་ཐོ་ཆེན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousདོན་གནས་ཀྱི་ངེས་འབྱུང་བཟློག་པའི་མཆིད་ལྷན་རྡོ་རྗེའི་ཐོ་ཆེན།next

དོན་གནས་ཀྱི་ངེས་འབྱུང་བཟློག་པའི་མཆིད་ལྷན་རྡོ་རྗེའི་ཐོ་ཆེན།

དོན་གནས་ཀྱི་ངེས་འབྱུང་བཟློག་པའི་མཆིད་ལྷན་རྡོ་རྗེའི་ཐོ་ཆེན་བཞུགས་སོ། །

རང་གི་རང་ལ་གྲོས་འདུན་བྱས་པ་ཐམས་ཅད་ཀྱི་རྩེ་མོ་གནད་མཚང་སུན་འབྱིན་འདི་ཐམས་ཅད་ཀྱི་ཐུགས་ལ་ངེས་པར་བཞག་འཚལ། བླ་མ་རིན་པོ་ཆེ་མཁྱེན་ནོ། །མཁྱེན་གཉིས་ཉི་ཟླའི་འོད་ཆེན་འབུམ་བརྡལ་བས། །ཤེས་བྱའི་གནས་ཀུན་དང་བཅས་གནས་མིན་བཅས། །ཆ་ཙམ་མི་ཤེས་མུན་པ་དཔྱིས་འབྱིན་པའི། །ཤེས་རབ་སྙིང་རྗེར་བཅས་ལྡན་སྤྱི་བོའི་མཆོད། །དེ་སླད་བདག་ལ་བྱམས་པའི་ཐུགས་རྗེ་ཡི། །ཉེར་བཟུང་སྤྲིན་ལས་ལེགས་པར་འཐོན་པ་སྟེ། །བྱིན་རླབས་དབང་ཁྲིད་གདམས་པའི་རླན་གྱིས་བརླན། །ཐར་པའི་ས་བོན་སོ་ནམས་བྱས་ནའང་། །དཔེར་ན་ཞུགས་ཀྱིས་རུང་མིན་བྱས་པའི་རྒྱུ། །དེ་ལ་སྨིན་པའི་གོ་སྐབས་མི་དབྱེ་བཞིན། །བདག་ནི་རང་གི་ཉེས་པ་དངོས་བརྒྱུད་ཀྱི། །ད་ཙམ་ཐར་པའི་ཞིང་ས་རྒོད་པོར་ཤོར། །དེ་ཕྱིར་རང་གི་རང་ལ་གྲོས་ཤིག་འཚལ། །འོན་ཀྱང་མ་ཉན་རྡོ་རྗེ་དམྱལ་བས་ནོངས། །དེ་དུས་ད་ལྟའི་ཁ་ཕོ་མཐོན་པོ་དེ། །ཡོད་ནས་འོ་དོད་མ་ཤོར་ཁྱོད་རེ་དཔའ། །ཐོས་བསམ་སྒོམ་པའི་དཔ༵ལ་གྱིས་ཆེས་ཕྱུག་པའི། །དགེ༵་བའི་བཤེས་གཉེན་དམ་པ་མཆོག་གྱུར་བ། །འཇམ་དཔལ་དབྱངས་དངོས་སྤྲུལ་པའི་ཟློས་གར་དུ། །གྲགས་པའི་ཡིན་བཞིན་ཚད་མར་གནས་སམ་ཀྱཻ། །གལ་ཏེ་ཐུགས་རྗེ་ཡེ་སྤྲུལ་མགོན་པོ་ནི། །རང་དབང་བཞིན་དུ་འགྲོ་ངོར་སྐྱེ་བ་སྟོན། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མ་སྨད་པ། །དེ་འདྲའི་རྟགས་མཚན་གཞན་ངོར་མི་སྣང་ནའང་། །རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས། །རང་སྐྱོན་ལྟ་བའི་མེ་ལོང་འོད་པོ་ཆེ། །ཡོད་པ་དེ་ལ་བྱི་དོར་བཅས་པས་ལྟོས། །ངེས་པ་ཐོབ་ན་སླད་ནས་ཅི་དགར་མཛོད། །ཀྱེ་མ་ཉམ་ཐག་འགྲོ་བ་ཐམས་ཅད་ལ། །དེང་ནས་ཕྱིན་ཆད་གཡོ་སྒྱུ་ཀུན་སྤང་ཏེ། །རང་འདོད་འཁྲིས་པའི་རྩ་བ་ཆོད་པ་ཞིག ། ཕ་ཅིག་ཐུགས་རྗེའི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ངེས་པར་འབྱུང་བ་ཕྱོགས་གཅིག་ལ་གནས་ནའང་དེར་གན་དུ་བསྟི་བའི་བླུན་པ་འགའ་ཞིག་གི་དེ་ལས་ལྡོག་པར་སྨྲས་པ། །ཀྱེ་མ། ཁྱོད་ནི་རིག་པ་འཛིན་པའི་གདུང་འཚོབ་པ། །འགྲོ་བ་མགོན་པོ་བྲལ་འདི་མི་སྐྱབས་པར། །རང་སར་གནས་ལ་ཡ་མཚན་སུ་ཞིག་བྱེད། །ཉན་རང་ཞི་བ་ཕྱོགས་གཅིག་རྗེས་སུ་སོན། །ཁྱད་པར་ཉམ་ཐག་གཤིན་ཏུ་གྱུར་བ་ལ། །ཁྱོད་ཀྱི་ཆོས་སྐལ་བཅད་ན་སུ་ཞིག་འདྲེན། །བདག་ཅག་གསོན་པོའི་གྲྭལ་དུ་གནས་པ་ཡི། །གདོང་གི་རླན་ཆེན་སྐམ་པར་འགྱུར་རམ་ཅི། །མཐོང་བའི་ཡིད་བཅད་མ་མཐོང་ཆོས་སྐལ་བཅད། །ཁྱོད་ལས་ཐུགས་རྗེ་ཆུང་བ་སུ་ཞིག་ཡོད། །ཡུལ་འདིར་རེ་ས་སྐྱབས་གནས་ཁྱོད་གཅིག་ཙམ། །དེའི་ཀྱང་དོར་ན་ངེད་ཚོའི་ཅི་ཞིག་བྱ། ཁྱད་པར་ཁྱེད་ཀྱི་དངོས་པོ་སེམས་བསྐྱེད་ན། །དམ་བཅའ་དེ་ལས་འགལ་བའི་གཞན་དབང་གིས། །སྲིད་པའི་འཁོར་ལོ་ཉིད་ལས་ཐར་ནས་ཀྱང་། །གཞན་དོན་ལྷུན་གྱིས་གྲུབ་པར་ག་ལ་ཞིག །བླ་མ་གཞན་ཞིག་ཆ་མེད་རྒྱུས་མེད་དེ། །ངེས་ཚོས་དེ་ལ་དད་པ་ག་ལ་ཞོག །དེས་ན་སྙིང་རྗེ་ཆེན་པོའི་རྗེས་བསྐྱང་ནས། །ཐམས་ཅད་ཐུགས་ལ་བརྟགས་པ་ཁྱེད་མཁྱེན་ནོ། །མིན་ཀྱང་ངེད་ཚོ་སུན་མས་སླེབ་པའི་དུས། །ཁྱེད་ལས་རེ་ས་མེད་དོ་ཐུགས་རྗེའི་ཟུང་། །ཁྱད་པར་བླ་མ་དམ་པ་གང་དེ་ཡི། །སྤྲུལ་པའི་ཟློས་གར་ཡིན་པ་ཨེ་མ་ཧོ། །དེ་ཕྱིར་ཁྱོད་ཀྱི་ཐུགས་རྗེ་མ་ཆུང་ཞིག །དེ་ཚོ་དགོས་མེད་དྲན་རྒྱུ་ངན་པ་ཞིག ། །དེ་ལས་གཞན་ཞིག་ཡོད་ན་སྒྲུབ་པར་རིགས། །དེ་འདྲའི་སྡར་སྐད་མ་ཤོར་སྐུ་ཚེ་རིང་། །ཞེས་ཟེར་བས། དེ་ནས་བདག་གི་བསམ་བློ་ཞིག་བྱས་ནས། ཞེ་ལ་འདི་ལྟར་ཤར་བྱུང་ནས་ལན་དུ་བསྙད་པ། ཀྱེ་ཧུད། མངོན་སུམ་ཚིག་གཞར་དེ་ལྟར་འདེབས་ན་ཡང་། ཁ་ཙམ་ཡིན་གྱི་ཁོ་ན་ཉིད་དུ་མིན། །གལ་ཏེ་ཡིན་ན་བདེན་པའི་གཏམ་ལ་ཉོན། །ཉོན་ལ་སྨྲས་པ་བཞིན་དུ་ཉམས་སུ་ལོང་། །དེ་ལ་རང་གི་སྐྱོན་རྣམས་སྔ་མོར་སྟོན། །རོ་མགོ་ཞིག་དུ་འདོན་ཆ་བཀྲམ་པ་ན། །གཞན་གྱི་བླ་མ་དག་ལས་ལྷག་པ་ཡི། །ངག་གི་སྒྲ་དང་ཆོ་གའི་འགྲིགས་ལ་སོགས། །དེ་ལྟར་བྱས་ནས་གཡོ་སྒྱུར་ཟོལ་ཟོག་གིས། །མི་བློ་འགྱུར་ནས་དད་པ་སྐྱེ་ན་བསམ། །གང་སླད་གཞན་གྱི་དོན་ལ་འགྲོ་མདོག་ཀྱང་། །བསམ་ཞིང་ལོངས་སྤྱོད་གནས་ལ་འདོད་པས་འདུག །ངེད་ཀྱི་ཆོས་ཞེས་མཆོག་ཏུ་གཟེངས་བསྟོད་ནས། །གཞན་གྱིས་ཡིན་སྙམ་ཉན་ལོ་བྱས་པའང་། །ཞེ་འདོད་རང་ལ་རློམས་པ་འབའ་ཞིག་ལས། །གཞན་དོན་ཕར་ཞོག་སྙིང་རྗེ་ཕྲན་ཙམ་བྲལ། །རང་གི་བསམ་པ་རང་གི་ཤེས་པས་ན། །བལྟས་ན་རང་ཡང་གར་སྐྱེ་མི་ཤེས་འཚལ། །གཞན་ལ་ངོ་སྤྲོད་བྱེད་བློ་བྱེད་པའང་། །བདག་ལ་ཁྲེལ་བས་གཡོ་སྒྱུ་མ་བྱས་སོ། །འདྲེན་སྟོན་ཕར་ཞོག་བརྡའ་ཙམ་མི་འབྱོར་ལ། །རློམ་ཆེ་ཚེ་འདིར་མི་འགྱོད་ཕྱི་མའི་དུས། །སྡུག་བསྔལ་འོ་དོད་འབོད་པ་ལ་བསམ་ནས། །ད་ཕྱིན་མགོ་ཞིག་མི་སྐོར་དམ་བཅའ་བྱས། །གཤིན་པོ་རྣམས་ལ་ཕན་ཞིག་ཐོགས་པ་ན། །ཡོན་ཞིག་མེད་ཀྱང་ཆོས་ཞིག་མ་བཏབ་ན། །བྱང་ཆུབ་སེམས་དང་བྲལ་བར་གྱུར་ནའང་། །ཡོན་ལ་བལྟས་ནས་འདོན་པ་ཆོས་བཙོང་ཟེར། །ཡོན་མེད་ཆོས་བཏབ་ས་བོན་མེད་འབྲས་བཞིན། །ཞེ་ན་ཡོན་ཡོད་ནུས་མཐུ་བྱུང་བ་དང་། །དེ་མེད་དེ་ཉིད་ཅི་མི་སྙམ་པར་འདོར། །སེམས་ཅན་བློས་བཏང་བྱང་སེམས་ཉམས་མིན་ནམ། །སྙིང་རྗེ་མེད་ལ་སྟོང་ཉིད་ལྟ་བ་མེད། །དེ་མེད་དེ་ལ་སྐྱོབ་པའི་ཐུགས་རྗེ་མེད། །རང་འདོད་ལྡན་པ་སེམས་ཅན་མ་ཡིན་ནམ། །རྒྱལ་སྲས་རྣམས་ལ་དེ་ཉིད་ཡོད་དམ་ཅི། །ང་འདྲ་མེད་པར་བྱ་ཐབས་བྲལ་བ་མིན། །སངས་རྒྱས་བཅོམ་ལྡན་མཁྱེན་བརྩེ་ནུས་ལྡན་པ། །ཞི་བར་གཟིམས་ཀྱང་གཞན་ཞིག་འབྱོན་ཡོད་ན། །དམན་བདག་ལྟ་བུའི་ཐབས་ཀྱིས་ག་ལ་སྡུག །ཐོ་ཅོ་བག་མེད་ཟོབ་མཁན་གྱིས་སྟོང་ཀྱང་། །གཞན་དུ་རང་གི་ལོག་ལྟའི་བློ་སྐྱོན་གྱིས། །སངས་རྒྱས་མཛད་སྤྱོད་གཡོ་སྒྱུར་མཐོང་བའི་མིག །ས་ཐོབ་འཕགས་པའང་བཞུགས་ལ་སུ་ཞིག་བསྙོན། །གལ་ཏེ་ད་དུང་སེམས་ཅན་མགོ་སྐོར་ན། །གཤིན་པོའི་རོ་དོམ་མང་པོ་བླང་ནས་ཀྱང་། །མཐོང་བ་རྣམས་ཀྱི་ངང་ཚུལ་མ་ཤེས་པས། །དྲང་པོར་མ་སྨྲས་འདི་ཡང་ནག་པོའི་ཆོས། །བླ་མ་གཞན་ལ་དད་པ་མ་ཞོག་ན། །དེ་ཡི་སྐྱོན་ཞིག་ཁྱོད་ཀྱིས་མཐོང་ངམ་ཅི། །གལ་ཏེ་མཐོང་ཀྱང་འཕགས་ཡུལ་གྲུབ་པའི་ཚོགས། །ཕལ་ཆེར་ཤིན་ཏུ་ཉམས་པ་ལྟར་མངོན་ནོ། །དེ་ཡི་ཡོན་ཏན་སྦས་ནས་མ་གསལ་ཞིང་། །སྤྱོད་པ་བརླིང་པོའི་དགོངས་གཞིར་རག་མ་ནུས། །གང་ཞིག་སྐྱོན་དང་བཅས་ནས་ཞེས་སུ་བསྙད། །ཁྱོད་ཀྱིས་གང་ཟག་རྒྱུད་ཚོད་འཇལ་ནུས་སམ། །མ་ནུས་ཉེས་པ་ཟབ་མོ་ཅེས་ཕྱིར་བྱེད། །སྟོང་གསུམ་སེམས་ཅན་ཐམས་ཅད་བསད་པ་ལས། །རྒྱལ་སྲས་རྣམས་ལ་བསྐུར་བ་བཏབ་བ་ཡི། །སྡིག་ཆེན་དེ་ལ་དོ་ཟླ་ཡོད་མ་ཡིན། །འགའ་ཞིག་དེ་ལ་བྱམས་སེམས་མེད་པར་འདུག །ཡང་ན་དེ་ནི་བརྣབ་སེམས་ཆེའོ་ཟེར། །ཡང་ན་ཆགས་སྡང་ཆེ་ཞེའམ་ཡང་ན་ནི། །དེ་ཡི་ངན་སྤྱོད་སྣ་དགུ་བྱེད་ཅེ་ན། །བྱམས་པ་ལུས་ཀྱིས་མིན་ཏེ་སེམས་ཀྱིས་ཡིན། །བསྒྲལ་ནས་ཐར་བར་དགོད་མིན་མཐོང་ངམ་ཅི། །བསྐམ་ཆགས་ཚུལ་མཐོང་རང་སྐྱོན་ཤར་བ་ལས། །བླ་མ་མཆོག་ལ་དེ་ལྟ་ཡོང་མེད་ཀྱི། །ཇི་ལྟར་ཤིན་ཏུ་དག་པའི་མེ་ལོང་ལ། །མི་མཛེས་སྐྱེ་བོའི་གཟུགས་བརྙན་ངོམས་པ་ན། །དེ་ཉིད་ཇི་བཞིན་ཤར་ཀྱང་མེ་ལོང་ལ། །སྐྱོན་དེ་ལྷན་ཅིག་སྐྱེས་པ་མ་ལགས་སོ། །དེ་བཞིན་བླ་མ་ལ་སོགས་ཡུལ་སྣང་བ། །ཐམས་ཅད་འཛིན་པ་སེམས་ཀྱིས་བཟོས་པ་ལས། །དག་མཉམ་ཆེན་པོའི་ངོ་རུ་འདུ་འབྲལ་མེད། །ལྟ་བ་དེ་འདྲ་གནས་སྣང་སངས་རྒྱས་མཐུན། །ཇི་ལྟར་རྙོགས་མ་ཅན་གྱི་རྫིང་བུ་ལ། །འཕོས་པའི་ག་བུར་དབང་པོའི་གཟུགས་བརྙན་ཀྱང་། །མོག་མོག་པོར་གྱུར་བཟོ་ཡི་སྤྲུལ་བའང་། །སངས་རྒྱས་སྤྲུལ་སྐུ་དངོས་སུ་མཐོང་ཡོད་ཕྱིར། །རྒྱུ་མཚན་དེས་ན་སྐྱོན་དེ་རང་ལ་ཡོད། །མིག་སྐྱོན་ཅན་གྱིས་མཁའ་ལ་རབ་རིབ་བཞིན། །དེ་བས་རང་གི་ཉེས་པས་གཞན་དག་ལ། །རློམ་པའི་བདག་ཉིད་ལ་སོགས་གང་ཡང་མཐོང་། །མཁྲིས་ནད་ཅན་གྱིས་དུང་ལ་སེར་པོ་དང་། །རྟོག་མེད་འཁྲུལ་པའི་ཟླ་གཉིས་སྨིག་རྒྱུ་བཞིན། །རང་གི་སྐྱོན་དེ་གཞན་ལ་བརྟགས་ནས་ཀྱང་། །དེ་ལྟར་མཐོང་བ་ཡིན་པར་ཤེས་པར་བྱོས། །གཞན་ཡང་དེང་སང་སྒྲོན་མེའི་བསྐལ་བ་ལ། །དམ་ཆོས་སྐྱོབས་པའི་ཡོན་ཏན་ལྡན་པ་དང་། །སངས་རྒྱས་མི་ཡི་གཟུགས་སུ་བྱོན་པ་དང་། །དགེ་འདུན་རིག་གྲོལ་ཕུན་ཚོགས་མཆོག་བརྡོ་བའི། །མཆོད་པའི་ཡུལ་དང་གཞན་ཡང་ཕ་མ་དང་། །སྡུག་བསྔལ་བ་སྟེ་དགེ་སྟོབས་ཆེ་བའི་ཡུལ། །བསམ་ན་ཐབས་ཀྱིས་གཏུག་པ་མི་འདུག་པར། །མ་ཟད་ཁྱོད་ཀྱིས་དེ་ཙམ་ག་ལ་འབྱོར། ཁམས་གསུམ་གནས་པའི་སེམས་ཅན་མ་ལུས་པ། །དོན་ལ་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ། །ལྟར་ནའང་ཀུན་མཆོད་བཀུར་བར་འོས་པ་ལ། ཁྱོད་ཞེས་ལོགས་སུ་བཀར་བར་རིག་མ་ཡིན། ཁྱད་པར་དུའང་སྐྱོན་གྱི་ལྗོན་པ་ལ། །ཡོན་ཏན་ལོ་འདབ་སྦྲུལ་གདུག་ནོར་བུ་ཙམ། །མཆིས་ནའང་ཁྱོད་ཀྱི་མཆོད་གནས་མི་རིག་ན། །ཀུན་ཏུ་ཐ་ཆད་དུག་ལ་བཟའ་འམ་ཅི། །ཞེས་སུན་དབྱུང་ངོ་། །དེས་ན་ད་སྔོན་ཁྱོད་ཀྱི་བྱ་བ་ཐམས་ཅད་སྟོང་ཟད་བྱས་ཐལ་བསམ་ནས་ལན་དུ་སྨྲས་པ། །དཀོན་མཆོག་བསླུ་བ་མེད་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ལ་ཡོན་ཏན་མེད་བཞིན་དུ། །ཤི་གསོན་སྟོང་ལ་ལག་སྦྲེལ་བྱས་བྱས་ནས། ཁྲོ་ཆུ་བླུད་སར་ཁྱོད་ཀྱང་གདུང་བ་དང་། །འབྲེལ་བ་ཐོགས་པའི་ཕོ་མོ་ཐམས་ཅད་ཀྱི། །ཚོགས་ཤིག་རྫོགས་པར་ཕར་ལ་ཞོག་མཛོད་དང་། །བླ་མ་ངན་པའི་རྒྱུད་དེ་དེའི་མཐོང་ནས། །ལོག་པར་ལྟ་བས་དམྱལ་བར་འཕེན་པར་འགྱུར། །ད་ཕྱིན་ཕན་ཆད་བླ་མ་ཐམས་ཅད་ཀྱི། །ནང་ན་གནོད་མི་སྐྱེལ་བ་ཉིན་སྐར་ཙམ། །བཟང་ངན་རྒྱུད་ཚོད་དཔོག་པར་དཀའ་བའི་ཕྱིར། །ཀུན་ཀྱང་མཆོད་ལས་རང་གར་གནས་པ་མཆོག །དཔེར་ན་སྨན་དང་དུག་གཉིས་མི་ཤེས་པའི། །སྐྱེ་བོའི་གང་འདྲེའི་བརྟེན་པར་བྱས་པ་ན། །ཡང་ན་འཚང་དང་ཡང་ན་ཕུང་བར་བྱེད། །རང་གར་གནས་ནས་བཏང་སྙོམས་མཆོག་ཏུ་མངོན། །གཞན་ཡང་སྐྱེ་བོ་རྣམས་ཀྱི་མི་ཤེས་པས། །ཁྱོད་ཚོ་སྐྱེ་བ་མཐོན་པོའི་གང་ཟག་ཏུ། །གྲགས་པས་བསླུས་ན་གཞན་དུ་མ་གྲགས་པས། །དམན་པར་སྣང་བ་རྣམས་ཀྱི་སྨོས་ཅི་ཞིག །གཞན་ཡང་མཆོད་འོས་སྤྱིན་འོས་གང་ལྟར་ཡང་། །མཐོང་བ་ཐམས་ཅད་ཚད་མ་ག་ལ་ཡིན། །དེ་ཕྱིར་རྟག་ཏུ་སེར་སྣས་བཅིང་བའི་མི། །གང་ལས་འཛིང་བ་སུ་ཞིག་དཀོན་པར་རིག །ཞེས་ཚད་མར་བལྟས་པས་དེ་ཧ་ཅང་ཐལ་བའི་ལན་བཏབ་པ། ཨེ་མ་སངས་རྒྱས་སྤྲུལ་པ་བསམ་ཁྱབ་དཀའ། །རྫོགས་པའི་བྱང་ཆུབ་བླ་མེད་ཡོན་ཏན་འཕགས། །དམ་ཆོས་བྱིན་རླབས་རང་བཞིན་བསམ་ལས་འདས། །དཀོན་མཆོག་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །ད་སྔོན་ང་ལ་ཡོན་ཏན་མེད་ནའང་། །ཕྱིར་ན་ལོག་པར་སྤྱོད་པའི་ཡོན་འཇུ་ན། །དམ་ཆོས་ཡོན་ཏན་བརྗོད་མཐའ་ཡས་པ་དང་། །ལེགས་པར་བལྟས་ན་འདྲེའི་ཀྱང་དངོས་གྲུབ་འབྱུང་། །དེ་བས་ཁྱོད་ངོས་བསོད་ནམས་ཚོགས་རྫོགས་པ། །སེམས་ཅན་བཟང་ངན་རྣམ་མི་རྟོག་ཞེས་སུ། །བདེན་པར་སྨྲ་བའི་ཞལ་ནས་ལེགས་འཐོན་པས། །ཁྱོད་ཀྱི་ཕྱིར་ཞིང་བསོད་ནམས་ཆུད་མ་ཟད། །བླ་མ་ང་ལ་ཡོན་ཏན་མེད་པ་དང་། །གཡོ་ཟོབ་དཔལ་གྱི་ཕྱུག་པའི་སེ་མོ་དོ། །དབང་པོ་ཀུན་ཚང་ཁྱོད་ཀྱི་མ་མཐོང་ནི། །དེ་བྲལ་ཡིད་ལྟ་གཅིག་གི་ག་ལ་སྟེ། །གལ་ཏེ་དེ་ཡི་མདུན་དུ་དགུག་ནུས་ཤིང་། །གཟུར་གནས་སྤྱང་པོའི་གཞན་སེམས་ཤེས་པ་ན། །མངོན་པར་ཤེས་ལྡན་འཁྲུལ་ལས་གྲོལ་བའི་ལམ། །འདམ་ཞིང་ངོ་སྤྲོད་ཐོས་པར་གྱུར་ལ་ཉེ། །དེ་ལྟ་ན་ནི་ཐར་བར་སྦྱོར་ནུས་གྲང་། །འོན་ཀྱང་དངོས་པོ་ཐོག་མེད་གནས་བྱིན་པས། །དེ་ཐོས་མཐོང་བར་དགོད་ནུས་ཉིན་སྐར་ཙམ། །བས་ཏེ་རྒྱུ་སོགས་འབྲས་བུ་བསླུ་བ་མེད། །བླ་མ་གཞན་ཡང་ཡོན་ཏན་མ་མཐོང་ཀྱང་། །དེ་ལ་མཆོད་ན་འབྲས་བུ་བཟང་པོ་ནི། །ཇི་ལྟར་ངན་ཀྱང་ལོག་སྤྱོད་ཉིད་ལས་སུ། །དམན་པ་མེད་དེ་བསོད་ནམས་ཡོད་སྟོང་ཐོབ། །ཚུལ་དེ་ཉིད་ལ་རྣམ་པར་དཔྱད་པ་ན། །གནོད་པ་སྦྱོར་བའི་བླ་མ་སྲིད་མཐའ་ཙམ། །མ་ཟད་ཕན་པ་སྣ་རེ་མི་འབྱུང་བ། །དེ་ནི་ཉིན་མོ་སྐར་མ་ཤར་བ་བཞིན། །གལ་ཏེ་བླ་མ་བཟང་པོ་མ་འབྱོར་ཀྱང་། །སྡུག་བསྔལ་བ་ཡི་སེམས་ཅན་སྦྱིན་འོས་ཏེ། །མཆོད་ན་ཡོན་ཏན་ལྡན་དང་ཁྱད་མེད་ཀྱང་། །ཡོན་ཏན་མཆོག་མངའ་བའང་དེ་ལ་དགྱེས། །ཁྱད་པར་སྲོག་གི་འཇིག་པ་བསལ་བྱས་ན། །དེ་ལས་ཡོན་ཏན་ཕུན་ཚོགས་ཆོས་ཀྱི་དངོས། །མི་རྙེད་རྣམ་པར་འཚེ་སྤངས་ཆོས་ཡིན་ཞེས། །གནས་ཚུལ་གཟིགས་པས་སེང་གེའི་སྒྲ་དབྱངས་བསྒྲགས། །སྙིང་རྗེའི་གཞན་དབང་གྱུར་བའི་བཅོམ་ལྡན་གྱིས། །སྟོན་པ་གཞན་གྱི་ལུགས་ལས་འཕགས་པའི་གསུངས། །བསོད་ནམས་ཕུང་པོ་མངོན་སུམ་མཐོང་བ་འདིར། །མཉམ་པ་ཚངས་དབང་སོགས་ཀྱིས་ཀྱང་མ་རྙེད། །ངེད་ཚོ་སྐྱེ་བ་མཐོན་པོར་གྲགས་པ་ནི། །ཡོན་ཏན་ཇི་ལྟར་ལྡན་པར་གྱུར་ནའང་། །སངས་རྒྱས་ཉིད་ཀྱི་བརྒྱ་སྟོང་ཆར་མི་ཉེ། །དེས་ཀྱང་བདག་ཅག་འདྲེན་རྒྱུ་མ་བྱུང་བ། །གང་ལ་ཡོན་ཏན་མེད་དམ་ཡང་ན་ནི། །ཡེ་ཤེས་མཆོག་གི་ཁྱོད་མ་གཟིགས་སམ་ཀྱེ། །ཡང་ན་སྙིང་རྗེ་ཆེན་པོའི་དོར་རམ་ཅི། །ལས་ཀྱི་ཉེས་པས་རང་གིས་སྐལ་ངན་བྱས། །དཔེར་ན་འདྲེན་བྱེད་ལྡོང་བའི་གང་ཟག་གི །ཉི་མ་སྟོང་གི་འོད་ནི་ཅིག་ཆར་དུ། །བརྡལ་ཀྱང་མི་མཐོང་རང་གི་དབང་སྐྱོན་ལས། །ཉིན་བྱེད་འོད་ཟེར་མེད་པ་ཡིན་ནམ་ཅི། །དེ་བཞིན་ཡོན་ཏན་ཡོད་པར་གྱུར་ནའང་། །ནམ་མཁའི་ཁམས་སུ་སོར་རྡིལ་འཕེན་བཞིན་བྱར། །མེད་ཕྱིར་ངས་ནི་ཐར་བའི་ལམ་བསྟན་ཀྱང་། །ཐར་བ་རང་ལ་རག་ཞེས་གསུངས་པ་ལགས། ཁྱོད་ཀྱི་ལོག་ལྟའི་སྒྲིབ་པ་རྔམ་པོ་ཆེ། །བྱེད་པ་དེ་ནི་རྨོངས་ནས་དུག་ཟོས་པས། །འཆི་བ་ཇི་བཞིན་ཡིན་པས་ནམ་དུའང་། །སྦྲུལ་གདུབ་རྒྱན་པོ་འཆང་བར་མ་བྱེད་ཅིག །གཞན་ཡང་མཆོག་དམན་ཀུན་ལ་མཉམ་པ་ཡི། །བསམ་པ་བཟང་པོ་གསེར་དང་འདྲ་བ་དག །བྱོལ་སོང་གིས་ཀྱང་བསོད་ནམས་ལན་བརྒྱར་འཁོར། །དེ་སླད་རྣམ་དག་དད་པའི་དབང་དུ་བྱེད། །དེ་ལྟའི་ཐམས་ཅད་སངས་རྒྱས་སུ་བལྟ་ན། །དག་སྣང་རྡོ་རྗེ་ཐེག་པའི་རྩ་བ་ཡིན། །སྔོན་ཆད་རྒན་མོ་ཁྱི་སོའི་སངས་རྒྱས་བཞིན། །གཞན་ངོར་འབྲས་བུ་བསྐྱེད་པར་ཐེ་ཚོམ་མེད། །གཞན་ཡང་བླ་མར་ཡོན་ཏན་མེད་ནའང་། །ཐོས་གྲོལ་འཕོ་བ་ཟབ་མོ་ཆོས་ཀྱི་མཐུས། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་གསུངས། །དེ་ཙམ་གྱིས་ཀྱང་ཕན་ཞིག་ཐོགས་པར་ངེས། །ཞེས་བྱས་པ་ན། འོ་ན་བླ་མ་མིན་ཀྱང་བཤན་པ་སོགས་ཀྱིས་ཀྱང་ཕན་ཐོགས་ན་བླ་མ་མི་དགོས་བསམ་ནས་སྨྲས་པ། ཨེ་མ། བླ་མ་དམ་པ་མཐོང་ན་གྲོལ་བ་དང་། །ཐོས་གྲོལ་གསུང་དང་འབྲེལ་བས་གྲོལ་ཞེས་སུ། །རྡོ་རྗེ་འཆང་གི་བཀའ་ཡི་གྲུབ་ནའང་། །ད་ནི་ཁྱོད་ལྟར་དགོས་པ་ག་ལ་ཡོད། །བླ་མ་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །འདུས་པའི་རྩ་བ་བཀའ་དྲིན་བླ་ན་མེད། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཡིན་པས་ན། །རྒྱལ་བའི་སྣང་བརྙན་འབུམ་ཕྲག་བསྙེན་ལས་ལྷག །ཞེས་དང་དུས་གསུམ་སངས་རྒྱས་བསྙེན་པ་བས། །བླ་མ་མཆོག་ལ་བསྙེན་པ་འབུམ་ཆར་གསུངས། །རྡོ་རྗེའི་ཚིག་དེ་ཐམས་ཅད་མ་ལུས་པ། །ཚིག་ཏུ་བས་ཏེ་དགོས་པ་མེད་པ་འདྲ། །ཅི་ཕྱིར་དུད་འགྲོ་ཞིག་ཏུ་མཚུངས་ཞེས་སུ། ཁྱོད་ཀྱི་དམ་བཅའ་བཟུང་བ་དེ་ཡི་ཕྱིར། །སངས་རྒྱས་མཆོག་ཀྱང་སེམས་ཅན་ལ་གཞལ་ན། །དམྱལ་སོགས་ཡོན་ཏན་ཡོད་པ་སྨོས་ཅི་དགོས། །གལ་ཏེ་དེ་དག་ཡོན་ཏན་ཅན་ལགས་ན། །སྡུག་བསྔལ་འབར་བའི་ཕྲེང་བའི་ཀློང་ཆེན་དུ། །ཐར་བ་མེད་དེ་ཁྱེད་ཀྱི་བསྔགས་འོས་པས། །ཆེད་དུ་གཉེར་བར་བྱ་བར་རིག་པར་བྱོས། །སེམས་ཅན་ཉིད་ལས་ལྷག་པའི་མཐུ་མེད་ན། །ཐུགས་རྗེ་ཆེ་ཞེས་སུ་ཞིག་འདོད་པར་བྱེད། ཁྱོད་ནི་ལོག་ལྟའི་སྒྲིབ་པ་རྔམ་པོ་ཆེར། །ཕ་རོལ་གཞན་ཡང་སྦྱོར་བ་མ་ཡིན་ནམ། ཞེས་ཟེར། དེ་ལ་ཡང་གནས་ཚུལ་གྱི་ལན་བཏབ་པ། །བླ་མ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །ཁྱོད་ཀྱི་གོལ་སའི་ཐེ་ཚོམ་བཅད་པར་བྱ། །གཞན་ལ་འཕོ་བ་འདེབས་པའི་གང་ཟག་ཏེ། །བླ་མ་ཡོན་ཏན་ཅན་ཞིག་མ་དགོས་ན། །ནེ་ཙོའི་ཁ་ནས་འདོན་པ་ཅན་དེ་ཡི། །འདྲེན་པར་མདོ་རྒྱུད་གང་རུང་མ་མཐོང་ངོ་། །འབྲེལ་ཚད་དོན་དང་ལྡན་པའི་བླ་མ་ནི། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འོན་ཀྱང་བླ་མའི་ཡོན་ཏན་ཐམས་ཅད་དག །སེམས་ཅན་ཕན་པར་བརྩོན་ལས་ཐོབ་པ་སྟེ། །མ་ཟད་དུས་གསུམ་སྲས་བཅས་ཐམས་ཅད་ཀྱང་། །གང་ལ་སྙིང་རྗེའི་ཚོགས་ཆེན་སྤྲིན་ལས་བྱུང་། །སངས་རྒྱས་ཀུན་གྱི་བླ་མ་དམྱལ་བ་ཡིན། །མི་དགའ་མི་དགོས་དམྱལ་བ་ངོ་མཚར་འབར། །སྡུག་བསྔལ་གཞི་མེད་ངོ་བོ་ཉིད་མཐོང་ན། །དོན་ལ་རྡོ་རྗེ་སེམས་དཔའི་ཞིང་ཁམས་ཡིན། །གལ་ཏེ་དམན་པའི་འགྲོ་བ་མ་དམིགས་ན། ཁྱོད་ཀྱི་བྱང་ཆུབ་སེམས་དཔའ་གང་གིས་འགྲུབ། །གལ་ཏེ་བྱང་ཆུབ་བླ་མེད་སེམས་བསྐྱེད་པ། །དབེན་ཕྱིར་སངས་རྒྱས་ཉིད་ཀྱང་དཀའ་བར་གནས། །སེམས་ཅན་དག་ལ་ད་ལྟའི་དུས་ནའང་། །དེ་བཞིན་ཉིད་མེད་ཞེའམ་ཡང་ན་ནི། །སངས་རྒྱས་རྣམས་ཀྱི་མཆོད་པ་ཕུལ་བ་ལ། །ཉེར་སྤྱོད་མཆོག་གི་འདོད་པ་ཡོད་དམ་ཅི། །སེམས་ཅན་དག་ལ་ཕན་པར་བྱས་པ་ན། །རྫོགས་སངས་རྒྱས་དེ་དགྱེས་མི་འགྱུར་རམ་ཅི། །ཕན་པར་བསམ་པ་ཙམ་གྱི་ཡོན་ཏན་ཀྱང་། །སངས་རྒྱས་མཆོད་ལས་འཕགས་ཞེས་མ་གསུངས་སམ། །དེ་ཕྱིར་སེམས་ཅན་ཡོན་ཏན་མེད་ནའང་། །དེས་ཀྱང་དགེ་བའི་འབྲས་བུ་བསྐྱེད་བྱེད་པས། །བཟང་ངན་རྣམ་རྟོག་ཕྱོགས་ལྷུང་དབྱེ་མི་དགོས། །མོས་གུས་ཡོད་ན་བླ་མར་མ་གྱུར་མེད། །སྣང་སྲིད་ཐམས་ཅད་བླ་མར་ཤར་བ་ན། །ངོ་མཚར་རྨད་དུ་བྱུང་བ་ཨ་ལ་ལ། །དེ་ལྟར་མ་རྟོགས་ཡུལ་དུ་བཟུང་བ་ན། །དེ་ཡང་གཟུང་འཛིན་འཁོར་བའི་ཕྱོགས་སུ་བྱས། །ཆོས་དབྱིངས་རྣམ་དག་སྤྲོས་བྲལ་རིག་པའི་གདངས། །ཤེས་རབ་ཡེ་ཤེས་དོན་གྱི་བླ་མར་ཤར། །སྲིད་ཞི་མཁར་སྡུད་ཐམས་ཅད་མཉམ་པ་ཉིད། །དེ་ལྟར་ནའང་བླ་མར་མ་གྱུར་མེད། །སངས་རྒྱས་མཆོད་པའི་ཕན་ཡོན་ནམ་མཁའ་འདྲ། །དེ་ཡི་བདག་ཉིད་མངའ་བའང་ནམ་མཁའ་འདྲ། །སྤྲུལ་བའི་སྐུ་རུ་ཤར་བའང་ནམ་མཁའ་འདྲ། །དམིགས་མེད་མཁའ་ལྟར་བརྡལ་འདི་ཨེ་མ་ཧོ། །གཤིན་པོ་རྗེས་སུ་འཛིན་སོགས་བླ་མེད་ཐབས། །མ་བསྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལས། །ཐོས་གྲོལ་ཞེས་སུ་མཚན་གྱིས་དོན་བཀྲལ་པའི། །དེ་སྒྲོགས་པ་ཡི་གང་ཟག་རྣམ་དབྱེ་མེད། །དམ་ཆོས་ཡོན་ཏན་དཔག་མེད་ནམ་མཁའ་འདྲ། །དེ་ལ་མཆོད་པའི་ཕན་ཡོན་ནམ་མཁའ་འདྲ། །སྐྱོབས་པའི་ཐུགས་རྗེ་བསམ་དཀའ་ནམ་མཁའ་འདྲ། །དེ་འཛིན་དགེ་འདུན་ཡོན་ཏན་ནམ་མཁའ་འདྲ། །སངས་རྒྱས་དོན་གཉིས་གྲུབ་ལ་ཕྱག་འཚལ་ལོ། །བདེན་གཉིས་ཟུང་དུ་འཇུག་ལ་ཕྱག་འཚལ་ལོ། །རིག་གྲོལ་ཕུན་སུམ་ཚོགས་ལ་ཕྱག་འཚལ་ལོ། །ཀུན་འདུས་བླ་མ་མཆོག་ལ་ཕྱག་འཚལ་ལོ། །བདག་གི་ལས་ངན་དད་ཟས་གཤིན་པོའི་དཀོར། །སྣ་ཚོགས་སྤྱོད་པའི་ཉེས་པ་ཐམས་ཅད་ཀུན། །དག་ནས་མཐའ་ཡས་འགྲོ་བ་མ་ལུས་པ། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །ཞེས་སྨྲས་པ་ན། འོ་ན་དཀོར་ནི་ཞུས་ན་ཁྱོད་ཀྱི་ངེད་རྣམས་ཀྱི་ཡིད་མ་བཅད་དང་ཆོས་གཉིས་ཡོད་ཟེར་ནས་འདུག་པ་ལ་བདག་གི་དཀོར་གྱི་ཉེས་པ་བཤད་པར་བྱས་པ། རིན་ཆེན་རྣམ་གསུམ་གྲགས་པའི་གདུགས་དཀར་གྱི། །ཐུགས་རྗེའི་གྲིབ་བསིལ་འགྲན་ཟླ་མེད་པ་ཡིས། །སྡུགབསྔལ་ཚ་བའི་གདུང་བས་རབ་གཙེར་པ། །མང་ཚོགས་སྐྱོབས་པར་མཛད་ལ་ཕྱག་འཚལ་ལོ། །གང་ཞིག་གང་ལ་འབྲེལ་བའི་གཞན་ངོས་ནས། །བསོད་ནམས་ཤིང་རྟའི་ལེགས་པར་དྲངས་བ་ཡི། །སྡུག་བསྔལ་མུན་པ་བསྐལ་པར་བྱེད་པའི་གཟི། །བདེ་ལེགས་མགྲོན་དུ་འགུགས་ལ་སུ་ཞིག་བསྙོན་། །འོན་ཀྱང་མཆོད་ཡུལ་རང་གི་ངོར་ལྟོས་ནས། །གང་ཟག་ལྡན་དང་གྲོལ་ལ་གནང་ཡིན་གྱི། །གཞན་དུ་ཉེས་པའི་ཀོང་བུར་གྱུར་བ་ཡི། །དམན་བདག་ལྟ་བུ་འོས་པ་མ་ཡིན་ནོ། །གལ་ཏེ་ཤེས་བཞིན་དུ་ནི་དུག་འཐུང་ན། །དེ་ཡང་འཆི་བའི་གནས་སུ་ངེས་པར་མངོན། །ཕྱི་ནས་དུག་གི་ནད་ཀྱིས་ཉེན་པ་ན། །དེ་ཡང་འགྱོད་པའི་གནས་ཤིག་མ་ཡིན་ནམ། །དེ་ཕྱིར་རང་གི་རང་ལ་བྱམས་སེམས་ཀྱི། །ཤ་ཚ་ཤེས་ན་དེ་ལས་ལྡོག་པར་རིག །གང་གིས་ད་དུང་སྤྱོད་པར་གྱུར་བ་ན། །ཁྱོད་ལས་སེམས་པ་སྟོར་བ་སུ་ཞིག་གུ །ད་ལྟ་ཉེས་པ་འབྱུང་བ་ཤེས་བཞིན་དུ། །དཀོར་ནག་དུག་ལ་ཟ་བར་མི་རིགས་སོ། །ཉེས་པ་གང་ན་དམྱལ་བའི་གནས་ཉིད་དུ། །ལྟུང་ནས་ཐར་བ་མེད་པ་འཆི་ཤེས་བཞིན། །དེ་ལྟར་འབྱུང་བར་ཤེས་བཞིན་ཁྱད་བསད་ན། །མ་འོངས་རྣམ་སྨིན་ནད་ཀྱིས་ཉེན་པའི་དུས། །འགྱོད་པ་ཕྱིས་ཞིག་འཕྱིས་པར་འགྱུར་བ་སྟེ། །དེང་ནས་རྒྱུ་ཡི་དུག་ལ་བསྐམ་མི་རིག །དེ་ཡི་ཉེས་པ་ཐ་དག་འབྱུང་བ་ནི། །ལུང་དང་རིག་པ་གཉིས་ཆར་ཡོད་པ་སྟེ། །དང་པོར་བྱེད་པ་རིག་པའི་དབང་བྱས་ན། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་གསུམ། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི། །ཐམས་ཅད་མ་ལུས་འདི་ལ་ཚང་བ་སྟེ། །བརྣབ་སེམས་ཡིན་ཏེ་གཞན་གྱི་ནོར་ལ་བརྔམ། །གནོད་སེམས་གཞན་ཞིག་ཕུང་བར་གྱུར་ན་བསམ། །རྫུན་ནི་རང་ལ་ཡོན་ཏན་ཡོད་མདོག་བྱས། །ཕྲ་མ་གཞན་ལ་དད་ལས་ལྡོག་པར་བརྩམས། །ཚིག་རྩུབ་གཞན་གྱི་སྐྱོན་མཐོང་སྙད་བཏགས་པས། །དེ་ལ་ཁྲོ་བས་ཞེ་གཅོད་སྣ་ཚོགས་སྨྲས། །ངག་འཁྱལ་རྙེད་པས་རྙེད་ཚོལ་ཁ་གསག་དང་། །ཚུལ་འཆོས་ལ་སོགས་བཤད་པ་མང་པོ་བྱེད། །དེ་ཕྱིར་ལོག་པའི་འཚོ་བ་རྒྱང་བསྲིང་སྟེ། །ཡང་དག་ཆོས་དང་མཐུན་པ་བརྟེན་པར་བྱ། །གཞན་ཡང་དེ་ལ་བརྟེན་པའི་ཞེ་སྡང་ནི། །བདག་ལ་སྨད་ཅེས་དེ་ལ་རྒྱབ་ཀྱིས་ཕྱོགས། །ལོངས་སྤྱོད་གནས་ལ་འདུན་པའི་འདོད་ཆགས་དང་། །རྒྱུ་འབྲས་ཚུལ་ལ་རྨོངས་པའི་གཏི་མུག་དང་། །བླ་མ་གཞན་ལ་ཕྲག་པ་དོག་པ་དང་། །དམན་ལས་ལྷག་གོ་སྙམ་པའི་ང་རྒྱལ་དང་། །རང་གི་མཆོད་སྦྱིན་མི་ནུས་སེར་སྣ་སྟེ། །དེ་ཕྱིར་ཉོན་མོངས་དྲུག་པོ་ཡོངས་སུ་རྫོགས། །རྒྱུ་ལ་ཉོན་མོངས་དྲུག་པོ་ཚང་བའི་ཕྱིར། །འབྲས་ལ་རིགས་དྲུག་གནས་རིས་རིམ་གྱིས་འགྲིམ། །ལས་ལ་མི་དགེ་བཅུ་པོ་ཚང་བའི་ཕྱིར། །བསགས་ལ་རྣམ་སྨིན་ལ་སོགས་ལྔ་བཅུ་འཁོར། །དཀོན་མཆོག་གསུམ་གྱི་དཀོར་ལ་བརྐུས་པའང་ལགས། །ཅི་ཕྱིར་ཆོས་བཙོང་ལོངས་སྤྱོད་ལ་འཇབ་པ། །བྱང་ཆུབ་སེམས་དཔའི་ལྟུང་བ་ཆེས་སྦོམ་པ། །དེས་ན་དེ་ལ་རྣམ་པར་མི་སྤྱོད་འཚལ། །ཐམས་ཅད་མཁྱེན་པ་སྟོན་པ་མཆོག་གིས་ནི། །ལྡན་དང་གྲོལ་ལ་ང་ཡིས་གནང་བ་སྟེ། །མ་ཡིན་པ་ལ་ཅུང་ཟད་གནང་བ་མེད། །ཞེས་དང་ཨོ་རྒྱན་སངས་རྒྱས་གཉིས་པས་ཀྱང་། །དཀོར་ནག་དུག་ལ་ཟ་བའི་གང་ཟག་སྟེ། །ལྡན་གྲོལ་གཉིས་ལ་རྨ་བྱ་བཞིན་མཛའ་སྟེ། །གཞན་དུ་ཐར་པའི་གོ་སྐབས་དཀོན་པར་ཕྱིན། །གསུངས་ཕྱིར་བདེན་སྨྲའི་བཀའ་ལ་ཁྱོད་ཡིད་རྟོན། །གཞན་ཡང་རིག་འཛིན་འཇིགས་བྲལ་གླིང་བ་ཡིས། །གསོན་གྱིས་དད་པས་བྱིན་པའི་ཟང་ཟིང་དང་། །གཤིན་པོའི་འགགས་ལ་ཐུག་པའི་ཉེར་སྤྱོད་ཀྱིས། །ཐར་པའི་སྲོག་རྩ་བཙན་ཐབས་གཅོད་དོ་གསུངས། །དེ་ཕྱིར་རྒྱབ་སྐྱོར་ལུང་གིས་གྲུབ་ནའང་། །མི་རྟོན་ད་དུང་བག་མེད་སྤྱོད་པ་ན། །རྒྱུ་འབྲས་ཚུལ་དེ་ཤེས་བཞིན་ཁྱད་བསད་པས། །ལོག་པར་ལྟ་བའི་སྒྲིབ་པའང་རྔམ་པོ་ཆེ། །ཡོན་ཏན་ལྡན་པའི་བླ་མ་གཞན་མཐོང་དང་། གྲུབ་པ་ཐོབ་པའི་སྦས་པའི་རྣལ་འབྱོར་བ། །ང་དང་འདྲའི་ཟོག་པོ་ཡིན་ངེས་སུ། །སྙམ་ནས་སངས་རྒྱས་མཐོང་ཀྱང་ལོག་པར་བལྟ། །གཞན་ཡང་སྐྱོན་གྱི་ཕུང་པོ་མང་ན་ཡང་། །ལེགས་པར་བཤད་ན་མགོ་རྙོགས་རྒྱུ་ཉིད་ལས། །གཞན་ལ་ཕན་པ་ཉིན་མོའི་སྐར་མ་ཙམ། །སྙམ་ནས་སླར་ཡང་རང་ལ་ཐིམ་པར་བྱས། །ཞེས་བྱས་པ་ན། དེ་ན་རེ་འོ་ན་མཆོད་ཡུལ་གྱི་རང་ངོས་ནས་དཀོར་མི་ཞུས་ན་སྦྱིན་ཡུལ་ལྟ་ག་ལ་ཞུས། དེ་ཕྱིར་མཆོད་སྦྱིན་གཉིས་ཀ་མ་བྱས་པ་ལྷག་གོ་གསམ་ནས་སྨྲས་པ། གང་ཞིག་བསླུ་མེད་རྟེན་འབྲེལ་འཆད་པ་ཡི། བདེན་སྨྲ་བསྟན་བཅས་དེ་འཛིན་བཅས་ལ་འདུད། གོང་དུ་ཁྱོད་ཀྱིས་སྨྲས་པ་དེ་ལྟར་ན། །མཆོད་ཡུལ་གང་ལ་ངེས་པར་གནོད་པ་བྱས། །རང་གི་ཚོགས་ཤིག་ཨེ་རྫོགས་སྙམ་པ་ན། །དེ་ནི་རང་འདོད་ཡིད་བྱེད་གཅིག་པུ་ལས། །མ་ཟད་གཞན་ཉིད་བཏང་སྙོམས་བཞག་པས་ན། །དེ་ཡང་བློས་བཏང་ཉེས་པ་མེད་དམ་ཅི། །གལ་ཏེ་སེམས་ཅན་ཐམས་ཅད་མི་བསྲུང་ན། །དེ་ནི་བྱང་ཆུབ་སེམས་དཔའ་ག་ལ་ཡིན། །དེ་ཕྱིར་གཞན་ལ་གནོད་པ་མི་སྐྱེལ་བ། །དེ་ཡི་ཐབས་ནི་མཆོད་སྦྱིན་སྤངས་པ་འདྲ། །གཞན་ཡང་མཆོད་ཡུལ་དགེ་འདུན་གཟུགས་མཆོད་དང་། །མ་ཟད་གླན་པ་གྲུ་བཞི་ཡན་གསུང་ན། ཁྱོད་ལྟར་ཆོས་སྟོན་མཆོད་པར་བྱས་ནའང་། །དགེ་འདུན་ལྡན་གྲོལ་མ་གཏོགས་གནོད་ཞིག་བྱེད། །གཞན་གནོད་སྤངས་པ་དམ་ཆོས་མ་ཡིན་ནམ། །དེ་ལྟར་བྱས་པ་བྱང་སེམས་ཡིན་ནམ་ཅི། །དེ་ཡི་ཕྱིར་ན་རྣལ་མའི་ཆོས་ཉིད་ནི། །སེར་སྣའི་འཆིང་བ་དེ་རུ་རིག་པ་ཡིན། །མཆོད་ཡུལ་ཡོན་ཏན་ཆ་བཅས་ཀྱིས་མིན་ན། །སྦྱིན་ཡུལ་དམན་པ་རྣམས་ཀྱིས་སྨོས་པས་ཅི། །དེ་ཕྱིར་སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །ཕྱིར་ཞིང་སྡུག་བསྔལ་སྦྱིན་ན་ཧ་ཅང་ཐལ། །སྡུག་བསྔལ་གང་ན་ལན་ཆགས་འཇལ་དགོས་པའི། །དགེ་སྡིག་འབྲས་བུ་ཁྱོད་ཀྱིས་མི་འདོད་དམ། །དེས་ནི་སྙིང་རྗེའི་དབང་དུ་བྱེད་པ་ངས། ། རྣམ་ཀུན་མཆོད་སྦྱིན་རང་ལ་མི་བསམ་མོ། །ཞེས་བློ་ལྡོག་པ་ལ་དེ་ཉིད་ཡང་དག་པའི་ཚུལ་ལ་སྦྱོར་བའི་ལན་བཏབ་པ། བསླུ་མེད་དཀོན་མཆོག་གསུམ་དང་བླ་མར་བཅས། །སྐྱེ་བ་ནམ་ཡང་འབྲལ་བར་མ་གྱུར་ཅིག །ཁྱོད་ཀྱི་སེར་སྣ་བྱང་སེམས་ག་ལ་ཡིན། །སྔོན་བྱོན་རྒྱལ་བས་མཆོད་སྦྱིན་ཚོགས་བྲུན་༼ བྲིན་དཔྱད། ༽ནོ། །གང་དག་སྔ་མོ་བྱོན་པ་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་དེ་དོར་བར་བྱས་སམ་ཅི། །གཞན་མཆོད་རང་གི་ཚོགས་ཞིག་མ་བསམ་ནའང་། །སྦྱིན་ཡུལ་དགའ་བའང་དགེ་བ་མ་ཡིན་ནམ། །གལ་ཏེ་དགའ་བ་དགེ་བ་མ་ཡིན་ན། །སྡུག་བསྔལ་གནས་ལ་སྦྱོར་བ་ཡིན་ནམ་ཅི། །དེ་ལྟ་ན་ནི་ཁྱོད་ཀྱི་ཞེ་འདོད་དེ། །ཕྱིན་ཅི་ལོག་ཏུ་དགྲ་དང་གཉེན་ལ་ཐལ། །གལ་ཏེ་དགྲ་ལ་མི་དགའ་འདོད་པ་ན། ཁྱོད་ཀྱི་སྦྱིན་པའི་གནས་སུ་ཡང་དག་གདའ། །དེ་བཞིན་གཉེན་ལ་དགའ་བའི་སེམས་ཡོད་པས། ཁྱོད་ཀྱིས་ཕ་མ་གསོ་བའང་རིག་མ་ཡིན། །དེ་ལྟར་དགྲ་ལ་སྡུག་བསྔལ་འོང་བ་ན། །རྣམ་སྨིན་བྱང་བས་ཁྱོད་ནི་གདུང་བར་རིག །གཉེན་ལ་དགའ་བ་བྱུང་བར་གྱུར་བའི་ཚེ། །བསོད་ནམས་ཟད་པས་ཁྱོད་ནི་གདུང་བར་རིག །དེ་ཕྱིར་དགྲ་ལ་དགའ་བའང་ཁྱོད་དགར་རིག །གཉེན་ལ་སྡུག་བསྔལ་ནའང་ཁྱོད་དགའ་རིག །དེ་ལྟར་མོད་ཀྱི་ཁྱོད་ཀྱི་བསམ་པ་ནི། །ཕྱིན་ཅི་ལོག་ཏུ་གཉེན་ལ་གནག་པར་འགྱུར། །དགྲ་ལ་སྡང་བས་བདེ་བ་འདོད་པ་ན། །ཁྱོད་ལ་བདེ་སྡུག་གཉིས་ལས་སྡུག་བསྔལ་བ། །འདམ་ཕྱིར་ནམ་ཡང་བདེ་བ་མི་གཉེར་བར། །རང་ལ་མཚོན་གྱིས་གདབ་པའང་བྱ་རིག་ན། །དེ་ནི་དཀའ་བཟློག་པ་དང་ཀརྞ་པས། །རྗེས་སུ་སོན་པར་གྱུར་བ་མིན་ནམ་ཅི། །དེ་དག་དམ་པའི་ལམ་ལས་རྒྱང་བསྲིང་བས། །ང་དང་ལྟ་སྤྱོད་མཐུན་པ་མ་ལགས་སོ། །ཕ་རོལ་ཕྱིན་པ་དྲུག་གི་དང་པོ་ནི། །སྦྱིན་པས་བསོད་ནམས་ཚོགས་ཆེན་བྲུན་༼ བྲིན་དཔྱད། ༽མིན་ནམ། །དེ་ཡང་སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །སེར་སྣའི་སྐྱོན་གྱིས་མི་ཚུག་བཟོད་པ་སྟེ། །བསྙེལ་མེད་བརྩོ༵ན་པ༵་དེ་ལས་མི༵་གཡེ༵ང་ཞིང་། །འཁོར་གསུམ་དམིགས་མེད་དྲུག་པོའང་རྟེན་ཅིང་འབྲེལ། །ཕྱིན་དྲུག་སྤྱོད་པ་བྱང་ཆུབ་ལམ་མིན་ནམ། །དེ་སྤངས་གཞན་དུ་བྱང་ཆུབ་སྤྱོད་པ་གང་། །གལ་ཏེ་སེམས་ཅན་སྡུག་བསྔལ་སྦྱིན་འདོད་པ། །དེ་ནི་བྱང་ཆུབ་སེམས་དཔའ་མིན་པ་དང་། །ཁྱོད་ལྟར་དབུལ་ཕོངས་བསལ་བ་སྤོང་བྱེད་པ། །དེ་ཉིད་བྱང་ཆུབ་སེམས་དཔའ་ཉིད་ལས་རིང་། །བསོད་ནམས་ཚོགས་དེ་ཁྱོད་ཀྱིས་བཅད་པའི་ཕྱིར། །ཡེ་ཤེས་ཚོགས་དང་གཟུགས་སྐུ་དཀའ་བར་གནས། །གཟུགས་སྐུ་མེད་པས་ཆོས་སྐུ་མི་འབྱུང་སྟེ། །དེ་ཕྱིར་ཁྱོད་ནི་སངས་རྒྱས་ས་བོན་གཅོད། །སངས་རྒྱས་ས་བོན་བཏན་དུ་བདེ་བ་མཆོག །བཅད་ན་གཞན་གནོད་ཆེན་པོ་མ་ཡིན་ནམ། །དེ་ནི་ཆོས་ཀྱི་མཆོག་ཏུ་ཕྱར་མི་རུང་། །གཅིག་ལ་སྦྱིན་མཆོད་མཐའ་ཡས་འགྲོ་དོན་དེ། །མ་མཆོད་འགྲོ་མང་དོར་བའང་མ་ལགས་སམ། །གལ་ཏེ་མཐའ་ཡས་འགྲོ་བ་ཀུན་སྤངས་ནས། །གཅིག་ལྟ་ཁྱོད་ཀྱིས་བསྲུང་བའང་དོར་བ་ཡིན། །སེམས་ཅན་ཀུན་གྱི་བྱང་ཆུབ་གཞི་དམ་པ། །སེམས་ཅན་གཅིག་གི་དོན་དུ་བཅད་པ་དང་། །མཐའ་ཡས་འགྲོ་བ་ཀུན་བསད་ཉེས་པ་སྟེ། །སེམས་ཅན་གཅིག་ལ་བསྔོ་བའང་མ་ལགས་སམ། །སེམས་ཅན་ཀུན་གྱི་ཚོགས་ཞིག་རྫོགས་ནས་ནི། །སངས་རྒྱས་སྐུ་གཉིས་འགྲུབ་པའི་བདག་ཉིད་དུ། །སེམས་ཅན་གཅིག་གི་སྡུག་བསྔལ་གྱིས་སྦྱིན་ན། །དེ་དགེས་དེ་ཡང་སྲིད་པར་འཆིང་ངམ་ཅི། །སངས་རྒྱས་སྙིང་རྗེའི་བདག་ཉིད་མཆོག་མངའ་བས། །གནས་སྐབས་རྣམ་གསུམ་སྦྱིན་པ་གཏོང་བ་དང་། །མཐར་ཐུག་སངས་རྒྱས་བདག་ཉིད་མཆོད་སྦྱིན་པས། །དེ་བཞིན་ཁྱོད་ཀྱང་བསམ་པ་བཟང་བསྐྱེད་རིག །གནས་སྐབས་དགའ་བའི་བདེ་བ་ཙམ་གྱིས་ནི། །མ་ཟད་བྱང་ཆུབ་བླ་མེད་ཁྱོད་འདོད་ན། །ར་ཞིག་མི་ཤོས་གཡག་ཞིག་ཁ་བཏང་བ། །དེ་ཡང་ཀྱེ་མ་གཞན་གྱི་གནམ་པོར་བྱེད། །དམ་ཆོས་ཆགས་བྲལ་མཆོད་པར་བྱས་ནའང་། །སེམས་ཅན་དོན་ཏེ་དེ་ཡི་རྣམ་ཀུན་ཏུ། །མཆོད་དང་སྦྱིན་པ་སྤངས་པ་གཞན་དོན་ཞེས། །ལོག་ལྟའི་མཚོན་དེའི་རང་ལ་མི་གདབ་རིག །ཞེས་བྱས་པ་ན། །འོ་ན་ད་ཁྱོད་ཀྱི་ང་རང་གཅིག་པུ་ལ་མི་ཉན་པས་དཀོར་མི་ཟ་བསམ་པ་དེ་ཡང་སྤངས་བར་རིག །རང་འདོད་ཉག་གཅིག་བྱེད་པ་བྱང་སེམས་ཉམས་པ་ལགས་ཟེར་ནས། རྒྱུ་འབྲས་བསླུ་མེད་སྟོན་པ་བཅོམ་ལྡན་འདས། །བསྟན་དང་བསྟན་འཛིན་བཅས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་གཞི་བཞག་དཀོར་སྒྲིབ་ཡོད་བསམ་དེ། །གཅིག་དུ་གནས་པའང་རང་ལ་སེམས་བསྐྱེད་ཆེ། །རང་ལ་སེམས་བསྐྱེད་བྱང་ཆུབ་ལམ་རེད་དམ། །གཞན་གྱི་བསོད་ནམས་ཚོགས་རྫོགས་སངས་རྒྱས་ན། །དེ་དགེས་ཁྱོད་ཀྱང་འཁོར་བའི་བཙོན་ར་འདྲལ། །དེས་ན་རྣམ་ཀུན་དོན་དུ་བྱོན་པར་འཚལ། །སེམས་ཅན་མང་པོའི་ཚོགས་དེ་བཅད་བྱས་ན། །དེ་ཡང་སྒྲིབ་པ་ཆེན་པོ་མ་ཡིན་ནམ། །སེམས་ཅན་གཅིག་གི་དོན་དུའང་སྐུ་བཏང་ན། །འབྲེལ་ཐོགས་བརྒྱ་ཕྲག་མང་པོ་སྨོས་ཅིག་དགོས། །མང་པོའི་དོན་དུ་དམྱལ་ལྟ་མ་བཟོད་ན། །ཁྱོད་ཀྱི་སེམས་བསྐྱེད་ཁ་བཟང་རོག་པོ་རྒྱ། །ཀྱེ་མ་གཞན་གྱིས་བཞད་གད་བྱས་ནས་སུ། །དེ་ཡང་ཧ་ཅང་ཐལ་བ་ངོ་མཚར་ཆེ། །དེའི་ལན་དུ་བདག་གིས་ཐལ་སྡེབ་ཞིག་བྱས་ནས་མགོ་མཚུང་གི་རིག་པ་དགོད་པ། །རྟེན་འབྲེལ་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཁྱོད་ཀྱི་གོལ་ས་དེ་ཡང་བཅད་པར་བྱ། །གཞིར་བཞག་དཀོར་སྒྲིབ་མེད་ཅེས་བྱར་བསམ་སྟེ། །རྣམ་སྨིན་ཁྱད་དུ་བསད་པ་སེམས་བསྐྱེད་ཆུང་། །ཅིའི་ཕྱིར་དེ་ལ་རྣམ་པར་སྨིན་མེད་ན། །རྟེན་འབྲེལ་ཀུན་རྫོབ་བདེན་པ་ལོག་པར་བལྟས། །ཀུན་རྫོབ་བདེན་པ་ཁྱད་དུ་བསད་བྱས་ཏེ། །དེ་ཕྱིར་དམ་པའི་དོན་ལུང་ལྟོས་གཞི་མེད། །བདེན་གཉིས་མེད་པར་ལྟ་བ་གང་དེ་ཡི། །ལོག་པར་སྤྱོད་པའི་འབྲས་བུ་བསམ་མི་ཁྱབ། །དེ་འབྲས་སྡུག་བསྔལ་བརྣག་དཀའི་རང་བཞིན་ཅན། །ཚོར་བར་འགྱུར་བ་འདི་ལ་ཐེ་མི་ཚོམ། །གལ་ཏེ་གཞན་ལ་བསོད་ནམས་ཚོགས་བཀྲུན་ན། །རང་གི་དགེ་སྦྱོར་སོགས་ལ་འབུང་བས་ཏེ། །རང་དོན་ནོར་རྫས་རློམ་པའི་གཞན་དབང་གི །དེ་ཡང་སྒྲིབ་པ་ཆེན་པོ་མ་ཡིན་ནམ། །གང་ཞིག་བཅོམ་ལྡན་གཞན་གྱི་དོན་ཕྱིར་རུ། །རང་གི་སྐུ་ལའང་ཕངས་བར་མི་མཛད་ན། །རང་གི་སྦྱིན་པ་ཕར་ལ་ཞོག་མཛོད་དང་། །སེམས་ཅན་འབྱོར་བ་འཕྲོག་པའང་ཧ་ཅང་ཐལ། །འབྲེལ་ཐོགས་གཞན་དོན་དུ་ནི་མ་དམིགས་ན། །དེ་ཡང་སེམས་བསྐྱེད་བར་མ་དོ་རུ་ལུས། །ཁྱོད་ཀྱི་ད་ལྟ་དོན་གཉིས་གྲུབ་པ་ཡི། །སངས་རྒྱས་མཆོག་ལ་འགྲན་པར་བཟོད་དམ་ཅི། །གཞན་ཕྱིར་ལས་སྦྱངས་བྱང་ཆུབ་མྱུར་སྟེར་བའི། །ལན་ལ་འཛིན་སྤངས་གནམ་པོར་འགྱུར་རམ་ཅི། །དེ་བཞིན་བསོད་ནམས་ཚོགས་ཆེན་ཕར་བཀྲུན་པ། །དེ་ནི་ཁ་བཟང་རོག་པོ་ག་ལ་ཡིན། །སེམས་ཅན་གཞན་འབྱོར་ཙམ་ཡང་མ་འདོད་ན། །དེ་ལྷག་གཏན་གྱི་བདེ་བ་ག་ལ་ཞིག །ཁྱོད་ཀྱི་སེམས་དེ་ཁ་བཟང་རོག་པོ་རྒྱ། །ཀྱེ་མ་རང་ལ་ནོར་གྱི་སེམས་བསྐྱེད་ཆེ། །འོ་ན་སེམས་ཅན་སྦྱིན་པ་བསླང་བ་ན། །གཞན་འབྱོར་མི་འདོད་ཉེས་པ་དེར་བྱུང་ན། །བསླངས་ནས་མ་བྱིན་དེ་ཡི་ཞེ་བཅད་ན། །སྡང་བའི་འབྲས་བུ་དམྱལ་བར་མི་འཕེན་ནམ། །ཁྱོད་ཀྱི་སེམས་ཅན་བསྲུང་བ་དེ་ཉིད་ནི། །སེར་སྣའི་གླང་པོའི་ཞེ་སྡང་རལ་གྲིའི་མཆོག ། འཆང་ནས་གཞན་གཅོད་པ་ལ་ཆས་པ་འདྲ། །དེ་ཕྱིར་ཆེས་ཆེར་བཞད་གད་བྱེད་པར་རིག །སེམས་ཅན་ཚོགས་མི་བཅག་ལ་སྙད་བཏགས་དེ། །རང་ལ་ནོར་རྫས་འདོད་པའི་བསོད་ནམས་དེའི། །འཁོར་བའི་བཙོན་རར་འདྲལ་ནས་མྱ་ངན་འདས། །ཐོབ་པ་མདོ་རྒྱུད་གང་ལས་མ་གསུངས་ཞིང་། །སེམས་ཅན་མང་པོའི་བསོད་ནམས་ཚོགས་དེ་ནི། །མཆོད་སྦྱིན་ཡུལ་ལ་སྤེལ་བྱའི་དངོས་པོ་ཡི། །སྡུག་པར་འགྱུར་གྱི་ཡོན་ཏན་སྡུག་བསྔལ་ཞིང་། །ཟད་པར་འགྱུར་པའི་དཔེ་མེད་སྒྲོན་སྐལ་སླད། །དེས་ན་ཁྱོད་ཀྱི་སྣ་ཚོགས་བསོད་ནམས་ཚོགས། །ཕྱིན་དྲུག་འབྲས་བུ་སྡོང་པོ་མ་རུལ་བ། །སྨིན་ལེགས་བསྡུ་བ་བཞི་ཡི་འཁྲི་ཤིང་དུ། །ལོག་ལྟའི་སྟྭ་རེའི་གཡུག་པར་མ་བྱེད་ཅིག །དེ་ལྟར་རང་གཞན་ཀུན་གྱི་གོལ་ས་ཡི། །རྨོངས་པའི་ཁྲོད་དུ་བྱེད་པའི་གཞན་དབང་ཀྱང་། །བཀའ་ལུང་རིག་པའི་འོད་ཀྱིས་མཐར་བྱས་ཚེ། །ལོག་རྟོག་མུན་པ་རྒན་པོ་ངོ་ཚས་སྐྱེངས། །མཁྱེན་པའི་འདབ་ཡངས་ཆོས་ཉིད་ལམ་དུ་བསྐྱངས། །གཟིགས་པའི་ཐུགས་རྗེ་གནས་ངན་འགྲོ་ལ་རྒྱས། །སྣ་ཚོགས་གང་འདུལ་མཛད་པ་བསམ་མི་ཁྱབ། །མ་རིག་གདེངས་ཀ་གཅོད་མཁས་ཐུབ་དེ་མཆོད། །རྟེན་འབྲེལ་ཚུལ་གྱི་སྐད་གསང་མཐོན་པོར་བཅས། །མཐར་ལྟའི་རི་དྭགས་དཔུང་པ་གཅོག་མཛད་དེ། །འཆོས་སྐྱོབས་གཡུ་རལ་རྒྱས་པའི་འཕྲོག་བྱེད་ཀྱི། །སྡུག་བསྔལ་དབྱར་རྔའི་སྒྲ་དབྱངས་གནོན་དེར་མཆོད། །ལྷ་དང་མི་དང་བཅས་པའི་འགྲོ་འདི་དག །རྣམ་ཀུན་ཚོགས་ཀྱི་ཞིང་ས་བཟང་པོ་རུ། །བདེ་ལེགས་འབྲས་བུ་མི་དམན་འབུམ་དགོད་པའི། །དྲང་ངེས་ཆོས་ཆར་བསྙིལ་དེ་རྒྱལ་གྱུར་ཅིག །སངས་རྒྱས་ཀུན་གྱི་ཐུགས་རྗེའི་ཆབ་ཆེན་པོ། །རྣམ་མང་རང་བཞིན་གཅིག་ཏུ་འབབ་པ་ཡི། །བྱིན་རླབས་དངོས་གྲུབ་ནོར་བུ་འབུམ་བརྡལ་བའི། །བརྒྱུད་བཅས་ཆུ་གཏེར་ཆེ་དེ་སྤྱི་བོའི་མཆོད། །བདག་གི་སྐྱེ་བ་འདི་དང་གཞན་དག་དུ། །བག་མེད་དཀོན་མཆོག་གསུམ་གྱི་དཀོར་སྤྱོད་པའི། །ཐ་དག་ཉེས་པའི་མེ་འཕྲེང་འབུམ་དཀྲིག་པ། །ཆལ་ཆིལ་དོང་ནས་གཞིལ་བར་ཁྱེད་མཁྱེན་ནོ། །དེ་བཞིན་འབྲེལ་བ་ཐོགས་པའི་དད་ཅན་རྣམས། །རྒྱུ་སོང་འབྲས་བུ་ཆུད་དུ་མི་གཟོན་པར། །དམིགས་བཅས་ཚོགས་འདི་དམིགས་མེད་ཕྱོགས་རྒྱས་ཏེ། །དོན་གཉིས་མཐའ་རུ་ཕྱིན་པའི་རྒྱུར་གྱུར་ཅིག །རྨོངས་པ་ག་གཱ་ཨ་བྷྱེའི་མོས་གུས་ཀྱི་རྒྱུ་འབྲས་བསླུ་མེད་ལ་འདུན་བཞིན་དུ་ངེས་འབྱུང་གསར་པ་ཞིག་ཤར་ཚེ་དེ་མ་ཐག་ཏུ་གྲོང་ཚིག་སོགས་དབྱེ་བསལ་མེད་པར་སུག་བྲིས་སུ་རང་ལོ་ཉེར་དྲུག་པ་ལ་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །


previousདོན་གནས་ཀྱི་ངེས་འབྱུང་བཟློག་པའི་མཆིད་ལྷན་རྡོ་རྗེའི་ཐོ་ཆེན།next