Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དང་པོ།


   
   
ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ།  ཤེས་རབ་གོ་ཆ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
  expand section
  expand section
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ། ཤེས་རབ་གོ་ཆ།next

ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ།
ཤེས་རབ་གོ་ཆ།


DTG01_Page_009
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། བི་ཤེ་ཥ་སྟ་བ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་འཇམ་དཔལ་བཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཁྱད་པར་ཕུལ་དུ་བྱུང་ལྡན་ཞིང༌། །ལྷ་རྣམས་ཀྱིས་མཆོད་སངས་རྒྱས་ལ། །ཕྱག་འཚལ་ཁྱད་པར་འཕགས་བསྟོད་པ། །དོན་ལས་ཚུལ་བཞིན་བཤད་པར་བྱ། །མཐོ་བཙུན་གྲུབ་རྗེ་ཞེས་བྱ་བའི་བྲམ་ཟེ་རིག་བྱེད་བཞི་ལ་མཁས་པ། བྲམ་ཟེ་རྣམས་ཀྱིས་གཙོ་བོར་བཀུར་བ་ཞིག་ཡོད་པ་དང༌། དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་ལ་བརྩམས་ཏེ་བསྟོད་པ་འདི་བྱས་པར་གྱུར་པ་ཡིན་ནོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། ཡུལ་ཤར་ཕྱོགས་ན་ཁྱད་པར་ཅན་གྱི་བྲམ་ཟེ་ལས་དྲུག་ལ་མངོན་པར་དགའ་བའི་བྲམ་ཟེའི་རིགས་སུ་བྱུང་བ། སྔོན་ལེགས་པར་སྤྱད་པ་ཉེ་བར་བརྩམས་པ་ལས་མཐོ་བཙུན་གྲུབ་རྗེ་ཞེས་བྱ་བ་དང༌། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་སུ་སྐྱེས་པར་གྱུར་ཏོ། །དེ་དག་ཀྱང་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་པ་དང༌། དེའི་ཚེ་དེ་གཉིས་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་བདག་ཅག་གི་ཁྱིམ་ན་ནི་དབང་ཕྱུག་ཆེན་པོ་མཆོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་ཤིན་ཏུ་ཕུལ་དུ་བྱུང་བར་སྣང་ན། དེས་ན་ཡུ་བུ་ཅག་གིས་ཅི་དབང་ཕྱུག་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པ་ངེས་པར་བརྟག་པར་བྱའོ་སྙམ་པ་དང༌། དེ་གཉིས་ཀྱིས་ཐོས་པ། རི་བོ་ཏི་སེ་ན་དབང་ཕྱུག་ཆེན་པོ་ཨུ་མ་དང་ཁྱུ་མཆོག་དང་བཅས་པར་མངོན་སུམ་དུ་གནས་སོ་ཞེས་ཐོས་ཀྱིས། དེར་སོང་ལ་དབང་ཕྱུག་ཆེན་པོས་ཡུ་བུ་ཅག་ལ་ཇི་ལྟར་བསྟན་པ་དེ་ལྟར་བྱའོ་ཞེས་ངེས་པ་བསྐྱེད་ནས། དེར་མྱུར་བར་སོང་སྟེ་འབད་པ་ཆེན་པོ་དང་ལྷན་དག་གིས་གྲོགས་བྱས་ཏེ། རི་བོ་ཏི་སེའི་ས་མཉམ་པར་སོང་བ་དང༌། ལྷ་ཆེན་པོའི་ཁྱུ་མཆོག་སྤྲིན་དཀར་པོའི་དུམ་བུ་ལྟ་བུ་གཟས་ལ་ཡན་པ་མཐོང་ངོ༌། །དེ་མཐོང་བས་རབ་ཏུ་དགའ་བ་དང༌། དེའི་རྗེས་ཐོགས་ཉིད་ལ་ལྷ་མོ་ཨུ་མ་འབྲས་བུའི་ཤིང་གི་ཚང་ཚིང་གི་ནགས་ན་འབྲས་བུ་ཐུ་བ་མཐོང་ནས། །གུས་པ་དང་བཅས་པས་ཕྱག་


DTG01_Page_010
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། དེ་དག་གིས་མེ་ཏོག་རྒྱས་པའི་ནགས་ཚལ་གྱི་གནས་ན་ཡུ་བུ་ཅག་གི་རྗེ་བོ་གནས་སོ་ཞེས་གཏམ་ཐོས་པ་དང༌། དེ་དག་ཡིད་ལ་རབ་ཏུ་དགའ་བ་ཐོབ་པས་མེ་ཏོག་སིལ་མ་གཏོར་བས་ཉེ་བར་མཛེས་པའི་སའི་ཆར་སོང་བ་དང༌། ལྷ་ཆེན་པོ་འབྱོར་བ་ཆེན་པོ་དང་ལྡན་པའི་སྟན་ལ་འདུག་ཅིང༑འཁོར་གྱི་ཚོགས་སྟོང་གིས་བསྐོར་བ་མཐོང་ངོ༌། །མཐོང་བའི་རྗེས་ཐོགས་ཉིད་ལ་ཚོགས་ཀྱི་བདག་པོས་ལག་པ་ནས་བཟུང་སྟེ། དེའི་ཐད་དུ་ཁྱེར་ནས་གུས་པ་དང་བཅས་པས་ཕྱག་བྱས་པ་དང༌། དེ་དག་ལ་སྨྲས་པ། ཁྱེད་ཅག་ག་ལས་འོངས་ཞེས་དེ་དག་ལ་དྲིས་པ་དང༌། དེ་གཉིས་ཀྱིས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་སོ། །དེ་ནས་ཇི་ཙམ་ན་དགེ་སློང་རྣམས་ཀྱི་ཟས་ཀྱི་དུས་ལ་བབ་པ་དང་ཉེ་བར་གྱུར་པ་ན། ནམ་མཁའ་ལས་སྲིན་བུ་ལྷམ་བུ་ཆུ་གཤེར་གྱི་མདོག་ཅན་གྱི་གོས་གྱོན་པ་མ་དྲོས་པའི་མཚོ་ལ་གནས་པའི་དགྲ་བཅོམ་པ་ལྔ་བརྒྱ། བྱ་གཤོག་པ་དམར་པོ་དང་ར་བ་ལྟ་བུར་བབས་པར་གྱུར་ཏོ། །དེ་ནས་ལྷ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་གུས་པ་དང་བཅས་པས་སྤོས་དང༌། བྱུག་པ་དང༌། མཆོད་པའི་ཡོ་བྱད་རྣམས་ཐོགས་ཏེ། དེ་དག་གི་ཐད་དུ་སོང་ནས་དེ་དག་རང་རང་གི་སྟན་ལ་འདུག་པ་ལ་རེ་རེ་ཞིང་གོས་རིན་ཆེ་བ་བསྐོན་ཏེ་བདེ་བར་འདུག་པ་དང༌། བཟའ་བ་དང༌། བཅའ་བ་དང༌། བསོད་པ་རྣམས་ཀྱིས་ཡང་དག་པར་ཚིམ་པར་བྱས་ནས། ཨུ་མས་ཀྱང་མེ་ཏོག་དང༌། འབྲས་བུས་མཆོད་དེ། དེ་དག་ལས་ཆོས་ཀྱི་གཏམ་མཉན་ནས། དེ་དག་སླར་སོང་བ་དང༌། དེ་གཉིས་ལ་སྨྲས་པ། ཁྱེད་ཅག་འདིར་བྱ་བ་གང་གི་ཕྱིར་འོངས་པ་ཁོ་བོས་ཤེས་ཀྱིས། དེ་ཁྱེད་ལ་སྨྲ་བར་བྱའོ། །གང་གི་སློབ་མ་བདག་ཅག་ཉིན་རེ་དགའ་བས་མཆོད་བྱེད་ཡོན་ཏན་དམ་པར་ལྡན། །འཇིག་རྟེན་ཉེས་སེལ་ཡོན་ཏན་ཆེན་པོའི་མཚན་གྱི་མཆོག་ནི་རབ་ཏུ་གྲགས་གྱུར་ཅིང༌། །ཤིན་ཏུ་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་བྱེད་ཚེ་ན་མྱ་ངན་འདས་འདྲར་སེམས། །འཇིག་རྟེན་གསུམ་གྱི་བླ་མ་ཡོན་ཏན་མཉམ་མེད་སངས་རྒྱས་དེ་ནི་མཁས་པས་མཆོད། །དེ་བས་ན་ཁྱེད་ཅག་གི་སྟོན་པ་དེ་ཉིད་དང༌། དེའི་གསུང་རབ་ལ་མཆོད་པར་བྱའོ། །དེ་ནས་དེ་ལྟར་རྟོགས་པར་གྱུར་ནས་སླར་རང་གི་ཡུལ་དུ་སོང་སྟེ། དེ་བཞིན་གཤེགས་པའི་གསུང་


DTG01_Page_011
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རབ་ཀྱི་ཆོས་ཁ་ན་མ་ཐོ་བ་མེད་པ་ཡིན་པར་ཤེས་པས་རིག་བྱེད་ཀྱི་ཚིག་རྣམས་རྩ་ལྟར་བོར་ཏེ་རབ་ཏུ་བྱུང་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཁྱད་པར་དུ་འཕགས་པར་བསྟོད་པ་དང༌། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་གཉིས་བྱས་སོ།། །།ད་ནི་ཚིགས་སུ་བཅད་པ་དང་པོའི་ཡན་ལག་གི་དོན་བཤད་པར་འདོད་ནས་སྨྲས་པ་ནི། བདག་ནི་སྟོན་པ་གཞན་སྤངས་ཏེ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་གཞན་དག་ཁྱེད་ཅིའི་ཕྱིར་བསྟན་བཅོས་མ་ལུས་པའི་དེ་ཁོ་ན་ཉིད་རྟོགས་ནས། སེར་སྐྱ་དང༌། གཟེགས་ཟན་དང་རྐང་མིག་ལ་སོགས་པའི་སྟོན་པ་དང༌། དེས་བྱས་པའི་བསྟན་པ་རྣམས་ཀྱང་སྤངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་དང༌། དེའི་བསྟན་པ་ལ་འཇུག་པར་བྱེད་ཅེས་ཟེར་རོ་སྙམ་དུ་དོགས་པའི་ཕྱིར། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱེད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་བྱ་བའི་ཚིགས་སུ་བཅད་པ་སྨྲས་པ་ཡིན་ནོ། །དེ་ལ་བདག་ནི་ཞེས་བྱ་བ་ནི་བསྟོད་པར་བྱེད་པ་བདག་ཉིད་དོ། །སྟོན་པ་ཞེས་བྱ་བ་ནི་འཆོས་ཤིང་འདུལ་བར་བྱེད་པ་ཡིན་པས་ན་སྟོན་པ་སྟེ། འདི་ནི་སེར་སྐྱ་ལ་སོགས་པ་ཡིན་པར་འདོད་དོ། །དེ་སྤངས་པ་ནི་ཡོངས་སུ་སྤངས་ཤིང་དོར་བ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་ཞེས་པ་ནི་བོད་པ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་གང་ཡིན་པ་དེ་ལ་ནི་བཅོམ་པ་ཞེས་བྱ་བའི་སྒྲར་བཤད་ལ། དེ་གང་ལ་མངའ་བ་དེ་ནི་བཅོམ་ལྡན་ནོ། །ཁྱེད་ལ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །ཁྱོད་ཇི་ལྟ་བུ་ཞེ་ན། སྐྱབས་ཞེས་བྱ་བ་སྨྲས་པ་ཡིན་ཏེ། རྟན་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་ལ་བརྟེན་ན་ཉེས་པར་སྤྱོད་པ་རྣམས་ཟད་པར་འགྱུར་བའོ། །མཆིས་པ་ཞེས་བྱ་བ་ནི་མཆི་ཞིང་ཞུགས་པ་ཞེས་བྱ་བའི་དོན་ཏེ། ཡིད་མི་རྟོན་པ་ལ་སོགས་པ་ཉེས་པར་སྤྱོད་པ་རྣམ་པ་མང་པོ་ཉེ་བར་བསགས་པ་རྣམས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟན་པས་སྡིག་པ་རྣམས་དང་བྲལ་བར་གྱུར་ཅིང༌། མཐོ་རིས་སུ་སྐྱེས་པར་གྱུར་པ་འདིར་དཔེར་སྦྱར་བར་བྱའོ། །སྟོན་པ་གཞན་དག་སྤངས་པ་དང༌། །སྟོན་པ་དེ་ལ་སྐྱབས་སུ་འགྲོ་བའི་


DTG01_Page_012
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཅི་ཞིག་ཡིན་ཞེ་ན། དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། གང་གི་ཕྱིར་ཁྱེད་སྐྱོན་ནི་མི་མངའ་ལ་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར་གང་ལ་བག་ཆགས་ལ་སོགས་པའི་ཉེས་པ་མི་མངའ་བ་ནི་སྐྱོན་མི་མངའ་བའོ། །དེ་ཡང་ལུས་དང་ངག་དང་སེམས་སུན་འབྱིན་པར་བྱེད་པས་ན་སྐྱོན་ཏེ། ཉོན་མོངས་པ་རྣམས་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དེ་མཉམ་པ་མེད་པ་གང་ལ་མངའ་བ་ནི་ཡོན་ཏན་དང་ལྡན་པ་སྟེ། དེ་ནི་ཁྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཉིད་སྐྱོན་མི་མངའ་ཞིང༌། ཤིན་ཏུ་ཕུལ་དུ་བྱུང་བའི་ཡོན་ཏན་དང་ལྡན་པ་ཡིན་ན། ཅིའི་ཕྱིར་གཞན་དག་ལ་ལ་བཅོམ་ལྡན་འདས་སྤངས་ནས་སེར་སྐྱ་ལ་སོགས་པ་གཞན་དག་ལ་བསྟེན་ཅེ་ན། དེའི་ཕྱིར། གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །ཡོན་ཏན་འཛིན་ལ་ཞེན་པས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །གཞན་ལ་སྐྱབས་སུ་མཆིས་པར་གྱུར། །ཞེས་བྱ་བ་སྨྲས་པ་ཡིན་ཏེ། ཡང་ཞེས་བྱ་བ་ནི་རྣམ་པར་བརྟག་པའི་ཚིག་གི་ཕྲད་དོ། །འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་ཐ་མལ་པ་སོ་སོའི་སྐྱེ་བོ་ཞེས་བྱ་བའི་དོན་ཡིན་ཏེ། འཕགས་པ་རྣམས་ནི་སྐྱོན་ལ་དགའ་བ་མ་ཡིན་ནོ། །དེ་ཡང་ཡུལ་རྣམས་ལ་ཆགས་པས་ན་འཇིག་རྟེན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ །སྐྱོན་ལ་དགའ་ཞེས་བྱ་བ་ནི་སྨད་པར་བྱ་བའི་དངོས་པོ་རྣམས་ལ་དགའ་ཞིང་ཕྱོགས་སུ་ལྷུང་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་འཇིག་རྟེན་འདི་ནི་སྐྱོན་ལ་དགའ་བ་མ་ཡིན་མོད་ཀྱི། འོན་ཀྱང་སྐྱོན་གང་ཡིན་པ་དེ་ཡོན་ཏན་ཉིད་དུ་རྟོགས་པ་ལ་ཞུགས་པ་ཞེས་བྱ་བའི་དོན་དོ། །དཔེར་ན། མཁྲིས་པའི་ནད་ཀྱིས་བཅོམ་པའི་མིག་གིས་ཟླ་བའི་འོད་ཟེར་རྣམས་ཀྱི་མཛེས་པ་དངོས་པོ་དཀར་བར་གྱུར་པ་ཡང་སེར་པོར་མཐོང་སྟེ། བདག་ཅག་གིས་ཁ་དོག་སེར་པོར་མཐོང་ཞིང་རྟོགས་སོ་སྙམ་དུ་སེམས་སོ། །དེ་བཞིན་དུ་མི་དགེ་བའི་བཤེས་གཉེན་དང་འདྲེས་པ་དང༌། དམ་པའི་ཆོས་མ་ཡིན་པ་མཉན་པའི་ཉེས་པས། གང་གི་ཉེས་པ་རྣམས་ལའང་ཡོན་ཏན་ཉིད་དུ་འཛིན་པར་འགྱུར་བར་སེམས་འཁྲུལ་བར་འགྱུར་རོ། །ཡོན་ཏན་འཛིན་ལ་ཞེན་པས་ན་ཞེས་བྱ་བས་ནི་ཡོན་ཏན་རྣམས་


DTG01_Page_013
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལེན་པས་ན་ཡོན་ཏན་འཛིན་པ་སྟེ། ཡོན་ཏན་རྟོགས་པ་ཞེས་བྱ་བའི་དོན་ཡིན་ལ། ཡོན་ཏན་འཛིན་པ་ལ་དམན་པར་གྱུར་པ་ནི་རྨོངས་ཤིང་གཏི་མུག་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྐྱོན་ལ་དགའ་ཞེས་བྱ་བ་འདིས་ནི་ཕྱིན་ཅི་ལོག་གི་ཉེས་པས་རྒྱུད་དྲི་མ་ཅན་དུ་བྱས་པར་བསྟན་པ་ཡིན་ནོ། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །ཞེས་བྱ་བ་འདིས་ནི་འགྲོ་བ་བློ་གྲོས་དང་བྲལ་ཞིང༌། རྣམ་པར་རྟོག་པས་རྨོངས་པས་འཛིན་པར་བྱེད་པ་བསྟན་པ་ཡིན་ནོ། །སྔར་བཤད་པ་དེ་དག་ངེས་པར་བྱ་བར་ཇི་ལྟར་ནུས་ཤེ་ན། གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ༑གང་གི་ཕྱིར་ལྷ་ཆེན་པོ་དང༌། ཁྱབ་འཇུག་དང༌། ཚངས་པ་ལ་སོགས་པ་གཞན་དག་ལ་སྐྱབས་སུ་སོང་བ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཕྱིར་འཇིག་རྟེན་པ་རྣམས་ནི་ཡོན་ཏན་མེད་ཅིང༌། ཉེས་པ་མང་པོ་བསགས་པ་ཡིན་པས་གཞན་དག་ལ་སྐྱབས་སུ་འགྲོ་བས་སྟོན་པ་གཞན་འདོད་པར་ངེས་པ་ཡིན་ནོ་ཞེས་ཚིགས་སུ་བཅད་པ་འདིས་སྟོན་ཏོ། །ཇི་ལྟར་ན་གཞན་དག་སྐྱོན་དང་ལྡན་ཞིང་ཡོན་ཏན་དང་ལྡན་པ་མ་ཡིན་ཞེ་ན། ཁྱབ་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནོར་ལྷ་དང༌། དབང་ཕྱུག་ཆེན་པོ་ནི་ཁྱབ་འཇུག་དབང་ཕྱུག་སྟེ། དེ་དག་ལ་སོགས་པ་གང་ཡིན་པ་དེ་ནི་ཁྱབ་འཇུག་དབང་ཕྱུག་ལ་སོགས་པའོ། །དེ་ལ་དད་པ་ནི་དེ་ལ་དགའ་ཞིང་རབ་ཏུ་དང་བའི་སྐྱེ་བོ་གང་ཡིན་པ་དེས་ཡོན་ཏན་གང་ཡོངས་སུ་བསྒྲགས་ཤིང༌། ཁྱད་པར་གང་དག་མངོན་པར་སྒྲོགས་པ་དེ་ནི་ཁྱེད་ཀྱི་བསྟན་ལ་དེ་དག་སྐྱོན་ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཁྱེད་ཀྱི་བསྟན་པ་ལ་སྐྱོན་ཏེ། ཉེས་པ་དང༌། ཕོངས་པ་དང༌། སྨད་པར་བྱ་བའི་གནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཁྱེད་ཀྱི་བསྟན་པ་ལ་ཉེས་པ་ཡིན་པའི་ཕྱིར་དེ་རྣམས་ཀྱི་ཡོན་ཏན་གང་ཞིག་སྒྲོགས་པར་བྱེད་ཅེ་ན། ལྷ་ཆེན་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས། དེ་དག་སྟོན་པ་ཡིན་ཏེ། ལྷ་ཆེན་ཁྲོས་པ་ཞེས་བྱ་བ་ནི་ཁྲོ་བས་ཁྱབ་པར་གྱུར་པའི་སེམས་ཀྱི་རྒྱུད་ཀྱིས་སོ། །གྲོང་ཁྱེར་སུམ་བརྩེགས་ཞེས་བྱ་བ་ནི་གྲོང་ཁྱེར་གསུམ་པོ་གཅིག་ཏུ་བསྡུས་པའི་གྲོང་ཁྱེར་སུམ་བརྩེགས་འཇིག་ཅེས་བྱ་སྟེ། དེ་དྲག་པོས་བསྲེགས་པའོ། །དྲག་ཅེས་བྱ་བ་ནི་ཡོན་ཏན་དུ་སྒྲོགས་པར་


DTG01_Page_014
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པར་སྟོན་ཏེ། དེ་ཡང་ལྷ་ཆེན་པོའི་ཡོན་ཏན་འཇིག་རྟེན་དུ་སྒྲོགས་ཤིང་སྟོན་པ་ནི། ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་གསུམ་ནམ་མཁའ་ལ་རྒྱུ་བ་ཞིག་བྱུང་བ་དང༌། དེ་ལས་ལྷ་མ་ཡིན་རྣམས་བབས་ཤིང་མི་རྣམས་ལ་གནོད་པར་བྱེད་དོ། །དེ་ནས་ལྷ་ཆེན་པོས་མི་རྣམས་ལ་བསྐྱབ་པར་བྱ་བའི་ཕྱིར། གཞུ་བླངས་ཏེ་མདའ་གཅིག་གིས་ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་སུམ་བརྩེགས་བསྲེགས་པར་གྱུར་ཏོ། །དེ་ཡང་ཇི་སྐད་དུ། འདི་ན་ལྷ་མིན་གྲོང་ཁྱེར་མཁའ་ལ་རྒྱུ། །སྐྱེས་པ་བུད་མེད་རྒན་དང་གཞོན་བཅས་པས། །གཞུ་ཆེན་བླངས་ནས་འབར་བའི་མདའ་ཡིས་ནི། །མེ་ཡིས་བསྲེག་བྱ་བཞིན་དུ་སྐད་ཅིག་བསྲེགས། །ཞེས་འབྱུང་བ་ཡིན་ནོ། །འདི་ནི་ཁྱེད་ཀྱི་བསྟན་པ་ལ་སྲོག་གཅོད་པ་ཞེས་བྱ་བ་ཉེས་པ་ཆེན་པོ་ཡིན་ཏེ། དེས་དམྱལ་བར་ལྟུང་བར་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། གང་ཞིག་ཁྱོད་མཐོང་སྲོག་གཅོད་ལས། །མི་ལྡོག་པ་ཡི་མཐའ་དེ་ནི། །ཁྱེད་རྣམས་དེང་ནི་དམྱལ་བ་རུ། །ཀྱེ་མ་འགྲོ་བར་འགྱུར་བར་ཤེས། །ཞེས་མདོ་ལས་གསུངས་པ་ཡིན་ནོ། །གལ་ཏེ་དེས་ལྷ་མ་ཡིན་གྱི་གྲོང་ཁྱེར་བསྲེགས་པ་དེ་ཉེས་པ་དང་ལྡན་པ་ཡིན་ན། །ཁྱེད་ཀྱི་ཡོན་ཏན་དང་ལྡན་པའི་བསྲེགས་པ་གང་ཡིན་ཞེ་ན། ཁྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ༑མཚོན་ཆ་གང་ཞིག་ཅེ་ན། ཡེ་ཤེས་མདའ་ཆེན་གྱིས་ཞེས་བྱ་བ་ཡིན་ཏེ། ཡེ་ཤེས་ཉིད་མདའ་ཆེན་ཡིན་པས་ན། ཡེ་ཤེས་མདའ་ཆེན་ཏེ་དེས་སོ། །ཁྲོ་བའི་མེ་ཞེས་བྱ་བ་ནི་ཁྲོ་བ་ཉིད་མ་དང་འདྲ་བས་ན་ཁྲོ་བའི་མེ་སྟེ། དེ་ཉིད་ནི་བཅོམ་ལྡན་འདས་ཀྱིས་ངེས་པར་བསེགས་ཤིང་ཉེ་བར་ཞི་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དྲིས་པ། བྱམས་པའི་མངའ་ཆེན་པོས་ཁྲོ་བའི་མེ་ཉེ་བར་ཞི་བ་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག །བྱམས་པ་བསྒོམས་ཤིག །བྱམས་པ་བསྟེན་པ་དང༌། བསྒོམ་པ་དང༌། མང་དུ་བྱེད་པ་ནི་ཞེ་སྡང་སྤང་བ་ལ་འཇུག་པར་འགྱུར་རོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་ཀྱི། དེ་ནི་བྱམས་པས་རྩེ་གཞིལ་པ་ཙམ་དུ་འགྱུར་གྱི། ཡེ་ཤེས་ཀྱིས་ནི་རྩ་བ་ནས་འབྱིན་ཕར་འགྱུར་བས་ན་འདིར་ཡེ་ཤེས་སྨོས་པ་ཡིན་ནོ། །ལྷ་ཆེན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། བསྲེགས་ཉེས་པ་ནི་ལེགས་པར་མ་


DTG01_Page_015
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བསྲེགས་པ་སྟེ། རྩ་བ་ནས་འབྱིན་པར་མ་བསྲེགས་པའོ། །འདི་སྐད་སྟོན་ཏེ། འདོད་པ་དེ་ཉིད་བསྲེགས་ཉེས་པས་ལྷ་ཆེན་པོ་སླར་དྲངས་ཤིང༌། དབང་དུ་བྱས་པ་ཡིན་ནོ། །དེ་ཡང་འདི་སྐད་ཟེར་ཏེ། དུས་འགའ་ཞིག་ན་ལྷ་ཆེན་པོ་གྲོང་ཁྱེར་གསུམ་བསྲེགས་པ་ལ་སོགས་པའི་བྱ་བས། ཤིན་ཏུ་ཡིད་བྱུང་ནས་ཁན་མ་ཐོ་བ་དེ་སྦྱང་བར་བྱ་བའི་ཕྱིར། རི་ཁ་བ་ཅན་གྱི་རི་སུལ་གྱི་ཚང་ཚིང་དུ་བཞུགས་ཏེ། བརྟུལ་ཞུགས་ལ་གནས་པའི་ཚེ། འདོད་པའི་ལྷས་བཟློག་པ་ན་ཁྱེད་ང་ལ་འཚེ་བར་མ་བྱེད་ཅིག་ཅེས་སྨྲས་ཀྱང་ཇི་ཙམ་ན་དེ་འཚོ་བར་བྱེད་པ་ན། ལྷ་ཆེན་པོ་ཁྲོ་བ་འབར་བས་གདུང་བའི་ཡིད་ཀྱིས་མིག་གསུམ་པ་ལས་ཕྱུང་བའི་མེས་གང་འདི་ཐལ་བ་ཡང་མི་ལུས་པ་དེ་ལྟར་འདོད་པའི་ལྷ་བསྲེགས་པ་དང༌། ཡང་འདོད་པའི་ལྷས་ལྷ་ཆེན་པོ་ལ་བཀའ་བཟློག་མའི་རོ་སྨད་ཀྱི་འཇོ་སྒེག་གིས་རྒྱུན་དུ་བཟློག་པར་གྱུར་ཏོ། །ཁྱེད་ཀྱི་ཡེ་ཤེས་ཞུགས་ཀྱིས་ནི། །ཞེས་བྱ་བ་ནི། ཁྱེད་ཀྱི་ཡེ་ཤེས་ཀྱི་མེས་སོ། །རྩར་བཙས་ཞེས་བྱ་བ་ནི་ཐོབ་པར་བྱ་བའི་ལྷག་མ་མེད་པ་སྟེ། བག་ཆགས་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །བསྲེགས་ནས་བཏོན་ཞེས་བྱ་བ་ནི། ཇི་ལྟར་ན་སླར་ཡང་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ཚུལ་གྱིས་རྣམ་པར་བསལ་བའོ། །ལྷ་ཆེན་ཐིག་ལེའི་མཆོག་མ་ལ། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། སུན་དྷ་དང༌། ཨུ་པ་སུན་དྷ་ཞེས་བྱ་བ་ལྷ་མ་ཡིན་སྤུན་གཉིས་ཤིག་བྱུང་བ་དང༌། དེ་གཉིས་ཀྱིས་ཚངས་པ་བསྒྲུབས་ཏེ། འཇིག་རྟེན་གསུམ་གྱིས་མ་སོད་པར་གྱུར་པ་དང༌། བདག་ཅག་ལུས་ཙམ་ཐ་དད་ཀྱི། སེམས་ནི་དེ་ལྟ་མ་ཡིན་པར་ཐ་དད་པ་མེད་པར་མཛོད་ཅིག་ཅེས་བྱས་པ་དང༌། ཚངས་པས་ཀྱང་མཆོག་བྱིན་ནོ། །དེ་ནས་དེ་གཉིས་ཀྱིས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བྱ་བ་ལ་ཞུགས་པར་གྱུར་ཏོ། །ལྷ་རྣམས་ཀྱིས་དེ་གཉིས་གསོད་པའི་ཐབས་ལ་དཔྱོད་པར་གྱུར་པ་དང༌། ཚངས་པས་སྨྲས་པ། དེ་དག་གཅིག་ལ་གཅིག་གསོད་པའི་ཐབས་བསྒྲུབ་པར་བྱའོ་ཞེས་སྨྲས་པ་དང༌། ལྷ་རྣམས་ཀྱིས་རང་གི་ལུས་ལས་འོད་ཏིལ་འབྲུ་ཏིལ་འབྲུ་ཙམ་བྱིན་ནས། དེ་ལས་ཐིག་ལེའི་མཆོག་མ་ཞེས་བྱ་བའི་ལྷའི་བུ་མོ་ཞིག་བསྐྱེད་ནས། དེ་ཡང་ཚངས་


DTG01_Page_016
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བསྐོར་བ་བྱེད་དུ་བཅུག་པ་དང༌། དེ་དེའི་གཟུགས་ལ་ཡིད་རྣམ་པར་གཡེངས་པས་ལྟ་བ་ན། ངོ་ཚ་བར་གྱུར་པས་གདོང་བཞི་སྤྲུལ་པར་གྱུར་ཏོ། །དེ་བཞིན་དུ་ལྷ་ཆེན་པོ་ཡང་དེ་དང་འདྲ་བར་འདོད་ཆགས་ཀྱི་དབང་གིས་གདོང་བཞི་སྤྲུལ་པར་གྱུར་ཏོ། །དེ་བས་ན། ལྷ་ཆེན་ཐིག་ལེའི་མཆོག་མ་ལ། །རབ་ཏུ་ཆགས་པས་གདོང་བཞི་བྱུང༌། །ཞེས་སྨོས་པ་ཡིན་ཏེ། ལྷ་ཆེན་ཞེས་བྱ་བ་ནི་རྩེ་གསུམ་གྱི་མཚོན་ཆ་ཡོད་པའོ། །ཐིག་ལེའི་མཆོག་མ་ལ་ཞེས་བྱ་བ་ནི་ལྷའི་བུ་མོའོ། །ཆགས་པ་སྐྱེས་པས་ཞེས་བྱ་བ་ནི་ཆགས་པའི་བསམ་པ་སྐྱེས་པ་ལ་ཞུགས་པའོ། །གདོང་བཞི་བྱུང་ཞེས་བྱ་བ་ནི་གང་གདོང་བཞི་པར་གྱུར་པའོ། །ཡང་བཅོམ་ལྡན་འདས་ནི། བདུད་ཀྱི་བུ་མོས་སྒེག་པ་ཡིས། །ཁྱོད་ཀྱི་བ་སྤུའི་རྩེ་མི་གཡོ། །ཞེས་བྱ་བ་ཡིན་ཏེ། བདུད་དང་རྗེས་སུ་འབྲེལ་བའི་བུ་མོ་ནི་བདུད་ཀྱི་བུ་མོ་སྟེ། སྲེད་མ་དང༌། དགའ་མོ་ཞེས་བྱ་བ་འཁོར་དང་བཅས་པ་ལ་བྱའོ། །དེ་རྣམས་ཀྱི་སྒེག་པ་ནི་དགོད་ཅིང་སྨྲ་བ་དང་ཟུར་གྱིས་བལྟ་བ་དང༌། གར་བྱེད་པའི་མཚན་ཉིད་ཅན་ཏེ། དེ་དག་གིས་ཀྱང་ངོ༌། །ཁྱེད་ཀྱི་ཞེས་བྱ་བ་ནི་མགོན་པོ་ཁྱེད་ཀྱིའོ། །བ་སྤུའི་རྩེ་ཞེས་བྱ་བ་ནི་སྐུའི་ཡན་ལག་གི་བ་སྤུའི་རྩེ་མོ་ཡང་མི་གཡོ་ཞིང་འགྱུར་བ་མེད་པའོ། །དེ་ཡང་བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་པའི་ཚེ། སོ་སོ་སྐྱེ་བོའི་གནས་སྐབས་ན་ཡང་དེ་དག་གིས་འདོད་ཆགས་བསྐྱེད་པར་མ་ནུས་སོ་ཞེས་སྟོན་པ་ཡིན་ནོ། །ལྷ་ཆེན་ཕྱེད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕྱེད་ནི་ཆུང་མ་ཞེས་བྱ་བ་ལུས་ཀྱི་ཕྱེད་ཆུང་མ་སྟེ། ལྷ་མོ་ཨུ་མ་འཆང་ཞིང་འཛིན་པར་བྱེད་པས་ན་ངུར་པ་ཞེས་བྱ་བའི་བྱས་ཀྱང་ཐུབ་ཅིང་རྒྱལ་བར་མི་ནུས་ཏེ། གང་གི་ཕྱིར་དེ་ནི་ཕན་ཚུན་ཐ་དད་པའི་ལུས་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་གང་གི་ཚེ་ལྷ་ཆེན་པོ་འདི་ཨུ་མ་དང་ལྷན་ཅིག་ལོ་སྟོང་གི་བར་དུ་འདོད་པའི་བདེ་བ་ཉམས་སུ་མྱོང་བ་ན། ཇི་ཙམ་ན་དེ་ཁུ་བ་འབྱིན་པའི་གནས་སྐབས་སུ་གྱུར་པའི་ཚེ། དེས་བསམས་པ། རེ་ཞིག་ལུས་ཀྱི་ཕྱོགས་གཅིག་གིས་འདོད་པའི་བདེ་བ་ལ་ངས་ལོངས་སྤྱོད་པར་གྱུར་གྱིས། ད་ནི་ཡིད་དགའ་བ་ཉིད་ཀྱིས་ངའི་ཕྱེད་ལུས་ཀྱི་ཕྱེད་དུ་ཞུགས་པར་བྱས་ལ་ཁྱད་པར་ཅན་གྱི་བདེ་བ་ཉམས་སུ་མྱོང་བར་བྱའོ་སྙམ་སྟེ། དེ་ནས་ལུས་ཕྱེད་བུད་


DTG01_Page_017
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་ཀྱི་དབང་ཕྱུག་ཅེས་བྱ་བར་གྱུར་ཏོ། །ཡང༌། ཁྱེད་ནི་བདེ་བར་བགྱིད་པ་ཡི། །ཞེས་བྱ་བ་འཁྲུལ་བར་བྱེད་པའི་འདོད་པ་ཉིད་ཀྱིས་རྨོངས་མ་གྱུར་ཅེས་བྱ་བ་སྟེ། འཁྲུལ་ཅིང་ཆགས་པར་མ་གྱུར་པ། །ཞེས་བྱ་བའི་དོན་ཏོ། །འཁོར་ལོ་མདུང་ཐུང་ཞེས་བྱ་བ་ལ་སོགས་པ་ལ༑འཁོར་ལོ་གང་ལ་ཡོད་པ་དེ་ནི་འཁོར་ལོ་ཅན་ཏེ། འཁོར་ལོའི་མཚོན་ཆ་ཐོགས་པ་ཁྱབ་འཇུག་ཅེས་བྱ་བའི་དོན་ཏོ། །མདུང་ཐུང་ཅན་ནི་ལྷ་ཆེན་པོ་སྟེ། མདུང་རྩེ་གསུམ་པ་ཐོགས་པའོ། །བདུད་ཀྱི་སྟོབས་ནི་བདུད་ཀྱི་དཔུང་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གོ །རྒྱལ་བ་ནི་ཟིལ་གྱིས་གནོན་པ་སྟེ། དེས་དབང་དུ་བྱ་བར་མི་ནུས་པའོ། །ཁྱོད་ནི་འཁོར་ལོ་མདུང་མེད་པར། །བྱམས་པའི་མཚོན་གང་ལགས་པས་རྒྱལ། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། བདུད་ཀྱི་སྟོབས་ལས་རྒྱལ་བར་བྱ་བ་ལ་གང་ཁྱབ་འཇུག་དང༌། ལྷ་ཆེན་པོའི་འཁོར་ལོ་དང༌། མདུང་མེད་པར་ཡང་བྱམས་པའི་མཚོན་ཆས་མངོན་པར་རྒྱལ་ཞིང༌། བཅོམ་པར་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །རྒན་པོས་ཞེས་བྱ་བ་ལ་སོགས་པ་ལ། རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། །ཞེས་བྱ་བ་ནི་འདི་སྐད་ཐོས་ཏེ། ཁྱབ་འཇུག་གི་གཉེན་གྱི་ཚོགས་རྣམས་ས་ཕྱོགས་འགའ་ཞིག་ཏུ་ཆང་འཐུང་ཞིང་འདུག་པ་ན། ཇི་ཙམ་ན་དྲང་སྲོང་གནས་ངན་དེར་ཉེ་བར་སོང་བ་དང༌། མ་འགགས་པས་བསམས་པ་ཁོ་བོས་དྲང་སྲོང་འདི་ལ་ཅོ་འདྲི་བར་བྱའོ་སྙམ་ནས། བུད་མེད་ཀྱི་གཟུགས་སུ་བྱས་ནས་དེའི་ཐད་དུ་སོང་སྟེ། དེ་ལ་གུས་པ་དང་བཅས་པས་རྗེས་བྱས་ནས་ལྟོ་བར་གཞོང་པ་གླན་ནས་གཡོགས་ཏེ་བཅིངས་པ་བསྟན་ནས། ཁོ་མོའི་དགུ་འདི་ན་ཅི་ཞིག་ཡོད། འདི་ལས་ཅི་ཞིག་འབྱུང་བར་འགྱུར། །ཞེས་སྨྲས་པ་དང༌། དྲང་སྲོང་དེས་བསམ་གཏན་གྱི་སྟོབས་ཀྱིས་བལྟས་པ་ལས་དེ་ལ་ཤིན་ཏུ་ཁྲོ་བ་དྲག་པོ་སྐྱེས་པར་གྱུར་ནས། ཁྱོད་ཀྱི་ཁོང་ནས་ལྕགས་ཀྱི་གཏུན་གང་གིས་ཁྱབ་འཇུག་གི་རིགས་མ་ལུས་པ་རླག་པར་བྱེད་པ་འབྱུང་བར་གྱུར་ཅིག་ཅེས་དེ་ཐམས་ཅད་ལ་དམོད་པ་བཏབ་པོ། །དེ་ནས་ཇི་ཙམ་ན་ལྕགས་ཀྱི་གཏུན་བྱུང་བར་གྱུར་པ་དང༌། བིཥྞུའི་རིགས་ཐམས་ཅད་འོངས་ཏེ་ལྕགས་ཀྱི་གཏུན་དེ་ཆུ་དང་རྡོ་ལ་བདར་ཏེ། དེ་འདམ་དང་བྱེ་མ་འདམ་བུའི་རྫིང་གི་ནང་དུ་བོར་རོ། །དེ་ཡང་འདམ་བུའི་ཚལ་དུ་གྱུར་ཏོ། །ཡང་


DTG01_Page_018
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་གཏུན་དེ་ལས་མདེའུ་ཙམ་ཞིག་ལུས་པར་གྱུར་པ་དང༌། འདིས་ཅི་ཞིག་ནུས་པར་འགྱུར་སྙམ་ནས་ཆུ་བོར་དོར་རོ། །དོར་བའི་འོག་ཏུ་ཉས་མིད་ནས་དེ་ཡང་རྒྱའི་ནང་དུ་ཆུད་དེ། ཉ་པས་ཁྱེར་ནས་རྔོན་པ་རྒན་པོ་ཞིག་ལ་བཙོངས་སོ། །དེས་ཀྱང་ཉ་དེ་བཤས་པ་དང༌། ལྕགས་ཀྱི་མདེའུ་བྱུང་ནས་དེ་མདའི་མདེའུར་བཏགས་སོ། །ཇི་ཙམ་ན་དམོད་པས་ཉེ་བར་བཅོམ་པའི་འཇིགས་པས་དུས་འགའ་ཞིག་གི་ཚེ། རྫིང་གི་ངོགས་དེར་ཁྱབ་འཇུག་གི་རིགས་རྣམས་ཆང་འཐུངས་པས་ར་རོ་བ་དང༌། དམོད་པས་རྣམ་པར་འཁྲུལ་པས་རྩོད་པ་ཆེན་པོ་བྱུང་བར་གྱུར་ནས་འདམ་བུའི་དབྱུག་པས་ཕན་ཚུན་ཉེ་བར་བསྣུན་པར་བྱེད་པ་ན། དེ་ན་མེད་པའི་ཁྱབ་འཇུག་མ་གཏོགས་པ་དེའི་རིགས་རྣམས་རྣམ་པར་འཇིག་པར་གྱུར་ཏོ། །དེ་ནས་ཁྱབ་འཇུག་གིས་བསམས་པ་ངའི་ཆུང་མའི་ཚོགས་ཁྲི་དྲུག་སྟོང་གྲོང་ཁྱེར་སྒོ་ལྡན་ན་གནས་ཀྱིས། དེ་དག་གལ་ཏེ་དམོད་པ་འདིས་ཕན་ཚུན་གཅིག་ལ་གཅིག་གནོད་པ་བྱེད་པའམ། གཞན་དག་གིས་ཕྲོགས་པར་འགྱུར་བ་སྲིད་སྙམ་ནས། དེར་སྲིད་སྒྲུབ་བཏང་ངོ༌། །དེས་ཀྱང་དེ་རྣམས་བླངས་ལ་ཁྱབ་འཇུག་གི་ཐད་དུ་ཁྱེར་ཏེ་འོང་ངོ་ཞེས་སྨྲས་ཏེ་ཆས་སོ། །རི་བྲགས་པ་རྣམས་ཀྱིས་ཀྱང་གཏམ་དེ་ཐོས་ནས་མཚོན་ཆ་སྣ་ཚོགས་པ་ཐོགས་ཏེ། སྲིད་སྒྲུབ་ཀྱི་ཐད་དུ་འཐབ་པའི་ཕྱིར་ལྷགས་པ་དང༌། དེ་རྣམས་ཀྱིས་སྲིད་སྒྲུབ་ཀྱི་མཚོན་ཆ་མ་ལུས་པ་ཟད་པར་བྱས་ནས་དེ་ཐམས་ཅད་ཕྲོགས་སོ། །ཁྱབ་འཇུག་གིས་དེ་ཐོས་པ་དང༌། ཡིད་ཀྱི་གདུང་བ་བཟློག་པར་མི་ནུས་པས་སེམས་གདུང་བཞིན་དུ་མྱ་ངན་དེ་བསལ་བའི་ཕྱིར་དགོན་པར་སོང་ངོ༌། །དེར་ཚང་ཚིང་ཤིན་ཏུ་སྟུག་པ་ཞིག་ཏུ། མྱ་ངན་གྱི་དབང་གིས་ལུས་ཐམས་ཅད་ཕབ་ནས་འདུག་སྟེ། རྐང་པ་བརྐྱང་པའི་མཐེ་བོ་བསྐྱོད་པ་དང༌། ཇི་ཙམ་ན་རྔོན་པ་རྒན་པོ་དེ་རི་དགས་བཤོར་བའི་ཕྱིར་ནགས་ཚལ་དུ་ཞུགས་ཏེ། རི་དགས་བལྟ་བའི་ཕྱིར་སེམས་གཏོད་ཅིང་གནས་པ་དང༌། མཐེ་བོ་བསྐྱོད་པ་དེ་རི་དགས་ཀྱི་རྣ་བ་འགུལ་བ་ཡིན་ནོ་སྙམ་ནས་མདའ་བསྣུན་པ་དང༌། དེ་སྲོག་དང་བྲལ་བར་བྱས་སོ། །རྒན་པོ་ཞེས་བྱ་བ་ནི་རྔོན་པ་རྒན་པོས་སོ། །ཁྱབ་འཇུག་ཅེས་བྱ་བ་ནི་སྲེད་མེད་ཀྱི་བུའོ། །མདའ་ཡིས་ཞེས་བྱ་བ་ནི་རྔོན་པའི་མདའ་ཡིས་སོ། །བསྣུན་


DTG01_Page_019
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བྱ་བ་ནི་བཅོམ་པའོ། །ལྷ་ཆེན་མགྲིན་པ་སྔོར་གྱུར་པས། །ཞེས་བྱ་བ་ལ། ལྷ་ཆེན་ནི་དབང་ཕྱུག་ཆེན་པོ་སྟེ། དེ་ཡང་དུག་གིས་ཉེ་བར་བཅོམ་པས་མགྲིན་པ་སྔོན་པོར་གྱུར་ཏོ། །དེ་ཡང་འདི་ལྟར་ལྷ་རྣམས་རྒྱ་མཚོ་བསྲུབ་པའི་ཕྱིར་ཞུགས་པ་ན། དེའི་ཚེ་ནོར་བུ་ཀཽ་སྟུ་བྷ་དང༌། རྟ་མགྲིན་རིངས་ལ་སོགས་མང་པོ་ཞིག་རྒྱ་མཚོ་ལས་བྱུང་བར་གྱུར་པ་དང༌། ཇི་ཙམ་ན་དུག་ཅིག་བྱུང་བར་གྱུར་ནས་དེའི་མཐུས་ཁྱབ་འཇུག་དེའི་གན་ན་གནས་པས་པགས་པའི་མདོག་ནག་པོར་གྱུར་ཏོ། །ལྷ་ཆེན་པོས་དེ་བླངས་ནས་འཇིགས་པ་མེད་པར་མིད་པར་རྩོམ་པ་ན། །ཇི་ཙམ་ན་མགྲིན་པར་ཐོགས་ཏེ་སྟེང་དུ་ཡང་མ་བྱུང༌། འོག་ཏུ་ཡང་མ་སོང་བར་དེའི་མགྲིན་པ་རྨ་བྱའི་མགྲིན་པ་ལྟར་སྣང་བར་གྱུར་པ་དང༌། ལྷ་རྣམས་ཀྱིས་སྨྲས་པ། འདི་ནི་ཤིན་ཏུ་མཛེས་པས་ད་ནི་དེང་ནས་དེ་མགྲིན་པ་ཉིད་དུ་བཞག་པའི་རིགས་སོ་ཞེས་སྨྲས་སོ་ཞེས་གྲག་གོ །ལྷ་འདི་གཉིས་ལ་ཞེས་བྱ་བ་ནི། ཁྱབ་འཇུག་དང༌། ལྷ་ཆེན་པོ་ལའོ། །གནོད་བགྱིད་མཆིས་ཞེས་བྱ་བ་ནི། གནོད་པ་དང་བཅས་པར་གནས་པས་ན་གནོད་བགྱིད་མཆིས་ཞེས་བྱ་སྟེ། གཞན་གྱིས་བྱས་པའི་ཉེ་བར་གནོད་པའམ་གསོད་པ་དང་ལྡན་པའོ། །མགོན་ཁྱོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ལ་བོད་པ་སྟེ། བདག་པོ་ཞེས་བྱ་བའི་དོན་ཏོ། །གནོད་པ་བགྱིད་པ་མེད་པས་ན་གནོད་བགྱིད་བྲལ་བ་ལགས་ཞེས་བྱའོ། །དྲིས་པ། བཅོམ་ལྡན་འདས་ལ་གཞན་གྱིས་བྱས་པའི་བགྲོངས་པ་མི་མངའ་མོད་ཀྱི། གཞན་གྱིས་བྱས་པའི་གནོད་པ་ནི་མངའ་སྟེ། བྱ་རྒོད་ཀྱི་ཕུང་པོར་རྡོའི་དུམ་བུས་ཞབས་སྣད་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ༑དེ་ནི་རྨ་བཏོད་པ་ཙམ་དུ་ཟད་ཀྱི། ཉེ་བར་གནོད་པ་ཞེས་མི་བྱ་སྟེ། དེ་ཡང་འདི་ལྟར་དུས་ཡུན་རིང་པོར་ཞུགས་པའི་ཉེ་བར་འཚེ་བ་ལ་གནོད་པ་ཞེས་བཤད་ཀྱི། སྐད་ཅིག་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ནི་སྐད་ཅིག་མ་དེ་ཉིད་ལ་དེ་ཙམ་ཞིག་ཏུ་འགྱུར་གྱི། ལྷ་ཆེན་པོའི་མགྲིན་པ་སྔོ་བ་ཇི་ལྟ་བ་དེ་ལ་ནི་མ་ཡིན་ནོ། །ཁྱབ་འཇུག་མི་ཐུང་གཟུགས་བསྒྱུར་ནས། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཐོས་ཏེ། སྟོབས་ལྡན་ཞེས་བྱ་བའི་ལྷ་མ་ཡིན་ཞིག་བྱུང་བ་དང༌། དེས་རང་གི་ཕ་རོལ་གནོན་པས་ཁམས་གསུམ་མ་ལུས་པ་རྣམ་པར་གནོན་པ་ན་ཁྱབ་འཇུག་གིས་བསམས་པ། ངས་འདི་དང་ལྷན་


DTG01_Page_020
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གཡུལ་སྤྲོད་པར་མི་ནུས་ཏེ། ཤིན་ཏུ་སྐྱེས་བུའི་རྩོལ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ངེས་པར་སྒྱུ་ཐབས་ཀྱིས་བསླུ་བར་བྱའོ་སྙམ་དུ་རྣམ་པར་བསམས་ནས། བདག་ཉིད་བྲམ་ཟེ་མིའུ་ཐུང་ཞིག་གི་གཟུགས་སུ་སྤྲུལ་ནས་སློང་མོའི་བདག་ཉིད་ཅན་དུ་བྱས་ཏེ་སོང་ནས། རྒྱལ་པོ་སྟོབས་ལྡན་རྟའི་མཆོད་སྦྱིན་བྱེད་པའི་བརྟུལ་ཞུགས་ལ་གནས་པའི་ཚེ། སུ་ཞིག །སུ་ཞིག་འདོད། གང་ལ་ཅི་ཞིག་སྦྱིན་པར་བྱ། །ཞེས་ཟེར་བ་ལ་བརྩོན་པ་དེའི་ཐད་དུ་ཕྱིན་ནས། ཕ་དང་མའི་ཕྱིར་མེ་ལ་མཆོད་སྦྱིན་བྱེད་པས་དེའི་དོན་དུ་ས་ཕྱོགས་གོམ་པ་ཉིད་ཀྱི་ཚད་སློང་ངོ་ཞེས་སྨྲས་པ་དང༌། དེས་སྨྲས་པ། འདི་ཙམ་ཞིག་གིས་ཁྱོད་ལ་དགོས་པ་ཅི་ཞིག་རྫོགས་པར་འགྱུར། གཞན་དུ་ན་གླང་པོ་དང༌། རྟ་དང༌། ཤིང་རྟ་དང༌། གསེར་ལ་སོགས་པའི་དངོས་པོ་སློངས་ཤིག་དང༌། དེ་ངས་དགག་པ་མེད་པ་དང༌། ཁྱད་པར་དང་བཅས་པ་སྦྱིན་པར་བྱའོ་ཞེས་སྨྲས་ཀྱང་འདོད་པར་མ་གྱུར་ཏོ། །དེ་ནས་དེས་སྨྲས་པ། གལ་ཏེ་དེ་ལྟར་འདོད་ན་རེ་ཞིག་གོམ་པ་གསུམ་ཡང་ཁྱེར་ཅིག་ཅེས་སྨྲས་པ་དང༌། ཁྱབ་འཇུག་གིས་གོམ་པ་གཉིས་ཀྱིས་འཇིག་རྟེན་གསུམ་གྱི་བར་དུ་རྐང་པ་གཅིག་བརྐྱང་ནས། གོམ་པ་གསུམ་པའི་གནས་མ་རྙེད་པ་དང༌། དམ་བཅས་པ་ལས་ཉམས་པར་བྱས་པའི་དོར་ཐབས་ཁས་བླངས་པས་ཡིད་ཞུམ་པར་གྱུར་པ་དང༌། འཇིགས་པ་ཆེན་པོས་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་བཅོམ་པར་གྱུར་པས་སྟོབས་ལྡན་བཟུང་སྟེ། ས་འོག་ཏུ་བཅིངས་པར་གྱུར་ཏོ། །མིའུ་ཐུང་ནི་གཟུགས་ཐུང་བའོ། །གཟུགས་ནི་ལུས་སོ། །བསྒྱུར་ནས་ཞེས་བྱ་བ་ནི་མངོན་པར་སྤྲུལ་ནས་སོ། །གང་གིས་ཤེ་ན། ཁྱབ་འཇུག་གིས་སོ། །ཅི་ཕ་རོལ་གནོན་པས་སམ་ཞེ་ན། གཡོ་ཐབས་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། སླུ་ཐབས་ཀྱིས་སོ། །སྟོབས་ལྡན་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་རྒྱལ་པོའོ། །བསླུས་ཞེས་བྱ་བ་ནི་རྒྱལ་སྲིད་ལས་ཉམས་པར་བྱས་ཞེས་བྱ་བའི་དོན་ཏོ། །ཁྱེད་ནི་གཞན་དག་ལ་སླུ་བར་མི་མཛད་དེ། གལ་ཏེ་གཡོ་མི་མཁྱེན་པས་དེའི་ཕྱིར་གཞན་དག་སླུ་བར་མི་མཛད་དོ་ཞེས་རྟོག་པ་ལ། དེའི་ཕྱིར་གཡོ་ཡང་མཁྱེན་གྱུར་ལ། །ཞེས་སྨོས་པ་ཡིན་ཏེ། དེ་ཡང་གཡོ་མཁྱེན་པས་ན་གཡོ་ཡང་མཁྱེན་གྱུར་ལ་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་


DTG01_Page_021
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འདས་ནི་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་དངོས་པོ་ཐམས་ཅད་མཁྱེན་ཅིང༌། ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་སྤྱོད་པར་མི་མཛད་པ་སྟེ། འདིར་རལ་གྲི་ཐོགས་པའི་གཙོ་བོའི་མདོ་དཔེར་བརྗོད་པར་བྱའོ། །མགོན་ཁྱོད་རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཀྱི་རྫུ་འཕྲུལ་པ་རྣམས་ནི་མགོན་ཁྱོད་རྫུ་འཕྲུལ་ཏེ། ཡིད་མགྱོགས་པ་ལ་སོགས་པའོ། །དེའི་རྣམ་པར་འཕྲུལ་བ་ནི་རྣམ་པར་རོལ་བའོ། །ཇི་ལྟ་བུ་ཞེ་ན། རྨད་བྱུང་ཞེས་བྱ་བ་སྟེ། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །ཁྱད་འཇུག་འཇིག་རྟེན་གསུམ་རྒལ་བ། །ཞེས་བྱ་བ་ནི་གོམ་པ་གསུམ་གྱིས་འཇིག་རྟེན་གསུམ་རྒལ་བའོ། །འཕྱེ་བོ་ཞེས་བྱ་བ་ནི་རྐང་པ་མེད་པ་སྟེ། འཕྱེ་ཞིང་འགྲོ་བས་འཕྱེ་བོ་ཡིན་ལ། དེ་དང་འདྲ་བར་འཇུག་པས་ན་འཕྱེ་བོ་བཞིན་དུའོ། །མཐོང་བ་ནི་རྟོགས་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་ཁྱེད་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་རྨད་དུ་བྱུང་བ་མཐོང་བ་དེས་ནི་ལྷ་ཡུལ་དང་ས་འོག་ཏུ་ཁྱབ་འཇུག་གིས་འཇིག་རྟེན་གསུམ་རྒལ་བར་གྱུར་པ་ཡང་འཕྱེ་པོ་མཆི་བ་བཞིན་དུ་མཐོང་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་པ་རྣམས་ནི་འཛམ་བུའི་གླིང་ཙམ་ཉིད་ལ་འཇིག་རྟེན་གསུམ་དུ་འདོད་དེ༑རྒྱ་མཚོ་བཞིས་ཡོངས་སུ་བཅད་པ་འཇིག་རྟེན་གཉིས་ཀྱི་བར་ནི་མིའི་འཇིག་རྟེན་ཡིན་ལ། འོག་གི་གཞི་ནི་ཀླུའི་འཇིག་རྟེན་ནོ། །རི་ཁ་བ་ཅན་ལ་སོགས་པ་རི་བོ་ལྷ་རྣམས་གནས་པ་དང༌། སྐར་མ་ལ་སོགས་པ་ནི་ལྷའི་འཇིག་རྟེན་ཉིད་ཡིན་ན། དེ་ཁྱབ་འཇུག་གིས་བརྒལ་བར་བྱས་པ་འདི་ཙམ་ལ་འཇིག་རྟེན་གསུམ་རྒལ་བ་ཞེས་བྱ་བ་ལ། སངས་རྒྱས་བཅོམ་ལྡན་འདས་ནི་ཐུགས་བསྐྱེད་པ་ཙམ་གྱིས། ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ས་ཡ་དཔག་ཏུ་མེད་པ་འདས་པའི་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ནས་མྱུར་བ་ཉིད་དུ་གཤེགས་པ་འདིར། དཔེར་སྦྱར་བར་བྱའོ། །གཞོན་ནུ་ཚངས་པར་སྤྱོད་པ་ན། །ཞེས་བྱ་བ་ལ། གཞོན་ནུ་དང༌། ཀ་རྟི་ཀ་དང༌། ཕུག་ན་གནས་པ་དང༌། རྨ་བྱ་ལ་ཞོན་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་པ་ལས་ལོག་པ་སྟེ། འདོད་པའི་འདོད་ཆགས་དང་བྲལ་བའི་


DTG01_Page_022
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆིངས་པ་ཉིད་འདི་ལྟར་སྤྱོད་པའོ། །ལྷན་ཅིག་ཅེས་བྱ་བ་ནི་དུས་གཅིག་དང་ཐབས་ཅིག་པའོ། །གང་དང་ཞེ་ན། དྲུག་ལྡན་མ་དང་ཞེས་བྱ་བ་སྟེ། དེའི་ཆུང་མ་དྲུག་ལྡན་མ་ཞེས་བྱ་བ་དང་ངོ༌། །སྤྱོད་ཅེས་བྱ་བ་ནི་སྤྱོད་པའི་བྱེད་པའམ་སྲུང་བའོ། །དེ་ཡང་འདི་ལྟར་ཐོས་ཏེ། དྲུག་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་མཆོག་ཏུ་གཟུགས་བཟང་བ། སྤྱོད་པ་ལ་མཁས་པ། གཟུགས་ཀྱི་ཉེ་བར་སྤྱོད་པ་དང༌། བུད་མེད་ཀྱི་ཡོན་ཏན་གྱིས་གཞན་དག་ཟིལ་གྱིས་མནན་པས་གནས་པ་ཞིག་བྱུང་བར་གྱུར་ལ། དེ་ཡང་གཞོན་ནུས་ཆུང་མའི་དོན་དུ་བླངས་པ་དང༌། དེ་ལ་དྲང་སྲོང་འགའ་ཞིག་གིས་སྨྲས་པ། གལ་ཏེ་ཁྱེད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དོན་དུ་གཉེར་ཞིང༌། གྲགས་པ་ཁྱད་པར་ཅན་བསྒྲག་པར་བྱ་བའི་བསམ་པ་ཡོད་ན། དུས་འདིའི་ཚེ་ཁྱེད་ཀྱིས་རལ་གྲིའི་སོ་ཞེས་བྱ་བའི་བརྟུལ་ཞུགས་སྤྱད་པར་བྱའོ། །དེའི་བརྟུལ་ཞུགས་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། ལང་ཚོ་ལ་བབ་ཅིང་འདོད་པའི་བདེ་བ་ཉམས་སུ་མྱོང་བར་ནུས་པ་ན། ཆུང་མ་ཐམས་ཅད་ཀྱི་གཙོ་མོར་གྱུར་པ་གཟུགས་ཤིན་ཏུ་བཟང་བ་དང་ལྡན་པ་དེ་དང་ལྷན་ཅིག་རྩེ་ཞིང༌། ཡན་ལག་རེག་པ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་ཀྱང༌། གཉིས་སྙོམས་པར་ཞུགས་པ་ཡིན་ནོ་ཞེས་ཚོར་བ་མེད་པར་བྱས་ཏེ། བརྟུལ་ཞུགས་འདི་དུས་རིང་པོར་བསྟེན་ན་འབྲས་བུར་འགྱུར་རོ་ཞེས་སྨྲས་པ་དང༌། དེ་ནས་བརྩམས་ཏེ་གཞོན་ནུས་བརྟུལ་ཞུགས་བརྩམས་པ་ཡིན་ནོ། །ཁྱོད་ཀྱིས་འཁྲིག་པའི་ཞེས་བྱ་བ་ལ་སོགས་པ་ལ། འཁྲིག་པ་ནི་གཉིས་ཀྱིས་གཉིས་སྦྱོར་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་འཁྲིག་པར་གྱུར་པས་ན། འཁྲིག་པ་སྟེ། ཀུན་ཏུ་སྦྱོར་བ་ལ་ཉེ་བར་ལོངས་སྤྱོད་པའོ། །དེ་བས་ན་ཁྱེད་ཀྱིས་ཐལ་བ་བཞིན་དུ་མཛད་པར་གྱུར་པ་ནི་ཐལ་བ་མ་ཡིན་པ་ལས་ཐལ་བ་ཉིད་དུ་མཛད་ཅིང་བརླག་པར་གྱུར་བའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་འཁྲིག་པའོ་སྦྱོར་བ་བདུན་དང་ལྡན་པའི་མདོ་ལས་གསུངས་ཏེ། བྲམ་ཟེ་འདི་ལ་ཁ་ཅིག་བདག་ཚངས་པར་སྤྱོད་པར་ཁས་འཆེ་ཞིང༌། །དེ་བུད་མེད་དང་གཉིས་ཀྱིས་གཉིས་མི་སྦྱོར་ཡང་བུད་མེད་ལ་མིག་གི་ཡུལ་གཟུགས་ལ་ངེས་པར་སེམས་ཤིང་བལྟ་སྟེ། དེས་དེ་ཉམས་སུ་ལེན་ཅིང་རྟོག་ལ་ཞེན་ཅིང༌།


DTG01_Page_023
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེན་ནས་གནས་པ་འདི་ནི་བྲམ་ཟེ་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་གྱི། །མི་ལྡན་པ་མ་ཡིན་ཏེ། ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པ་སྤྱོད་པ་ཡིན་ཞིང༌། ཞིག་པ་དང༌། བུ་ག་ཅན་དང༌། འདྲེན་མ་དང༌། ནག་ནོག་ཅན་ཡིན་ཏེ། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། ཕོངས་པ་རྣམས་ལས་ཡོངས་སུ་གྲོལ་བར་མི་འགྱུར་ཞིང༌། སྡུག་བསྔལ་རྣམས་ལས་ཐར་བ་རང་མི་སྨྲའོ། །གཞན་ཡང་བུད་མེད་ཀྱི་ཡུལ་ལ་མིག་གིས་མིག་གི་ཡུལ་གཟུགས་ལ་ངེས་པར་སེམས་ཤིང༌། ལྟ་བར་ཡང་བྱེད་པ་ནས་དེ་དང་ལྷན་ཅིག་རྩེ་བ་དང༌། ཅ་ཅོ་འདོན་པ་ཉམས་སུ་ལེན་པ་ཡང་ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པ་ཡིན་ཏེ། སྔ་མ་བཞིན་ནོ། །གཞན་ཡང་བུད་མེད་དང་ལྷན་ཅིག་ཅ་ཅོ་འདོན་པ་ཉམས་སུ་ལེན་པར་ཡང་བྱེད་ཅིང༌། །བུད་མེད་ལས་བསྐུ་བ་དང༌། མཉེ་པ་དང༑ཁྲུས་བྱ་བ་བདག་གིར་བྱེད་ཅིང༌། ཉམས་སུ་ལེན་པ་དེ་ཡང་དེ་བཞིན་ནོ། །གཞན་ཡང་དེ་བཞིན་དུ་ཡོངས་སུ་མེད་པའི་བར་དུ་བདག་གིར་ཡང་བྱེད་ཅིང་རྩིག་པས་ཆོད་པ་དང༌། ཡོལ་བས་ཆོད་པའི་བུད་མེད་ཀྱི་རྒྱན་དང༌། གླུ་དང༌། གར་ལ་སོགས་པའི་སྒྲ་ཉམས་སུ་ལེན་པར་བྱེད་ཅིང་ཉན་པར་བྱེད་པ་དེ་ཡང་དེ་བཞིན་ནོ། །གཞན་ཡང་སྒྲའི་བར་དུ་ཉམས་སུ་ལེན་པར་བྱེད་པ་ནས། གཞན་དག་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ལ་བལྟས་ནས་ཉམས་སུ་ལེན་ཅིང་རྩེ་བ་དང༌། དགའ་བས་ཡོངས་སུ་སྤྱོད་པ་ཉམས་སུ་མྱོང་བར་བྱེད་པ་ཡང་དེ་བཞིན་ནོ། །གཞན་ཡང་ཡོངས་སུ་སྤྱོད་པའི་བར་དུ་ཡང་བྱེད་ལ། སྔོན་ཉམས་སུ་མྱོང་བའི་དགོད་པ་དང༌། རྩེ་བ་དང༌། དགའ་མགུར་ཡོངས་སུ་སྤྱོད་པ་དེ་རྗེས་སུ་དྲན་པར་བྱེད་ཅིང༌། དེ་ལས་དེ་བདག་གིར་བྱེད་པ་ཡང་དེ་བཞིན་ནོ། །གཞན་ཡང༌། རྗེས་སུ་དྲན་པའི་བར་དུ་ཡང་བྱེད་ལ། བདག་ནི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་སམ། དཀའ་ཐུབ་བམ། །ཚངས་པར་སྤྱོད་པ་སྤྱད་པ་འདི་ལྷ་ལ་སོགས་པའི་གནས་སུ་བསྔོ་སྟེ། ཚངས་པར་སྤྱོད་པའང་དེ་བཞིན་ནོ། །ཞེས་བྱ་བ་ནས། བྲམ་ཟེ་འཁྲིག་པའི་ཆོས་བདུན་གྱི་སྦྱོར་བ་འདི་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་དེ་སྲིད་ལྷ་དང་བཅས་པའི་འཇིག་རྟེན་ལས་


DTG01_Page_024
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར་འགྱུར་བ་ང་མི་སྨྲའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །ཚངས་སོགས་ཞེས་བྱ་བ་ལ་ཚངས་པ་ལ་སོགས་པ་ནི་འདི་སྐད་སྨྲའོ་ཞེས་གྲག་སྟེ། ཇི་ལྟར་ཁོ་བོ་སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་མ་ལུས་པ་འབྱིན་པར་བྱེད་པ་ནས། །ངའི་ཚངས་པ་འཇུག་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲག་ཅེས་བྱ་བ་ནི་གཏམ་དུ་བརྒྱུད་པ་འབའ་ཞིག་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་གཟིགས་ཁྱོད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་གཟིགས་པའི་དང་ཚུལ་གང་ལ་ཡོད་པ་དེ་ནི་དེ་ཉིད་གཟིགས་པ་སྟེ། ཐམས་ཅད་མཁྱེན་པ་དེས་ཞེས་བྱ་བའི་དོན་ཏོ། །དེས་ཇི་སྐད་བསྟན་ཅེ་ན། འཇིག་རྟེན་པ་དང༌། དེ་ཡང་ལས་ལས་སྐྱེས་ཞེས་བསྟན་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་དག་དང༌། གང་དེ་དག་འབྱིན་པར་བཤད་པ་ཚངས་པ་ལ་སོགས་པ་དེ་ཡང་ལས་ལས་སྐྱེས་པར་ཁྱོད་ཀྱིས་བསྟན་ཅིང་གསུངས་པའོ། །དེ་ཡང་སེམས་ཅན་རྣམས་ནི་ལས་ལས་སྐྱེས་པ༑ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་རྗེས་སུ་འབྲེལ་པ་སྟེ། དགེ་བའམ་སྡིག་པའི་ལས་གང་དག་བྱེད་པ་དེ་ལས་དེ་ཉིད་ཀྱི་སྐལ་བ་ཅན་དུ་འགྱུར་རོ་ཞེས་མདོ་ལས་གསུངས་པ་ཡིན་ནོ། །བརྒྱ་བྱིན་གྱིས་ནི་བཤོལ་མེད་མ། །ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་ཞེས་བྱ་བ་ནི་རྡོ་རྗེ་མཚོན་དུ་ཐོགས་པ་སྟེ། དབང་པོ་ཞེས་བྱ་བའི་དོན་ཏོ། །བཤོལ་མེད་མ་ནི་དྲང་སྲོང་གི་བུ་མོ་སྟེ། དེ་མཐོང་བར་གྱུར་པ་ལས་སོ། །འདོད་པས་ཞེས་བྱ་བ་ནི་འདོད་པའི་ལྷའི་འདོད་ཆགས་ཀྱིས་སོ། །རྨོངས་པ་ནི་འཁྲུལ་པར་གྱུར་པའོ། །གྲག་ཅེས་བྱ་བ་ནི་འཇིག་རྟེན་གྱི་གཏམ་ཡིན་པར་སྟོན་ཏོ། །དེ་ཡང་འདི་ལྟར་ཐོས་ཏེ། དྲང་སྲོང་གཽ་ཏ་མ་ཞེས་བྱ་བ་ཞིག་ཡོད་པ་དེ་ལ་བཤོལ་མེད་མ་ཞེས་བྱ་བའི་ཆུང་མ་ཡོད་དེ། དེ་ལང་ཚོའི་མདངས་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པས་དེ་ལ་བརྒྱ་བྱིན་ཆགས་པར་གྱུར་ལ། དེ་ཡང་དེ་ལ་ཆགས་ཏེ། དེས་ན་དེ་དག་ཕན་ཚུན་འབྲེལ་པར་གྱུར་ཏོ། །དུས་ལན་འགའ་ཞིང་ན་དྲང་སྲོང་དེ་བསྟི་གནས་གཞན་དུ་མགྲོན་དུ་བོས་པར་གྱུར་ནས། མེ་ཏོག་དང༌། ཡམ་ཤིང་དང༌། ཀུ་ཤའི་དོན་དུ་ཕྱི་རོལ་དུ་བྱུང་ངོ༌། །བརྒྱ་བྱིན་ཡང་དེར་འོངས་ནས་བཤོལ་མེད་མ་དང་བག་ཕེབས་པར་མངོན་པར་རྩེ་ཞིང་འདུག་པ་ན། གཽ་ཏ་མས་ཡོངས་སུ་མ་ཤེས་པ་ཉིད་དུ་བསྟི་གནས་སུ་ཞུགས་པ་དང༌།


DTG01_Page_025
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བཤོལ་མེད་མ་ཡང་འཇིགས་ཤིང་རྟ་པས་བས་བརྒྱ་བྱིན་མིད་དོ། །དེ་ནས་གཽ་ཏ་མས་ཡང་བཤོལ་མེད་མ་ཁྲིད་དེ། བསྟི་གནས་གཞན་དུ་མགྲོན་དུ་བོས་པར་སོང་བ་དང༌། དྲང་སྲོང་དེས་རྣལ་འབྱོར་གྱི་སྟོབས་ཀྱིས་ཇི་ལྟར་གྱུར་པ་དེ་དག་ཤེས་ནས་སྟན་གསུམ་བཤམས་སོ། །གཽ་ཏ་མས་བསམས་པ། ཅིའི་ཕྱིར་སྟན་གསུམ་ཤོམ་སྙམ་ནས་བརྟགས་པ་དང༌། ཇི་ཙམ་ན་བཤོལ་མེད་མའི་ཁོང་ན་བརྒྱ་བྱིན་ཡོད་པར་མཐོང་ནས། དེ་ངོ་ཚ་བར་གྱུར་པ་དང༌། ཟས་ལ་སྤྱད་ནས་རང་གི་གནས་སུ་སོང་སྟེ། བཤོལ་མེད་མ་ལ་བརྒྱ་བྱིན་སྐྱུགས་ཤིག་ཅེས་སྨྲས་པ་དང༌། དེས་ཀྱང་སྐྱུགས་སོ། །དེ་ནས་དེས་བརྒྱ་བྱིན་ལ་མོ་མཚན་སྟོང་གིས་མཚན་པར་གྱུར་ཅིག་ཅེས་དམོད་པ་བཏབ་པོ། །དེ་ནས་ཅི་ཙམ་ན། ལྷ་རྣམས་དེར་འོངས་ཏེ་གཽ་ཏ་མ་མགུ་བར་བྱས་པ་དང༌། གང་འདི་ཁྱེད་ཀྱིས་མོ་མཚན་སྟོང་མིག་སྟོང་དུ་གྱུར་ཅིག་ཅེས་མཆོག་བྱིན་པ་ཡིན་ནོ། །དེ་ནས་བརྩམས་ཏེ་མིག་སྟོང་པར་གྱུར་ཏོ། །དཔའ་བོ་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ། བརྩོན་འགྲུས་ཀྱི་ཁྱད་པར་དང་ལྡན་པས་ན་དཔའ་བ་སྟེ། བཅོམ་ལྡན་འདས་དེ་ལ་བོད་པ་ནི་དཔའ་ཁྱོད་ཅེས་བྱའོ། །འདོད་པ་ཉིད་ཀྱིས་ནི། མ་རྨོངས་སླད་དུ་ཞེས་བྱ་བ་ནི་འདོད་པ་རྣམ་པར་བཅོམ་པའི་ཕྱིར་རོ། །བཙུན་མོ་བཏང་ཞེས་བྱ་བ་ནི་གྲགས་ལྡན་མ་དང༌། རི་དགས་སྐྱེས་དང༌། ས་མཚོམ་ལ་སོགས་པ་བཙུན་མོའི་འཁོར་སྟོང་ཕྲག་དྲུག་ཅུ་བཏང་ཞིང་ཡོངས་སུ་སྤངས་པ་ཡིན་ནོ། །སྒྲ་གཅན་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་གཅན་ཉིད་ཀྱི་ལག་པས་ཟིན་པས་ན། སྒྲ་གཅན་ལག་པས་སོ། །ཟླ་བ་ནི་རི་བོང་གིས་མཚན་པའོ། །ཇི་ལྟ་བུའི་ཟླ་བ་ཞེ་ན། དབང་མེད་པ་སྟེ་དབང་དང་ནུས་པ་དང་བྲལ་ཞིང་རང་དབང་མེད་པར་གཞན་དབང་དུ་གྱུར་པའོ། །མིད་པ་ནི་ཟིན་པའོ། །དེ་ཡང་འདི་ལྟར་ཐོས་ཏེ། ཇི་ཙམ་ན་ལྷ་རྣམས་ཀྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ན། ཇི་སྲིད་ཅིག་ན་བདུད་རྩི་བྱུང་བར་གྱུར་པ་དང༌། ལྷ་མ་ཡིན་སྒྲ་གཅན་གྱིས་ཕྲོགས་ནས་སྤྱོད་པར་རྩོམ་པ་ན། ཁྱབ་འཇུག་གིས་བསམས་པ། གལ་ཏེ་འདིས་བདུད་རྩི་འཐུངས་པར་གྱུར་ན་ལྷ་ཐམས་ཅད་ཀྱིས་ཀྱང་མི་ཐུབ་པར་འགྱུར་རོ་སྙམ་ནས། འཁོར་ལོས་མགོ་བཅད་པ་དང༌། དེས་དེ་བོར་བ་ན་ལྷ་རྣམས་ཀྱིས་


DTG01_Page_026
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བླངས་སོ། །སྒྲ་གཅན་དེའི་ལྐོག་མའི་ཕྱོགས་ཀྱི་བར་དུ་བདུད་རྩིའི་ཆས་ཁྱབ་པར་གྱུར་པ་དང༌། དེས་དེའི་འོག་གི་ཆའི་ལུས་ཤི་བར་གྱུར་ཀྱང་གསོན་ལ། དེ་ཡང་ལྷ་དང་མི་རྣམས་ལ་གནོད་པ་བྱ་བའི་ཕྱིར་རྒྱུའོ། །གནས་སྐབས་དེ་ནས་བརྩམས་ཏེ། ས་གསུམ་སྣང་བར་བྱེད་པའི་ཉི་མ་དང༑ཟླ་བ་འཛིན་པར་བྱེད་པ་ཡིན་ནོ། །མངའ་བརྙེས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ནམ་འབྱུང་པོ་གང་མགོན་པོ་ཁྱེད་ལ་རང་དབང་མེད་པར་བགྱིད་ཅིང༌། གནོད་པར་བགྱིད་པའི་གཞན་དབང་ཅན་ཏེ་འགའ་ཡང་མ་མཆིས་སོ་ཞེས་བྱ་བའི་དོན་ཏོ། །མི་དབང་ཞེས་བྱ་བ་ལ་སོགས་པ་ལ། དགའ་བྱེད་དང་གོས་སྲེད་ནི་དགའ་བྱེད་གོས་སྲེད་དེ། དེ་དག་ལ་སོགས་པའི་རྒྱལ་པོ་གང་ཡིན་པ་དེ་ནི། ནགས་ཚལ་ནས་ཞེས་བྱ་བ་དཀའ་ཐུབ་ཀྱི་ནགས་ནས་ཕྱིར་ཡང་མཆིས་ཞེས་བྱ་བ་འདོད་པའི་འདོད་ཆགས་ཀྱིས་ཡིད་བརླན་པར་བྱས་ནས། སླར་ཡང་ཁྱིམ་དུ་འོངས་པའོ། །དེ་ཡང་འདི་ལྟར་རྒྱལ་པོ་ཤིང་རྟ་བཅུ་པ་སུམ་ཅུ་རྩ་གསུམ་པ་དང༌། ལྷ་མ་ཡིན་གཡུལ་འགྱེད་པར་ཕྱིན་ཏེ། ལུས་ལ་ལྷ་མ་ཡིན་གྱི་མཚོན་གྱིས་ཟུག་རྔུ་མང་པོ་ཟུག་པ་དང༌། གྲོང་ཁྱེར་འཐབ་པ་མེད་པར་ཕྱིན་ནས། དེའི་ཆུང་མ་ཀེ་ཀེ་ཡ་ཞེས་བྱ་བས་བསྙེན་བཀུར་བྱས་པས་སོས་པར་གྱུར་པ་དང༑དེས་ཀྱང་དེ་ལ་མཆོག་སྦྱིན་པར་བྱས་སོ། །དེ་ནས་དུས་གཞན་ཞིག་ན་ཕས་དགའ་བྱེད་རྒྱལ་སྲིད་ལ་དབང་བསྐུར་བར་རྩོམ་པ་ན། ཀེ་ཀེ་ཡ་རྒྱལ་སྲིད་ལ་ཕྲག་དོག་གིས་དཀྲུགས་པའི་སེམས་ཀྱིས་སྨྲས་པ། ལྷས་བདག་ལ་མཆོག་སྩལ་བར་དམ་བཅས་པ་ལགས་ཀྱིས། དེ་ད་གསོལ་བར་བགྱིད་དེ། དགའ་བྱེད་ལོ་བཅུ་གཉིས་ཀྱི་བར་དུ་ནགས་སུ་རྫོངས་ལ་བདག་གི་བུ་བྷ་ར་ཏ་རྒྱལ་སྲིད་ལ་དབང་བསྐུར་བར་གསོལ་ཞེས་བྱ་བ་ནས། ཇི་སྲིད་ན་དགའ་བྱེད་ནགས་སུ་སོང་སྟེ། དེར་སི་ཏ་ཕྲོགས་པ་དང༌། སྒྲ་སྒྲོགས་བསད་པ་ལ་སོགས་པ་བྱས་ནས། མེ་ཏོག་ཅན་ཞེས་བྱ་བའི་རྒྱུ་བའི་གཞལ་ཡས་ཁང་དུ་ཞུགས་ཏེ། བྷ་ར་ཏ་ལ་སོགས་པས་གསོལ་བ་བཏབ་ཅིང་མཆོད་པ་དང༌། གྲོང་ཁྱེར་འཐབ་པ་མེད་པར་སོང་སྟེ། དགའ་བྱེད་བདེ་བ་རྣམས་ལ་མངོན་པར་རོལ་པར་གྱུར་ཏོ། །གོས་སྲེད་ལ་སོགས་པའི་རྒལ་པོ་གཞན་དག་ཀྱང་སྡུག་བསྔལ་གིས་ཉེན་པར་གཙོས་པའི་འཇིག་རྟེན་མཐོང་


DTG01_Page_027
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་དང༑ང་ཡང་གནས་སྐབས་འདི་ལྟ་བུར་འགྱུར་དུ་འོང་ངོ་སྙམ་ནས་རྒྱལ་སྲིད་སྤངས་ནས་ནགས་སུ་སོང་བ་དང༌། སླར་ཡང་དེ་དང་བྲལ་བས་ས་ཆེན་པོ་འདི་དག་ལ་གནས་པ་མི་རིགས་པ་ལ་ཞུགས་པས་སྐྱེ་བོ་མ་ལུས་པ་སོང་སྟེ། གུས་པ་དང་བཅས་པས་སླར་ཡང་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲང་བའི་ཕྱིར་གསོལ་བ་བཏབ་ཅིང༌། དེ་ཡང་འདོད་ཆགས་ལ་ཉེ་བར་དགའ་བའི་ཡིད་ཀྱིས་སླར་གྲོང་ཁྱེར་དུ་འོངས་སོ་ཞེས་ཐོས་སོ། །བདེ་གཤེགས་ཁྱོད་ནི་ཞེས་བྱ་བ་ནི་བོད་པའོ། །དབེན་པ་ཞེས་བྱ་བ་ནི་ལུས་དབེན་པ་དག་ཀྱང་དབེན་པའི་སྒྲར་གྲག་མོད་ཀྱི། འོན་ཀྱང་འདིར་ནི་དེ་གཉིས་ཀ་སྐྱེད་པ་ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་པར་འདོད་དོ། །དེ་ཉིད་ནི་བདུད་རྩི་སྟེ་མི་འཆི་བར་བྱེད་པ་ཡིན་ལ། དེས་ཁྱེད་ངོམས་པར་གྱུར་པས་ནགས་སུ་གཤེགས་ནས་སླར་ཁྱིམ་དུ་ཕྱིར་མི་བྱོན་ནོ་ཞེས་བྱ་བའོ། །མཆོད་སྦྱིན་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཆོད་སྦྱིན་ཞེས་བྱ་བ་ནི་མཆོད་ཅིང་སྦྱིན་པར་བྱེད་པ་སྟེ། བ་ལང་གི་མཆོད་སྦྱིན་ལ་སོགས་པའོ། །ཕྱུགས་འགུམས་པ་ཞེས་བྱ་བ་ནི་བ་ལང་དང༌། རྟ་ལ་སོགས་པའི་དུད་འགྲོ་གསོད་པའོ། །དེ་སྐད་སུ་ཞིག་སྨྲ་ཞེ་ན། དྲང་སྲོང་རྣམས་ནི་སྨྲ་ཞེས་གྲག །ཅེས་བྱ་བ་སྟེ་གཟེགས་ཟན་ལ་སོགས་པ་སྔོན་གྱི་དྲང་སྲོང་རྣམས་ཀྱིས་དེ་ལྟར་བཤད་པ་ཡིན་ནོ་ཞེས་ཐོས་སོ། །སྡིག་མེད་ཁྱོད་ཀྱིས་ཞེས་བྱ་བ་ནི་གང་ལ་སྡིག་པ་ཡོད་པ་མ་ཡིན་པ་དེ་ནི་སྡིག་མེད་དེ། དེ་ལ་ཀྱི་སྡིག་མེད་ཁྱོད་ཅེས་བོད་པ་ཡིན་ནོ། །གྲོག་མ་ལའང་ཞེས་བྱ་བ་ནི་ལུས་ཤིན་ཏུ་ཆུང་བའི་སྲོག་ཆགས་སོ། །གནོད་པ་བགྱིད་པ་ནི་གསོད་པའོ། །རྗེས་མ་གནད་ཞེས་བྱ་བ་ནི་དེ་ལྟར་མ་གསུངས་ཤིང་དེ་བྱ་བར་མ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཆོས་ཀྱི་རྒྱལ་པོའི་མདོ་ལས། གང་ཁྱེད་རྣམས་ཀྱིས་མ་མཐོང་བ་སྲོག་གཅོད་པ་ལས་མི་ལྡོག་པའི་མཐའ་ནི་ངེས་པར་ཀྱེ་མ་དམྱལ་བའམ། གཞན་དག་ཏུ་ཁོ་བོས་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དམྱལ་བར་བྱེད་པའི་ཆོས་རྣམས་ཡང་དག་པར་བླངས་ཏེ་གནས་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །གཞན་དག་རང་དོན་ཞེས་བྱ་བ་ལ་སོགས་པ་ལ། གཟེགས་ཟན་ལ་སོགས་པ་གཞན་དག་ནི་རང་དོན་ཞེས་བྱ་བ་རང་ལ་ཕན་པའི་ཕྱིར་རོ། །ཐབས་གང་གིས་ཤེ་ན། མཆོད་སྦྱིན་ལ་ཞེས་པ་སྟེ། མཆོད་སྦྱིན་


DTG01_Page_028
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཐབས་ཀྱིས་སོ། །གཞན་གྱི་སྲོག་གི་ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་སྲོག་བཅད་ནས་མཆོད་སྦྱིན་གྱི་རྫས་སུ་བྱས་ཏེ་མཆོད་སྦྱིན་བྱེད་པའོ། །དེ་ཡང་སེམས་ཅན་ལ་ཉེ་བར་འཚེ་བ་དང་ལྡན་པའི་མཆོད་སྦྱིན་གྱི་ཆོ་ག་བསྟན་པས་རང་གི་དོན་བསྲེག་པའམ། མཐོ་རིས་ལ་སོགས་པ་ཐོབ་པའི་རྒྱུ་བདག་ཉིད་གསོད་པ་ཉེ་བར་སྟོན་པ་ཡིན་ཏེ། ཇི་སྐད་དུ། ཆུར་ནི་སྟོང་ཕྲག་བདུན་དག་སྟེ། མེ་ལ་སྟོང་ཕྲག་བཅུ་གཅིག་ཡིན། །མི་དབང་ཟས་བཅད་པ་ཡིས་ནི། གྲངས་ཡོད་པ་ནི་མ་ཡིན་ནོ། །ཞེས་གཡུལ་ངོར་བརྟན་པ་ལ་འཇིགས་བྱེད་ཀྱིས་སྨྲས་པ་ཡིན་ནོ། །ཡང་མགོན་པོ་ཁྱེད་ནི་གཞན་གྱི་དོན་དུ་ཞེས་བྱ་བ་གཞན་དག་ལ་ཕན་པའི་ཕྱིར་རོ། །ཁྱོད་གཅིག་པུ་ཞེས་བྱ་བ་གྲོགས་མེད་པར་རོ། །རང་གི་སྲོག་གིས་ཞེས་བྱ་བ་ཉིད་ཀྱི་འཚོ་བ་དེ་ཉིད་ཀྱིས་སོ། །སྦྱིན་སྲེག་མཛད་ཅེས་བྱ་བ་ནི་སྦྱིན་སྲེག་གི་རྫས་སུ་མཛད་དེ་བསྲེགས་ཤིང་གཞན་གྱི་དོན་མཛད་པའོ། །འདིར་ནི་སྟག་མོའི་སྐྱེས་པའི་རབས་ལ་སོགས་པ་དཔེར་བརྗོད་པར་བྱའོ། །དྲང་སྲོང་དམོད་མེ་ཞེས་བྱ་བ་ལ། དྲང་སྲོང་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱིས་སོ། །དམོད་མེ་ཞེས་བྱ་བ་ནི་དམོད་པ་ཉིད་མེ་དང་འདྲ་བའོ། །ཇི་ལྟ་བུས་ཤེ་ན། མི་བཟད་པས་ཞེས་བྱ་བ་སྟེ། འཇིགས་སུ་རུང་བས་སོ། །སྐྱེ་བོ་མང་པོ་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པའོ། བསྲེགས་པ་ནི་ཐལ་བར་བྱས་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཉེ་བ་འཁོར་འདི་ཇི་སྙམ་དུ་སེམས། །མ་ཏ་ཀའི་དགོན་པ་འདི་གང་གིས་སྟོངས་པར་བྱས་ཤིང་གཙང་མར་བྱས། ཀྱེ་གཽ་ཏ་མ་དྲང་སྲོང་རྣམས་ཀྱི་ཡིད་ཀྱི་འདོད་པ་མི་བཟད་པའི་དམོད་པས་སོ་ཞེས་རྒྱ་ཆེར་མདོ་ལས་གསུངས་སོ། །ཁྱོད་ནི་བཅོམ་ལྡན་འདས་སོ། །ཡེ་ཤེས་མེ་ཡིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་མེས་བསྲེགས་ཤིང་ཐལ་བར་མཛད་པའོ། །སྐྱེ་བོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱིའོ། སྐྱེ་རྒྱུ་ཞེས་བྱ་བ་ནི་བདག་གིས་དངོས་པོ་མངོན་པར་འཕེལ་བའི་རྒྱུར་གྱུར་པ་ལས་དང་ཉོན་མོངས་པ་ཞེས་བྱ་བའི་དོན་ཏོ། །དྲང་སྲོང་ཞེས་བྱ་བ་ལ་སོགས་པ་ལ། དམོད་པ་གྲུབ་པ་ནི་དམོད་པ་བྱེད་པའི་ནུས་པ་ཡོད་པའོ། །དཀའ་ཐུབ་ནི་བརྟུལ་ཞུགས་སོ། །གྲུབ་པ་ནི་རྫོགས་པའོ། །རྗེས་སུ་དཔག་པ་ནི་ཤེས་པར་འགྱུར་


DTG01_Page_029
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེ་ཡང་འདི་ལྟར་གང་གི་ཚེ། དེ་རྣམས་དམོད་པ་འདོར་བར་ནུས་པར་གྱུར་པ་དེའི་ཚེ། འདི་དག་ནི་བརྟུལ་ཞུགས་གྲུབ་པ་ཡིན་ནོ་ཞེས་ཤེས་པར་ནུས་པ་ཡིན་ནོ། །གང་གི་ཚེ་གཞན་དག་ལ་གནོད་པ་དང་དམོད་པ་དེ་ཡང་བྱེད་པར་མི་ནུས་པ་དེའི་ཚེ། །དེ་གྲགས་པ་དང་ལྡན་པར་མི་འགྱུར་བའོ། །མགོན་ཁྱོད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བོད་པའོ། །ཐུགས་བརྩེ་གྲུབ་པ་ཞེས་བྱ་བ་ནི་ཐུགས་རྗེ་ཡོངས་སུ་རྫོགས་པ་སྟེ། གཞན་གྱི་དགོས་པ་བྱ་བའི་མཐར་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྙིང་བརྩེ་བས་འཇུག་པའི་གཞན་གྱི་དོན་གྱི་བྱ་བ་ལ་ཐུགས་བརྩེ་བ་ཞེས་བཤད་དོ། །དེ་གྲུབ་པ་ནི་སྒྲུབ་པའི་བྱ་བ་གཞན་གྱི་དོན་གྱི་བྱ་བ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དཀའ་ཐུབ་གྲུབ་པ་ནི་བརྟུལ་ཞུགས་རྫོགས་པའོ། །ལྷ་ཆེན་འདོད་པ་ཅན་གྱི་མཚན། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། ཐང་ཤིང་གི་ནགས་འགའ་ཞིག་ཏུ་དྲང་སྲོང་མང་པོ་བུ་དང་བུ་མོ་དང་ཆུང་མ་དང་བཅས་པར་དཀའ་ཐུབ་ཤིན་ཏུ་དཀའ་བས་གདུངས་ཤིང་གནས་པར་གྱུར་ལ། དེ་རྣམས་ཀྱི་དཀའ་ཐུབ་མི་བཟད་པ་མཐོང་བས་ལྷ་མོ་ཨུ་མ་དེ་རྣམས་ལ་ཀུན་དུ་སྐྱོ་བ་སྐྱེས་ཏེ། ལྷ་ཆེན་པོའི་ཐང་དུ་སོང་ནས་བདེན་པར་བག་ཕེབས་པའི་དབང་གིས་འདི་སྐད་ཅེས་སྨྲས་ཏེ། དྲང་སྲོང་འདི་རྣམས་ནི་དཀའ་ཐུབ་ཆེན་པོ་ལ་སྤྱོད་པར་བརྩོན་པ། ཐར་པ་འདོད་པ་ལགས་པས་འདི་རྣམས་ལ་ཁྱེད་ཀྱིས་ངེས་པར་ཐར་པ་ཐོབ་པར་མཛད་པའི་རིགས་སོ། །ལྷ་ཆེན་པོས་སྨྲས་པ། ཐར་པའི་བདེ་བ་ནི་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་བྲལ་བས་ཐོབ་པར་འགྱུར་ལ། འདི་དག་ནི་དེ་ལྟ་མ་ཡིན་ན་ཇི་ལྟར་ན་ངེས་དེ་དག་ལ་ཐར་པ་ཐོབ་པར་བྱ། ཨུ་མས་སྨྲས་པ། དེ་སྐད་མ་གསུང་ཤིག །འདི་དག་ནི་ངེས་པར་ཞེ་སྡང་དང་བྲལ་བ་ཡིན་པས་རྣམ་པ་ཐམས་ཅད་དུ་བདག་གིས་གསོལ་བ་གསོན་ལ། ཁྱེད་ཀྱིས་མྱ་ངན་ལས་འདས་པའི་བདེ་བའི་བདུད་རྩིས་ལུས་ཚིམ་པར་མཛོད་ཅིག །དེ་ནས་ལྷ་ཆེན་པོས་ཨུ་མའི་བསམ་པ་ངེས་པར་ཤེས་པ་དང༌། དྲང་སྲོང་གི་བུ་མོ་རྣམས་ལ་འདོད་ཆགས་ཀྱི་ཤུགས་སྐྱེས་པ་དང༌། རེ་ཞིག་འདི་དག་སད་པར་བྱའོ་ཞེས་བློ་སྐྱེས་ནས། ཉི་མ་གཉིས་པ་ལ་མགོ་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། ལུས་བརྟན་ཅིང་སྲ་བར་བྱས་


DTG01_Page_030
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༑ལང་ཚོ་བདོ་བར་གྱུར་པ་ལ་གནས་ཤིང་ཤིན་ཏུ་སྒེག་པའི་ཆ་ལུགས་ཀྱིས་བརྒྱན་ཏེ། བཞག་པའི་བདག་ཉིད་ཀྱི་དངོས་པོ་གཞོན་པར་བྱས་ནས། །རང་གི་མཚན་མ་བཀབ་ཅིང་མངོན་པར་ལྡང་ལ་འཛག་བཞིན་པར་བྱས་ནས་སོང་བ་དང༌། དྲང་སྲོང་གི་ཆུང་མ་དང༌། བུ་མོ་གཞོན་ནུའི་ཚོགས་ལོ་མའི་སྤྱིལ་བུ་ལས་བྱུང་སྟེ། དེའི་ལུས་ལ་རེག་ཅིང་འཛིན་པ་ལ་མངོན་པར་དགའ་བས་ཐང་ཤིང་གི་ནགས་ཀྱི་གནས་སུ་ཞུགས་པ་དང༌། དེས་ཀྱང་ཡིད་ཕྲོགས་པ་མཐོང་ཞིང་ཤིན་ཏུ་གཟུགས་དང་ལྡན་པ་ལ་བལྟས་ནས། འདོད་ཆགས་ཀྱི་དབང་གིས་བརླའི་ཕྱོགས་གཉིས་སུ་ཆུ་འཛག་པས་ཁྱབ་པར་གྱུར་ཅིང་ཤེས་ཆེར་བརྒྱལ་བར་གྱུར་ཏོ། །དེ་ནས་ལོ་མའི་སྤྱིལ་བུ་ལས་བྱུང་བའི་དྲང་སྲོང་རྣམས་ཀྱིས་དེ་མཐོང་བ་ཙམ་གྱིས་ཁྲོ་བའི་ཤུགས་ཀྱི་སྟོབས་ཀྱིས་ཡིད་རྙོག་པ་ཅན་དུ་གྱུར་པས་ཁྱེད་མ་དུལ་ཞིང་འདོད་ཆགས་ཀྱིས་ལྡང་བར་བྱས་པའི་དབང་པོ་ལྷུང་བར་གྱུར་ཅིག་ལྷུང་བར་གྱུར་ཅིག་ཅེས་དེ་ལ་དམོད་པ་བཏབ་པོ། །དེའི་རྗེས་ཐོགས་ལ་བརྒྱ་བྱིན་གྱི་གླང་པོ་ཆེའི་སྣ་ལྟ་བུའི་མཚན་ས་ལ་ལྷུང་བར་གྱུར་ཏོ། །ཇི་ཙམ་ན་དེ་རྣམས་བསམ་གཏན་གྱི་སྟོབས་དང༌། ལྷ་མོས་སྨྲས་པ། འདི་ནི་ལྷ་ཆེན་པོ་ཡིན་ཏེ་ཁོ་བོ་ཅག་སད་པའི་ཕྱིར་འདིར་འོངས་པ་ཡིན་ནོ་ཞེས་ཇི་ལྟ་བ་བཞིན་དུ་ཤེས་པ་དང༌། སྙིང་པོར་གྱུར་པའི་མཚན་དེ་བླངས་ནས་མཆོད་པའི་ཁྱད་པར་རྣམ་པ་མང་པོས་མཆོད་པར་གྱུར་ཏོ། །དེ་ནས་བརྩམས་ཏེ་འཇིག་རྟེན་འདིར་མཚན་ལ་མཆོད་པ་བྱུང་བ་ཡིན་ནོ། །ལྷ་ཆེན་པོ་ནི་བདེ་བྱེད་དོ། །འདོད་པ་ཅན་གྱི་ངང་ཚུལ་འདི་ལ་ཡོད་པས་ན་འདོད་པ་ཅན་ཏེ། དེ་ཡང་འདི་དྲང་སྲོང་གི་བུ་མོ་རྣམས་དང་ལྷན་ཅིག་འདོད་པ་སྤྱོད་པས་ན་འདོད་པའོ། །ཡང་ན་འདོད་པ་ནི་འདོད་པའི་འདོད་ཆགས་སོ། །དེ་གང་ལ་ཡོད་པ་ནི་འདོད་ཆགས་ཅན་ནོ། །མཚན་ནི་སྐྱེས་པའི་དབང་པོའོ། །དྲང་སྲོང་རྣམས་ཀྱི་ཞེས་བྱ་བ་ནི་ཐང་ཤིང་གི་ནགས་ན་གནས་པའི་འོ། །གང་གིས་ཤེ་ན་དམོད་པ་སྟེ། ཁྱེད་ཀྱི་མཚན་ལྷུང་བར་གྱུར་ཅིག་ལྷུང་བར་གྱུར་ཅིག་ཅེས་བྱ་བའི་ཁྲོ་བས་ཀུན་ནས་བསླང་བའི་ཚིག་རྩུབ་པོས་སོ། །ལྷུང་བ་ནི་ས་ལ་ལྷགས་པར་གྱུར་པའོ། ཡང་སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་ནི་འདོད་པ་ཉིད་ལྷུང་བར་མཛད་པ་སྟེ། འདོད་པའི་འདོད་ཆགས་ཉིད་བག་ཆགས་དང་བཅས་


DTG01_Page_031
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་སྤངས་པའོ། །ཇི་ལྟ་བུའི་འདོད་པ་ཞེ་ན། ཕུང་ཁྲོལ་བདག་གི་རྩ་བ་ཞེས་སྨོས་ཏེ། གང་ཚེ་འདིའི་དང༌། ཚེ་རབས་གཞན་གྱི་གནོད་པའི་ཕུང་ཁྲོལ་དེ་རྣམས་ཀྱི་རྩ་བ་ནི་འདོད་པ་ཉིད་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། འདོད་ཆགས་ཀྱི་རྒྱུ་དང༌། འདོད་ཆགས་ཀྱི་གཞི་དང༌། འདོད་ཆགས་ཀྱི་དབང་གིས་མ་དང་བུ་ལྷན་ཅིག་ཀུན་དུ་སྨྲ་ཞིང་བུ་ཡངས་དང་ལྷན་ཅིག་སྤྱོད་དོ་ཞེས་མདོ་ལས་རྒྱ་ཆེར་གསུངས་པ་དང༌། སློབ་དཔོན་དཔའ་བོས་ཀྱང༌། འཇིག་རྟེན་འདོད་པས་བཅིང་དང་གསོད་དང་ཁེངས་པ་དང༌། །དུབ་དང་འཇིགས་དང་སྡུག་བསྔལ་སྣ་ཚོགས་ཉེར་འཐོབ་ཅིང༌། །འདོད་དོན་ཉིད་ཀྱིས་ས་བདག་རྣམས་ནི་ལྷུང་གྱུར་ལ། །ཆོས་རྣམས་མངོན་དུ་འཇོམས་ཤིང་གཞན་དུ་དམྱལ་བར་འགྲོ། །ཞེས་བཤད་པ་ཡིན་ནོ། །གླིང་ལས་སྐྱེས་སོགས་ཞེས་བྱ་བ་ལ་སོགས་པ་ལ། གླིང་ལས་སྐྱེས་ནི་དྲང་སྲོང་རྒྱས་པའོ། །སོགས་པའི་སྒྲས་ནི་ར་མ་ནའི་གཏམ་གྱི་བྱེད་མཁན་དྲང་སྲོང་བལ་མི་ཀ་དང༌། གཞན་ཡང་སྙན་དང་གས་གཞན་དག་སྦྱོར་བ་རྣམས་ལ་བྱའོ། །ཕལ་ཆེར་ཞེས་བྱ་བ་ནི་མང་དུ་སྟེ། དེ་དག་རང་གི་རྗེས་སུ་དཔག་ནས་རབ་ཏུ་བརྟགས་པ་ནི་དེ་ན་ཅུང་ཟད་ཅིག་ཡོད་དོ་ཞེས་སྟོན་ཏོ། །གཞན་གྱིས་གང་སྨྲས་ཞེས་བྱ་བ་ནི་ཕ་རོལ་གྱི་བཤད་པ་གང་ཡིན་པ་སྟེ། དེ་དག་སྨྲ་བར་བྱེད་ཅིང་དེ་ལ་འཇིག་རྟེན་པ་རྣམས་དགའ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། གང་གླིང་ལས་སྐྱེས་ལ་སོགས་པ་རྣམས་ཀྱིས་བྷ་ར་ཏ་ལ་སོགས་པ་ལ་སྨྲས་པ་ནི་ཕལ་ཆེར་གཞན་དག་གིས་སྨྲས་པ་དེ་སྨྲ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །ཁྱོད་ཀྱིས་ཐུན་མོང་མ་ཡིན་ཆོས། །ཞེས་བྱ་བ་ལ་སོགས་པ་ལ། ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་གཞན་དག་གིས་མ་སྨྲས་པའོ། །ཆོས་ཞེས་བྱ་བ་ནི་གསུང་རབ་ཀྱི་ཁྱད་པར་འཕགས་པའི་བདེན་པ་བཞི་ཡོངས་སུ་གསལ་བར་བྱེད་པའོ། །རང་གིས་ཐུགས་སུ་ཆུད་ནས་ཞེས་བྱ་བ་ནི་རང་ཉིད་ཀྱིས་གཞན་གྱིས་རྗེས་སུ་བསྟན་པ་ལ་མ་ལྟོས་པར་ཐུགས་སུ་ཆུད་པ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་ལས། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་བློ་དང་རིག་པ་དང་རྟོག་པ་སྐྱེས་སོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་ཡིན་ནོ། །བསྟན་ཞེས་བྱ་བ་ནི་གཞན་


DTG01_Page_032
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་སྟོན་པར་མཛད་པ་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཀུན་དུ་རྒྱུ་བ་སྤྱོད་པ་པ་གཞན་དག་ལ་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །མུ་སྟེགས་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ཅན་གྱི་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཀྱིའོ། །དེ་གང་ཡིན་ཞེ་ན། རིག་བྱེད་ཚིག་སྟེ། མུ་སྟེགས་ཅན་གྱི་ཚིག་གཞན་དག་གོ །དབེན་པ་ནི་སྐྱེ་བོ་མེད་པར་རོ། །ཁོ་ནར་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཇི་ལྟར་ཞེ་ན། དེ་དག་སྨྲ་ཞིང་སྟོན་པར་བྱེད་པ་ཉིད་ཡིན་ནོ། །ཡང་ན་བྲམ་ཟེ་རྣམས་འདི་སྐད་ཅེས་སྨྲ་སྟེ། རིག་བྱེད་ནི་ཇི་ལྟར་ཡང་བྲམ་ཟེ་མ་ཡིན་པ་བཀླག་ཏུ་མི་གཞུག་གོ་ཞེས་སྨྲ་བ་དང༌། གཅེར་བུ་པའི་དགེ་སྦྱོང་གི་སྐར་མའི་བསྟན་བཅོས་དགེ་སྦྱོང་གཅེར་བུ་པ་མ་ཡིན་པ་ལ་མི་སྦྱིན་པ་དང༌། ཁྱབ་འཇུག་པའི་མཚན་མོ་ལྔ་པ་ལ་སོགས་པའི་བསྟན་བཅོས་རྣམས་ནི་གཞན་དག་ལ་སྨྲ་བར་མི་བྱའི། དབེན་པ་དག་ཏུ་སོ་སོའི་ངེས་པའི་སེམས་ཅན་དག་ལ་འདི་དག་སྨྲ་བར་བྱའོ་ཞེས་ཟེར་རོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་སེང་གེའི་སྒྲ་དང་འདྲ་བ་ཡིན་པས་ན་སེང་གེའི་སྒྲའོ། །འདི་སྐད་སྟོན་ཏེ། ཁྱེད་ནི་སེང་གེའི་སྒྲ་སྒྲོགས་པས་དགེ་སྦྱོང་དང༌། བྲམ་ཟེ་དང༌། སྤྱོད་པ་པ་དང༌། ཀུན་དུ་རྒྱུ་བ་ཐམས་ཅད་ལ་སེར་སྣ་མི་མངའ་བ་དང༌། ཕྱོགས་སུ་ལྷུང་བ་མི་མངའ་བར་སྟོན་པར་མཛད་པ་ཡིན་ནོ། །གྲངས་ཅན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གྲངས་ཅན་གྱི་དེ་ཁོ་ན་ཉིད་ནི་འདི་སྐད་ཅེས་འཆད་དེ། གང་གི་ཚེ་སྐྱེས་བུ་འདིའི་སྙིང་སྟོབས་དང༌། རྡུལ་དང་མུན་པའི་གཟུགས་ཅན་གྱི། །རང་བཞིན་འདི་ལ་འཇུག་པ་ན། །དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་མཐོང་བར་གྱུར་པའི་རྣལ་འབྱོར་པ་རྣམ་པར་དབེན་པར་གྱུར་པ་དེའི་ཚེ་གྲོལ་བར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །བྷ་ར་དྭ་ཛ་ནི་ཞེས་བྱ་བ་ནི། དྲང་སྲོང་བྷ་ར་དྭ་ཛ་བའི་བུ་ཡིན་པས་ན་བྷ་ར་དྭ་ཛའོ། །དེ་ཉིད་མཐོང་ཡང་ཞེས་བྱ་བ་ནི་གང་གྲངས་ཅན་རྣམས་ཀྱིས་བཤད་པའི་དེ་ཁོ་ན་ཉིད་མཐོང་བའོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། བྷ་ར་དྭ་ཛ་དེ་བརྟུལ་ཞུགས་དྲག་པོའི་སྤྱོད་པ་ལ་བརྩོན་ཞིང༌། གྲངས་ཅན་གྱི་ཤེས་པས་དེ་ཁོ་ན་ཉིད་ཤེས་པས་ནགས་ན་གནས་སོ། །ནགས་ན་གནས་པའི་ལྷ་རྣམས་ཀྱིས་མཐོང་བ་དང༌། དེ་འདི་ལྟ་བུའི་དཀའ་ཐུབ་སྤྱོད་པ་ལས་ན་བདག་ཅག་


DTG01_Page_033
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་ཀྱི་བགེགས་བྱེད་པར་ནུས་པར་འགྱུར་དུ་འོང་གིས་མལ་བདག་ཅག་གིས་འདི་དཀའ་ཐུང་ཡས་ཉམས་པར་བྱའོ་སྙམ་ནས། དཔྱིད་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་དར་བཏང་བ་དང༌། ཇི་ཙམ་ན་དེའི་བསྟི་གནས་དང་ཉེ་བར་གར་བྱེད་པ་དང༌། གླུ་ལེན་པར་བརྩམས་སོ། །དྲང་སྲོང་དེས་དེ་ཐོས་པ་དང༌། ལོ་མའི་སྤྱིལ་བུ་ལས་བྱུང་བ་ན། ལྷ་མོ་དེ་མཐོང་བ་ཙམ་གྱིས་འདོད་ཆགས་རབ་ཏུ་གཡོས་པས་ཡིད་གདུངས་ཤིང་གཟིར་བར་གྱུར་པས་དེ་བླངས་ཏེ་ལོ་མའི་སྤྱིལ་བུར་ཞུགས་ནས། དུས་ཤིན་ཏུ་ཡུན་རིང་མོར་དེ་དང་ལྷན་ཅིག་འདོད་པའི་བདེ་བ་ལ་ལོངས་སྤྱད་པ་རྗེས་སུ་མྱོང་བར་གྱུར་ཏོ། །དེ་ལྟར་ན་བྷ་ར་དྭ་ཛ་ཞེས་བྱ་བ་དེ་ནི་དཔྱིད་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་ལ་ཡོངས་སུ་ཆགས་ཤིང་ཞེན་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཙོ་ཁྱོད་ཅེས་བྱ་བ་ནི་བོད་པ་སྟེ། ཆོས་རྣམས་ལ་དབང་ཕྱུག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་སློབ་མ་དེ་རྣམས་ཀྱང་བུད་མེད་རྣམས་ལ་ཆགས་པ་མེད་ན་ཁྱེད་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར་འཁོར་བའི་དངོས་པོའི་རང་བཞིན་ཤེས་པ་ནི་ནམ་ཡང་འདོད་པའི་ཡོན་ཏན་ལྔ་པོ་འཇིག་ཅིང་ཡིད་བརྟན་དུ་མི་རུང་བ་ལ་ཆགས་པར་ག་ལ་འགྱུར། འུག་པ་པས་ནི་ཞེས་བྱ་བ་ལ་སོགས་པ་ལ༑འུག་པ་པ་ནི་གཟེགས་ཟན་ལ་སོགས་པ་བྱེ་བྲག་པའི་བསྟན་བཅོས་རྩོམ་པ་རྣམས་ཀྱིས་བཤད་པའོ། །ཁྱད་པར་ཅན་ལ་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པ་ཡོན་ཏན་དང་ལྡན་པ་ལ་སྦྱིན་གྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ། བྲམ་ཟེ་མིན་ལས་མཉམ་པོ་སྟེ། །ཐ་མལ་བྲམ་ཟེ་ལས་གཉིས་འགྱུར། །འདོན་པ་ལ་ནི་བརྒྱ་སྟོང་སྟེ། །རིག་བྱེད་ཕ་རོལ་འགྲོ་མཐའ་ཡས། །ཞེས་བཤད་པ་ཡིན་ཏེ། དེ་བས་ན་རིག་བྱེད་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྲམ་ཟེ་ལ་སྦྱིན་པ་པོ་ཁྱད་པར་ཅན་གྱི་འབྲས་བུ་འདོད་པས་སྦྱིན་པར་བྱའི། བྲམ་ཟེ་མ་ཡིན་པ་གཞན་དག་ལ་ན་མ་ཡིན་ཏེ། གང་དེ་ཡོད་ན་རིག་བྱེད་མ་ལུས་པ་མཐར་ཆུབ་པར་མ་བྱས་པ་ལ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །མགོན་པོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་མགོན་པོ་སྐྱབས་སུ་གྱུར་བ་ཁྱོད་ཀྱིས་ནི་ཁྱིའི་བར་ལའང་སྦྱིན་པར་བྱའོ་ཞེས་གསུངས་སོ། །དྲིས་པ། ཁྱི་འདི་ནི་ཁྱད་པར་གྱི་ཞིང་མ་ཡིན་ན།


DTG01_Page_034
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་དེ་ལ་སྦྱིན་པར་བྱ་ཞེས་གསུངས་ཤེ་ན། དེའི་ཕྱིར་ཐུགས་རྗེ་ཡིས་ཞེས་བྱ་བ་གསུངས་ཏེ། དེ་ཡང་བདག་ཉིད་ཆེན་པོ་རྣམས་ཀྱིས་ནི་སྙིང་རྗེས་སྦྱིན་པ་ལ་འཇུག་པར་བྱའི། འབྲས་བུ་མངོན་པར་འཕེལ་བ་ལ་ཆགས་པ་ནི་མ་ཡིན་ནོ། །དེ་ཡང་གནས་བརྟན་དཀོན་མཆོག་འབངས་ཀྱིས། གང་ཞིག་སྐྱེ་བོ་དམན་དང་ཕོངས་པ་རེ་བའི་བསམ་ལྡན་མཐོང་ན་ཡང༌། །བརྩེ་མེད་འབྲས་བུ་འདོད་པས་སྣོད་གཞན་ཡོན་ཏན་དག་དང་ལྡན་ཚོལ་བ། །བསམ་བརླག་དེ་ནི་སྦྱིན་པར་བྱེད་ཀྱང་སློང་བ་རྣམས་དང་མཚུངས་སོ་ཞེས། །དེ་སླད་ཁྱོད་ནི་ཐུགས་རྗེས་སློང་བ་རྣམས་ལ་སྦྱིན་པར་བཞེད་ལ་ཞུགས། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཁྱེད་སྦྱིན་པ་ལ་འཇུག་པར་མཛད་པ་ནི་སློང་བ་རྣམས་ལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གུས་པས་མཛད་པ་ཡིན་ནོ། །ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱི་དཀའ་ཐུབ་ནི་ཉོན་མོངས་པའི་གདུང་བ་ཞེས་བྱ་བའི་དོན་ཏོ། །དེས་བྱས་པའི་མདུད་པ་ཞེས་བྱ་བ་ནི་འཆིང་བ་སྟེ། ཉོན་མོངས་པའོ་ཞེས་བྱ་བའི་དོན་ཏོ། །དེ་འཇིག་པ་ནི་བཤིག་ཅིང་རྣམ་པར་སྤངས་པ་ཞེས་བྱ་བའི་དོན་ཏོ། །ལུས་ལས་ཀྱང་མདུད་པ་འཇིག་པར་འདོད་པ་དེ་གང་ཞིག་ཡིན་ཞེ་ན། གཅེར་བུ་འཚལ་ཞེས་བྱ་བ་སྨོས་ཏེ། གོས་མེད་པའི་དགེ་སྦྱོང་གཅེར་བུ་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དེ་རྣམས་ཀྱི་གྲུབ་པའི་མཐའ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཚེ་སྔ་མ་ལ་བྱས་པའི་ལས་ནི་དཀའ་ཐུབ་ཀྱིས་ཟད་པར་བྱས་ལ། འདིར་ཡང་དགེ་བའམ་མི་དགེ་བ་སྔོན་མེད་པ་ཉེ་བར་བསགས་པར་མི་བྱ་ལ། དེས་ན་ལུས་ཀྱི་རྒྱུད་ལ་ཡོད་པའི་ལས་ཟད་པས་སྐྱེ་བ་ཟད་ལ། སྐྱེ་བ་ཟད་པས་སྡུག་བསྔལ་ཟད་དེ། དེ་ཟད་པས་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ་ཞེས་འདོད་དོ། །ཁྱེད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ཡིན་པས་ན་ཐུགས་ཀྱི་ཞེས་བྱ་བའམ། འདི་ནི་ཐུགས་ཀྱི་ཡིན་པས་ཐུགས་ཀྱི་དཀའ་ཐུབ་པོ། །འདི་སྐད་སྟོན་ཏེ། ཁྱོད་ནི་ཐུགས་ཀྱི་དཀའ་ཐུབ་ཉིད་ཀྱིས་མདུད་པ་འཇིག་ཅིང་ལས་ཟད་པ་དང༌། ཉོན་མོངས་པ་ཟད་པར་བཞེད་པ་ལགས་ཀྱི་ལུས་ཀྱིས་ནི་མ་ཡིན་ན་དེ་སྐད་དུ། སློབ་དཔོན་རྟ་སྐད་ཀྱིས། བདག་ཉིད་ཉོན་མོངས་སྐྱེ་བོ་བྱིས་པ་འདོད། །དེ་བཞིན་དབང་པོའི་སྤྱོད་ཡུལ་རྣམ་པ་ལ་ཆགས་སོ། །འདི་དག་གཉིས་ཀ་


DTG01_Page_035
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཉེས་དང་ལྡན་པར་མཐོང༌། །ང་ཡིས་བདུད་རྩི་རྟོགས་ལམ་དག་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་བས་ན་འདི་ལྟར་རིགས་ཏེ། གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གནས་ཡིན་པས་སེམས་ཉིད་གནོད་པ་ཐམས་ཅད་བྱེད་པ་ཡིན་ལ། དེ་བས་ན་དེ་ཉིད་ཅི་ནས་ཀྱང་ཕྱིས་ཉོན་མོངས་པ་རྣམས་ཀྱི་རྟེན་དུ་གྱུར་པ་མི་བྱེད་པ་དེ་ལྟར་ཡོངས་སུ་སྦྱང་བར་བྱ་སྟེ། གནས་མེད་པ་ལས་ནི་ཉོན་མོངས་པ་སྐྱེ་བར་མི་འགྱུར་ལ། ཉོན་མོངས་པ་མེད་པར་ལས་རྣམས་མི་འབྱུང་ཞིང༌། དེ་དག་མེད་པ་ལས་ནི་སྐྱེ་བ་ལེན་པར་མི་འགྱུར་ལ། དེ་མེད་པ་ནི་ཐར་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པ་ཡིན་ནོ། །ལུས་ཀྱི་དཀའ་ཐུབ་ནི་དོན་མེད་པ་ཡིན་ཏེ། སེམས་ཀྱི་རྒྱལ་པོའི་ཁ་ན་ལས་པས་དེ་ལས་རང་ཉིད་བྱ་བ་མ་ཡིན་པ་ལས་ལྡོག་པ་ཡིན་པའི་ཕྱིར་རོ། །རྟོག་གེ་པ་དག་དངོས་པོ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། རྟོག་གེ་པ་ནི་མུ་སྟེགས་པ་རྣམས་སོ། །དངོས་པོ་རྣམས་ཞེས་བྱ་བ་ནི་བདག་དང་རང་བཞིན་དང་དུས་དང་ཕྱོགས་ལ་སོགས་པ་མེད་པར་གྱུར་པ་རྣམས་ཀྱང་ཡོད་དེ་གནས་པ་ཉིད་དུ་འདོད་ཅིང་ལས་ལེན་ཏོ། །ལྟོས་པ་མེད་པ་ཞེས་བྱ་བ་ནི། མ་བརྟགས་མ་དཔྱད་པར་ཞེས་བྱ་བའི་དོན་ཏོ། །དེ་ཡང་དེ་རྣམས་འདི་སྐད་ཅེས་སྨྲས་ཏེ། ཆོས་མ་ཡིན་པའི་རྟོག་པ་ཡིས། །དཔྱད་པ་དག་ནི་མི་བྱ་སྟེ། །ལོང་བ་ལྐུགས་པ་ལྟར་གྱུར་ན། །གང་ཞིག་བཤད་པ་དེ་དཔྱད་ཀྱིས། །ཡང་ན་རྟོག་པ་ངན་པའི་བསྟན་བཅོས་ལ་མཆོག་ཏུ་གཞོལ་བ་དེ་ནི་རྟོག་གེ་བ་སྟེ། དེ་ཡང་ཕྱིན་ཅི་ལོག་གི་མིང་དང༌། དུ་མའི་མཐའ་ཅན་གྱི་རྒྱུ་དང་ལྡན་པའི་གཞུང་ཁས་བླངས་ནས། མེད་པའི་དངོས་པོ་རྣམས་ཀྱང་དངོས་པོ་ལྟར་སྒྲུབ་པར་བྱེད་དོ། །དེ་ཡང་འདི་ལྟར་འོ་མའི་རྒྱུ་ནི་ལྕི་བ་ཡིན་ཏེ། དེའི་རྒྱུ་ལས་བྱུང་བའི་ཕྱིར་འོ་མ་དང་འདྲའོ། །དེ་ཡང་གང་བ་ལང་གི་རྒྱུ་ལས་བྱུང་བ་ནི་འོ་མའི་རྒྱུ་ཡིན་ཏེ། འདི་ལྟར་འོ་མ་དང་བའི་ལྕི་བ་ནི་དེའི་རྒྱུ་ལས་བྱུང་བ་ཡིན་ལ། དེ་བས་ན་བ་ལང་གི་ལྕི་བ་ཡང་འོ་མའི་རྒྱུ་ཡིན་ནོ། །གང་དུ་འོ་མའི་རྒྱུར་མ་གྱུར་པ་དེ་ནི་དེའི་རྒྱུ་ལས་འབྱུང་བ་མ་ཡིན་ཏེ། དཔེར་ན་རྡོ་བ་ལ་སོགས་པ་བཞིན་ནོ། །འདིར་མི་ཤེས་པ་དག་ནི་འོ་མའི་རྒྱུར་བ་ལང་གི་ལྕི་བ་ཉིད་ཡིན་པ་མི་སྲིད་དུ་ཟིན་ཀྱང༌། དེ་ལྟ་དེ་ལྟར་


DTG01_Page_036
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་པ་ལ་དགའ་བར་འགྱུར་ལ། གང་ཤེས་རབ་དང་ལྡན་པ་དེ་ནི་བགས་པ་དང༌། སྤུ་དང༌། གཅིན་ལ་སོགས་པ་དུ་མའི་མཐའ་ཅན་ཉིད་དུ་ཤེས་པར་འགྱུར་རོ། །ཡང་བདག་ནི་ཡོད་པར་འདོད་དེ། དེའི་བྱ་བ་ཉེ་བར་དམིགས་པས་མེ་དང་འདྲའོ། །དེ་ཡང་གང་དང་གང་གི་བྱ་བ་ཉེ་བར་དམིགས་སུ་ཡོད་པ་དེ་དང་དེ་ནི་ཡོད་པ་ཡིན་ཏེ། དཔེར་ན་མེ་ནི་དེའི་སྨིན་པ་ལ་སོགས་པའི་བྱ་བ་ཉེ་བར་དམིགས་སུ་ཡོད་པ་ཡིན་ལ། གང་དུ་མེ་མེད་པར་དེར་ནི་བྱ་བ་དམིགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་དང་འདྲའོ། །བདག་གི་བྱ་བ་ཡང་བྱེད་པ་པོ་དང༌། སྤྱོད་པ་པོ་དང༌། འགྲོ་བ་པོ་ཉིད་དང༌། སྟོན་པ་པོ་ཉིད་ལ་སོགས་པའོ་ཞེས་ཟེར་ལ། ཤེས་རབ་དང་ལྡན་པ་དག་ནི་རྟེན་དུ་འགྱུར་བའི་ལུས་མ་གྲུབ་པས་དེའི་རྒྱུ་མེད་པ་ཉིད་དུ་འདོད་དེ། འདི་ལ་ནི་ཉེས་པ་མང་པོ་ཡོད་དོ་ཞེས་སྦྱར་བར་བྱའོ། །ཚིག་དབང་ཞེས་བྱ་བ་ལ་སོགས་པ་ལ། ཚིག་དབང་ཁྱོད་ཅེས་བྱ་བ་ནི་བོང་པ་སྟེ། ཚིག་ལ་དབང་བ་ནི་གསུང་གི་དབང་ཕྱུག་ཅེས་བྱ་བའི་དོན་ཏོ། །ཅུང་ཟད་ཀྱང་མི་ལྟོས་མེད་ཅེས་ལེགས་པར་གསུངས་ཞེས་བྱ་བ་ནི་གང་མ་བརྟགས་ཤིང་རྣམ་པར་མ་དཔྱད་པར་གསུངས་པ་རིགས་པ་དང་མི་ལྡན་པའི་ལེགས་པར་གསུངས་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། སྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ་དང་ཞེས་བྱ་བ་ནས། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའི་ཞེས་བྱ་བ་གསུངས་པ་ཐམས་ཅད་ཀྱང་དེ་ལྟ་བུ་ཉིད་ཡིན་ནོ། །གཞན་ཡང༌། ཚུལ་ཁྲིམས་བླངས་པ་བདེ་བ་ཡིན། །བྱིན་ན་དགའ་བར་འགྱུར་བ་དང༌། །བྱམས་པའི་གཉེན་པོ་ཞེ་སྡང་ཡིན། །ཞེས་བྱ་བ་ལ་སོགས་པ་དེ་ཐམས་ཅད་ཕྱིན་ཅི་མ་ལོག་པ་དང༌། གཅིག་ཏུ་བདེན་པ་ཉིད་ཡིན་ནོ་ཞེས་རྒྱ་ཆེར་སྦྱར་བར་བྱའོ། །ནེ་ཙོས་ཞེས་བྱ་བ་ལ་སོགས་པ་ལ། ནེ་ཙོ་ནི་རྒྱས་པའི་བུའོ། །ལམ་གང་ནས་ཤེ་ན། ཉི་མ་བརྟོལ་ནས་ཞེས་བྱ་བ་སྨོས་ཏེ། ཉི་མའི་དཀྱིལ་འཁོར་བརྟོལ་ཞིང་ཕུག་པའོ། །དེ་ཡང་ཐར་པ་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་འགྲོ་ཞེས་འཇིག་རྟེན་པ་རྣམས་སྨྲའོ། །ཐར་པ་ཞེས་བྱ་བ་ལ་ཐར་པ་ནི་སངས་རྒྱས་པ་དག་ཕུང་པོ་མེད་པ་ཡིན་པར་འདོད་དེ། ཕུང་པོ་ནི་སྡུག་བསྔལ་ཡིན་ལ། དེ་མེད་པ་ནི་


DTG01_Page_037
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཐར་པ་ཡིན་ཏེ། དེ་ཡང་འདི་ལྟར་ཕུང་པོ་ལྔ་པོ་ཐམས་ཅད་སྡུག་བསྔལ་གསུམ་པོ་ཉིད་དང་ལྡན་པས་མི་འདོད་བཞིན་དུ་སྡུག་བསྔལ་བར་གནས་ཏེ། འདི་དག་ལ་ནི་སྡུག་པའམ་འདོད་པར་བྱ་བ་ཅི་ཡང་མེད་དེ། དཔེར་ན་མི་གཙང་བའི་ཕུང་པོ་ནི། གང་གི་ཕྱིར་མི་གཙང་བའི་ཕུང་པོ་ཆེན་པོ་ཡང་མི་གཙང་བ་ཡིན་ཞིང༌། མི་རྣམས་ཀྱིས་མི་མཐུན་པར་གྱུར་པ་ཡིན་ལ། དེ་བཞིན་དུ་དབུས་སམ་ཅུང་ཟད་དམ། ཕྲ་རབ་ཙམ་གྱི་བར་དུ་ཡང་མི་མཐུན་པ་ཉིད་ཡིན་ཏེ། ལྷ་དང་མི་རྣམས་ཀྱིས་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོད་པར་བྱ་བ་ཉིད་ཡིན་ནོ་ཞེས་བཤད་དེ། གཙང་བ་དང་ནི་ལྷ་རྣམས་དང༌། །མི་རྣམས་བསྔགས་པ་བྱེད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་གང་སྲིད་པའི་རྩེ་མོའི་ཕུང་པོ་དེ་ཡང་སྐད་ཅིག་མ་རེ་རེ་ཞིང་འདུ་བྱེད་དང་ལྡན་པའི་ཕྱིར། མི་འདོད་པ་བྱས་པ་ཡིན་ཞིང༌། འཕགས་པ་རྣམས་ཀྱིས་སྡུག་བསྔལ་བ་ཉིད་ཡིན་པར་བཞེད་ན། དམྱལ་བའི་བར་ལྟ་སྨོས་ཀྱང་ཅི་དགོས། དེས་ན་སྡུག་བསྔལ་བར་གྱུར་པའི་ཕུང་པོ་འདི་མེད་པ་གང་ཡིན་པ་དེ་ནི་བདེ་བའི་མཆོག་ཡིན་ལ། །དེ་ནི་ཆར་པ་ཡིན་ནོ་ཞེས་བཤད་དོ། །ཕྱི་རོལ་པ་དག་ལས། ལ་ལ་དག་གིས་བཤད་པ་ནི་ཡེ་ཤེས་ཀྱི་དབང་གིས་ལས་དང་ཉོན་མོངས་པ་ཟད་པ་ལས། སྐྱེས་བུའི་ལུས་དང་དབང་པོ་ལ་སོགས་པས་སྡུག་བསྔལ་བར་མི་འགྱུར་བ་དང༌། བར་ཆད་ལྷག་མ་རྣམས་དང་བྲལ་བ་ནི་ཐར་པ་ཡིན་ནོ་ཞེས་ཟེར་རོ། །ཡང་ལ་ལས་ནི་འདོད་པའི་བདེ་བའི་ལོངས་སྤྱོད་ཀྱི་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་ཤིང༌། རྟག་ཏུ་ཤེས་པའི་ཁྱད་པར་ལ་གོམས་པས་བསྒྲུབས་པའི་གནས་ཀྱི་ཁྱད་པར་ནི་ཐར་པ་ཡིན་ནོ་ཞེས་བཤད་དོ། །དེས་ན་འདིར་ཐར་པ་གང་ཡིན་པར་འདོད་ཅེ་ན། སྔར་རྟོགས་པར་གྱུར་པ་མེད་པ་འདིར་རྟོགས་པའི་སྒྲ་ཉེ་བར་སྨོས་པས་ཕྱི་ནས་གང་ངེས་པར་ཤེས་པའི་ཐར་པ་དེར་སོང་བར་གྱུར་པའོ། །དེ་ནི་ནེ་ཙོས་ཉི་མ་བརྟོལ་ཏེ་ཐོབ་པོ་ཞེས་སྦྱར་རོ། །དེ་ཡང་འདི་ལྟར་ཐོས་ཏེ། ཇི་ལྟར་དྲང་སྲོང་རྒྱས་པའི་བུ་ནེ་ཙོ་ཞེས་བྱ་བས་ཕོངས་པ་བརྒྱས་སྡུག་བསྔལ་བར་གྱུར་པའི་འགྲོ་བ་ལ་བལྟས་ནས་སྐྱོ་བ་ཆེན་པོ་སྐྱེས་ནས། ཤིན་ཏུ་འཇིགས་པ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་འདོད་པ་དང༌། རྒྱལ་པོ་སྐྱེད་པ་པོའི་མན་ངག་གིས་རྫུ་


DTG01_Page_038
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཐོབ་ནས་ནམ་མཁར་འཕགས་ཏེ། ཉི་མའི་དཀྱིལ་འཁོར་གྱི་དབུས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བརྟོལ་ནས་ཐར་པའི་གྲོང་ཁྱེར་དུ་ཞུགས་སོ་ཞེས་ཟེར་རོ། །ཡང་ཁྱེད་ནི་མྱ་ངན་ལས་འདས་པ་སྟེ། ཐར་པ་ཡང་དག་པར་བརྙེས་སུ་ཟིན་ཀྱང༌། གང་དུ་ཡང་ནི་གཤེགས་མ་མཆིས། །ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ནི་གང་དུ་ཡང་གཤེགས་པར་མི་མཛད་པའོ། །དེ་ཡང༌། དེ་ནི་མར་མེ་ཤི་བ་ལྟར། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་གསུངས་པས། གང་དུ་དེ་རྣལ་འབྱོར་བྱེད་པ་དེ་ཉིད་དེའི་ཕུང་པོ་ལྔ་མྱ་ངན་ལས་འདས་པར་འགྱུར་གྱི། སླར་འབྱུང་བར་མི་འགྱུར་རོ། །དེ་ཡང་སློབ་དཔོན་རྟ་སྐད་ཀྱིས། དཔེར་ན་མར་མེ་ཤི་བར་གྱུར་པ་ན། །འོག་ཏུ་མི་འགྲོ་སྟེང་དུ་མི་འགྲོ་ཞིང༌། །ཕྱོགས་དང་ཕྱོགས་མཚམས་གར་ཡང་མི་འགྲོ་བར། །སྣུམ་ཟད་པ་ཡིས་ཤི་བ་ཁོ་ནར་ཟད། །དེ་བཞིན་ཐུབ་པ་ཉེ་བར་མྱ་ངན་འདས། །ས་རུ་མི་འགྲོ་བར་སྣང་མི་འགྲོ་ཞིང༌། །ཕྱོགས་སུ་མ་ཡིན་ཕྱོགས་མཚམས་འགར་ཡང་མིན། །ཉོན་མོངས་ཟད་པས་ཞི་བ་ཁོ་ནར་ཟད། །ཅེས་བཤད་པ་ཡིན་ནོ། །ཐར་པ་གཞན་འགྱུར་སྐྱེད་པ་དང༌། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་སྐྱེད་པ་པོ་ཞེས་བྱ་བ་དེ་དཀའ་ཐུབ་ཆེན་པོ་ལ་གནས་ནས། རྣལ་འབྱོར་གྱི་ལམ་ལ་སློབ་དཔོན་ཉིད་ཐོབ་ནས་དུས་ལ་བབ་ཅིང་ལུས་དང་བྲལ་ནས་མྱ་ངན་ལས་འདས་པར་སོང་ལ། ཡང་དེའི་སློབ་མ་ནེ་ཙོ་ནི་རང་གི་ལུས་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་གྱི་དབུས་བརྟོལ་ཏེ། ཐར་པར་ལམ་གཞན་གྱིས་སོང་བར་གྱུར་ཏོ་ཞེས་གྲག་གོ །ཁྱོད་ཉིད་ལམ་གང་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བཅོམ་ལྡན་འདས་ཁྱེད་ཐར་པའི་ལམ་གང་ནས་གཤེགས་པ་སློབ་མ་ཤཱ་རིའི་བུ་ལ་སོགས་པ་ལམ་དེ་ཉིད་ནས་སོང་ཞེས་ཐར་པ་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱབ་འཇུག་གིས་ནི་བུད་མེད་དག །ཅེས་བྱ་བ་ལ་སོགས་པ་ལ། ཁྱབ་འཇུག་ནི་ན་ར་ཡའོ། །བུད་མེད་སྟོང་ཕྲག་དྲུག་ཅུ་ནི་བུད་མེད་གྲངས་དེ་སྙེད་པའོ། །ཡོངས་བཟུང་ཞེས་བྱ་བ་ནི་བསྙེན་བཀུར་བ་དང༌། མངག་གཞུག་མར་བྱས་པའོ། །གྱུར་པ་ནི་བྱུང་བའོ། །འདིར་གཏམ་ནི། རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། །ཞེས་བྱ་བའི་སྐབས་སུ་སྨྲས་པ་ཡིན་ནོ། །སྟོན་པ་ཞེས་བྱ་བ་ནི་སྟོན་


DTG01_Page_039
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅིང་འཆོས་པ་སྟེ། ཡང་དག་པར་སྟོན་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་འདས་ཞེས་བྱ་བའི་དོན་ནི་འཇིག་རྟེན་རྣམས་ཀྱི་དམ་པར་གྱུར་པས་ན་འཇིག་རྟེན་འདས་པ་སྟེ། འཇིག་རྟེན་གྱི་གཙོ་བོར་གྱུར་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་གང་རྐང་མེད་དམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་མེད་པའི་སེམས་ཅན་དེ་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པ་མཆོག་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བདག་གི་མེད་ཅིང་ཞེས་བྱ་བའི་རྣམ་པ་མེད་པར་གྱུར་པ་དེ་ནི་བདག་གི་མེད་པའོ། །འདིས་ནི་འཇིག་ཚོགས་ལ་ལྟ་བ་སྤངས་པའི་སྒོ་ནས་ཉོན་མོངས་པ་དང་བྲལ་བ་ཉིད་དུ་སྟོན་ཏོ། །ཡོངས་འཛིན་མེད་ཅེས་བྱ་བ་ནི་བཙུན་མོ་ལ་སོགས་པ་དང་འབྲེལ་པའམ། །ལོངས་སྤྱོད་དང་འབྲེལ་པའི་ཡོངས་སུ་བཟུང་བ་མི་མངའ་བ་གང་ཡིན་པ་དེ་ནི་ཡོངས་སུ་འཛིན་པ་མེད་ཅེས་བྱ་སྟེ། འདིས་ནི་ཉོན་མོངས་པའི་དངོས་པོ་སྤང་བ་ཉིད་དུ་སྟོན་ཏོ། །དེ་ཡང་ཉོན་མོངས་པའི་དངོས་པོ་ལ་ཡོངས་སུ་འཛིན་པ་མེད་པས་ན་དེ་སྐད་ཅེས་བྱའོ། །ཀ་ཤི་མཛེས་དགའ་མོ་ལ་ནི། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། བྷ་ར་ཏའི་འཐབ་མོ་འདས་ནས་ཡུན་རིང་པོ་མ་ལོན་པ་ན། རྒྱས་པ་ཉེ་དུའི་ཕོངས་པ་དང་སྡུག་བསྔལ་གྱིས་སེམས་ཀྱི་རྒྱུད་ཞུམ་པ་དང༌། ཡོངས་སུ་འཁྱམས་ཤིང་པཱ་རཱ་ཎ་སཱི་ར་སོང་བ་དང༌། སྲང་བར་ན་ཀ་ཤི་མཛེས་དགའ་མོ་ཞེས་བྱ་བའི་སྨད་འཚོང་མའི་གཙོ་མོ་ཞིག་སྒོ་དང་ཉེ་བ་ན་སྐྱེ་བོའི་ཚོགས་ཆེན་པོས་བསྐོར་བ་མཐོང་བ་དང༌། དེ་ལྟད་མོ་ལ་ཞེན་པའི་ཡིད་ཀྱིས་དེའི་ཐད་དུ་སོང་སྟེ་དྲིས་པ། འདི་སུ་ཞིག་གི་ཁྱིམ་ཡིན་ཞེས་དྲིས་ནས། དེའི་གཟུགས་ལ་སོགས་པའི་ཡོན་ཏན་ཐོས་པས་སེམས་ཕྲོགས་པ་དང་འདུག་གོ །དེ་ནས་མངག་གཞུག་པའི་སྐྱེ་བོ་ཞིག་གིས་ཀ་ཤི་མཛེས་དགའ་མོ་ལ་སྨྲས་པ། དྲང་སྲོང་འགའ་ཞིག་སྒོ་ནས་སྡོད་ཅིང་འདུག་གོ །དེ་ཡང་དམོད་པས་འཇིགས་སྐྲག་ནས། མཆོད་ཡོན་དང༌། རྐང་ཁྲུས་ལ་སོགས་པ་བསྙེན་བཀུར་སྔོན་དུ་འགྲོ་བས་བདག་ཉིད་ཀྱིས་མདུན་བསུ་སྟེ་ནང་དུ་བཅུག་ནས། དབེན་པར་སྟན་ལ་འདུག་ཏུ་བཅུག་སྟེ། རང་ཉིད་ཀྱིས་རྐང་པ་བཀྲུས་སོ། །རྒྱས་པས་བགད་པ་དང༌། དེས་དེ་མཚན་མར་བཟུང་ནས་གླགས་


DTG01_Page_040
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པར་ཤེས་ཏེ། རབ་ཏུ་དགའ་བས་ཁྱེད་རྒྱུ་མེད་པར་འཛུམ་མམ་ཞེས་སྨྲས་པ་དང༌། དེས་སྨྲས་པ། ཁྱེད་ནི་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་ཐོས་ན་ལག་པ་དང་རྐང་པ་མཉེ་བ་མི་ཤེས་སོ། །དེས་སྨྲས་པ། གལ་ཏེ་ཁྱེད་འདི་ལ་མཁས་པར་གྱུར་ན། ལག་པ་རྐྱོང་ཤིག་དང་བསྟན་པར་བྱའོ། །དེས་ཀྱང་དེ་ལ་ལག་པ་བྱིན་ནོ། །དེ་ནས་དེས་ཇི་ལྟར་ན་འདོད་པའི་སྐྱེ་བོ་ཁྱད་པར་ཅན་དུ་མ་དང༌། རེག་པར་གྱུར་ཀྱང་དེ་ལྟ་བུའི་རེག་པ་སྔོན་ཆད་ཉམས་སུ་མྱོང་བར་མ་གྱུར་པ་དེ་ལྟར་ཚོར་བར་བྱས་སོ། །དེ་ཡང་དེ་དང་ལྷན་ཅིག་དུས་ཤིན་ཏུ་ཡུན་རིང་མོར་མངོན་པར་དགའ་བར་བྱའོ་ཞེས་ཡོངས་སུ་ཆགས་ཤིང་འདོད་པའི་འདོད་ཆགས་སྐྱེས་པར་གྱུར་ཏོ། །གང་ལ་ཆགས་ཤེ་ན། ཀ་ཤི་མཛེས་དགའ་མོ་ལ་སྟེ་སྨད་འཚོང་མའི་གཙོ་མོ་ལའོ། །རྣམ་པར་བསྒྱུར་ཞེས་བྱ་བ་ནི་དུས་ཤིན་ཏུ་ཡུན་རིང་མོར་ཡང་འདོད་པ་རྗེས་སུ་མྱོང་བས་རྣམ་པར་འགྱུར་བ་ཉིད་དུ་གྱུར་བའོ། །ཁྱོད་ཁབ་བཞུགས་ནའང་ཞེས་བྱ་བ་ནི་རབ་ཏུ་མ་བྱུང་བ་ན་ཡང་ངོ༌། །ཕུང་ཁྲོལ་བའི་ཞེས་བྱ་བ་ནི་འཕགས་པ་མ་ཡིན་ཞིང་སྨད་པར་གྱུར་པའོ། །དོན་གྱི་དབང་པོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཡུལ་ལྔ་པོ་སྟེ་འདོད་པའི་ཡོན་ཏན་ལྔས་ཞེས་བྱ་བའི་དོན་ཏོ། །རྨོངས་མ་གྱུར་ཞེས་བྱ་བ་ནི་རྣམ་པར་འགྱུར་བར་མ་གྱུར་བའོ། །རྒྱས་པ་འདོད་གདུངས་གཡེན་སྤྱོ་བ། །ཞེས་བྱ་བ་ལ་སོགས་པ་ལ། འདོད་པས་གདུངས་ཤིང་གཟིར་བ་ཡིན་པས་ན་འདོད་གདུངས་ཏེ། འདོད་པའི་འདོད་ཆགས་ཀྱིས་གཙེས་ཞེས་བྱ་བའི་དོན་ཏོ། །གཡེན་སྤྱོ་པ་ཞེས་བྱ་བ་ནི་བརྟན་པ་དང་བྲལ་ཞིང་སེམས་གཡོ་བ་ཉིད་ཀྱིས་ངོ་ཚ་མེད་པར་གྱུར་པའོ། །བུད་མེད་ཀྱི་ནི་རྡོག་པས་བསྣུན། །ཞེས་བྱ་བ་ནི། བུད་མེད་ཀྱི་རྡོག་པ་དག་སྟེ། དེའི་རྐང་པ་གཉིས་ཀྱིས་བསྣུན་ཞིང་བརྡེགས་པ་ཞེས་བྱ་བའི་དོན་ཏོ། །དེ་སུ་ཞིག་ཡིན་ཞེ་ན་རྒྱས་པའོ། །དེ་ཡང་འདི་ལྟར་དྲང་སྲོང་རྒྱས་པ་ཀ་ཤི་མཛེས་དགའ་མོ་དང་ལྷན་ཅིག་བག་ཕེབས་པར་འདོད་པའི་བདེ་བ་རྗེས་སུ་མྱོང་ཞིང་འདུག་པ་ན། དུས་འགའ་ཞིག་གི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་པས་བྱིན་ལ་ཕས་ཀྱི་རྒོལ་བའི་འཇིགས་པ་ཉེ་བར་གྱུར་ནས། གང་གི་ཕྱིར་གཞེན་ནུ་རྣམས་ཀྱང་ཉིན་གཅིག་ལ་འོབས་ཁྲུ་བཅུ་བཅུ་


DTG01_Page_041
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྐོར་བཅུག་པའི་ལུང་བསྒོ་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཀ་ཤི་མཛེས་དགའ་མོ་ལའང་ལུང་བསྒོ་བ་དང༌། དེས་གླ་རྔན་ཆེན་པོས་གླ་མིའི་སྐྱེས་བུ་བཙལ་ཀྱང་མ་རྙེད་ནས་སེམས་པ་ལ་ཞུགས་པར་གྱུར་ཏོ། །རྒྱས་པས་སྨྲས་པ། ཅིའི་ཕྱིར་ཁྱོད་མི་དགའ་བར་བྱེད༑ཏོག་ཙེ་དང་སྐོན་བ་བྱིན་ཅིག །ངས་འོབས་བརྐོ་བར་བྱའོ་ཞེས་སྨྲས་ནས། ཇི་ཙམ་ན་སོར་སྟེ་བརྐོས་པ་དང༌། འོབས་མ་རྫོགས་པར་ཉི་མ་ནུབ་པ་ལ་མངོན་དུ་ཕྱོགས་པར་གྱུར་ཏོ། །དེ་ནས་རྒྱས་པས་དགོངས་ཀའི་དུས་ལ་བབ་པོ་སྙམ་ནས་མ་ལོག་པར་དེ་ཉིད་དུ་གནས་པར་གྱུར་ཏོ། །ཆུ་ཚོད་ལ་སོགས་པའི་མཚན་མས་ཉིན་མོ་རྫོགས་པར་གྱུར་ཅིང༌། མཚན་མོའི་དུས་ལ་བབ་པར་ཤེས་ནས་རྒྱལ་པོ་དང་བློན་པོའི་གྲོང་ཁྱེར་བ་དང་བཅས་པ་སེམས་རྣམ་པར་གཡེངས་པ་དང༌། རྣམ་པ་དེ་འགྲོ་བ་ལ་བརྩོན་པར་གྱུར་པ་ན། ཇི་ཙམ་ན་བྲམ་ཟེ་གཞན་ཞིག་གིས་འོབས་བརྐོ་བ་ལ་གཡེངས་པའི་སེམས་ཀྱིས་རྒྱས་པ་མཐོང་བ་དང༌། ཡུན་རིང་མོ་ཞིག་ན་ངོ་ཤེས་པར་གྱུར་ཏོ། །དེ་ནས་དེ་ལས་ཐོས་པ་དང༌། རྒྱལ་པོ་དང༌། བློན་པོ་གྲོང་ཁྱེར་གྱི་སྐྱེ་བོ་དང་བཅས་པ་དེའི་ཐད་དུ་སོང་སྟེ། རྐང་པ་གཉིས་ལ་གཏུགས་ནས་བཟོད་པར་གསོལ་བ་དང༌། དེ་གདོང་གཞན་དུ་བལྟ་ཞིང་རྐོ་བ་ཉིད་ཀྱིས་གནས་སོ། །དེ་ཡང་དམོད་པས་འཇིགས་སྐྲག་པ་དང༌། འདི་ནི་ཀ་ཤི་མཛེས་དགའ་མོའི་སྐལ་བ་རྐོ་བར་ཤེས་ནས་དེ་ལ་ཕྲིན་དུ་བསྐུར་བ། ཐུབ་པ་ཁྱད་པར་ཅན་འདི་ཁྱེད་ཀྱི་སྐལ་བའི་འོབས་རྐོར་བཅུག་པ་ལས་སློང་ཤིག་ཅེས་བྱས་པ་དང༌། དེས་བུ་མོ་མངག་གཞུག་མ་ཞིག་ལན་གསུམ་གྱི་བར་དུ་བཏང་ཡང་དེ་ལངས་སུ་མ་འདོད་དོ། །དེ་ནས་དེ་རང་ཉིད་བཞོན་པ་ལ་ཞོན་ཏེ་འོངས་ནས་དེ་ལས་བབས་ཏེ། རྐང་གདུབ་དང་བཅས་པའི་རྐང་པས་མགོ་བོར་བསྣུན་ཏེ། གང་གི་ཕྱིར་ང་ནི་སྐྱོ་བར་གྱུར་པས་ངས་ལན་གསུམ་གྱི་བར་དུ་ཕྲིན་བསྐུར་ན་ཅིའི་ཕྱིར་ལྡང་བར་མི་བྱེད། རྒྱས་པ་ཡིད་དགའ་བར་གྱུར་པ་དང༌། སྨྲས་པ། གང་གི་ཕྱིར་འདི་ལྟར་རབ་ཏུ་བརྩེ་བས་ན་ཤིན་ཏུ་རྗེས་སུ་གཟུང་བ་ཡིན་ནོ་ཞེས་སྨྲས་ནས་ལངས་པར་གྱུར་ཏོ། །ཡང་ཁྱེད་ནི་ཁྱིམ་པར་བཞུགས་པ་ནའང་ཞེས་བྱ་བ་ནི་བཙུན་མོའི་འཁོར་སྟོང་ཕྲག་དྲུག་ཅུས་ཡོངས་སུ་བསྐོར་དུ་ཟིན་ན་ཡང་ཕྱིར་ཞིང་འཁྲུགས་པར་གྱུར་པ་མེད་ཅེས་བྱ་བ་སྟེ།


DTG01_Page_042
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་བཙུན་མོ་ལ་ཡིད་རྣམ་པར་བསྐྱོད་པའང་མེད་ན། འདི་ལྟ་བུའི་གནས་སྐབས་སུ་འགྱུར་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་མི་སྲིད་པ་ཉིད་དུ་སྟོན་པ་ཡིན་ནོ། །རྣ་ཅན་འཐབ་དཀའ་ལ་སོགས་ལ། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཐོས་ཏེ། ཀུན་ཏི་བོ་ཛ་ཞེས་བྱ་བའི་རྒྱལ་པོ་ཞིག་ཡོད་པ་དེ་ལ་ཀུན་དི་ཞེས་བྱ་བའི་བུ་མོ་གཟུགས་དང་ལང་ཚོ་ལ་སོགས་པ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང༌། ཇི་ཙམ་ན་དྲང་སྲོང་གནས་ངན་ཞེས་བྱ་བ་དེའི་ཁྱིམ་དུ་ཞུགས་ནས་འོ་ཐུག་བསླངས་པ་དང༌། མྱུར་བར་བསྒྲུབས་ཏེ་འོ་ཐུག་གིས་བཀང་བའི་སྣོད་ལག་པར་བླངས་ནས། ལག་པའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ཡང་བཞིན་དང་མདོག་རྣམ་པར་འགྱུར་བ་མེད་པར་གུས་པ་དང་བཅས་པར་ཟས་ལ་སྤྱོད་དུ་བཅུག་ནས། ཟས་ཀྱི་མཐར་ཡང་ལག་པའི་པདྨ་གཉིས་པོ་དེ་མ་ཚིག་པར་མཐོང་ནས་ཡོངས་སུ་མགུ་བས་སྨྲས་པ། ང་ལས་མཆོག་ལོང་ཤིག་གལ་ཏེ་མཉེས་པར་གྱུར་ན་བདག་སྐྱེས་བུ་གང་དང་གང་འདོད་པ་དེ་དང་དེ་བདག་ཉིད་ཀྱི་དབང་དུ་འགྱུར་བ་དེ་ལྟ་བུའི་མཆོག་སྩོལ་ཅིག །དེས་དེ་ལ་རིག་སྔགས་བྱིན་ནས་རིག་སྔགས་འདི་ཁྱེད་ཀྱིས་བཟླས་ན་ལན་ལྔའི་བར་དུ་ཁྱེད་མངོན་པར་འདོད་པའི་དངོས་གྲུབ་བྱེད་པར་འགྱུར་རོ་ཞེས་སྨྲས་ནས་སོང་ངོ༌། །དེ་ཡང་གནས་ཀྱི་ས་གཞིར་འདུག་སྟེ། ཅི་རིག་པ་འདིའི་དོན་བདེན་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་རྟོག་པ་སྐྱེ་ཞིང་དེ་ཉམས་སད་པའི་ཕྱིར་དེ་བཟླས་ནས་ཉི་མ་དང་ཕྲད་པར་གསོལ་བ་བཏབ་པ་དང༌། སྐད་ཅིག་མ་དེ་ཉིད་ལ་ཉི་མ་ཤིང་རྟ་དང་བཅས་ཤིང་གོ་ཆ་དང་བཅས་པར་དྲུང་ན་འདུག་པ་དང༌། དེ་མཐོང་ནས་ཀུན་དིས་ངའི་གན་དུ་མ་འོངས་ཤིག་ཅེས་བཟློག་པ་དང༌། ཉི་མས་སྨྲས་པ། ང་ལ་གསོལ་བ་བཏབ་ནས་བྱ་བ་མ་བྱས་པར་ང་མི་ལྡོག་གོ །ཡང་ན་ཁྱེད་ཀྱི་རིགས་མ་ལུས་པ་རྣམ་པར་བརླག་པའི་དམོད་པ་གདབ་པར་བྱའོ། །དེས་སྨྲས་པ། ཇི་ལྟར་ན་རང་གི་རིགས་སུན་པར་བྱེད་ཅེས་སྨྲས་པ་དང༌། སླར་ཡང་གཞོན་ནུ་ཉིད་དུ་གྱུར་པའི་མཆོག་བྱིན་ནས་དེ་དང་ལྷན་ཅིག་འདོད་པའི་བདེ་བ་སྤྱད་ནས་ཉི་མ་སོང་ངོ༌། །དེའི་རྗེས་ཐོགས་ཉིད་ལ་རྣ་ཅན་གོ་ཆ་བགོས་པ་དང་བཅས་པ། རྣ་བ་གཉིས་རྣ་ཆས་བརྒྱན་པ་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་གྲོགས་མོ་ཞིག་གིས་སྦྲང་


DTG01_Page_043
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྩི་དང་མར་གྱིས་ཁ་བཀང་སྟེ། ཤིན་ཏུ་འཇམ་པའི་གོས་ཀྱིས་ལུས་དཀྲིས་ནས་སྒྲོམ་གྱི་ནང་དུ་བཅུག་སྟེ། དེ་བླངས་ནས་གངྒཱའི་ངོགས་སུ་མཚན་མོ་སོང་སྟེ། ཉི་མའི་བུ་ནི་མཛེས་པ་འདི། །སྒྲོམ་ནི་རྒྱ་མཚོས་བསྲུང་བར་གྱིས། །ལྷ་ཡི་ཚོགས་ནི་འདུས་པ་དང༌། །ཚངས་པས་ཀྱང་ནི་རྟག་ཏུ་སྲུངས། ཅེས་སྨྲས་ནས་གངྒཱར་པོར་རོ། །གངྒཱ་དང་ཐག་མི་རིང་བ་ན་ཡུལ་འཁོར་སྲུང་གི་རྟའི་སྤྱན་ལྷག་པའི་ཤིང་རྟ་ཞེས་བྱ་བ་རྟ་འཚོ་ཞིང་འདུག་པས་གངྒཱའི་ཆུ་བོས་སྒྲོམ་ཁྱེར་ཞིང་འགྲོ་བ་མཐོང་བ་དང༌། དེ་བླང་བའི་ཕྱིར་འཁོར་རྣམས་ལ་བསྒོ་ནས་ཁྱེར་ཏེ་འོངས་པ་མཐོང་བ་དང༌། འདི་ངའི་བུར་བྱའོ་སྙམ་ནས་སོས་པར་གྱུར་ཏོ། །ཡང་དེའི་ཚེ་རི་དབང་ཆེན་ན་དགའ་བྱེད་དགྲ་སྟ་ཅན་ཞེས་བྱ་བ་མཚོན་ཆའི་སྦྱོར་བ་ལ་མཁས་པ་ཞིག་དཀའ་ཐུབ་སྤྱོད་པ་དང༌། དེས་འདི་ལྟར་དམ་བཅས་ཏེ་བྲམ་ཟེ་མ་ཡིན་པ་རྣམས་ལངས་མཚོན་ཆའི་སྦྱོར་བ་འདི་བསླབ་པར་མི་བྱའོ་ཞེས་དམ་བཅས་སོ། །རྣ་ཅན་དེས་ཀྱང་བྲམ་ཟེའི་ཆ་ལུགས་སུ་བྱས་ཏེ། དེའི་གན་དུ་སོང་ནས་བྲམ་ཟེའི་མཚོན་ཆའི་སྦྱོར་བ་བསླབས་སོ། །དེས་ཀྱང་དེ་ལ་ཐམས་ཅད་བསླབས་སོ། །དེས་མཚོན་ཆའི་སྦྱོར་བ་ལེགས་པར་བསླབས་ནས་འཐབ་དཀའི་ཐད་དུ་སོང་སྟེ། དེ་ལ་བདག་ཉིད་རྟེན་མའི་ཕྱིར་བལྟ་བས་ལ། དེས་ཀྱང་ཨང་གའི་ཡུལ་བྱིན་ཏེ་ཨང་གའི་རྒྱལ་པོར་གྱུར་ཏོ། །དེ་བཞིན་དུ་རྒྱ་ཆེར་སྦྱར་ཏེ། ཇི་ཙམ་ན་བརྒྱ་བྱིན་གྱིས་བསམས་པ། ད་ནི་འཐབ་པའི་དུས་དང་ཉེ་བར་གྱུར་གྱིས། རྣ་ཅན་འདི་དང་སྲེད་སྒྲུབ་རྩོད་པ་བྱེད་པར་འགྱུར་རོ་སྙམ་ནས་བརྒྱ་བྱིན་བྲམ་ཟེའི་ཆ་ལུགས་སུ་བྱས་ཏེ་རྣ་ཅན་གྱི་གན་དུ་སོང་ངོ༌། །དེས་ཀྱང་ཅིའི་དོན་དུ་འོངས་ཞེས་ལན་གསུམ་གྱི་བར་དུ་དྲིས་ཤིང་མགྲོན་དུ་བོས་ཀྱང་གསལ་བར་སྨྲར་མ་འདོད་དོ། །ཇི་ཙམ་ན་ལན་བདུན་གྱི་བར་དུ་ཅི་ཞིག་འདོད་ཅེས་དྲིས་པ་དང༌། ཁྱོད་ཀྱི་གོ་ཆ་འདོད་དོ་ཞེའོ། །དེས་སྨྲས་པ། ཅིའི་ཕྱིར་སྔར་ཁྱེད་མི་སྨྲ། ཐེ་ཚོམ་མེད་པར་ཁྱོད་ལ་སྦྱིན་པར་བྱའོ་ཞེས་སྨྲས་ནས། དེའི་འོག་ཏུ་རྡོ་རྗེའི་སྤུ་གྲི་བླངས་ནས་དེས་ལུས་ལས་གོ་ཆ་བཤུས་ཏེ་དེ་ལ་བྱིན་པ་དང༌། བརྒྱ་བྱིན་ཡོངས་སུ་མགུ་ནས་སྨྲས་པ། གང་གིས་སློང་བ་མགུ་བྱའི་ཕྱིར། །རང་གི་སྲོག་ལའང་མི་དཔྱོད་པར། །རྣ་ཅན་ལྟ་བུའི་སྦྱིན་བྱེད་མེད། །ང་དང་འདྲ་བའི་


DTG01_Page_044
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བྲལ་མེད། །ཅེས་སྨྲས་སོ། །འདི་དག་གི་གཏམ་ནི་ཤིན་ཏུ་མང་མོད་ཀྱི། འདིར་རྒྱས་པར་མ་སྨྲས་སོ། །འཐབ་དཀའ་བྱུང་བའི་གཏམ་ནི་འདི་སྐད་ཐོས་ཏེ། ཡན་ལག་བཀྲ་སྦྱིན་དང༌། སྣ་ཚོགས་བརྩོན་འགྲུས་དང༌། འཇིགས་བྱེད་དང༌། རྒྱས་པ་སྟེ་བཞི་ནི་གངྒཱ་ལས་སྐྱེས་པས་སྤུན་ཡིན་ནོ། །ཡན་ལག་བཀྲ་སྦྱིན་ནི་དྲི་ཟའི་རྒྱལ་པོ་ཡན་ལག་བཀྲ་སྦྱིན་ཞེས་བྱ་བས་མིང་གི་འཁོན་གྱིས་གཡུལ་ངོར་བསད་དོ། །སྣ་ཚོགས་བརྩོན་འགྲུས་ནི་གཅོང་ཆེན་པོས་བཏབ་ནས་ཤིའོ། །འཇིགས་བྱེད་ནི་ཚངས་པར་སྤྱོད་པ་ལ་ཞུགས་པར་གྱུར་པ་དང༌། བདེ་ལྡན་མས་འཇིགས་བྱེད་ལ་སྨྲས་པ། ཡུ་བུ་ཅག་གི་རབས་ཆད་པར་འོང་བས་བུ་སྐྱེད་པའི་རྩོལ་བ་གྱིས་ཤིང༌། །དེས་སྨྲས་པ། ངེད་གཉིས་སྤུན་ཡིན་མོད་ཀྱི། ང་ནི་གཞོན་ནུ་ཉིད་ནས་ཚངས་པར་སྤྱོད་པས་འདོད་པའི་བདེ་བ་ཉམས་སུ་མྱོང་བར་མི་བྱེད་དོ་ཞེས་བཟློག་པ་དང༌། དེའི་རིགས་རྒྱུད་ཐམས་ཅད་འདུས་ཏེ། རྒྱས་པ་ལ་གསོལ་བ་བཏབ་ནས། ཨཾ་བི་ཀ་དང༌། ཨཾ་པ་ལི་ཀ་དང༌། རྟོག་ལྡན་མ་དེ་གསུམ་དང༌། རྒྱས་པ་འདུས་པ་ལས་རིམ་པ་བཞིན་དུ། ཡུལ་འཁོར་སྲུང་དང༌། སྐྱ་བསེང་དང༌། བློ་ལྡན་ཞེས་བྱ་བ་གསུམ་སྐྱེས་པ་ལས། ཡུལ་འཁོར་སྲུང་དམུས་ལོང་དུ་གྱུར་པ་དང༌། སྐྱ་བསེང་གིས་ས་ཆེན་པོ་ཀུན་དུ་རྒྱལ་བར་བྱས་ཏེ། ཡུལ་འཁོར་སྲུང་ལ་བྱིན་ནོ། །ཡུལ་འཁོར་སྲུང་ལ་རྒྱས་པས་མཆོག་བྱིན་པ། ཁྱེད་ཀྱི་ཆུང་མའི་དམ་པ་དྲི་ཟ་མོ་ལས་བུ་བརྒྱ་སྐྱེ་བར་གྱུར་ཅིག །དེ་ལས་ཕུ་པོ་འཐབ་དཀའ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །ཇི་ཙམ་ན་དྲི་ཟ་མོ་མངལ་དང་ལྡན་པར་གྱུར་ནས་ལོ་གསུམ་ནས་ཤའི་གོང་བུ་ལྕགས་ཀྱི་ཐོ་བ་འདྲ་བ་སྐྱེས་པ་དང༌། རྒྱས་པས་སྨྲས་པ། འདི་ཤའི་དུམ་བུ་བརྒྱར་གྱིས་ལ་སོ་སོར་བཞག་སྟེ། ཆུ་བསིལ་མོས་ཡང་དང་ཡང་དུ་གཏོར་ཅིང༌། དེ་ནས་ཇི་ཙམ་ན་དེ་ལས་བུ་བརྒྱ་དབང་པོ་ཡོངས་སུ་རྫོགས་པ་བྱུང་བ་དང༌། བློ་ལྡན་གྱིས་ཡུལ་འཁོར་སྲུང་ལ་སྨྲས་པ། འཐབ་དཀའ་འདི་ནི་སྡིག་པའི་མཚན་ཉིད་དང་ལྡན་པས་གང་གིས་ན་འདི་ལ་བརྟེན་ནས་སྒྲ་ངན་གྱི་རིགས་ཐམས་ཅད་འཇིག་པར་འགྱུར་བར་ཤེས་ཀྱིས། འདི་རྣམ་པ་ཐམས་ཅད་དུ་གསད་པར་བྱ་སྟེ། བུ་གཅིག་བསད་ནས་སྲོག་ཆགས་མང་པོའི་སྲོག་བྱིན་པ་ལ་


DTG01_Page_045
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་ཉེས་པ་འགའ་ཡང་ཡོད་པར་མ་མཐོང་སྟེ། ཆོས་ཀྱི་བསྟན་བཅོས་དག་ལས། གང་གིས་འབྲས་བུ་ཆུང་འགྱུར་བ། །སྡིག་པ་ཆེན་པོ་དེ་མི་བྱ། །སྡིག་པ་ཆུང་ལ་དོན་ཆེ་བ། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་འབྱུང་ངོ་ཞེས་སྨྲས་པ་དང༌། དེ་བུལ་བརྩེ་བས་གསོད་པར་མ་ནུས་སོ། །སྐྱ་བསེང་ནི་ནགས་སུ་དཀའ་ཐུབ་ལ་སོང་ངོ༌། །བློ་ལྡན་ནི་ཆོས་ཀྱི་ཚིག་ཅན་ཡིན་ལ། ཡུལ་འཁོར་སྲུང་ནི་ནུས་པ་མེད་པར་གྱུར་པ་དང༌། འཐབ་དཀས་རྒྱལ་པོ་བྱས་སོ། །དེ་ནས་རྣ་ཅན་དང༌། འཐབ་དཀའ་གཡུལ་འགྱེད་པའི་བར་དུ་རྒྱ་ཆེར་སྦྱར་ཏེ། དེའི་ཚེ་སྲིད་སྒྲུབ་ཀྱིས་གསོལ་བ་བཏབ་པས་ཁྱབ་འཇུག་ནི་ཤིང་རྟའི་ཁ་ལོ་པར་གྱུར་ནས་གཡུལ་ངོར་དེ་དྲངས་པར་གྱུར་ཏོ། །དེར་གནས་པ་ན། སྲིད་སྒྲུབ་ཀྱིས་དཔུང་གི་ཚོགས་ཐམས་ཅད་ལ་བལྟས་ནས། འདི་ལྟར། ཀུན་དིའི་བུས་ནི་དེ་བལྟས་ན། །ཐམས་ཅད་གཉེན་དུ་རྣམ་པར་གནས། །མཆོག་ཏུ་བརྩེ་བས་ནོན་པ་ཡིས། །ཞུམ་པ་ཡིས་ནི་འདི་སྐད་སྨྲས། །ཁྱབ་འཇུག་གཉེན་རྣམས་མཐོང་བས་ན། །འཐབ་པར་འདོད་དེ་གནས་པ་ལ། །བདག་གི་ལུས་ནི་ཞུམ་གྱུར་ཅིང༌། །ཁ་ཡང་ཡོངས་སུ་སྐམས་པར་བྱེད། །ང་ཡི་ལུས་ནི་འདར་གྱུར་ཅིང༌། །སྤུ་ཡང་རྣམ་པར་ལྡང་བར་འགྱུར། །གཞུ་ནི་ལག་ནས་ལྷུང་གྱུར་ཞིང༌། །པགས་པའང་ཡོངས་སུ་ཚིག་པར་གྱུར། །ང་ཡི་ཡིད་ནི་རྣམ་འཁོར་བས། །གནས་པར་བྱ་བར་ནུས་མ་གྱུར། །གང་གི་དོན་དུ་རྒྱལ་སྲིད་དང༌། །ལོངས་སྤྱོད་བདེ་བ་འདོད་གྱུར་པ། །དེ་ཉིད་སྲོག་དང་ནོར་རྣམས་ནི། །སྤངས་ནས་ང་དང་འཐབ་པར་གནས། །ཞེས་བྱ་བ་ལ་སོགས་པ་སྨྲ་ཞིང་འཐབ་པར་མི་བྱེད་དོ། །ཇི་ཙམ་ན་ཁྱབ་འཇུག་གིས་དེ་སྤྲོ་བ་དང་བྲལ་བར་མཐོང་བ་དང༌། སྒྲ་ངན་རྣམས་གསད་པར་བྱ་བའི་ཕྱིར་སྤྲོ་བ་བསྐྱེད་པ་སྨྲས་པ། བུམ་སྐྱེས་འཇིགས་བྱེད་རྒྱལ་བའི་ཤིང་རྟ་རྣ་ཅན་དང༌། །དེ་བཞིན་འཇིག་རྟེན་དཔའ་བོ་གཞན་དག་ང་ཡིས་བསད། །ཁྱེད་ནི་སེམས་ལ་མི་དགར་མ་བྱེད་གསོད་པར་གྱིས། །གཡུལ་དུ་དགྲ་ལས་ངེས་པར་རྒྱལ་བ་ཉིད་དུ་འགྱུར། །གཞན་ཡང་གང་གིས་འདི་ཀུན་རྒྱལ་འགྱུར་བ། །དེ་ནི་མི་འཇིག་ཤེས་པར་གྱིས། །མི་འཇིག་པ་དང་མི་ཟད་པ། །དེ་ནི་སུས་ཀྱང་བསད་མི་ནུས། །ལུས་འདི་མཐའ་


DTG01_Page_046
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་འགྱུར་གྱི། །ལུས་ཅན་དག་ནི་རྟག་པར་བཤད། །འཇིག་ཅིང་ཚད་མེད་གྱུར་པས་ན། །འཐབ་པར་གྱིས་ཤིག་བྷ་ར་ཏ། །དཔེར་ན་གོས་རྙིང་དག་ནི་བོར་ནས་སུ། །སར་པ་གཞན་དག་མི་ནི་ལེན་པར་བྱེད། །དེ་བཞིན་ལུས་ནི་རྙིང་པ་སྤངས་ནས་སུ། །ལུས་གཞན་སར་པ་དག་ནི་ལེན་པར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨྲས་ནས། དེའི་ཚིག་གི་རྗེས་སུ་འབྲངས་ཏེ། སྲིད་སྒྲུབ་ཀྱིས་གཡུལ་བཀྱེ་བ་ནས་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་བསད་པར་གྱུར་ཏོ། །སེམས་ཅན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། །སེམས་ཅན་ཞེས་བྱ་བ་ནི་སྲོག་ཆགས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕན་པར་བཞེད་པ་ནི་ཕན་པ་ཉིད་མཛད་པར་བཞེད་པའོ། །བཞེད་ནས་ཅི་ཞིག་མཛད་ཅེ་ན། །ཁྱོད་ཀྱིས་སྲོག་ཀྱང་བཏང་བར་མཛད། །ཅེས་བྱ་བ་ཡིན་ཏེ། འདིར་པདྨ་ཅན་ལ་སོགས་པའི་སྐྱེས་པའི་རབས་དཔེར་སྦྱར་བར་བྱའོ།། །།ཁྱབ་འཇུག་གིས་ནི་སྒྱུ་བྱས་ནས། །ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་ནི་གཡོའི་རྣམ་པའོ། །དེས་སྒྱུ་བྱས་ནས་ཅི་ཞིག་བྱས་ཤེས་ན། གོམ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདི་སྐད་སྟོན་པར་འགྱུར་ཏེ། སའི་དཀྱིལ་འཁོར་གང་ཡིན་པ་དེ་མིའུ་ཐུང་གི་གཟུགས་སུ་བསྒྱུར་ནས་གོམ་པ་གསུམ་གྱིས་སྟོབས་ལྡན་ལས་ཕྲོགས་པ་ཡིན་ལ། ས་དེ་ནི་ཁྱེད་ཀྱི་ས་རྩྭ་དང་འདྲ་བར་ལན་མང་དུ་བཏང་ཞིང་བོར་བར་གྱུར་ཏོ། །ཇི་ལྟ་བུ་ཁྱེད་ཀྱིས་ཤེ་ན། ཐར་བཞེད་པ་ཞེས་བྱ་བ་སྨོས་ཏེ། ངེས་པར་ཐར་པ་ཉིད་ཐོབ་པར་བཞེད་པ་གང་ཡིན་པ་དེ་ནི་ཐར་པ་བཞེད་པའོ། །འདིར་མཐོང་དགའ་ཆེན་པོ་ལ་སོགས་པའི་མདོ་དཔེར་སྦྱར་བར་བྱའོ། །ཁྱབ་འཇུག་གིས་སྒྱུ་བྱས་པའི་གཏམ་གང་ཡིན་པ་དེ་ནི་སྔར། ཁྱབ་འཇུག་མིའུ་ཐུང་གཟུགས་བསྒྱུར་ནས། །ཞེས་བྱ་བའི་སྐབས་སུ་སྨྲས་ཟིན་ཏོ། །དགའ་བྱེད་སྲོག་གཅོད་བྱེད་པའི་མདས། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། དྲང་སྲོང་ཛ་མཱ་དག་ནི་ཞེས་བྱ་བ་དེའི་ཆུང་མ་བརྟུལ་ཞུགས་ཅན་མ་ཞེས་བྱ་ལ། དེའི་བུ་ནི་དགའ་བྱེད་ཅེས་བྱ་བ་ཤིན་ཏུ་དཔའ་བ་ཞིག་ཡོད་ལ། ཡང་དེའི་ཚེ་སྲིད་སྒྲུབ་པ་བརྩོན་ཞེས་བྱ་བའི་རྒྱལ་པོ་ཞིག་བྱུང་སྟེ། དེ་བ་ལང་གི་ཚོགས་ཀྱི་གནས་སུ་སོང་བ་དང༌། དྲང་སྲོང་མིས་བྱིན་ཞེས་བྱ་བ་འཐབ་མོ་ལ་མངོན་པར་དགའ་བ་ཞིག་ཡོད་པ་དེའི་ཐད་དུ་སོང་


DTG01_Page_047
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྟེ། སེར་བའི་སྒྲས་ཛ་མཱ་དག་ནི་འདོད་བཞོས་ཀྱི་བ་ཞིག་ཡོད་པ་སྐྲག་པ་དང༌། རྒྱལ་པོ་སྲིད་སྒྲུབ་ཀྱིས་དྲིས་པ་ན། མིས་བྱིན་གྱིས་སྨྲས་པ། ཛ་མཱ་ནའི་བུ་འཕོང་སློབ་པའི་གཞུ་རྒྱུད་བརྡབས་པས་བ་འདི་སྐྲག་པ་ཡིན་ནོ་ཞེས་བྱས་པ་དང༌། ངན་སྤོང་གི་རིགས་ལས་བྱུང་བའི་དགའ་བྱེད་ཀྱི་ཕ་རོལ་གནོན་པ་དང༌། ཡོན་ཏན་གྱི་བསྔགས་པ་སྨྲས་པ་དང༌། དེ་ཁྲོས་ནས་ཅི་ནས་ཀྱང༌། དགའ་བྱེད་དང་ལྷན་ཅིག་འཐབ་པར་བྱ་བའི་ང་རྒྱལ་སྐྱེས་ནས་བསྟི་གནས་སུ་སོང་སྟེ་བེའུ་ཕྲོགས་པ་དང༌། དགའ་བྱེད་བསམ་གཏན་ལ་གནས་པའི་ལུས་ཀྱི་སྟེང་དུ་སྤྲུལ་ཤི་བ་བསྒྱུར་རོ། །རྡུལ་ཅན་མ་ནི་ངང་ཚུལ་བཟད་པོ་ཅན་ཡིན་པས། དེ་མེ་ཏོག་ཐུར་སོང་བ་ན་ཤིང་རྣམས་རང་ཉིད་འདུད་པར་བྱེད་དོ། །དེས་རྒྱལ་པོ་མཐོང་ནས་ཡིད་ཆགས་པར་གྱུར་པ་དང༌། དེ་ནས་བརྩམས་ཏེ་ཤིང་རྣམས་འདུད་པར་མི་བྱེད་དོ། །དེ་ཛ་མཱ་ན་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་ཤེས་པ་དང༌། ཆུང་མ་ལ་ཁྲོས་པས་དགའ་བྱེད་ལ། མའི་མགོ་བོ་ཆོད་ཅིག་ཅེས་སྨྲས་པ་དང༌། དེས་ཀྱང་པས་ཚིག་ཏུ་བསྒོ་མ་ཐག་མགོ་བཅད་པར་གྱུར་ཏོ། །དེ་ནས་ཕ་མགུ་སྟེ། བུ་མཆོག་སློངས་ཤིག་ཅེས་བྱས་པ་དང༌། ངེས་ཀྱང་བདག་གི་མ་སླར་འཚོ་བར་མཛོད་ཅིག་པའི་མཆོག་བསླངས་ནས་དེ་འཚོ་བར་གྱུར་ཏོ། །དེ་ནས་བརྩམས་ཏེ་རྒྱུ་དེས་ཁྲོས་པས་དགའ་བྱེད་ཀྱིས་བདག་གིས་འཇིག་རྟེན་དུ་རྒྱལ་རིགས་གཅིག་ཀྱང་མེད་པར་བྱའོ་ཞེས་དམ་བཅས་སོ། །དེའི་འོག་ཏུ་དགྲ་སྟེ་ཐོགས་ཏེ་ཆས་ནས་རྒྱལ་པོ་སྲིད་སྒྲུབ་དང་ལྷན་ཅིག་གཡུལ་སྤྲད་ནས་ཇི་ཙམ་ན་དེ་ལ་ལག་པ་སྟོང་ཡོད་པ་དགྲ་སྟས་ཐམས་ཅད་བཅད་དེས་ལ་ལྷགས་པར་བྱས་སོ། །དེ་ནས་མགོ་བཙུགས་ནས་རྒྱལ་རིགས་རྣམས་རྩད་ནས་བརླག་པའི་ཕྱིར་ཞུགས་ཤིང༌། འཇིག་རྟེན་དུ་རྒྱལ་རིགས་རྣམས་མེད་པར་བྱས་སོ། །དེ་ལྟར་ན་འཇིག་རྟེན་དུ་རྒྱལ་རིགས་རྣམས་མེད་པ་ཉིད་དུ་བྱས་པས་འཇིག་རྟེན་རྒྱལ་རིགས་མེད་བྱས་ནས། །ཞེས་བྱའོ། །གང་གིས་བྱས་ཤེ་ན། སྲོག་གཅོད་བྱེད་པའི་མདས་ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་རྣམས་ཟད་ཅིང་མེད་པར་བྱེད་པ་ནི་སྲོག་གཅོད་པ་སྟེ། དེ་བྱེད་པའི་མདའ་ཡིན་པས་ན། སྲོག་གཅོད་བྱེད་པའི་མདའ་སྟེ་དེས་སོ། །གྲགས་པ་ཐོབ་


DTG01_Page_048
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པ། །ཞེས་བྱ་བ་ནི་སྙན་པ་ཐོབ་ཅིང་རྙེད་པའོ། །དགའ་བྱེད་ཅེས་བྱ་བ་ནི་དགའ་བྱེད་དགྲ་སྟ་ཅན་ནོ། །དེ་ཞེས་བྱ་བ་ནི་དགའ་བྱེད་ཀྱི་བྱ་བའོ། །ཁྱོད་ཀྱི་བསྟན་ལ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལའོ། །གྲགས་པ་མིན་ཞེས་བྱ་བ་ནི་མི་སྙན་པར་གྱུར་པའོ། དེ་ཡང་འདི་ལྟར་ཁྱོད་ཀྱི་བསྟན་པ་ལ་སྲོག་ཆགས་གྲོག་སྦུར་ཙམ་བསད་པ་ཡང་སྨད་པར་བྱ་བའི་གནས་ཡིན་ན། རྒྱལ་རིགས་རྣམས་བསད་པ་ལྟ་སྨོས་ཀྱང་ཅི་དགོས། སྒྲ་ངན་དང་ནི་སྐྱ་བསེང་དང༌། །ཅེས་བྱ་བ་ལ་སོགས་པ་ལ། སྒྲ་ངན་ནི་འཐབ་དཀའ་ལ་སོགས་པའོ། །སྐྱ་བསེང་ནི་གཡུལ་ངོར་བརྟན་པ་ལ་སོགས་པ་སྟེ་དེ་དག་གོ །གང་གི་ཕྱིར་ནི་གཡུལ་པ་ཀྱེ་བ། །ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་དཔལ་གང་གི་དོན་དུ་གཡུལ་འགྱེད་ཅིང་འཐབ་པར་བྱེད་པའོ། །དེ་ཡང་རྒྱལ་སྲིད་ཀྱི་དཔལ་ཉེ་བར་བསྡུ་བའི་དོན་དུ་དེ་རྣམས་ཀྱིས་གཡུལ་སྤྲད་པས་དཔུང་གི་སྡེ་ཚོམས་བཅོ་བརྒྱད་ཀྱིས་གྲངས་ཀྱིས་བསྡུས་པའི་སྲོག་ཆགས་རྣམས་འཆི་བའི་དབང་དུ་གྱུར་ཏོ། །དཔལ་དེ་ཞེས་བྱ་བ་ནི་ས་སྟེངས་ཀྱི་རྒྱལ་སྲིད་ཕུན་སུམ་ཚོགས་པ་སྟེ། དེ་སྤངས་ཤིང་ཡོངས་སུ་དོར་བའོ། །དེ་ཇི་ལྟ་བུར་སྤངས་ཤེ་ན། འཁྲི་ཤིང་གདུག་པ་བཞིན་དུ་ནི། །ཞེས་བྱ་བ་སྨོས་ཏེ། ཤིང་གང་ལ་གདུག་པའི་སྤྲུལ་རྣམས་ཀྱིས་དཀྲིས་ནས་འདུག་པ་དེ་ལ་འགའ་ཞིག་འཇིགས་པས་སྤོང་བར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཉེས་པར་སྤྱོད་པའི་སྤྲུལ་གྱི་དུག་གིས་རྨས་ཤིང༌། སྐད་ཅིག་མ་ཙམ་དུ་དགའ་བ་ཡོངས་སུ་གྱུར་ན་སྡུག་བསྔལ་པའི་རྒྱལ་སྲིད་ཀྱི་དཔལ་ཡོངས་སུ་སྤངས་ནས་ལྟོས་པ་མེད་པར་རབ་ཏུ་གཤེགས་པ་ཡིན་ནོ། །ཁྱོད་ཀྱི་བསྟན་པ་རྙེད་པ་ན། །ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱི་བསྟན་པ་ཞེས་བྱ་བ་ནི་མགོན་པོ་ཁྱོད་ཀྱི་བསྟན་པ་ཆོས་འདུལ་བའི་གསུང་རབ་ཅེས་བྱ་བའི་དོན་ཏོ། །དེ་རྙེད་པ་ནི་བརྟགས་ནས་ཤེས་པའོ། །ཐང་ཤིང་ནགས་ན་ཞེས་བྱ་བ་ནི་ཐང་ཤིང་གི་ནགས་ཚལ་ཏེ། དེ་ན་ལྷ་ཆེན་པོ་ཞེས་བྱ་བ་བདེ་བྱེད་དོ། །རྣལ་འབྱོར་ནི་བསམ་གཏན་གྱི་ཁྱད་པར་ཏེ། དེ་ལ་དབང་བྱེད་པས་ན་རྣལ་འབྱོར་དབང་ཕྱུག་ཅེས་བྱ་སྟེ། བསམ་གཏན་སྣ་ཚོགས་པ་ཐོབ་པའི་དྲང་སྲོང་རྣམས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་གྱི་དབང་ཕྱུག་གི་སྤྱོད་པ་ནི་ཡུས་ཀྱི་རྣམ་པར་


DTG01_Page_049
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འགྱུར་བའོ། །གང་ཞེས་བྱ་བ་ནི་བསྟན་པའོ། །དེ་ནི་ཞེས་བྱ་བ་ནི་བཤད་པའོ། །མི་ཤེས་པ་ནི་ཀུན་དུ་རྨོངས་པ་སྟེ། །དེའི་སྤྱོད་པ་ནི་རྣམ་པར་འགྱུར་བའི་ཚུལ་ཡིན་པས་ན་མི་ཤེས་སྤྱོད་པ་བས་ཞེས་བྱའོ། །དེ་ཡང་འདི་སྐད་སྟོན་ཏེ། ཐང་ཤིང་གི་ནགས་ན་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་གི་དྲང་སྲོང་རྣམས་ལ་ལྷ་ཆེན་པོས་སྤྱོད་པ་གང་ཞིག་བྱས་པ་ཐོས་ན། དེ་ནི་ཁྱེད་ཀྱི་བསྟན་པའི་གསུང་རབ་ལ་ལྟོས་ན་ཤིན་ཏུ་མི་ཤེས་པས་ལྡོངས་པའི་རྣམ་པར་འཁྲུལ་པ་ཡིན་པར་ཤེས་སོ། །འདིའི་གཏམ་གང་ཡིན་པ་དེ་ནི་ལྷ་ཆེན་པོ་འདོད་པ་ཅན་གྱི་མཚན་ཞེས་བྱ་བའི་སྐབས་སུ་བྲིས་པས་ཡང་མ་བྲིས་སོ།། །།དབང་པོ་བཤོལ་མེད་བྱི་བོ་ཞེས། །ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་ཞེས་བྱ་བ་ནི་བརྒྱ་བྱིན་ནོ། བཤོལ་མེད་ཅེས་བྱ་བ་ནི་དྲང་སྲོང་གཽ་ཏ་མའི་ཆུང་མའོ། །བྲམ་ཟེ་ད་དུང་བར་དུ་སྒྲོགས། །ཞེས་བྱ་བ་ནི་བྲམ་ཟེ་རྣམས་ད་དུང་ཡང་སྨོད་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། བྱི་བོ་ཞེས་བྱ་བ་སྟེ་མི་རིགས་པར་སྤྱོད་པའོ། །དེ་ཡང་རིག་བྱེད་ཀྱིས་བརྒྱ་བྱིན་འབོད་པའི་སྐབས་ནས། བཤོལ་མེད་བྱི་བོ་ཞེས་འདོན་པའི་ཕྱིར་རོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཁྱོད་ཀྱི་ཡོན་ཏན་གྱི་གྲགས་པ་ནི་བརྒྱ་བྱིན་ཉིད་སྒྲོགས་ཤིང་གསལ་བར་བྱེད་དོ། །ཅི་ཞིག་སྒྲོགས་ཤེ་ན། འབྲས་བུ་མཆོག་བརྙེས་པ་ཞེས་བྱ་བ་ཡིན་ཏེ། འབྲས་བུ་མཆོག་གི་སྒྲ་ནི་འདིར་རྒྱུན་དུ་ཞུགས་པའི་འབྲས་བུ་ཡིན་པར་འདོད་དེ། འཇིག་རྟེན་པའི་འབྲས་བུ་ཐམས་ཅད་ལ་ལྟོས་ནས་དེ་སྐད་བཏགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཟག་པ་མེད་པའི་ལམ་གྱིས་ཐོབ་པ་དང༌། མི་འཕོ་བ་ཉིད་ཡིན་ནོ། །དེ་ཡང་འབྲས་བུའམ་ངེས་པ་སྔོན་འགྲོ་ལས་ཞེས་བྱ་བ་ལ་སོགས་པ་ཆོས་མངོན་པ་ལས་བཤད་པ་དང་འདིར་བརྒྱ་བྱིན་གྱིས་ཞུས་པའི་མདོ་དཔེར་སྦྱར་བར་བྱའོ། །ཁྱབ་འཇུག་གིས་ནི་ནག་བཀྲ་བོས། །ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་འདིར་ལྷ་མ་ཡིན་ནག་བཀྲ་བོ་ཞེས་བྱ་བ་དང༌། ཀུན་གཏོང་ཞེས་བྱ་བ་ཕ་རོལ་གནོན་པ་ཆེན་པོ་དང་ལྡན་པ་གཉིས་ཤིག་བྱུང་བ་དང༌། དེ་དག་ཕན་ཚུན་དྲེགས་པའི་དབང་གིས་མི་མཐུན་པར་གྱུར་ལ། དེས་ཀྱང་འཇིག་རྟེན་


DTG01_Page_050
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་རྒྱལ་བའི་ཕྱིར་རོ། །བརྩོན་པ་ནི་ཁྱབ་འཇུག་གིས་དེའི་བརྩོན་པ་མི་བཟོད་པས་གསོད་པའི་ཐབས་ལ་བརྩོན་པར་བྱེད་དོ། །ཇི་ཙམ་དུ་དུས་གཞན་ཞིག་གི་ཚེ་ཁྱབ་འཇུག་འཁོར་ལོ་ཐོགས་ཏེ། ནག་བཀྲ་བོའི་གན་དུ་སོང་ནས་དེ་དང་ལྷན་ཅིག་འཐབ་པ་ལ་ཞུགས་པ་དང༌། དེ་ནས་དེའི་དབྱིག་པས་བསྣུན་ཏེ་ལུས་སྣད་པར་གྱུར་པས་ཁྱབ་འཇུག་འདར་ཞིང་ཞུམ་པ་དང་འབྲོས་པར་རྩོམ་པ་དང༌། གནས་གཞན་མ་རྙེད་པས་ཀུན་གཏོང་ཉལ་བའི་ཁྲིའི་འོག་ཏུ་ཞུགས་པར་གྱུར་ཏོ། །དེ་ཡང་མགྱོགས་པར་འོངས་ནས་གར་སོང༌། སླར་བྱུང་ཤིག་ཅེས་སྨྲས་པ་དང༌། ཀུན་གཏོང་གཉིད་སད་པར་གྱུར་ཏོ། །སད་ནས་ཀྱང་དེ་འོངས་པ་མཐོང་ཞིང་ཁྲིའི་འོག་ནས་སྐྱོབས་ཤིག་ཅེས་ཉམ་ཐག་པའི་སྒྲ་ཐོས་ཏེ་བསམས་པ། འདི་ནི་ངེས་པར་ཁོ་བོ་བསད་པའི་ཕྱིར་འོངས་ལ། ངའི་བསྙེན་བཀུར་བ་ནི་སྐྲག་ནས་ཁྲི་འདིའི་འོག་ཏུ་ཞུགས་པ་ཡིན་ནོ་སྙམ་དུ་བསམས་ནས། གཞན་གྱི་བརྙས་པ་ཆེན་པོ་འདི་ལྟ་བུ་སུ་ཞིག་གིས་བཟོད་པར་ནུས་ཞེས་སྨྲ་ཞིང༌། མཚོན་ཆ་བླངས་ཏེ་ལངས་ནས། དེ་དག་ཕན་ཚུན་འཐབ་པར་གྱུར་པ་དང༌། གཉིས་ཀ་ཤི་བར་གྱུར་ཏོ། །ཁྱབ་འཇུག་ནི་སྲེད་མེད་ཀྱི་བུའོ། །ནག་བཀྲ་བོ་ནི་ལྷ་མ་ཡིན་ཏེ། དེས་བྲེད་ཅིང་འཇིགས་པས་ནག་བཀྲ་བོས་བྲེད་པའོ། །དེས་འཐོམས་པར་གྱུར་པ་ནི་སེམས་འཁྲུགས་པར་གྱུར་པའོ། །ཀུན་གཏོང་གི་ཁྲིའི་འོག་ཏུ་ཞུགས་པར་གྱུར་ཞེས་བྱ་བ་ནི་ལྷ་མ་ཡིན་ཀུན་གཏོང་གི་ཁྲིའི་འོག་ཏུ་འཇིགས་པས་ཞུགས་པར་གྱུར་པའོ། །གཙོ་ཁྱོད་ཅེས་བྱ་བ་ནི་བོད་པ་སྟེ། དབང་ཕྱུག་ཅེས་བྱ་བའི་དོན་ཏོ། །བསྙེངས་མི་མངའ་ཞེས་བྱ་བ་ནི་བསྙེངས་ཤིང་འཇིགས་པ་མི་མངའ་བ་གང་ཡིན་པ་དེ་ནི་བསྙེངས་པ་མི་མངའ་བའོ། །གང་ལ་མི་བསྙེངས་ཤེ་ན། ཀུན་ཏུ་ཞེས་སྨོས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་འཇིགས་པ་ཐམས་ཅད་ལས་བརྒལ་བའོ་ཞེས་གསུངས་པ་ཡིན་ནོ། །སྐྱེ་དགུའི་བདག་པོ་རང་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཐོས་ཏེ་བར་གྱི་བསྐལ་པ་འདི་ལ་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བ་ལ། ཇི་ཙམ་ན་བུ་མོ་བརྟུལ་ཞུགས་བཟང་མོ་ཞེས་བྱ་བ་གཟུགས་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ལྷའི་བུ་མོ་གཞན་རྣམས་ཟིལ་གྱིས་མནན་ནས་གནས་པ་ཞིག་སྐྱེས་ཏེ།


DTG01_Page_051
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་གིས་ན་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བ་འཇིག་རྟེན་ཐམས་ཅད་འབྱིན་པ་ཡང་ངོ་མཚར་གྱི་བློ་སྐྱེས་ཏེ། ངས་ནི་འདི་ལྟ་བུ་འབྱིན་ཅིང་སྐྱེད་པར་མི་ནུས་སོ་སྙམ་མོ། །དེ་ནས་དེ་བླངས་ཏེ་ཚངས་པའི་འཇིག་རྟེན་དུ་སོང་བའི་བར་དུ་སྦྱར་རོ། །ཇི་ཙམ་ན་ཚངས་པ་དང༌། དབང་ཕྱུག་ཆེན་པོ་དང༌། ཆོས་ཀྱང་ལུས་དང་ལྡན་པར་གནས་གཅིག་ཏུ་ཚོགས་པར་གྱུར་པ་དང༌། ངའི་བུ་མོ་དཔལ་མོ་ཡང་ཟིལ་གྱིས་གནོན་པ་འདི་ལ་ལྟོས་ཤིག་ཅེས་སྨྲས་ནས་དེ་ཉིད་དུ་འདུག་གོ །ཇི་ཙམ་ན་ཚངས་པ་འདོད་ཆགས་སྐྱེས་ཏེ་རང་གི་ཡིད་འཛིན་པར་མ་ནུས་ནས་དེ་དང་ལྷན་ཅིག་ལོག་པར་ཞུགས་སོ། །དེ་བཞིན་དུ་དབང་ཕྱུག་ཆེན་པོ་དང༌། ཆོས་དང༌། སྐྱེ་དགུའི་བདག་པོ་མྱུར་བ་ཡང་དེ་ལ་ལོག་པར་སྤྱོད་པར་ཞུགས་སོ། །དེའི་རྗེས་ཐོགས་ཉིད་ལ་བུ་བཞི་ཁ་དོག་བཅས་ཞེས་བྱ་བ་དུས་གཅིག་ཏུ་སྐྱེས་སོ། །དེ་ནས་ཚངས་པས་སྨྲས་པ་ཐམས་ཅད་ངའི་བུ་ཡིན་ནོ། །དབང་ཕྱུག་ཆེན་པོ་ལ་སོགས་པས་ཀྱང་དེ་སྐད་སྨྲས་པ་དང༌། རྒྱུ་དེ་ལས་ཚངས་པའི་འཇིག་རྟེན་ནས་ཅ་ཅོའི་སྒྲ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །གཏམ་དེ་ཐོས་ནས་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་འོངས་ནས་རྩོད་པ་ཞི་བར་བྱ་བའི་ཕྱིར། བུ་ནི་ཕལ་ཆེར་འཇིག་རྟེན་ན། །ཕ་དང་འདྲ་བར་འགྱུར་བས་ན། །གཟུགས་ཀྱིས་གང་ཞིག་གང་དང་འདྲ། །དེ་ནི་དེ་ཡི་ཡིན་ཞེས་བྱ། །ཞེས་སྨྲས་སོ། །དེའི་འོག་ཏུ་གཟུགས་དང་མཐུན་མཐུན་དུ་རང་རང་གི་བུ་ཡོངས་སུ་བླངས་པར་གྱུར་ཏོ། །སྐྱེ་དགུའི་བདག་པོ་ན་མྱུར་བ་ཞེས་བྱ། རང་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བུ་མོ་ནི་བདག་ཉིད་ཀྱིའོ། །འཁྲིག་ཅེས་བྱ་བ་ནི་འདོད་པ་སྤྱད་པ་སྟེ། དེ་དང་ལྷན་ཅིག་འདོད་པའི་བདེ་བ་ཉམས་སུ་མྱོང་བའོ། །ཐོས་ཞེས་བྱ་བ་ནི་གཏམ་དེ་ལྟར་ཐོས་པའོ། །ཐུབ་པ་ཁྱོད་ཅེས་བྱ་བ་ནི་བོད་པའོ། །སློབ་མའང་ཞེས་བྱ་བ་ནི་ཉན་ཐོས་རྣམས་ལའང་ཞེས་བྱ་བའི་དོན་ཏེ། །སངས་རྒྱས་བཅོམ་ལྡན་འདས་ལ་ནི་སྨོས་ཀྱང་ཅི་དགོས་ཞེས་པའི་འང་གི་སྒྲ་ལས་ཤེས་པར་བྱའོ། །ཚངས་པར་སྤྱོད་པ་སྐྱོན་མ་མཆིས། །ཞེས་བྱ་བ་ལ། ཚངས་པར་སྤྱོད་པ་ནི་དབང་པོ་སྡོམ་པ་དང༌། ཚུལ་ཁྲིམས་ཀྱི་སྡོམ་པ་ཞེས་བྱ་བའི་དོན་ཏོ། །སྐྱོན་མ་མཆིས་ཞེས་བྱ་བ་ནི་


DTG01_Page_052
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་སྤྱོད་པ་གང་ལ་རྙོག་པའི་དྲི་མ་མེད་པ་དེ་ནི་སྐྱོན་མ་མཆིས་པའོ། །བྲམ་ཟེ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་དང་ལེན་པ་ནི་སྦྱིན་པ་ལེན་པ་སྟེ། དེ་གཉིས་མཉམ་པར་གནས་པའི་ཕྱིར་སྦྱིན་པ་ལེན་བཞིན་ཞེས་བྱའོ། །ཅི་ཞིག་ཅེ་ན་འཕོ་བར་སྨྲ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། དགེ་སྡིག་དག་ཅེས་བྱ་བ་སྨོས་ཏེ། དགེ་བ་ནི་བསོད་ནམས་ཏེ་ལགས་པར་སྤྱད་པའོ། །སྡིག་པ་ནི་བསོད་ནམས་མ་ཡིན་པ་སྟེ། ཉེས་པར་སྤྱོད་པའོ། །དགེ་བ་དང་སྡིག་པ་དེ་དག་འཕོ་བ་ནི་རྣམ་པར་འཕོ་བའོ། །སུ་ཞིག་དེ་ལྟར་ཟེར་ཞེ་ན། བྲམ་ཟེ་རྣམས་ནི་ཞེས་བྱ་བ་སྨོས་ཏེ། དྲང་སྲོང་རྣམས་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར། གསེར་དང༌། དབྱིག་དང༌། ཟས་དང༌། སྐོམ་ལ་སོགས་པ་ནི་གཞན་དག་ལ་སྦྱིན་པ་དང༌། གཞན་དག་ལས་ལེན་པ་རིགས་པ་དེ་བཞིན་དུ། བསོད་ནམས་དང་སྡིག་པ་ཡང་དེ་དང་འདྲའོ་ཞེས་བྱ་སྟེ། དེ་ཡང་བྲམ་ཟེ་རྣམས་འདི་སྐད་ཅེས། བྲམ་ཟེ་གསོད་པ་ལ་སོགས་པའི་སྡིག་པ་གཞན་དག་ལས་རང་དགས་ལེན་པ་ནི་འཕོ་བར་འགྱུར་ཞིང༌། བསོད་ནམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དེ་ལྟར་ཡིན་ན་བྱས་པ་ཆུད་ཟ་བར་འགྱུར་ཏེ། ལེགས་པར་སྤྱོད་པ་དང་ཉེས་པར་སྤྱོད་པ་བྱས་ནས་རྣམ་པར་སྨིན་པ་མ་སྨིན་པར་ཆུད་ཟ་བར་ཐལ་བར་འགྱུར་ཏེ། གཞན་དག་ལ་རྣམ་པར་སྨིན་པ་བྱིན་པའི་ཕྱིར་རོ། །ལེགས་པར་སྤྱོད་པ་དང༌། ཉེས་པར་སྤྱོད་པ་མ་བྱས་པ་དང་ནི་ཕྲད་པར་ཐལ་བར་འགྱུར་ཏེ། གཞན་གྱིས་བྱས་པའི་སྡུག་པ་དང་མི་སྡུག་པའི་འབྲས་བུ་འདི་དག་ལ་སྤྱོད་པའི་ཕྱིར་རོ། །དེ་བས་ན་དེ་དག་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་གཞན་གྱིས་བྱས་པ་གཞན་སྤྱོད་པར་འགྱུར་ན་ནི། ཕས་ཟན་ཟོས་པ་ཙམ་གྱིས་ཅིའི་ཕྱིར་བུ་འགྲངས་པར་མི་འགྱུར། གལ་ཏེ་རང་གིས་རྟོགས་པ་གཞན་ལ་སྐྱེ་ན་ནི་བསྟན་བཅོས་ལན་ཅིག་ཐོས་པས་བསྟན་བཅོས་ཐམས་ཅད་འཛིན་ཅིང་ཤེས་པར་ཇི་ལྟར་མི་འགྱུར། གལ་ཏེ་འཕོ་བ་ཡོད་ན་ཅིའི་ཕྱིར་རྟོགས་པ་ཉིད་ལས་འཕོ་བར་འགྱུར། གཞན་དག་བསྟན་ལ་དགེ་བ་མི་བྱེད་དེ། །གཞན་


DTG01_Page_053
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གྱིས་བྱས་པ་འདི་ཡི་རྗེས་མི་འགྲོ། །རང་གིས་ཐོབ་པས་བྱས་ཆུད་མི་ཟ་ཞིང༌། །མ་བྱས་པ་ཡི་འབྲས་བུ་གྲུབ་ཡོད་མིན། །མ་བྱས་པ་ནི་ནམ་ཡང་བྱས་པ་མ་ཡིན། །མ་བྱས་པ་ལས་གཞན་དུ་བདེར་མི་འགྱུར། །འབྱོར་བ་དེར་ནི་འགྲོ་བ་ཡོད་མིན་ཏེ། །དེ་བས་དགེ་ལས་བྱ་བ་ལ་འབད་གྱིས། །ཞེས་བཤད་པ་ཡིན་ནོ། །སེར་སྐྱས་བདག་གི་མཚན་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་ལ། བདག་གི་མཚན་ཉིད་ཅེས་བྱ་བ་ནི་སྐྱེས་བུའི་མཚན་ཉིད་དོ། །ཤེས་དང་ལྡན་ཞེས་བྱ་བ་ནི་རྟོགས་པ་དང་ལྡན་པ་སྟེ། ཤེས་པའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་ནི་ཤེས་པ་དང་ལྡན་པ་སྐྱེས་བུའི་རང་གི་ངོ་བོར་རྟོགས་པའོ། །དེ་ཡང་བསྐལ་པ་དང་པོའི་ཚེ་སེར་སྐྱ་ཞེས་བྱ་བའི་དྲང་སྲོང་ཞིག་བྱུང་སྟེ། དེ་ནི་གྲངས་ཅན་གྱི་བསྟན་བཅོས་རྩོམ་པར་བྱེད་པ་ཡིན་ལ། དེའི་སློབ་མ་ཡང་སེར་སྐྱ་པ་ཞེས་བྱ་སྟེ། སེར་སྐྱའི་བུ་ཡིན་པས་ན་སེར་སྐྱ་པ་ཞེས་སློབ་མ་ལ་ཡང་བུ་ཞེས་བྱ་ལ། སེར་སྐྱ་པ་དེས་ཡོངས་སུ་བརྟགས་པ་ནི་ཁས་བླངས་པ་སྟེ། འདི་ནི་རིགས་པ་མེད་པས་ཡོངས་སུ་བརྟགས་པ་ཙམ་ཁོ་ན་ཡིན་ནོ་ཞེས་སྟོན་ཏོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཁས་བླངས་པར་གྱུར་ན་བདག་དེ་མི་རྟག་པ་དང༌། མི་བརྟན་པ་དང༌། སྐད་ཅིག་མར་འཇིག་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་མགོན་པོ་ཁྱོད་ཀྱིས་བསྟན་ཏོ། །དེ་ཡང་དེ་རྣམས་ཀྱིས་སྐྱེས་བུ་ནི་སེམས་དང་ལྡན་པ་དང༌། རྟག་པ་ཉིད་ཡིན་པར་ཁས་འཆི་བ་མི་རིགས་སོ། །དེ་ཡང་གང་གི་ཕྱིར་དང་པོར་མིག་གི་དབང་པོས་གཟུགས་ཤེས་པར་འགྱུར་ལ། དེའི་ཚེ་སྐྱེས་བུ་སྒྲ་ལ་སོགས་པ་ཤེས་པར་འགྱུར་བ་ན། གལ་ཏེ་ཤེས་པའི་གཟུགས་ཅན་དང་རྟག་པ་ཡིན་ན་དེ་རྟག་ཏུ་ཡུལ་གཟུགས་ཤེས་པ་ཉིད་དུ་འགྱུར་ལ། དེ་བས་ན་སྒྲ་ལ་སོགས་པ་ལ་འོན་པ་དང་ལྐུགས་པ་དང་འདྲ་བར་འགྱུར་ན། འཇིག་རྟེན་ན་འདི་ལྟ་བུ་ནི་མི་སྣང་ངོ༌། །ཡང་ན་དབང་པོ་གཞན་དག་གིས་གཟུགས་ཤེས་པར་འགྱུར་ན། ཡང་ལན་འགའ་སྒྲ་ལ་སོགས་པ་གཞན་དག་གིས་ཤེས་པར་འགྱུར་བས་འདི་ནི་གསལ་བ་ཉིད་དུ་ཤེས་པ་དང་ལྡན་པར་འགྱུར་ཏེ། རྣམ་པར་འགྱུར་བ་ལ་སོགས་པའི་ཉེས་པ་ཡོད་


DTG01_Page_054
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ་བར་འགྱུར་རོ། །འདིར་སྨྲས་པ། རྟག་འགྱུར་ཡུལ་རྣམས་ཀུན་ལྡན་པའི། །སྐྱེས་བུ་ཞེས་ནི་ཇི་ལྟར་བརྗོད། །རྒྱུ་གཞན་དག་ལ་ལྟོས་བཅས་ན། །དེ་ལྟ་ན་ནི་ཇི་ལྟར་རྟག །གང་ཡང་ཅུང་ཟད་རྟོགས་གྱུར་པ། །དེ་ཀུན་བརྟན་པའི་བདག་ཅན་མིན། །གལ་ཏེ་བུམ་ལྟར་བདག་མི་རྟག །དེ་ཚེ་རི་བོང་རྭ་མཚུངས་འགྱུར། །དོན་གྱི་བྱ་བ་ནུས་པ་གང༌། །དོན་དེ་དམ་པའི་དོན་དུ་ཡོད། །མེད་ཅིང་སྐད་ཅིག་པར་དེ་གྱུར། །རིམ་དང་རིམ་པ་མིན་པར་འགལ། །ཞེས་བྱ་བ་ལ་སོགས་པའི་རིགས་པ་ཡིན་ནོ། །གཟེགས་ཟན་ཞེས་བྱ་བ་ནི་དྲང་སྲོང་ཆེན་པོའོ། །ཤེས་པ་ཞེས་བྱ་བ་ནི་རྟོགས་པའི་བདག་ཉིད་ཅན་ཏེ། གཞན་གྱི་དོན་གྱི་རང་གི་ཡོན་ཏན་ནོ། །དེ་བས་ན་བདག་ནི་གཞན་ཡིན་གྱི། ཇི་ལྟར་གྲངས་ཅན་གྱིས་ཤེས་པའི་སྐྱེས་བུའི་རང་གི་གཟུགས་སུ་བརྟགས་པ་དེ་ལྟར་ནི་མ་ཡིན་ནོ། །ཁྱབ་པ་ཞེས་བྱ་བ་ནི་ཐམས་ཅད་ཁྱབ་པའོ། །ཡོངས་སུ་བརྗོད་པར་བྱ་བ་ནི་ཤེས་པ་དག་ལས་བདག་དེ་གཞན་པ་དང་ཁྱབ་པ་ཡིན་པར་ཡོངས་སུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར་དྲང་སྲོང་ཆེན་པོ་གཟེགས་ཟན་ཞེས་བྱ་བ་བྱེ་བྲག་པའི་བསྟན་བཅོས་རྩོམ་པ་པོ་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་རྟོགས་པའི་རང་བཞིན་ཅན་ཡིན་ན་ནི་མི་རྟག་པར་ཐལ་བར་འགྱུར་ལ། བདག་ནི་རྟག་པ་ཉིད་དུ་ཁས་བླངས་དགོས་སོ། །དེ་བས་ན་བདག་ནི་ཤེས་པའི་གཟུགས་ཅན་མ་ཡིན་གྱི། ཤེས་པ་ནི་རྟོགས་པའི་བདག་ཉིད་ཅན་ཡིན་ཏེ། དེས་ཀྱང་ཡུལ་ལ་ཉེ་བར་སྤྱད་ནས་ཡུལ་གྱི་གཟུགས་བརྙན་གྱིས་སྐྱེས་བུར་ཉེ་བར་གནས་ལ། དེ་ཡང་ཁྱབ་པ་དང་རྟག་པ་ཡིན་པས་འདིར་ཉེས་པ་འགའ་ཡང་མེད་དོ་ཞེས་ཟེར་རོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དེ་ལྟར་ཡིན་ན་དེ་ཤེས་པ་མེད་པས་ཤིང་དང་འདྲ་བར་ཐལ་བར་འགྱུར་རོ་ཞེས་གསུང་ངོ་ཞེས་པའི་དོན་ཏེ། གང་གི་ཕྱིར་གལ་ཏེ་བདག་གིས་ཅུང་ཟད་ཀྱང་མི་ཤེས་ན། རྩྭ་དང་ཤིང་ལ་སོགས་པས་ཀྱང་ཅུང་ཟད་ཀྱང་མི་ཤེས་ལ། དེ་ལྟར་ཡིན་ན་ནི་རྩྭ་དང་ཤིང་ལ་སོགས་པ་དང༌། བདག་འདི་ཡིན་ནོ་ཞེས་ཕན་ཚུན་གཅིག་གི་ཁྱད་པར་འགའ་ཡང་ཡོད་པར་མི་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་མི་ཤེས་བདག་ཡིན་ན། །ཤིང་དང་རྩྭ་སོགས་


DTG01_Page_055
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་མི་འདོད། །མི་ཤེས་པར་ནི་མཚུངས་པ་ལས། །ཇི་ལྟར་ཅིག་ཤོས་སེམས་མེད་ཡིན། །བདག་གི་དེ་ཉིད་རྟག་ཡིན་ན། །དེ་ཡི་རྟག་པ་ཇི་ལྟ་བུ། །བྱེད་པ་དང་ནི་སྤྱོད་པ་དག །རྟག་པར་འགྱུར་བ་ཇི་ལྟར་རིགས། །དེ་ལ་སོགས་པའི་ཉེས་པ་ནི། །གཞུང་འདིར་ཡོད་པར་ཐལ་འགྱུར་བས། །དེ་ཕྱིར་ཕྱོགས་འདིའང་རིགས་པ་ནི། །མཁས་པ་རྣམས་ནི་ཁས་མི་ལེན། །ཞེས་བྱ་བའོ། །གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་ལ། གཅེར་བུ་ཞེས་བྱ་བ་ནི་ཕྱོགས་ཀྱི་གོས་ཅན་ནོ། །ལུས་ཀྱི་ཚད་བཞིན་དུ་ཞེས་བྱ་བ་ནི་ལུས་ཏེ་གཟུགས་ཀྱི་ཚད་ཡིན་པས་ན། ལུས་ཀྱི་ཚད་བཞིན་དུ་སྟེ། དེ་དང་ལྡན་པའོ། །དེ་ཡང་ཕྲ་རབ་ལ་ནི་ཤིན་ཏུ་ཕྲ་རབ་ཡིན་ལ། ཆེན་པོ་ལ་ནི་ཆེན་པོ་ཡིན་ནོ། །སྲོག་ཅེས་བྱ་བ་སྟེ་ལུས་ཐམས་ཅད་ཁྱབ་པ་ཡིན་ལ། ལུས་དེ་ནི་དེའི་ཟ་མ་ཏོག་བཞིན་དུ་གནས་སོ། །དེས་ན་འདི་ཞུམ་པར་གྱུར་ན། དེ་ཞུམ་པར་འགྱུར་ལ། འདི་རྒྱས་པར་གྱུར་ན་དེ་རྒྱས་པར་འགྱུར་རོ། །དེ་ཡང་ཞུམ་པ་ནི་འདུས་པར་གྱུར་པ་སྟེ། དེ་གང་ལ་ཡོད་པ་དང༌། ཆོས་པ་ནི་བརྐྱང་པར་གྱུར་པ་སྟེ། དེ་ནི་སྲོག་དང༌། འཚོ་བ་དང༌། བདག་ཅེས་བྱ་བ་ཡིན་ནོ་ཞེས་ཟེར་ཏེ། སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། སྐྱེས་བུ་ཞེས་བྱ་བ་ནི་རྣམ་གྲངས་སོ། །སྨྲ་ཞེས་བྱ་བ་ནི་གཅེར་བུ་པའི་སྟོན་པ་དེ་སྐད་སྨྲ་བའོ། །དེ་ཡང་ཁྱུ་མཆོག་དང་འཕེལ་པ་ལ་སོགས་པ་གཅེར་བུ་ཟད་བྱེད་ཀྱི་སྟོན་པ་ཉི་ཤུ་རྩ་ལྔ་འདི་སྐད་སྟོན་ཅིང་སྨྲའོ། །ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཀྱིས་ནི་སྲོག་དང་འཚོ་བ་དེ་འཇིག་ཅིང་མི་རྟག་པ་ཡིན་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་ལ་ཕྱོགས་གཅིག་ཡོད་པ་དེ་ནི་ཕྱོགས་གཅིག་པ་སྟེ། ཆ་ཤས་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཆ་མེད་པ་ནི་རྫས་ཀྱི་དངོས་པོར་མི་རུང་སྟེ། ཕྱོགས་དང་བཅས་པ་གང་དང་གང་ཡིན་པ་དེ་ནི་མི་རྟག་པ་ཉིད་དེ། འདི་ལྟར་ལུས་དང་སྲོག་ནི་ཕྱོགས་གཅིག་པར་འདོད་ལ། དེ་བས་ན་འདི་ཡང་ཆ་ཤས་ཅན་ལྟར་མི་རྟག་པ་ཡིན་ཏེ། དེ་དང་ཕྱོགས་གཅིག་ཅིག་པའི་ལུས་ནི་མི་རྟག་པ་ཡིན་ནོ། །རྟག་པ་དང་ཆ་ཤས་དང་བཅས་པ་ནི་མ་


DTG01_Page_056
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་ཚད་མ་དང་འགལ་བ་ཡིན་ནོ། །འདིར་བསྡུས་པའི་ཚིགས་སུ་བཅད་པ་ནི། གལ་ཏེ་ཕྱོགས་གཅིག་ཇི་ལྟར་རྟག །རྟག་པ་ཡིན་ན་ཕྱོགས་གཅིག་མིན། །རྫས་ཀྱི་འབྲེལ་པ་རྣམ་གཉིས་མེད། །དེ་བས་གཞུང་འདི་རིགས་མ་ཡིན། །ཞེས་བྱའོ། །བྲམ་ཟེས་འགྲོ་བ་རྣམས་ཀྱི་རྒྱུ། །ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེ་ཞེས་བྱ་བ་ནི་ཇི་མི་ནི་ལ་སོགས་པ་དཔྱོད་པ་པ་ལ་སོགས་པའི་བསྟན་བཅོས་མཁས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏེ། དེས་ནི་རྒྱུ་སྐྱེས་བུ་ཡིན་པར་འདོད་དོ། །གང་གི་རྒྱུ་ཞེ་ན། འགྲོ་བ་རྣམས་ཀྱི་རྒྱུ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་མ་ལུས་པའི་འོ། །དེ་ཡང་གང་གི་ཕྱིར་ལྷ་སྦྱིན་གྱི་རྒྱུད་ལ་ཡོད་པའི་སྐྱེས་བུ་ནི་ལྷ་སྦྱིན་ཉིད་ཀྱི་རྒྱུ་ཡིན་གྱི། མཆོད་སྦྱིན་ལ་སོགས་པའི་ནི་མ་ཡིན་ནོ་ཞེས་བྱ་བ་གྲུབ་པའི་མཐའོ། །རྒྱུ་ཞེས་བྱ་བ་ནི་འབྱིན་པར་བྱེད་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུའི་རྒྱུ་ཞེ་ན། སྐྱེས་བུ་རྟག་པ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་དང་བདག་ཅེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ། །རྟག་པ་ཞེས་བྱ་བ་ནི་མི་འགྱུར་བ་སྟེ། གང་གི་ཕྱིར་ས་བོན་ལ་སོགས་པ་ཡང་རྒྱུར་འགྱུར་མོད་ཀྱི། དེ་ནི་རྟག་པ་མ་ཡིན་ཏེ། དེས་ན་ཁྱད་པར་དེས་བྱེ་བྲག་ཏུ་ཕྱེ་བ་ཡིན་ནོ། །བརྟགས་ཞེས་བྱ་བ་ནི་ནན་གྱིས་འདོད་པའོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རྟག་པ་ཡིན་ན་ནི་རྒྱུ་མ་ཡིན་ལ། འོན་ཏེ་རྒྱུ་ཡིན་ན་ནི་རྟག་པ་མ་ཡིན་ཏེ། རྟག་པ་དང་རྒྱུ་ཞེས་བྱ་བ་ནི་འབྲལ་པ་མེད་པའི་ཚིག་ཡིན་ནོ། །འདིར་ནི་འདི་ལྟར་བརྗོད་པར་རིགས་ཏེ། གང་དང་གང་རྒྱུ་གྱུར་པ་དེ་དང་དེ་ནི་མི་རྟག་པ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པ་བཞིན་ནོ། །དེས་ན་དེ་རྣམས་ཀྱི་རྒྱུར་འདོད་པའི་སྐྱེས་བུ་དེ་ནི་མི་རྟག་པ་ཡིན་པར་ཤེས་པར་བྱའོ། །གང་ཡང་རྟག་པ་ཞེས་བྱ་བའི་རྒྱུ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །རྟག་པ་རྒྱུ་ཉིད་ཡིན་ན་དེ་རྟག་པར་འགྱུར་བ་ཚད་མ་དང་འགལ་བ་ཉིད་ཡིན་ཏེ། རྟག་ཅིང་མི་འགྱུར་བ་དང༌། རྒྱུ་ཉིད་དུ་གྱུར་ལ་རྟག་པ་ཞེས་བྱ་བ་དེ་ལྟ་བུ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཅི་ཡང་མེད་ཅེས་ཁྱོད་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་སྨྲས་པ། རྟག་ན་གང་གི་རྒྱུ་ཉིད་ཡིན། །མི་འཇིག་ན་ནི་ཇི་ལྟར་རྒྱུ། རྟག་དང་རྒྱུ་ཉིད་


DTG01_Page_057
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅེས་བྱ་བ། །གཉིས་པོ་གཅིག་ཏུ་རིགས་མ་ཡིན། །རྒྱུ་ཉིད་དུ་ནི་གང་རྟག་པར། །འདོད་དེ་དེ་ལྟར་རྟག་པ་མིན། །གང་ཕྱིར་དེ་ཡི་བྱ་བ་ཡོད། །རྣམ་པ་ཀུན་དུ་རྙེད་མི་འགྱུར། །གལ་ཏེ་བྱ་བ་བྱེད་འགྱུར་ལ། །གལ་ཏེ་འདི་ནི་མི་བྱེད་ན། །དེ་ལྟར་ཡང་ནི་མི་རྟག་པར། །དེ་ནི་དེས་པར་ཐལ་བར་འགྱུར། །ཞེས་བྱ་བའོ། །བདག་ཉིད་ཆེན་པོ་དུག་ཅན་པའི། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། རླུང་ཐོ་བ་དང་སར་ལྡན་ཞེས་བྱ་བའི་ལྷ་མ་ཡིན་སྤུན་གཉིས་ཤིག་ཡོད་དེ། རླུང་ཐོབ་ནི་ཐུག་པོའི་གཟུགས་ཅན་དུ་བྱས། སར་ལྡན་ནི་མིའི་ཆ་ལུགས་སུ་བྱས་ནས་དྲང་སྲོང་རྣམས་མགྲོན་དུ་བོས་ཏེ། རླུང་ཐོབ་བཤས་ནས་བསྙེན་བཀུར་ཆེན་པོ་དང༌། ཁ་ཟས་བསྟབས་ཏེ། དེ་རྣམས་ཀྱིས་ཟོས་པ་དང༌། སར་ལྡན་ཕྱི་རོལ་དུ་སོང་སྟེ། བུ་རླུང་ཐོབ་གང་ན་གནས། ཚུར་ཤོག་ཅེས་སར་ལྡན་གྱིས་བོས་པ་དང༌། དེའི་རྗེས་ཐོགས་ཉིད་ལ་གང་དར་གང་གིས་ཟོས་པ་དེ་དང་དེའི་གསུས་པ་བརྟོལ་ཏེ་བྱུང་བར་གྱུར་ཏོ། །བྱ་བ་འདིས་དྲང་སྲོང་གི་རིགས་དང་བྲམ་ཟེའི་རིགས་ལྷག་མ་ཉུང་ཟད་ཅིག་ལུས་པར་བྱས་སོ། །ལྷ་རྣམས་ཀྱི་མཆོད་སྦྱིན་བྱེད་པ་ཡང་ཟད་པར་འགྱུར་ཏོ། །དེ་ནས་ལྷ་རྣམས་འདུས་ཏེ་དྲང་སྲོང་ཆེན་པོ་ཨ་ག་ཏའི་གནས་སུ་སོང་སྟེ་ལྷ་མ་ཡིན་དེ་གཉིས་བསད་པའི་དོན་དུ་གསོལ་བ་བཏབ་པོ། །ཇི་ཙམ་ན་དེ་གཉིས་ཀྱིས་དེ་མགྲོན་དུ་བོས་པས་དེར་ཟན་ཟོས་པ་དང༌། བུ་རླུང་ཐོབ་གར་སོང་ཞེས་སར་ལྡན་གྱིས་བོས་པ་དང༌། དྲང་སྲོང་གིས་སྒྲེགས་པ་བཏོན་ཏེ། དེ་ནི་ངས་ཞུ་བར་བྱས་ཟིན་ཏོ་ཞེས་སྨྲས་ནས༑ཁྲོ་བས་འཁྲུགས་པ་དང་སར་ལྡན་ཡང་མངོན་སུམ་དུ་ཟོས་སོ། །ཇི་ཙམ་ན་སྐོམ་པ་སྟོབས་དང་ལྡན་པས་གདུངས་པ་དང༌། མཚོ་དང་རྫིང་བུ་ལ་སོགས་པ་གང་དང་གང་དག་ཡོད་པ་དེ་རྣམས་འཐུངས་ཀྱང་ངོམས་པར་མ་གྱུར་ཏོ། །དེ་ནས་སོང་སྟེ་རྒྱ་མཚོ་འཐུངས་པ་ལས། དེའི་ཚེ་དུག་ཅན་པ་ཞེས་བྱ་བའི་རྒྱལ་པོ་ཞིག་ཡོད་པ་དང༌། དེ་ལ་ཆུང་མ་གཉིས་ཡོད་པ་ལས། གཅིག་ལ་འཆོལ་བ་ཞེས་བྱ་བའི་བུ་ཡོད་ལ། ཅིག་ཤོས་ལ་ལྷ་ཆེན་པོ་ལས་མཆོག་ཐོབ་པས་བུ་དྲུག་ཁྲི་ཡོད་པར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་རྟའི་ཚིལ་ཞེས་བྱ་བའི་མཆོད་སྦྱིན་བྱེད་པར་རྩོམ་


DTG01_Page_058
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ནས་སྡོམ་པ་བླངས་ཏེ། མཆོད་སྡོང་ལ་བཏགས་པའི་རྟ་མཆོད་སྦྱིན་གྱི་ཡོ་བྱད་དུ་སོགས་ཤིང་མེ་ཐབ་ཀྱི་ཁ་ཁྱེར་ལ་སོགས་པ་བྱས་ནས་རྟ་དེ་དག་ཡོངས་སུ་བསྲུང་བའི་ཕྱིར། བུ་དྲུག་ཁྲི་ཐམས་ཅད་གོ་ཆ་བགོས་ཤིང་མཚོན་ཆའི་ཁྱད་པར་དུ་མ་ལག་ན་ཐོགས་པར་བྱས་ནས་བསྲུང་དུ་བཅག་གོ །ཇི་ཙམ་ན་ཁྱབ་འཇུག་གིས་བསམས་པ། རྒྱ་མཚོ་འདི་ཐམས་ཅད་སྐམས་པར་གྱུར་ན་ཐབས་གང་གིས་འདི་ཡོངས་སུ་དགང་བར་བྱ། མ་ལ་ངས་རྒྱལ་པོ་དུག་ཅན་པའི་མཆོད་སྦྱིན་བྱ་བའི་གནས་ནས། རྟ་བརྐུས་ན་རྒྱུ་འདི་ལས་ངའི་དོན་འདི་འགྲུབ་པར་འགྱུར་རོ་སྙམ་དུ་བསམས་ནས་སོང་སྟེ། རྟ་བླངས་ནས་ས་འོག་ཏུ་ཞུགས་པར་གྱུར་ཏོ། །ཇི་ཙམ་ན་དུག་ཅན་པའི་བུ་རྣམས་ཀྱིས་གཏམ་དེ་ཐོས་པ་དང༌། རྒྱ་མཚོ་བཀྲོས་ཏེ་ས་འོག་ཏུ་ཞུགས་པ་ལས་ཁབ་འཇུག་དྲང་སྲོང་སེར་སྐྱའི་གཟུགས་ཀྱི་ཆ་ལུགས་འཛིན་པ། སེང་གེའི་ཁྲིའི་སྟེང་ན་འདུག་པའི་གན་ན་རྟ་ཐམས་ཅད་འདུག་པར་མཐོང་བ་དང༌། འདིས་འདི་དག་ཕྲོགས་སོ་སྙམ་ནས་ཁྲོ་བའི་ཤུགས་མི་བཟད་པར་གྱུར་པས་ཁྱབ་འཇུག་ལ་བརྙས་པ་ཉིད་ཀྱིས་རྟ་རྣམས་ཁྱེར་བར་བརྩམས་པ་དང༌། དེས་དུག་ཅན་པའི་བུས་བརྙས་པར་ཤེས་ནས་ཁྲོ་བས་གདུངས་པའི་མིག་ངག་བལྟས་པས་ཐམས་ཅད་ཐལ་བར་བྱས་སོ། །དེ་དག་ཤི་ནས་དམྱལ་བར་སྐྱེས་པ་དང༌། དུག་ཅན་པས་ཇི་ལྟར་གྱུར་པ་དེ་ཐོས་ནས་རྟ་བླང་པའི་ཕྱིར་འཆོལ་པ་བཏང་ངོ༌། །དེ་སོང་སྟེ་ཁྱབ་འཇུག་བསྟོད་པ་ལ་སོགས་པའི་མཆོད་པས་མགུ་བར་བྱས་ནས་རྟ་བླངས་ཏེ། སླར་རང་གི་གྲོང་ཁྱེར་དུ་འོངས་ནས་རྒྱལ་པོས་ཀྱང་མཆོད་སྦྱིན་གྱི་བྱ་བ་བར་ཆད་མེད་པ་ཉིད་དུ་བྱས་སོ། །རྒྱལ་པོ་དེ་དུས་བྱས་ནས་ལྷའི་གནས་སུ་སྐྱེས་སོ། །དེ་ནས་འཆོལ་པ་རྒྱལ་པོར་གྱུར་ཏེ། དེའི་བུ་མྱུར་བཞེས་བྱ་བ་རྒྱལ་སྲིད་ལ་དབང་བསྐུར་བ་དང༌། ཇི་ལྟར་བདག་གི་ཁུ་བོ་རྣམས་རྒྱུ་འདིས་དམྱལ་བར་སྐྱེས་ཞེས་ཐོས་ཀྱིས། དེ་རྣམས་ཀྱི་དོན་གྱི་བྱ་བ་དུག་ཅན་པའམ། བདག་གི་ཕ་འཆོལ་པས་ཅི་ཡང་མ་བྱས་ཀྱིས། དངས་དེའི་དགོས་པ་བྱའོ་སྙམ་ནས་གངྒཱ་དབབ་པར་བྱ་བའི་ཕྱིར། ལྷའི་ལོ་སུམ་ཁྲིའི་བར་དུ་དཀའ་ཐུབ་སྤྱད་ཀྱང་དེས་གངྒཱ་དབབ་


DTG01_Page_059
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པར་མ་ནུས་སོ། །དེ་འདས་པར་གྱུར་པ་དང༌། དེའི་བུ་ལི་པས་གངྒཱ་དབབ་པར་བྱ་བའི་ཕྱིར་ལྷའི་ལོ་སུམ་ཁྲིའི་བར་དུ་དཀའ་ཐུབ་སྤྱད་ཀྱང་དེས་ཀྱང་མ་ནུས་སོ། །དེ་ཡང་འཇིག་རྟེན་གཞན་དུ་སོང་བ་དང༌། དེའི་བུ་བྷ་གོ་ར་ཐས་དཀའ་ཐུབ་ཆེན་པོས་ཚངས་པ་མགུ་བར་བྱས་པ་དང༌། དེས་དེ་ལ་མཆོག་བྱིན་པ། ཅི་ནས་ཀྱང་ངས་མིའི་འཇིག་རྟེན་དུ་གངྒཱ་དབབ་པ་དེ་ལྟར་བྱའོ་ཞེས་སྨྲས་ནས། ཚངས་པས་ཀྱང་གངྒཱ་ལ་མིའི་ཡུལ་དུ་འབབ་པར་གྱིས་ཤིག་ཅེས་སྨྲས་པ་དང༌། དེ་ཤིན་ཏུ་སྨྲེ་སྔགས་འདོན་ཏེ། ཇི་ལྟར་ང་དེར་སོང་ནས་ཐུན་མོང་དུ་འགྱུར་ཞིང༌། རིགས་ངན་ལ་སོགས་པ་རྣམས་ཀྱིས་ཀྱང་བསྟེན་པར་འགྱུར་ན། གནས་སྐབས་འདི་ལྟ་བུ་ཇི་ལྟར་སྤྱད་པར་བྱ། མེས་པོའི་བཀའ་ལས་འདའ་བར་བྱ་བ་ཡང་རིགས་པ་མ་ཡིན་ནོ། །འོན་ཀྱང་ཤུགས་ཆེན་པོས་སོང་ལ། ས་འོག་ཉིད་དུ་ཞུགས་པར་བྱའོ་སྙམ་པ་དང༌། ཅི་ཁྱོད་ཀྱིས་མིའི་འཇིག་རྟེན་དུ་དག་བྱེད་མ་བྱས་པར་ས་འོག་ཏུ་འབབ་པར་བྱེད་དམ་ཞེས་ཚར་བཅད་ནས། ལྷ་ཆེན་པོས་རང་གི་རལ་པའི་ཚོགས་ཀྱི་ནང་དུ་བཞག་པར་གྱུར་ཏོ། །དེ་ཡང་དེ་ནས་འབྱུང་བ་ལ་ལྷའི་ལོ་སྟོང་གི་བར་དུ་འཁོར་ཞིང༌། འབབ་ཀྱང་རལ་པ་དེའི་མཐའ་རྙེད་པར་མ་གྱུར་ཏོ། །དེ་ནས་ཡང་བྷ་གོ་ར་ཐས་དཀའ་ཐུབ་ཀྱི་ཁྱད་པར་ཆེན་པོས་ལྷ་ཆེན་པོ་དགའ་བར་བྱས་ནས། རལ་པ་བཙིར་བ་དང༌། རི་ཏི་སེའི་སྟེང་དུ་ཐིགས་པ་གཅིག་བབ་པར་གྱུར་པ་ལས་སྐད་ཅིག་མ་གཅིག་ལས་དེར་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ། དེང་སང་ན་ཡང་ཐིགས་པ་བདུན་དུ་གྱུར་ནས། སི་ཏ་སིན་དྷུ་བཀྵུ་དང༑གངྒཱ་དེ་བཞིན་འཇིག་རྟེན་རྒྱན། །རྒལ་དང་ཚིམ་པ་ཉིད་དང་ནི། །ན་ལི་ནི་ནི་བདུན་པར་བཤད། །ཅེས་བྱ་བ་ཡིན་ནོ། །ཇི་ཙམ་ན་གངྒཱ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དེ་འདའ་བར་བྱའོ་སྙམ་ནས་དྲེགས་པ་དང་བཅས་པར་རི་ཁ་བ་ཅན་ཕུག་སྟེ། དེའི་སུལ་ནས་བདེ་བར་འབབ་པར་གྱུར་ཏོ། །ཡང་དེའི་ཚེ་དྲང་སྲོང་ཛ་ན་ཧུ་ཞེས་བྱ་བ་དཀའ་ཐུབ་དྲག་པོ་ཅན་ཞིག་ཡོད་པ་དེ་རི་ཁ་བ་ཅན་གྱི་སུལ་ན་རྣལ་འབྱོར་བསྒོམ་པ་ལ་བརྩོན་ཞིང་གནས་པར་གྱུར་ཏོ། །དེས་ཀྱང་ཅ་ཅོའི་སྒྲ་སྒྲོགས་ཤིང་སྒེག་པས་དལ་གྱི་ས་འབབ་པར་མཐོང་བ་དང༌། ཤིན་ཏུ་ཁྲོས་པར་གྱུར་ཏེ་སོང་ནས་སྨྲས་པ་


DTG01_Page_060
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་གནས་དང་ཉེ་བ་འདིར། །བུད་མེད་འདི་ནི་སྒེག་པ་ཡིས། །འཛེམ་པ་མེད་པར་ཅི་ཕྱིར་འགྲོ། །སྤྱོད་ངན་སྡིག་པ་ཆེན་པོ་ཡིན། །ཞེས་སྨྲས་ཏེ། དེ་བླངས་ནས་འཐུངས་སོ། །ཡང་བྷ་གོ་ར་ཐས་དྲང་སྲོང་དེ་དཀའ་ཐུབ་ཀྱིས་མགུ་བར་བྱས་པ་དང༌། དེས་སྐྱུགས་སོ། །དེ་དེ་ནས་བྱུང་ནས་གེགས་མེད་པར་ཕྱོགས་བཞིར་སོང་སྟེ། ས་འོག་གང་བར་བྱས་ནས་དུག་ཅན་པའི་བུ་དང་འབྲེལ་པའི་གནས་སྐབས་ཀྱི་ལྷག་མ་རྣམས་རྣམ་པར་བཀྲུས་ལ། དེས་ཀྱང་དེ་རྣམས་དམྱལ་བ་ལས་འཕོས་ཏེ་མཐོ་རིས་སུ་སྐྱེས་སོ་ཞེས་ཟེར་རོ། །དེ་ལྟར་ན་དུག་ཅན་པའི་བུ་སྟོང་ཕྲག་དྲུག་ཅུ་བསྲེགས་སོ་ཞེས་བྱ་བར་སྦྱར་རོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བདག་ཉིད་ཆེ་བ་ཉིད་ཡོད་པས་ན་བདག་ཉིད་ཆེན་པོ་ཞེས་བྱ་སྟེ། ཤིན་ཏུ་ལོངས་སྤྱོད་ཆེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་སུ་ཞིག་ཡིན་ཞེ་ན། དུག་ཅན་པ་ཞེས་བྱ་བ་སྟེ། རྒྱ་མཚོ་ཞེས་བྱ་བའི་རྒྱལ་པོ་ལ་དུག་ཅན་པ་ཞེས་བྱ་བའོ། །སུ་ཞིག་ཅེ་ན། སྲས་པོ་སྟོང་ཕྲག་དྲུག་ཅུ་དག །ཅེས་བྱ་སྟེ། དེའི་བུ་དྲུག་ཁྲིའོ། །གང་གིས་ཤེ་ན། སེར་སྐྱས་ཞེས་བྱ་སྟེ། སེར་སྐྱའི་གཟུགས་སུ་གནས་པའི་ཁྱབ་འཇུག་གིས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། བལྟས་པ་ཙམ་གྱིས་ཞེས་བྱ་སྟེ། ཁྲོ་བས་གདུངས་པའི་མིག་གཉིས་ཀྱིས་སོ་ཞེས་སྟོན་པ་ཡིན་ནོ། །ཅི་ཞིག་དུ་བྱས་ཤེ་ན། བསྲེགས་ཞེས་བྱ་བ་སྟེ། ཐལ་བར་བྱས་པའོ། །དེ་ལའང་ཞེས་བྱ་བ་ནི་རྒྱ་མཚོའི་བུ་སྟོང་ཕྲག་དྲུག་ཅུ་ལའོ། །ཡང་ན་དེ་ལ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པ་དེ་ལའོ། །ཁྱོད་ནི་ཐུགས་རྗེ་མཛད་ཅེས་བྱ་བ་ནི། དེས་ཁྱོད་དགོས་པ་མཛད་པའི་ཐུགས་སྐྱེས་པར་གྱུར་པའོ། །དེ་ཡང་དེ་བཞིན་གཤེགས་པ་ནི་ཐུགས་ཆེན་ཆེན་པོ་ཉིད་ཀྱི་རྒྱུད་ལས་ནམ་ཡང་མི་འདོར་ཏེ། ཇི་སྐད་དུ། ཐུགས་རྗེའི་ཐུགས་ལ་གནས་ཤིང་རྟག་ཏུ་ཞི་བ་ཉིད་ནི་སྤྱན་ལ་གནས། །བཟོད་པའི་སྐད་ཅིག་ཙམ་ཡང་ཁྱེད་དང་བྲལ་བར་ནུས་པ་མ་ཡིན་ལ། །དེ་ནི་ཤིན་ཏུ་མཛེས་པས་ཡུན་རིང་ཐུགས་ནི་རྣམ་པར་མཁྱུད་པར་གྱུར། །འོན་ཀྱང་ཁྱེད་ནི་འདོད་ཆགས་བྲལ་བ་ལྟ་བུར་གྲགས་པ་རྣམ་པར་རྒྱས། །ཞེས་བསྟོད་པ་བྱེད་པ་འགའ་ཞིག་གིས་བཤད་པ་ཡིན་ནོ། །སེར་སྐྱ་དེ་ཉིད་རིག་པས་ནི། །ཞེས་བྱ་


DTG01_Page_061
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བ་ལ་སོགས་པ་ལ། གཙོ་བོ་ལས་གྲོལ་བ་མ་ལུས་པ་སྐྱེའོ་ཞེས་དྲང་སྲོང་སེར་སྐྱེས་བཤད་པ་ཡིན་ནོ། །དེ་ཡང་འདི་ལྟར་ཐོས་ཏེ། བསྐལ་པ་དང་པོའི་ཚེ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཚད་མེད་པ་ན། བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཞིག་བྱུང་སྟེ་བསྟི་གནས་ཀྱི་གནས་སུ་འདུག་ནས་དཀའ་ཐུབ་ཀྱི་ཁྱད་པར་ལས་ཐར་པ་འབའ་ཞིག་པ་ཐོབ་སྟེ། གཞན་དག་ལ་ལམ་ལེགས་པར་བསྟན་པའི་ཕྱིར་བསྟན་བཅོས་དག་བྱས་སོ། །དེ་ཡང་དེས་རྩ་བའི་དངོས་པོའི་དོན་གཉིས་ཤིག་བསྟན་ཏེ། འདི་ལྟར་གཙོ་བོ་དང་སྐྱེས་བུའོ། །དེ་ལ་གཙོ་བོ་ནི་ཡོན་ཏན་གསུམ་སྟེ། སྙིང་སྟོབས་དང༌། རྡུལ་དང༌། མུན་པའི་གཟུགས་ཀྱིས་བྱེད་པ་པོ་དང༌། ཡོངས་སུ་འགྱུར་བ་དང༌། སེམས་མེད་ཅེས་བྱ་བ་ཡིན་ལ། སྐྱེས་བུ་ནི་ཤེས་པ་ཅན་དང༌། སྤྱོད་པ་པོ་དང༌། རྟག་པ་དང་ཆ་མཉམ་པའོ། །ཇི་ལྟར་ན་གཙོ་བོ་བྱེད་པ་པོར་བཤད་ཅེ་ན། སྙིང་སྟོབས་དང༌། རྡུལ་དང༌། མུན་པའི་ཡོན་ཏན་ཆ་མཉམ་པའི་གནས་སྐབས་ཡན་ལག་དང༌། ཡན་ལག་ཅན་དུ་གྱུར་པའི་གནས་སྐབས་ནི་གཙོ་བོའོ། །ཡང་གང་གི་ཚེ་གསུམ་པོ་ལས་གང་ཡང་རུང་བ་ཅུང་ཟད་ཙམ་རྩོལ་བར་གྱུར་ཅིང་མི་གསལ་བ་ཉིད་ཡིན་པ་དེའི་ཚེ་ནི་ཆེན་པོ་ཞེས་བྱའོ། །དེ་ལས་ཀྱང་ཅུང་ཟད་སྦོམ་པ་ང་རྒྱལ་དང༌། དེ་ཙམ་དུ་ཡོངས་སུ་གྱུར་པ་ལས་འགྱུར་རོ། །ང་རྒྱལ་ལས་ཡང་དབང་པོ་བཅུ་གཅིག་ཏུ་རྣམ་པར་འགྱུར་བར་འགྱུར་ཏེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཞེས་བྱ་བའི་བློའི་དབང་པོ་ལྔ་དང༌། ལག་པ་དང༌། རྐང་པ་དང༌། ངག་དང༌། རྐུབ་དང༌། མདོམས་ཏེ་ལས་ཀྱི་དབང་པོ་ལྔ་དང༌། ཡིད་དོ། །དེ་ཙམ་ལྔ་ལས་འབྱུང་བ་ཆེན་པོ་ལྔར་ཡོངས་སུ་འགྱུར་ཏེ། སྒྲའི་དེ་ཙམ་ལས་ནི་ནམ་མཁའོ། །རེག་པ་དང་འདྲེས་པའི་སྒྲ་ལས་ནི་རླུང་ངོ༌། །གཟུགས་དང་འདྲེས་པའི་སྔ་མ་གཉིས་ལས་ནི་མེའོ། །རོ་དང་འདྲེས་པའི་སྔ་མ་གསུམ་ལས་ནི་ཆུའོ། །དྲི་དང་འདྲེས་པའི་སྔ་མ་བཞི་ལས་ནི་སའོ། །དེ་ལྟར་བྱས་ན་དེ་ཁོ་ན་ཉིད་ཉི་ཤུ་རྩ་བཞིར་འགྱུར་རོ། །སྐྱེས་བུ་ནི་ཉི་ཤུ་རྩ་ལྔ་པའོ། །གང་གི་ཚེ་འདི་ནི་ཡོན་ཏན་ཡིན་ནོ། །འདི་ནི་སྐྱེས་བུ་ཡིན་ནོ་ཞེས་ཁྱད་པར་མི་ཤེས་པ་དེའི་ཚེ། སྐྱེས་བུ་དང་ཡོན་ཏན་འདུས་པར་འགྱུར་ཏེ། དཔེར་ན་


DTG01_Page_062
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་མུན་ནག་གིས་ཁྱབ་པའི་ཁང་པའི་ནང་དུ་སྐྱེས་བུ་འདོད་ཆགས་ཅན་དང༌། བུད་མེད་མཛེ་ཅན་དགའ་བ་དན་བཅས་པས་འདུག་པར་གྱུར་པ་དང་འདྲ་ལ། གང་གི་ཚེ་ཡོན་ཏན་དང་ཐ་དད་པར་བྱེད་པ་པོ་དང༌། ཡོངས་སུ་འགྱུར་བ་པོ་ཉིད་དུ་ཤེས་པ་དེའི་ཚེ། སྐྱེས་བུ་འདི་ནམ་ཡང་དེ་དང་ལྷན་ཅིག་འདྲིས་པར་མི་བྱེད་དེ། དཔེར་ན་ཉིན་མོ་མིག་དང་ལྡན་པའི་སྐྱེས་བུ་བུད་མེད་མཛེས་ཅན་ལ་རེག་པར་མི་བྱེད་པ་དང་འདྲའོ། །ཡོན་ཏན་དང་སྐྱེས་བུ་ཐ་དད་པར་མཐོང་བ་ནི་ཐར་པ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཅན་གྱི་གྲུབ་པའི་མཐའོ། །སེར་སྐྱ་ཇི་ལྟ་བུ་ཞིག །དེ་སྐད་ཅེས་སྨྲ་ཞེ་ན། དེ་ཉིད་རིག་པས་ཞེས་པ་སྨོས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་སྒྲ་ནི་འདིར་ཉི་ཤུ་རྩ་ལྔ་པོ་ཡིན་པར་བཤད་ལ། དེ་རྣམས་ཤེས་པས་ན་དེ་ཉིད་རིག་པ་སྟེ། དེ་ཉིད་རིག་པ་ནི་མཁས་པ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་འགྲོ་བའི་སྐྱེ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ལས་དང་ཉོན་མོངས་པ་ནི་ཉོན་མོངས་པ་དང་ལས་ཏེ། དེ་ལས་བྱུང་ཞིང་སྐྱེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་གི་ཕྱིར་སྐྱེ་བ་ནི་ཉོན་མོངས་པ་ལས་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ཡང་གནས་བརྟན་རྟ་སྐད་ཀྱིས། ཉོན་མོངས་ཟད་པས་སྲིད་པའི་འཆིང་བ་མེད། །ལས་ཟད་གྱུར་ན་སྡུག་བསྔལ་ཡོད་མ་ཡིན། །གང་ཕྱིར་ཡོད་ལས་བྱུང་བའི་དོན་གང་ཡིན། །དེ་ཕྱིར་མེད་ལས་དེ་ནི་སླར་མི་འབྱུང༌། །ཞེས་བཤད་པ་ཡིན་ནོ། །གང་ཞིག་ཉོན་མོངས་པ་དང་ལས་བྱུང་བ་ཡིན་ཞེ་ན། འགྲོ་བའི་ཞེས་བྱ་བ་སྨོས་ཏེ། འཆི་བ་དང་ལྡན་པས་ན་འགྲོ་བ་ཞེས་བྱ་སྟེ། སེམས་ཅན་གྱི་འཇིག་རྟེན་ནོ། །དེའི་སྐྱེ་བ་ནི་ཉོན་མོངས་པ་དང་ལས་ལས་བྱུང་བ་ཡིན་པར་ཁྱེད་ཀྱིས་གསུངས་ཤིང་བསྒྲགས་པ་ཡིན་ནོ། །འདིར་སྨྲས་པ། ཉོན་མོངས་མེད་ལ་འགྲོ་བ་རྣམས། །སྐྱེ་བར་གང་དུའང་འདོད་མ་ཡིན། །ལས་ནི་གང་ཡང་རུང་མེད་པར། །བདེ་དང་སྡུག་བསྔལ་འབྱུང་མི་འགྱུར། །དགྲ་བཅོམ་ཉོན་མོངས་ཡོད་པ་མ་ཡིན་ཏེ། །དེ་མེད་ལས་ཀྱང་ཡོད་པ་མ་ཡིན་ལ། །དེ་ལས་འདི་ལ་སྐྱེ་བ་ཡོད་མིན་ཏེ། །ས་བོན་མེད་པའི་མྱུ་གུ་དག་དང་མཚུངས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །།སེར་སྐྱ་ལ་སོགས་ཐར་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། སེར་སྐྱ་ལ་


DTG01_Page_063
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སོགས་པའི་བདག་ཉིད་གང་ཡིན་པ་དེ་ཐར་པར་ཡང་གནས་ཤིང༌། སྲིད་པའི་རྒྱུ་ཡིན་པར་འདོད་དོ་ཞེས་ཟེར་རོ། །དེ་ཡང་སྐྱེས་བུ་རྟག་པར་ཡང་འགྱུར་ལ། སྔར་ལུས་དང་དབང་པོ་འདུས་བྱས་པར་གྱུར་པ་གང་ཡིན་པ་དེ་ཕྱིས་ཀྱང་བྱེད་པར་འགྱུར་རོ། །དེ་ཡང་སྐྱེས་བུ་རྟག་པ་ཉིད་གྱུར་ཅིང༌། །ལུས་དང་དབང་པོ་འབྱོར་ལྡན་པ། །ཕྱིས་ཀྱང་དེ་དང་འདྲར་གྱུར་པ། །རྐྱེན་ལས་གྱུར་པར་ཐེ་ཚོམ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། །ཞི་བར་གཤེགས་གྱུར་ནས་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པའི་དབྱིངས་བརྙེས་པ་ཞེས་བྱ་བའི་དོན་ཏོ། །ཞུགས་གུམ་ལྟ་བུར་ཞེས་བྱ་བ་ནི་མར་མེ་ཤི་བ་ལྟ་བུར་ཞེས་བྱ་བའི་དོན་ཏོ། །བགྲང་དུ་མེད་ཅོས་བྱ་བ་ནི། གྲངས་སུ་མི་འགྲོ་བའོ། །མུ་སྟེགས་བྱེད་པ་ཁ་ཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ནི་ཐར་པ་དང་མཐོ་རིས་ཀྱི་ལམ་སྟེ། དེ་སྟོན་པར་བྱེད་པའི་བསྟན་བཅོས་ལ་མུ་སྟེགས་ཞེས་བྱ་ལ། དེ་བྱེད་པ་ཡིན་པས་ན་མུ་སྟེགས་བྱེད་པའོ། །དེས་ཐར་པ་སྟེ་མྱ་ངན་ལས་འདས་པར་འགྲོ་བ་དང་ལྡན་པའོ། །འགྲོ་བ་ནི་སོང་བ་ཡིན་ལ་དེ་གང་ལ་ཡོད་པ་དེ་ནི་འགྲོ་བ་དང་ལྡན་པ་སྟེ། འགྲོ་བས་ཐོབ་པ་ཞེས་བྱ་བའི་དོན་ཏོ། །སྨྲ་ཞེས་བྱ་བ་ནི་གཏམ་ཡིན་པར་སྟོན་ཏོ། །སྨྲ་བ་ཞེས་བྱ་བ་ནི་བརྗོད་པ་སྟེ། སྔར་ཇི་ལྟར། ནེ་ཙོས་ཉི་མ་བརྟོལ་ནས་ནི། །ཐར་པ་མཆིས་པར་བཤད་ཅེས་གྲག །ཅེས་སྨོས་པའི་སྐབས་སུ་བཤད་པ་ཡིན་ནོ། །གང་ལ་འགྲོ་ཡོད་དེ་འཁོར་བ། །ཞེས་བྱ་བ་ནི་གནས་གང་དུ་འགྲོ་བ་ཡོད་པ་དེ་ནི་འཁོར་བ་སྟེ༑སྲིད་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་འགྲོ་བས་མྱ་ངན་ལས་འདས་པ་རྟོགས་པ་ནི་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། རྟ་དམར་གང་དུ་སྐྱེ་བ་མེད་པ་དང་འཆི་བ་མེད་པ་དང༌། འབྱུང་བ་མེད་པ་དེ་ནི་འགྲོ་བས་ཐོབ་པར་ང་མི་སྨྲའོ་ཞེས་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཁྱོད་ཀྱིས་ཐུགས་སུ་ཆུད་ནས་བསྟན། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མཁྱེན་ཅིང་ཐུགས་སུ་ཆུད་ནས་བསྟན་ཅིང་བཤད་པ་ཡིན་ནོ་ཞེས་བྱ་བའོ། །གཅེར་བུ་ཀུན་དགའ་ར་བ་སོགས། །ཞེས་བྱ་བ་ལ། གཅེར་བུ་ཞེས་བྱ་བ་ནི་དགེ་སྦྱོང་གཅེར་བུ་པ་རྣམས་སོ། །འདི་ཀུན་དུ་དགའ་བས་ན་ཀུན་དགའ་


DTG01_Page_064
[མ་དཔེ་གཟིགས་ན་འདིར་གནོན།]

ར་བ་སྟེ༑སྐྱེད་མོས་ཚལ་ལ་སོགས་པ་གང་ཡིན་པ་དེ་ནི་ཀུན་དགའ་ར་བ་སོགས་ཞེས་བྱ་སྟེ། ཁྲུས་ཀྱི་རྫིང་བུ་ལ་སོགས་པའོ། །རྩིག་པ་ཞེས་བྱ་བ་ནི་འབད་པས་མངོན་པར་སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྡིག་པའི་རྒྱུ་ཞེས་བྱ་བ་ནི་ཉེས་པར་སྤྱད་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་རྣམས་རྒྱུ་མེད་པར་སྡིག་པ་ཁས་ལེན་ཅིང་རྟོག་ལ་སྨྲ་བར་བྱེད་པའོ། །དེ་ཡང༌། ཀུན་དགའ་ར་བ་གནས་བྱེད་དང༌། །སྲོག་གཅོད་པ་ལས་བཟློག་པར་བྱ། །གལ་ཏེ་དེར་ནི་སྲོག་ཆགས་འཆི། །སྡིག་པ་བྱེད་དེ་བྱེད་ལ་འགོ །སེམས་དང་ལྡན་པ་དེ་འཆི་བས། །སྡིག་པ་ཆེན་པོ་ཉིད་དུ་འགྱུར། །དེ་བས་བསོད་ནམས་རྩོམ་པ་དང༌། །དེ་ཡིས་དེ་ལྟར་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་མང་དུ་སྨྲ་བ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་བོད་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་ཀུན་དགའ་ར་བ་ལ་སོགས་པ་རྩིག་པའོ། །བསོད་ནམས་རྒྱུ་ཞེས་བྱ་བ་ནི་བསོད་ནམས་ཉེ་བར་བསགས་པ་ཞེས་བྱ་བའི་དོན་ཏེ། གལ་ཏེ་འཇུག་པར་མི་བྱ་བའི་ལས་ལ་འཇུག་ན་དེ་ལས་ཉེས་པ་ནི་ཤིན་ཏུ་མང་པོ་འབྱུང་བར་ཐལ་བར་འགྱུར་རོ།། །།སྲོག་ཆགས་འགྲོ་བ་བསད་པ་ན། །ཁྱེད་ཀྱི་ཡང་ནི་སྡིག་འགྱུར་ཏེ། །ཁྱེད་ནི་འགྲོ་བ་མེད་འགྱུར་ན། །སྲོག་ཆགས་གསོད་པ་ཡོད་མ་ཡིན། །གལ་ཏེ་ཡོད་ན་སྡིག་ལྡན་པས། །ཇི་ལྟར་གྲོལ་བ་ཉིད་དུ་འགྱུར། །གྲོལ་འགྱུར་དེ་དང་ཇི་ལྟར་ལྡན། །སྡིག་པ་བསགས་ལས་ཁྱེད་གྲོལ་ལམ། །འོན་ཏེ་སྡིག་པ་སྤངས་པ་དག །ཐར་པ་ཀུན་དུ་བཤད་པ་ཡིན། །བློ་ནི་སྔོན་དུ་མ་སོང་སྡིག །ཡོད་ཅེས་པ་ནི་ལེགས་སྨྲས་མིན། །ཁ་ཟས་བསོད་པ་དག་གིས་ནི། །དགའ་བས་སློབ་དཔོན་ཚིམ་བྱས་ནས། །མ་ཞུ་པ་ཡིས་དེ་ཤི་ན། །སྡིག་པ་ཉེ་བར་བསགས་པ་འབྱུང༌། །ཆགས་པ་མེད་པར་དབེན་པ་རུ། །ལས་བྱེད་པ་ནི་མ་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས། ཀུན་དགའ་ར་བ་ནགས་ཚལ་སྐྱེད། །སྐྱེ་བོ་གང་ཞིག་ཟམ་པ་བྱེད། །ཆུ་གཏེར་ཁང་དང་ཆུ་མིག་དང༌། །གང་ཞིག་ངལ་སོའི་གནས་སྟེར་དང༌། །ཞེས་བྱ་བ་དང༌། དེ་བཞིན་དུ། བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར། །ས་ནི་སྦྱིན་པ་


DTG01_Page_065
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཏོང་བྱེད་པ། །ཚངས་པའི་བསོད་ནམས་རབ་སྐྱེད་དེ། །མཐོ་རིས་དག་ཏུ་བསྐལ་པར་དགའ། །ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པ་ཡིན་ནོ།། །།ལུས་ལས་ལུས་གཞན་དག་ཏུ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ལུས་ལས་ཞེས་བྱ་བ་ནི་རྒ་བ་ལ་སོགས་པའི་ཉེ་བར་འཚེ་བས་གདུངས་པ་ལས་སོ། །ལུས་གཞན་དག་ཏུ་ནི་ཞེས་བྱ་བ་ནི་ལུས་གཞན་པ་དག་ཏུ་འཕོ་ཞིང་སོང་བའོ། །ཅི་ཞིག་ཅེ་ན། སྲོག་ནི་ཞེས་བྱ་བ་སྟེ། བདག་དང་སྐྱེས་བུ་ཞེས་བྱ་བའི་དོན་ཏོ། །སྲོག་དེ་ཇི་ལྟ་བུ་ཞེ་ན། ཕྲ་བ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ཕྲ་ཞིང་དབང་པོའི་ཡུལ་ལས་འདས་པའོ། །དེ་ཡང་ཁྱབ་འཇུག་གིས། དཔེར་ན་གོས་རྙིང་དག་ནི་བོར་ནས་སུ། །སར་པ་གཞན་དག་མི་ནི་ལེན་པར་བྱེད། །དེ་བཞིན་ལུས་ནི་རྙིང་པ་སྤངས་ནས་སུ། །ལུས་གཞན་སར་པ་དག་ནི་ལེན་པར་བྱེད། །འདི་ནི་མཚོན་གྱིས་མི་ཆོད་ཅིང༌། །འདི་ནི་མེ་ཡིས་མི་འཚིག་ལ། །ཆུ་ཡིས་འདྲུལ་བར་མི་འགྱུར་ཏེ། །འདི་ནི་རླུང་གིས་སྐེམས་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །གྲག་ཅེས་བྱ་བ་ནི་འཇིག་རྟེན་པའི་གཏམ་ཙམ་ཡིན་པར་སྟོན་ཏེ། དེ་ཡང་དོན་དམ་པར་ནི་བདག་མེད་དོ། །གལ་ཏེ་བདག་ཡོད་ན་རྟག་པ་དང་མི་རྟག་པ་ཉིད་དུ་འགྱུར་བས་བདེ་བ་ལ་ལོངས་སྤྱོད་པ་ན། རྟག་པར་ཉེ་བར་སྤྱོད་ཀྱི། སྡུག་བསྔལ་ལ་སོགས་པའི་ཉེས་པ་རྣམས་སུ་ཐལ་བར་མི་འགྱུར་རོ། །དེ་བས་ན་བདག་ནི་རྣམ་པ་ཐམས་ཅད་དུ་མེད་དོ། །ལུས་གཞན་གྱུར་པའི་ཞེས་བྱ་བ་ནི་ལུས་ཞེས་བྱ་བའི་སྒྲས་འདིར་ཕུང་པོ་ལྔ་ཉིད་བདག་གི་དངོས་པོར་བརྗོད་ལ། ལུས་དེ་ལས་གཞན་དུ་གྱུར་ཅིང་ཐ་དད་པའི་སྲོག་ཅེས་བྱ་བའི་བདག་ཡོད་པ་ནི་མ་ཡིན་པ་ཉིད་དུ་ཁྱོད་ཀྱིས་གསུངས་སོ་ཞེས་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དེ་ཡང་ཆོས་ཐམས་ཅད་ནི་སྲོག་མེད་པ་དང༑གསོ་བ་མེད་པ་དང༌། གང་ཟག་མེད་པ་ཞེས་བྱ་བ་ནས། འདུ་བྱེད་ཀྱི་ཚོགས་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བའི་བར་དུ་གསུངས་པ་དང༌། བདག་གི་ང་རྒྱལ་རྣམ་པར་བཞག་ནས་གང་དུ་བདག་དེའི་ཕུང་པོ་ལྔའི་བདག་གི་དངོས་པོར་གྱུར་པ་དེ་ཙམ་ལ་ཉེ་བར་གདགས་པས་བདག་


DTG01_Page_066
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་དངོས་པོར་བཅོམ་ལྡན་འདས་ཀྱིས་ལ་ལར་གསུངས་པ་ཡོད་དོ། །ཁྲོས་པས་གཡུལ་ངོར་བསད་ན་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཁྲོས་པས་ཞེས་བྱ་བ་ཁྲོ་བ་ཉིད་དུ་གྱུར་པས་སོ། །གཡུལ་ངོར་ཏེ་འཐབ་སར་བསད་པའི་སྐྱེས་བུ་བདེ་འགྲོར་འགྲོ་བར་འགྱུར་རོ་ཞེས་རྒྱས་པ་ཟེར་ཏེ། དེ་ཡང་འདི་སྐད་དུ། སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི། །ལྷ་ཡི་བུ་མོ་འོངས་ནས་ནི། །གཡུལ་ངོར་བསད་པ་ཡོངས་འཁྱུད་དེ། །ལྷ་ཡི་ཁྱིམ་དུ་འཁྱེར་པར་འགྱུར། །ཞེས་ཟེར་རོ། །མགོན་པོ་ཁྱོད་ཀྱིས་ཞེས་བྱ་བ་ནི་བོད་པའོ། །གནས་སྐབས་དེའི་ཞེས་བྱ་བ་ནི་གནས་སྐབས་དེ་ཉིད་ཀྱི་སེམས་ཏེ། སེམས་དེ་ལྟ་བུས་ཤི་བ་ནི་ངན་འགྲོ་ཉིད་ཡིན་ནོ་ཞེས་གསུངས་ཤིང་བཀའ་སྩལ་པ་ཡིན་ནོ། །དེ་ཡང༌། སྐལ་ངན་ཁྲོས་ནས་ཤི་བར་གྱུར་པ་ནི། །འཇིག་རྟེན་གཞན་དུ་ངན་འགྲོར་མཁས་པས་བཤད། །རེ་ཞིག་འདིར་ནི་གྲགས་པར་མི་འགྱུར་ཞིང༌། །འཇིག་རྟེན་ཕ་རོལ་དུ་ཡང་བདེར་མི་འགྱུར། །ཞེས་གསུངས་པ་ཡིན་ནོ།། །།སྐྱ་བསེང་དུ་ནི་བརྗོད་བྱས་ན། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཐོས་ཏེ། རྒྱལ་པོ་སྐྱ་བསེང་རི་དགས་ལ་ཆས་པ་དང༌། དེའི་ཚེ་དྲང་སྲོང་ངན་འདུལ་ཞེས་བྱ་བ་ཞིག་རི་དགས་ཀྱི་གཟུགས་སུ་གྱུར་ནས་རི་དགས་མོ་དང་ལྷན་ཅིག་འདོད་པའི་དགའ་བ་ཉམས་སུ་མྱོང་བར་གྱུར་པ་ན། སྐྱ་བསེང་གིས་ངོ་མ་ཤེས་ཏེ་མདས་བསྣུན་པ་དང༌། དེའི་རྗེས་ཐོགས་ཉིད་ལ་དྲང་སྲོང་དེ་རང་གི་གཟུགས་སུ་གནས་ཏེ། ཁྲོ་བའི་དབང་གིས་ཇི་ལྟར་ཁྱོད་ཀྱིས་ང་དགའ་བ་སྤྱོད་པ་ན། དགའ་བ་ཉམས་སུ་མ་མྱོང་བ་ཉིད་དུ་འཇིག་རྟེན་གཞན་དུ་འགྲོ་བར་འགྱུར་བར་བྱས་པས་ཁྱོད་ཀྱང་དེ་བཞིན་དུ་འཆི་བར་འགྱུར་ཅིག་ཅེས་དམོད་པ་བཏབ་བོ། །དྲང་སྲོང་གི་ཆུང་མས་ཀྱང་བདག་ཉིད་དྲང་སྲོང་དེ་ཤིང་གི་ཕུང་པོ་ཆེན་པོའི་སྟེང་དུ་འཛེགས་ཏེ། ཁྱོད་ཀྱི་ཆུང་མ་ཡང་ཁྱོད་ཤི་ནས་བསྲེག་པའི་ཤིང་བརྩིགས་པ་ལ་འཛེག་པར་གྱུར་ཅིག་ཅེས་དམོད་པའི་ཚིག་སྨྲས་སོ། །སྐྱ་བསེང་ལ་མ་དྲི་དང་ཀུན་དཱི་ཞེས་བྱ་བའི་ཆུང་མ་གཉིས་ཡོད་པ་དང༌། རྒྱལ་པོ་དམོད་པའི་འཇིགས་པས་དེ་དང་ལྷན་ཅིག་སྤྱོད་པར་བྱེད་མ་ནུས་སོ། །དེའི་ཚེ་ཀུན་འདིས་བསམས་པ། ངས་ནི་དྲང་སྲོང་གནས་ངན་ལས་རིག་སྔགས་ཐོབ་ལ།


DTG01_Page_067
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེས་ངའི་མངོན་པར་འདོད་པ་ཅིག་ནི་བསྒྲུབས་ཟིན་མོད་ཀྱི། དེས་ནི་ད་དུང་ཡང་ལན་བཞིའི་བར་དུ་འདོད་པའི་དོན་བྱེད་པར་འགྱུར་གྱིས། གལ་ཏེ་རྒྱལ་པོས་གནང་ན་དེའི་ཚེ་ངས་བུ་སྐྱེད་པའི་བྱ་བ་བྱའོ་སྙམ་མོ། །རྒྱལ་པོ་ཡང་ཐབས་གང་གིས་ང་ལ་བུ་ཡོད་པར་འགྱུར་སྙམ་དུ་སེམས་སོ། །དེ་ནས་དབེན་པར་སོང་སྟེ་རྒྱལ་པོ་ལ་དོན་དེ་སྨྲས་པ་དང༌། དེ་ཐོས་པས་རྒྱལ་པོ་དགའ་སྟེ། དེ་ལ་རྗེས་སུ་གནང་བ་བྱིན་ནོ། །དེ་ཁང་པར་ཞུགས་ནས་རིག་སྔགས་བཟླས་ནས་ཆོས་ཞེས་བྱ་བའི་ལྷ་ང་དང་སྤྱད་པའི་ཕྱིར་ཤོག་ཅིག་ཅེས་སྨྲས་པ་དང༌། ཇི་ཙམ་ན་ཆོས་འོངས་ཏེ་དེ་དང་ལྷན་ཅིག་འདུས་པ་ལས་གཡུལ་ངོར་བརྟན་པ་ཞེས་བྱ་བའི་བུ་སྐྱེས་སོ། །དེ་བཞིན་དུ་རླུང་ལྷ་བཀུག་སྟེ་འདུས་པ་ལས་འཇིག་སྡེའོ། །དེ་བཞིན་དུ་བརྒྱ་བྱིན་བཀུག་སྟེ་འདུས་པ་ལས་སྲིད་སྒྲུབ་སྐྱེས་སོ། །ཇི་ཙམ་ན་མ་དྲི་བུ་མེད་ལས་མྱ་ངན་གྱིས་ཡིད་གདུངས་ཏེ། ང་ནི་འཆི་བར་བྱའོ་ཞེས་སྨྲ་ཞིང་མྱ་ངན་བྱེད་ལ། ཞུམ་པའི་ཚིག་གིས་ཀུན་དཱི་ལ་གསོལ་བ་བཏབ་པ། རིག་སྔགས་དེ་ང་ལ་ལན་ཅིག་བྱིན་ཅིག །གལ་ཏེ་ན་བདག་ལ་ཡང་བུ་སྐྱེ་བར་འགྱུར་རོ་ཞེས་སྨྲས་པ་དང༌། དེ་སྐྱ་བསེང་ལ་དྲིས་ཏེ་རིག་སྔགས་དེ་བྱིན་ནོ། །དེས་ཀྱང་རིག་སྔགས་བཟླས་ནས་ལྷའི་སྨན་པ་ཐ་སྐར་གཉིས་བཀུག་སྟེ། དེ་གཉིས་དང་འདུས་པ་ལས་ལྷར་བཅས་དང༌། ཀུ་ན་ལ་ཞེས་བྱ་བ་གཉིས་མཚེ་མར་དུས་གཅིག་ཏུ་སྐྱེས་སོ། །ཇི་ཙམ་ན་སྐྱ་བསེང་གིས་ས་ཆེན་པོ་ལས་རྒྱལ་བར་བྱས་ཏེ། ཡུལ་འཁོར་སྲུང་ལ་བྱིན་ནས། བདག་ཉིད་དང༌། ཆུང་མ་གཉིས་དང༌། བུ་ཡང་ཁྱེར་ཏེ། རི་བོ་རྩེ་མོ་བརྒྱ་པར་སོང་ནས་ཚངས་པར་སྤྱོད་པ་ལ་བརྩོན་པར་གནས་པ་ན། དེ་ཡུན་རིང་པོར་ཚངས་པར་སྤྱོད་པ་སྤྱད་པ་དང༌། མ་དྲིའི་གཟུགས་སྡུག་པ་མཐོང་བས་འདོད་པའི་འདོད་ཆགས་སྐྱེས་ཏེ། ཁོ་བོ་ཤི་བ་ནི་བླའི་འདི་དང་ལྷན་ཅིག་དགའ་བ་ཉེ་བར་ལོངས་མི་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ་སྙམ་ནས། དེ་དང་ལྷན་ཅིག་ཏུ་སྤྱོད་པར་བརྩམས་པ་དང༌། དེའི་ཚེ་ཉིད་དུས་ལས་འདས་པར་གྱུར་ཏོ། །ཇི་ཙམ་ན་བསྟི་གནས་དེ་ན་དྲང་སྲོང་ཆེན་པོ་གང་དག་ཡོད་པ་དེ་དག་ཐམས་ཅད་སྡུག་བསྔལ་བར་མཐོང་བས་མགོན་མེད་པར་གྱུར་པའི་རོ་དང༌། མ་དྲི་དང༌། ཀུན་དྲི་དང༌།


DTG01_Page_068
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྔ་པོ་ཁྱེར་ཏེ་ཡུལ་འཁོར་སྲུང་གི་གན་དུ་ཕྱིན་ནས། དེ་དང་ཇི་ལྟར་འཚམ་པའི་བསྲེག་ཤིང་བརྩིགས་ཏེ། བསྙེན་བཀུར་ཆེན་པོས་སྟེང་དུ་བཞག་ནས། སྐྱ་བསེང་ལ་ཡུལ་འཁོར་སྲུང་གིས་མཆོད་དོ། །མ་དྲིས་ཀྱང་བུ་གཉིས་ཀུན་དྲི་ལ་གཏད་དེ། རོ་བསྲེགས་སར་བདག་ཉིད་དོར་རོ། །དེ་ནས་ཇི་ཙམ་ན་འཐབ་དཀའ་ལ་སོགས་པ་དང༌། གཡུལ་ངོར་བརྟན་པ་ལ་སོགས་པ་འཕོང་སློབ་པའི་གནས་སུ་ལྷན་ཅིག་ཚོགས་ཏེ། ཀྲི་པ་དང་ཀྲོ་ན་ལ་སོགས་པའི་མཚོན་ཆའི་ཐབས་ཀྱི་རིག་པ་སློབ་པ་ནས། རྣ་ཅན་ལས་འཁོན་གཅུགས་སུ་གྱུར་ཏེ། སྐྱ་བསེང་གི་བུ་ལྔ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་པ་དང༌། དེ་ནས་མཚན་མོ་བྲོས་ནས་སྲིན་པོ་ཧི་དིམ་པ་བསད་དེ། དེའི་སྲིང་མོ་འཇིགས་སྡེས་བླངས་ནས་དེ་ལས་བུ་བུམ་སྐྲ་ཞེས་བྱ་བ་སྐྱེས་སོ། །དེ་ནས་སོང་སྟེ་གྲོང་ཁྱེར་འཁོར་ལོ་གཅིག་པར་སོང་བ་དང༌། དེའི་ལམ་ཁར་རྒྱས་པ་དང་ཕྲད་ནས། དབུགས་ཕྱུང་སྟེ། རྒྱལ་སྲིད་དང་ཆུང་མ་ཐོབ་པའི་མཆོག་བྱིན་ནོ། །དེ་ནས་གྲོང་ཁྱེར་དེར་ཕྱིན་ནས་བྲམ་ཟེ་ཞིག་གི་ཁྱིམ་དུ་ལོ་བཞི་འདུག་སྟེ། དེ་ལ་ཕན་པར་བྱ་བའི་ཕྱིར་སྲིན་པོ་ཆུ་སྐྱར་ཞེས་བྱ་བ་བསད་ནས་གྲོང་ཁྱེར་ལྔ་ལེན་དུ་སོང་སྟེ། རྒྱལ་པོ་རྣམས་ཁྱོ་གདམ་པའི་སྐབས་སུ་ཏྲོ་པ་ཏི་ཞེས་བྱ་བའི་ཆུང་མ་ཐོབ་པ་དང༌། སྤུན་ལྔས་སྤྱིར་བླངས་ནས་ལོ་གཅིག་འདུག་སྟེ། དབང་པོའི་གནས་ཞེས་བྱ་བར་སོང་ནས་རྒྱལ་སྲིད་ཐོབ་པོ། །ལོ་ཉི་ཤུ་རྩ་དགུའི་བར་དུ་རྒྱལ་སྲིད་བྱས་ནས། རྒན་པོས་སྦྱར་བ་ཞེས་བྱ་བ་ལ་སོགས་པའི་རྒྱལ་པོ་བསད་དེ། མཆོད་སྦྱིན་བྱས་ནས། འཐབ་དཀའ་དང༌། གཡུལ་ངོར་བརྟན་པ་ལ་སོགས་པ་ཆོ་ལོས་རྩེ་བ་དང༌། སྒྱུ་ཐབས་ཀྱིས་ཕམ་པར་བྱས་ཏེ། རྒྱལ་སྲིད་ནས་བདག་ཉིད་ཀྱི་བར་དུ་སྐུགས་ལ་ཤོར་ཏོ། །ཡང་ལོ་བཅུ་གཉིས་ཀྱི་བར་དུ་ནགས་སུ་གནས་པར་བྱས་ནས་སླར་འོངས་ཏེ་གྲོང་ཁྱེར་བི་ར་ཏར་ལོ་གཅིག་གནས་ནས། འཇིགས་སྡེས་ཀི་ཙ་ཀ་བསད་དོ། །དེ་ནས་ཀུ་རུཀྵེ་ཏྲ་ར་འཐབ་མོ་ལ་ཞུགས་པའི་བར་དུ་སྦྱར་ཏེ། འཐབ་དཀའ་ཅན་ན་དཔུང་ཚོགས་བཅུ་གཅིག །སྐྱ་བསེང་ལ་བུ་བདུན་ཏེ། དེ་ཐམས་ཅད་གཡུལ་ངོར་ཤི་ནས་གཡུལ་ངོར་བརྟན་པ་རྒྱལ་པོར་གྱུར་ཏེ། ལོ་སུམ་ཅུ་རྩ་དྲུག་གི་བར་དུ་རྒྱལ་སྲིད་བྱས་ནས་ཇི་སྲིད་ན་ཁྱབ་འཇུག་ལྷ་ཡུལ་དུ་སོང་སྟེ། ཡུལ་འཁོར་


DTG01_Page_069
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྲུང་དང༌། སྐྱ་བསེང་གི་བུ་ཐམས་ཅད་དང༌། ཆོས་ཞེས་བྱ་བའི་ལྷ་ཁྱིར་སྐྱེས་པ་དེ་དག་ཐམས་ཅད་ཀྱང་དུས་ལས་འདས་པར་གྱུར་ཏོ། །འདིར་ཆོས་ཞེས་བྱ་བའི་ལྷ་ཇི་ལྟར་ཁྱིར་སྐྱེས་པའི་གཏམ་བྲི་བར་བྱ་སྟེ། དྲང་སྲོང་བརྒྱན་པ་ཞེས་བྱ་བ་ཞིག་བསྟི་གནས་ཞིག་ན་དཀའ་ཐུབ་ཀྱི་འབྱོར་པས་གནས་པར་གྱུར་ཏོ། །ཡང་ཇི་ཙམ་ན་དེ་དང་ཐག་མི་རིང་བ་ཞིག་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པ་དེ་ལས་རྐུན་པོ་རྣམས་ཀྱིས་རྫས་བརྐུས་ཏེ། བསྟི་གནས་དེའི་ནགས་ཀྱི་ཚང་ཚིང་དུ་ཞུགས་ནས་གནས་བཅས་པ་དང༌། རྒྱལ་པོའི་སྐྱེས་བུ་མང་པོ་འོངས་ཏེ། དེ་དག་གིས་དྲང་སྲོང་ལ་སྨྲས་པ༑ཁྱེད་ཀྱིས་རྐུན་པོ་འགའ་ཞིག་མཐོང་ངམ། དེས་ཀྱང་མ་མཐོང་ངོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོའི་སྐྱེས་བུ་རྣམས་ཀྱིས་ནགས་ཀྱི་ཚང་ཚིང་དུ་བཙལ་བ་དང༌། རྐུན་པོ་རྙེད་དེ་བཟུང་ནས་འོངས་ཏེ་དྲང་སྲོང་འདི་ནི་འདི་རྣམས་ཀྱི་སྦེད་མཁན་ཡིན་ནོ་ཞེས་བཟུང་ནས་རྒྱལ་པོ་ལ་ཕུལ་ལོ། །ཇི་ལྟར་གྱུར་པ་ཡང་སྨྲས་སོ། །རྒྱལ་པོ་ཡང་འདི་ནི་ཉེས་པ་དང་བཅས་པའོ་ཞེས་ཁྲོས་ནས་གསལ་ཤིང་ལ་བསྐྱོན་པའི་ཕྱིར། དེ་གསོད་མ་པ་རྣམས་ལ་གཏད་དོ། །དེ་རྣམས་ཀྱིས་དྲང་སྲོང་གསོད་སར་ཁྱེར་ཏེ། དེར་སེང་ལྡེང་ལ་སོགས་པའི་ཤིང་བསྡུས་པ་དང༌། དེ་དག་ཐམས་ཅད་བྲོས་ཤིང་མི་སྣང་བར་གྱུར་ཏོ། །དེ་ནས་སྦར་མའི་ཤིང་ཁྱེར་ཏེ་འོངས་པ་དང༌། དེ་མ་བྲོས་སོ། །དེ་ནས་གསོད་མ་དེ་རྣམས་ཀྱིས་གསལ་ཤིང་བཙུགས་ནས་དེ་ལ་དྲང་སྲོང་བསྐྱོན་ནོ། །ཇི་ཙམ་ན་ཤིང་དེ་ལས་འདབ་མ་སྐྱེས་ནས་དེས་ཀྱང་དྲང་སྲོང་དེའི་ལུས་ཀྱི་འོག་ནས་ཕུག་སྟེ་སྐྱེས་པ་དང༌། རྒྱལ་པོ་ཡང་དེར་འོངས་ནས་དྲང་སྲོང་འདི་ལ་ནི་ནོངས་པ་མེད་པ་ཞིག་གོ་སྙམ་ནས་གསལ་ཤིང་དེ་ལས་ཕབ་པོ། །དེ་ཡང་ཁྲོས་པས་ཆོས་ཀྱི་གན་དུ་སོང་སྟེ། ཁྱོད་གནས་བཞིན་དུ་ཆོས་མ་ཡིན་པས་ཡུན་རིང་པོར་ཁོ་བོ་སྡུག་བསྔལ་བར་གྱུར་ཏེ། ཤིན་ཏུ་མི་རིགས་པར་བྱས་ཀྱིས། འདི་ལ་གཅིག་ཏུ་ལེགས་པར་རྟོགས་ཤིག །ཁོ་བོས་མི་རིགས་པ་ཅི་ཞིག་བྱས་ཞེས་སྨྲས་པ་དང༌། ཆོས་ཀྱིས་སྨྲས་པ། འདི་ནི་ངེས་པར་ཁྱེད་ཉིད་ཀྱིས་ཉེས་པ་ཡིན་ཏེ། གང་གི་ཕྱིར་ཁྱེད་ཀྱིས་སྐྱེ་བ་གཞན་དག་ཏུ་སྦྲང་མ་ལ་རྩྭ་ཤིང་གི་ཚལ་པས་ལུས་ཀྱི་སྨད་ནས་ཕུག་སྟེ། མཆུའི་རྩེ་མོར་ཕྱུང་ནས་


DTG01_Page_070
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་འཕེན་པ་བྱས་པས་ན་དེ་ལས་འབྲས་བུར་གྱུར་པ་འདི་ཡིན་ནོ་ཞེས་སྨྲས་པ་དང༌། དྲང་སྲོང་དེ་ཁྲོས་ཏེ་ཁོ་བོ་ཉིད་ཀྱི་ཉེས་པར་བཀལ་གྱིས། ཆོས་ལ་དམོད་པ་གདབ་པར་བྱའོ་སྙམ་ནས། གང་གི་ཕྱིར་ཁོ་བོ་བྲམ་ཟེའི་དྲང་སྲོང་ཡིན་པ་ལས་ཤིན་ཏུ་གནོད་པ་བྱས་པས་ཁྱོད་གནོད་སྦྱིན་དུ་གྱུར་ཅིག །གང་གི་ཕྱིར་ངའི་ཀུན་དུ་སྤྱོད་པའི་བྱ་བ་མི་ཤེས་པས་དམངས་རིགས་སུ་གྱུར་ཅིག །གང་གི་ཕྱིར་ཁོ་བོ་ལ་སྐྱེ་བོ་དམ་པ་མ་ཡིན་པའི་སྤྱོད་པ་བྱས་པས་ཁྱིར་སྐྱེ་བར་གྱུར་ཅིག་ཅེས་བྱ་བའི་དྲང་སྲོང་གི་དམོད་པ་འདིས་ཆོས་འཛམ་བུའི་གླིང་དུ་བབས་ཏེ། དེ་ལས་རེ་ཞིག་དམངས་རིགས་ནི་བེ་དུ་རའི་ཡུལ་འཁོར་སྲུང་གི་སྤུན་ཟླར་སྐྱེས་སོ། །འདོད་པ་ཅན་ཞེས་བྱ་བའི་དགོན་པར་དྲང་སྲོང་རྩའི་ཐིག་ལེའི་བསྟི་གནས་དང་ཉེ་བར་གནོད་སྦྱིན་དུ་སྐྱེས་སོ། །ཁྱི་ནི་འདིར་སྐབས་སུ་བཤད་པ་ཡིན་ནོ། །དེ་ནས་ནི་ཡང་ཚེ་འཕོས་ཏེ་ལྷར་སྐྱེས་སོ། །དེ་ལྟར་ན་སྐྱ་བསེང་གི་བུ་དེ་རྣམས་ཀྱི་མིང་བརྗོད་པ་བྱས་པས་ཀྱང་བསོད་ནམས་ཆེན་པོ་བསགས་པ་དང་ལྡན་པར་འགྱུར་རོ་ཞེས་སོ་སོ་སྐྱེ་བོ་དག་སྨྲའོ་ཞེས་འཇིག་རྟེན་ན་ཐོས་སོ། །དེ་ཡང༌། མཁས་པས་སྐྱ་བསེང་རྣམས་ཀྱི་ནི། །མིང་ནི་བཟུང་བ་ཙམ་གྱིས་ཀྱང༌། །བསོད་ནམས་ཆེ་དང་ལྡན་པར་ནི། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །ཅེས་ཟེར་བ་ཡིན་ནོ། །བརྗོད་བྱས་ན་ཞེས་བྱ་བ་ནི། ཀུན་དུ་བརྗོད་ཅིང་མིང་འཛིན་ལ་དེ་དང་ལྡན་པའི་གཏམ་བརྗོད་པས་ཞེས་བྱ་བའི་དོན་ཏོ་། གང་བརྗོད་པས་ཤེ་ན། སྐྱ་བསེང་བུ་ནི་ཞེས་བྱ་བ་སྨོས་ཏེ། རྒྱལ་པོ་སྐྱ་བསེང་གི་བུ་ཡིན་པས་ན་སྐྱ་བསེང་གི་བུ་སྟེ། གཡུལ་ངོར་བརྟན་པ་ལ་སོགས་པའོ། །བསོད་ནམས་འགྱུར་ཞེས་བྱ་བ་ནི་བསོད་ནམས་ལ་སོགས་པར་འགྱུར་རོ་ཞེས་རྒྱས་པ་སྨྲའོ། །ཅི་ཐམས་ཅད་ཀྱི་བརྗོད་པས་སམ། འོན་ཏེ་རེ་རེའི་བརྗོད་པས་ཤེ་ན། སོ་སོའི་ཞེས་བྱ་བ་སྨོས་ཏེ། རེ་རེ་ནས་ཞེས་བྱ་བའི་དོན་ཏོ། །གང་ཞིག་བགྲོད་མིན་བགྲོད་བྱེད་པ། །ཞེས་བྱ་བ་ལ། སྤུན་ཟླའི་ཆུང་མ་ནི་བགྲོད་པར་བྱ་བ་མ་ཡིན་པ་སྟེ། དེ་ལ་གང་ཞིག་བགྲོད་པ་དེ་དག་ནི་ཁྱེད་ཀྱི་བསྟན་པ་ལ་ཤིན་ཏུ་སྨད་པ་ཡིན་པས་ན་དེ་དག་ནི་བགྲོད་མིན་བགྲོད་པའོ།། །།སྐེམ་བྱེད་དབང་པོ་ཉེ་དབང་པོ། །ཞེས་བྱ་བ་ལ་སོགས་པ་ལ། སྐེམ་བྱེད་ནི་སྨིན་དྲུག་གི་བུའོ། །དབང་པོ་ནི་བརྒྱ་བྱིན་ནོ། །ཉེ་དབང་ནི་ནོར་ལྷའི་བུའོ། །དྲག་པོ་ནི་


DTG01_Page_071
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དབང་ཕྱུག་ཆེན་པོའོ། །སོགས་ཀྱི་སྒྲས་ནི་འདོད་པའི་ལྷ་དང༌། ཚོགས་ཀྱི་བདག་པོ་ལ་སོགས་པ་གཟུང་ངོ༌། །འཇིགས་པ་ནི་བདག་ཉིད་སྐྲག་པའོ། །བསྡིགས་པ་ནི་ཕ་རོལ་ལ་འཚེ་བ་སྟེ། དེ་དག་གི་ཕྱིར་ལག་ན་མཚོན་ཆ་རྟག་ཏུ་ཐོགས་པ་སྟེ། འདི་ལྟར་སྐེམ་བྱེད་ནི་མདུང་ཐུང༌། དབང་པོ་ནི་རྡོ་རྗེ། ཉེ་དབང་ནི་འཁོར་ལོ། དྲག་པོ་ནི་རྩེ་གསུམ། འདོད་པའི་ལྷ་ནི་མདའ་གཞུ། ཚོགས་ཀྱི་བདག་པོ་ནི་དགྲ་སྟ་འཛིན་པ་ལ་སོགས་པའོ། །དེ་དག་འཇིགས་པ་དང༌། བསྡིགས་པའི་ལོ་རྒྱུས་ཀྱང༌། གོང་དུ། རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། །ཞེས་བྱ་བ་དང༌། ལྷ་ཆེན་འདོད་པ་ཅན་གྱི་མཚན། །ཞེས་བྱ་བ་དང༌། རྣ་ཅན་འཐབ་དཀའ་ལ་སོགས་པ། །ཞེས་བྱ་བ་དང༌། ཁྱབ་འཇུག་དག་ནི་ནག་བཀྲ་བོས། །ཞེས་བྱ་བ་ལ་སོགས་པ་དང༌། འོག་ནས་ཀྱང༌། གཞོན་ནུ་རང་གི་ཞང་པོ་ལ། ཞེས་བྱ་བ་དང༌། རྒན་པོས་སྦྱར་བའི་འཇིགས་ཤེས་པས། །ཞེས་བྱ་བ་དང༌། ཁྱབ་འཇུག་གིས་ནི་གཉེན་འདུན་དག །ཅེས་བྱ་བ་ལ་སོགས་པའི་སྐབས་སུ་བཤད་པ་ཉིད་ཡིན་ནོ། །དཔའ་བོ་ཆེན་པོ་ཁྱོད་ནི་བསྙེངས་པ་དང་བྲལ་བ་སྟེ། བདག་ཉིད་ལ་དོ་ཟླ་མེད་པར་མཁྱེན་པས་འཇིགས་པ་དང་བྲལ་ལ། སྡིགས་པར་མི་མཛད་པ་ནི་ཐུགས་རྗེ་ཆེན་པོས་རྒྱུད་གང་བས་གཞན་ལ་གནོད་པ་མི་མཛད་པ་སྟེ། སྐྱེས་པའི་རབས་སྣ་ཚོགས་ལས་ཇི་ལྟར་འབྱུང་བ་ཉིད་འདིར་སྦྱར་བར་བྱའོ། །ཁྱོད་ནི་སུས་ཀྱང་མི་བསྙེངས་པ། །ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་བཤད་པ་ཡིན་ཏེ། ཁྱོད་ནི་ཞེས་བྱ་བ་ནི་བདེ་བར་གཤེགས་པའོ། །མི་བསྙེངས་པ་ནི་འཇིགས་པ་དང༌། བག་ཚ་བ་མེད་པའོ། །གང་གིས་མི་འཇིགས་ཤེ་ན། སུས་ཀྱང་སྟེ། འཇིག་རྟེན་ན་མངོན་པར་མཐོ་བར་རློམ་པ་དགེ་སྦྱོང་དང༌། བྲམ་ཟེ་དང༌། བདུད་དང༌། ཚངས་པ་ལ་སོགས་པས་འཇིགས་པར་མི་འགྱུར་བ་སྟེ། འཇིགས་པའི་རྒྱུ་མ་ལུས་པ་སྤངས་པའི་ཕྱིར་རོ། །གལ་ཏེ་རང་ཉིད་ལ་གནོད་པ་མེད་ཅིང་ཁ་བཙན་པ་དག་ཕལ་ཆེར་གཞན་ལ་གནོད་ཅིང༌། གདུང་བ་སྐྱེད་པ་ཡིན་པར་འཇིག་རྟེན་ན་མཐོང་པོ་སྙམ་ན། ཁོ་བོ་ཅག་གི་སྟོན་པ་འདི་ལ་དེ་ལྟ་བུ་མི་མངའོ་ཞེས་སྟོན་པ་ནི། སུ་ལའང་བསྡིགས་པར་མི་མཛད་པས་ཞེས་པ་སྟེ། དེའི་ཕྱིར་བདེ་བར་གཤེགས་པ་


DTG01_Page_072
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཉིད་གཅིག་པུ་རྩེ་གསུམ་ལ་སོགས་པའི་མཚོན་ཆ་རྣམས་མི་བསྣམས་པས་དབང་ཕྱུག་ལ་སོགས་པའི་འགྲོ་བ་རྣམས་ལས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བའི་དོན་ཏོ། །འདིར་སྨྲས་པ། གལ་ཏེ་དབང་ཕྱུག་ལ་སོགས་པ་དག་ཀྱང༌། མཚོན་ཆ་ཐམས་ཅད་སྤངས་ཏེ། དགོན་པར་དཀའ་ཐུབ་སྤྱད་པ་དག་ཀྱང་ཐོས་ལ། བདེ་བར་གཤེགས་པ་ཉིད་ཀྱང་རེས་འགའ་གནོད་སྦྱིན་དང་སྲིན་པོའི་ཆ་བྱད་དུ་བསྒྱུར་ནས་མཚོན་ཆ་བསྲེལ་ཞིང་གཞན་དག་ཚར་གཅོད་པར་ཐོས་ཏེ་དེ་དག་མཚུངས་པ་མ་ཡིན་ནམ་ཞེ་ན། མི་མཚུངས་ཏེ། དབང་ཕྱུག་དང༌། ཁྱབ་འཇུག་ལ་སོགས་པ་དག་ནི་རང་བཞིན་གྱི་ལུས་ལ་ཉོན་མོངས་པ་བརྣག་པར་མ་ནུས་པའི་སྤྱོད་པ་ཡིན་པར་ཁོ་རང་གིས་ཚད་མར་ཁས་བླངས་པའི་རིག་བྱེད་ཀྱི་ཆ་དག་ལས་བྱུང་ལ། སངས་རྒྱས་བཅོམ་ལྡན་འདས་ནི་གཞན་གདུལ་བའི་ཕྱིར་སྤྲུལ་པའི་ལུས་ལས་སྙིང་རྗེའི་སྟོབས་ཀྱིས་བཅོས་ཏེ། ཞེ་སྡང་ལ་སོགས་པ་དང་འབྲེལ་པའི་སྤྱོད་པ་ལྟ་བུར་སྟོན་པ་ཡིན་པས་ག་ལ་མཚུངས། གལ་ཏེ་དབང་ཕྱུག་ལ་སོགས་པའང་སྤྲུལ་པའི་ལུས་ཀྱིས་ཉོན་མོངས་པ་དང་འབྲེལ་པ་ལྟ་བུར་སྟོན་པ་ཡིན་གྱི། རང་བཞིན་གྱི་ལུས་ནི་ཉོན་མོངས་པ་ཞི་བ་ཉིད་ཡིན་ནོ་སྙམ་ན་དེ་ལྟ་ཡིན་ན་མི་བརྩད་མོད་ཀྱི། འོན་ཀྱང་ཁྱེད་རང་གི་གཞུང་ལས། དབང་ཕྱུག་ཆེན་པོའི་རང་བཞིན་གྱི་ལུས་ཉིད་ཀྱིས་ཚངས་པ་བསད་པ་དང༌། ཁྱབ་འཇུག་གི་ཞེ་སྡང་གི་བསམ་པས་སྒྲ་ངན་བརླག་པར་བྱས་སོ་ཞེས་འབྱུང་བ་ལ་སོགས་པ་རྣམས་དང་འགལ་བར་འགྱུར་རོ། །སྨྲ་པོ་ཉོན་མོངས་བཅས་པའི་ཚིག །ཅེས་བྱ་བ་ལ་སོགས་པ་ལ། སྨྲ་པོ་ནི་རྗོད་པར་བྱེད་པ་པོའོ། །དེ་ཉིད་ཉོན་མོངས་བཅས་པ་སྟེ། རང་གི་ཕྱོགས་ལ་མངོན་པར་ཞེན་ཅིང༌། གཞན་གྱི་ཕྱོགས་ལ་ཞེ་སྡང་ལ། ཐམས་ཅད་དུ་བདག་ཏུ་འཛིན་པས་གཟིར་བའི་ཉོན་མོངས་པ་གསུམ་དང་རྗེས་སུ་འབྲེལ་བ་གང་ཡིན་པའོ། །དེས་བྱས་པའི་དག་ནི་དེའི་ཚིག་སྟེ། རིག་བྱེད་ལ་སོགས་པའོ། །དེ་ཉིད་རིག་བྱེད་ལ་སོགས་པའང་ཡིན་ལ། ཚིག་ཀྱང་ཡིན་པས་རིག་བྱེད་ལ་སོགས་པའི་ཚིག་སྟེ། ངེས་བརྗོད་ལ་སོགས་པའི་རིག་བྱེད་དོ། །སོགས་ཀྱི་སྒྲས་རྒྱས་པས་སྦྱར་བའི་སྐྱ་བསེང་གི་རབས་དང༌། གྲོག་མཁར་གྱིས་སྦྱར་བའི་དགའ་བྱེད་ཀྱི་འཇུག་པ་ལ་སོགས་པ་གཟུང་ངོ༌། །


DTG01_Page_073
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གལ་ཏེ་སྐྱ་བསེང་གི་རབས་ལ་སོགས་པ་དག་སྐྱེས་བུས་བྱས་པའི་ཚིག་ཉིད་ཡིན་དུ་ཆུག་ཀྱང༌། རིག་བྱེད་ནི་ཉེས་པ་ཐམས་ཅད་ཀྱི་རྒྱུ་སྐྱེས་བུས་མ་བྱས་པས་སྐྱེས་བུའི་ཚིག་ག་ལ་ཡིན་སྙམ་ན། འདི་ནི་ཆེས་མ་འབྲེལ་ཏེ། འདི་ལྟར་རིག་བྱེད་ཀྱང་སྐྱེས་བུའི་ཚིག་ཡིན་ཏེ། སྐྱེས་བུའི་འདུ་བྱེད་པ་ལས་བྱུང་བའི་ཕྱིར། དཔེར་ན་དགའ་བྱེད་ཀྱི་འཇུག་པ་བཞིན་ཞེས་བྱ་བ་ལ་སོགས་པས་ཤེས་པར་ནུས་ཏེ། འདིའི་སྤྲོས་པ་རེ་ཞིག་གཞག་གོ །ཕལ་ཆེར་ལྟག་འོག་འགལ་བ་ལགས། །ཞེས་བྱ་བ་ལ། ཕལ་ཆེར་ནི་མང་པོ་ཞིག་གོ །ལྟག་འོག་འགལ་བ་ནི་གོང་འོག་གི་ཚིག་ཕན་ཚུན་གནོད་པ་ཡོད་པ་སྟེ། དེའི་རྒྱུ་འཆད་པ་པོ་ཉོན་མོངས་པ་དང་བཅས་པ་ཡིན་པར་དགོངས་སོ། །ཁྱོད་ཀྱི་གསུང་ལ་འགལ་བ་མེད་དོ་ཞེས་བར་གྱི་ཚིག་མི་མངོན་པའི་བསྡུ་བར་སྦྱར་ཏེ། དཔེར་ན་ཞོའི་བུམ་པ་ཞེས་བྱ་བ་ལྟ་བུའོ། །འགལ་བ་མེད་པར་ཅིས་མངོན་ཞེ་ན། ཐམས་ཅད་མཁྱེན་པའི་གསུང་ཞེས་སྨོས་ཏེ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཟད་པས་ཤེས་བྱ་ཐམས་ཅད་ལ་དབང་འབྱོར་བ་བརྙེས་པའི་གསུང་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་གྱི་བསྟན་བཅོས་གཞན་དག་ནི། །ཞེས་བྱ་བ་ལ། གཞན་གྱི་བསྟན་བཅོས་ནི་སེར་སྐྱ་དང༌། གཟེགས་ཟན་ལ་སོགས་པས་བཤད་པའི་གྲངས་ཅན་དང༌། རིགས་པ་ཅན་ལ་སོགས་པའོ། །གཞན་དག་ནི་གཞན་ཇི་སྙེད་པ་དེ་དག་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །ཕལ་ཆེར་སྔ་ཕྱིའི་འགལ་བ་ལགས། །ཞེས་བྱ་བ་ནི་འདི་ལྟར་གཙོ་བོ་རྟག་པར་འདོད་ལ། དེ་ཉིད་ཐམས་ཅད་ཀྱི་རྒྱུར་ཡང་འདོད་པ་ལྟ་བུ་སྟེ། རྟག་པ་རྒྱུར་འགྱུར་བ་ཤིན་ཏུ་འགལ་བ་དང༌། རིགས་པ་ཅན་ནི་བདག་བེམས་པོ་ཡང་ཡིན་ལ། ཡུལ་ལ་ལོངས་སྤྱོད་པ་པོ་ཡང་ཡིན་ནོ་ཞེས་ཟེར་བ་དང༌། རིག་བྱེད་པ་ནི་རིག་བྱེད་དག་གི་འདུ་བྱེད་པའང་ཡིན་ལ། སྐྱེས་བུས་མ་བྱས་ཕ་ཡང་ཡིན་ནོ་ཞེས་འདོད་པ་དང༌། གཞན་ཡང་ཁྱབ་འཇུག་དང༌། དབང་ཕྱུག་ལ་སོགས་པའི་ལྷ་ཆེན་པོ་དེ་དག་ནི། ཐམས་ཅད་མཁྱེན་པར་འདོད་བཞིན་དུ་ཕུང་ཁྲོལ་དཔག་ཏུ་མེད་པ་ལ་ཞུགས་ནས། ཕྱིས་འགྱོད་བཞིན་དུ་དེ་སེལ་བའི་ཐབས་ལ་ཞུགས་པར་འདོད་པ་སྟེ། བདེ་བར་གཤེགས་པ་དག་གིས་མཐོང་ན་བཞད་


DTG01_Page_074
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་འགྱུར་བ་དུ་མ་སྨྲ་བ་ཡིན་ནོ། །ཁྱོད་ཉིད་ཀྱི་ནི་གཞུང་ལུགས་དག །ཅེས་བྱ་བ་ནི་བདེ་བར་གཤེགས་པ་ཁྱོད་ཉིད་ཀྱིས་གསུངས་པའི་གཞུང་ལུགས་སྡེ་སྣོད་གསུམ་གྱི་བདག་ཉིད་ཅན་གང་ཡིན་པ་དེ་ལ་ནི། ཐོག་མ་བར་མཐར་སྐྱོན་མ་མཆིས། །ཞེས་སྦྱར་ཏེ། ཐོག་མར་གསུངས་པའི་ཚིག་དེ་བར་དང་ཐ་མར་གསུངས་པའི་ཚིག་གིས་མི་གནོད་ཅིང༌། དེ་བཞིན་དུ་སྦྱར་ཏེ། བར་དང་ཐ་མར་གསུངས་པ་དེ་ལ་སྔ་ཕྱི་དང་གོང་མ་དག་གིས་མི་གནོད་པའང་ཡིན་ལ། རང་གི་ངོ་བོའི་ཚིག་གང་ཡིན་པ་དེ་ལའང་རིགས་པས་གནོད་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཡང་ན་ཐོག་མ་བར་མཐའ་ནི་ཐོས་པ་དང༑བསམ་པ་དང༌། བསྒོམ་པ་དག་གི་རུས་ན་རིགས་པ་དག་གིས་མི་གནོད་པའི་ཕྱིར། སྐྱོན་མེད་པ་ཡིན་ནོ་ཞེས་ཀྱང་སྦྱར་ཏེ། ཧ་ཅང་ཡི་གེའི་དོན་མ་ཡིན་ནོ། །ཆོས་འདོད་པ་དག་དམངས་རིགས་ལ། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་སྨྲ་བར་འདོད་པའི་གང་ཟག་རྒྱལ་དཔོག་པ་ལ་སོགས་པ་དག །དམངས་རིགས་ལ་བློ་གྲོས་ཏེ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་སྦྱིན་བྱ་མིན་ཏེ། བཤད་པའི་སྣོད་མ་ཡིན་ནོ་ཞེས་ཟེར་རོ། །འདི་ལྟར་དམངས་རིགས་ལ་རིག་བྱེད་འདོན་ན་དམྱལ་བར་ལྟུང་ངོ་ཞེས་འཆད་དོ། །དེ་ལྟར་འཆད་པའི་རྒྱུ་ཡང་དམངས་རིགས་ལ་སོགས་པ་ཐམས་ཅད་ཐུན་མོང་དུ་གྱུར་ན༑བྲམ་ཟེ་རྣམས་ལ་གཞན་གུས་པར་མི་འགྱུར་བས་དེས་ན་ཕྲག་དོག་གིས་དེ་སྐད་སྦྱར་བ་ཡིན་ནོ། །ཁྱོད་ནི་གདོལ་པ་རྣམས་ལའང༌། །ཞེས་བྱ་བ་ནི་བདེ་བར་གཤེགས་པ་ཁྱོད་ནི་གདོལ་པ་ནི་ཉེ་བར་མཚོན་པ་སྟེ། ལྷམ་མཁན་དང༌། ཉ་བ་ལ་སོགས་པ་རིགས་མེད་པ་རྣམས་གཟུང་ངོ༌། །འང་གི་སྒྲས་ནི་རྒྱལ་རིགས་ལ་སོགས་པ་རྣམས་བསྡུའོ། །ཐུགས་རྗེས་དམ་ཆོས་སྟོན་པར་མཛད། །ཅེས་བྱ་བ་ནི་ཐུགས་རྗེ་ཁོ་ནས་ཞེས་བྱ་སྟེ། ཐུགས་རྗེ་ཁོ་ནས་དམ་ཆོས་སྟོན་གྱི་གྲགས་པ་དང་ཁེའི་ཕྱིར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར། ན་བའི་བུ་ལ་ཁྱད་པར་དུ། མ་ནི་གདུང་བ་སྐྱེ་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡང༌། །དམ་པ་མིན་ལ་ཁྱད་པར་བརྩེ། །ཞེས་བཤད་པ་ལྟ་བུའོ། །ལྗོན་ཤིང་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ། ལྗོན་ཤིང་ཡང་ཡིན་ལ་བཟང་པོ་ཡང་ཡིན་པས་ན་ལྗོན་ཤིང་བཟང་པོ་སྟེ། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཕུན་སུམ་


DTG01_Page_075
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་པ་གང་ཡིན་པའོ། །དེ་སྤངས་ཏེ་ཞེས་བྱ་བ་ནི་དོར་ནས་ཞེས་བྱ་བའི་དོན་ཏོ། །ངན་པ་ནི་ཤིང་ཨེ་རཎྜ་ལ་སོགས་པ་སྟེ་དེ་ལ་ནི་སུ་ཞིག་བསྟེན་ཞེས་བྱ་སྟེ། དཔྱོད་པ་དང་ལྡན་པ་སུ་ཞིག་ལེན་པར་བྱེད་དེ། མི་བྱེད་དོ། །དེ་ཉིད་དོན་ལ་སྦྱར་བ་ན། འདོད་ཆགས་བྲལ་བརྙེས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཉོན་མོངས་པ་མཐའ་དག་དང་བྲལ་བའི་ཆོས་ཐོབ་པ་ཉིད་གཟུང་ངོ༌། །དེ་གང་ལ་ཡོད་པའི་བདེ་བར་གཤེགས་པ་ཁྱོད་བཞུགས་བཞིན་དུ། མཁས་པ་སུ་ཞིག་ཉོན་མོངས་པའི་འདམ་དུ་བྱིང་བའི་སེར་སྐྱ་དང༌། གཟེགས་ཟན་ལ་སོགས་པའི་སྟོན་པ་གཞན་ལ་འདུད་ཅིང་ཕྱག་འཚལ་བར་བྱེད་དེ། མི་བྱེད་ཅེས་བྱ་བའི་དོན་ཏོ། །སེར་སྐྱ་ཡུལ་རྣམས་ལ་སྤྱད་བཞིན། །ཞེས་བྱ་བ་ལ། སེར་སྐྱ་ནི་གྲངས་ཅན་གྱི་སྟོན་པའོ། །ཡུལ་རྣམས་ལ་སྤྱད་པ་ནི་ཡུལ་གཟུགས་ལ་སོགས་པ་འདོད་པའི་བདེ་བ་ལ་ལོངས་སྤྱོད་བཞིན་དུ་ཡེ་ཤེས་ཏེ་ཡང་དག་པའི་དེ་ཁོ་ན་ཉིད་མཐོང་བར་འགྱུར་བའོ། །འདི་ཡང་གོང་དུ། སེར་སྐྱས་བདག་གི་མཚན་ཉིད་ནི། །ཞེས་བྱ་བའི་སྐབས་སུ་བཤད་པ་ལྟར་རོ། །མཆི་ཞེས་བྱ་བ་ནི་དེ་སྐད་གྲག་ཅེས་བྱ་བའི་དོན་ཏེ། མ་རངས་པའི་ཚིག་གོ །སྡིག་བྲལ་བ་ཞེས་བྱ་བ་ནི་བོད་པ་སྟེ། མི་དགེ་བ་ཐམས་ཅད་ཟད་པའི་བདེ་བར་གཤེགས་པ་ཁྱོད་ཀྱིས་སོ། །ཀུན་ནས་ཉོན་མོངས་ལ། ཐར་པ་ག་ལ་ཡོད་ཅེས་གསུངས་ཞེས་བྱ་བ་ནི། སེམས་གང་ལ་ཀུན་ནས་ཉོན་མོངས་པ་ཡོད་པར་ཞེས་འབྲུ་མང་པོ་པའི་བསྡུ་བར་སྦྱར་རོ། །ཐར་པ་ནི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་མྱ་ངན་ལས་འདས་པའོ། །ག་ལ་ཡོད་ཅེས་བྱ་བ་ནི་སྤོང་བའི་ཚིག་སྟེ། མེད་ཅེས་བྱ་བའི་དོན་ཏོ། །གསུངས་པ་ནི་བཀའ་སྩལ་པ་སྟེ། མདོ་སྡེ་དག་ལས་ཇི་སྐད་དུ། འདོད་པའི་ཡོན་ཏན་ལྔ་ལ་བརྟེན་ན་བར་དུ་གཅོད་པའི་ཆོས་སུ་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །བསོད་ནམས་བྱས་པའི་ཚོགས་དག་ནི། །ཞེས་བྱ་བ་ལ་སོགས་པ་ལ། བསོད་ནམས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་སོགས་པ་ཡིན་ལ། བྱས་པ་ནི་ལུས་དང༌། ངག་དང༌། ཡིད་ཀྱིས་མངོན་པར་འདུས་བྱས་པ་གང་ཡིན་པའོ། །ཚོགས་ནི་མང་དུ་བསྒྲུབས་པའོ། །དེ་དག་ནི་སེམས་ཅན་རྣམས་ལ་ཡོངས་སུ་བསྔོ་


DTG01_Page_076
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་ནི་ཇི་སྐད་དུ། དུས་གསུམ་དང་རྗེས་སུ་འབྲེལ་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་དེ་ལྟ་བུ་ནི་གཞན་སེར་སྐྱ་དང༌། གཟེགས་ཟན་ལ་སོགས་པའི་གཞུང་ལུགས་ཀྱི་བསྟན་བཅོས་རྣམས་ལས་ཆ་ཙམ་ཡང་མ་བཤད་དོ། །ལྷ་རྟེན་དང་ནི་མཆོད་སྦྱིན་ལ། །ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྟེན་ནི་དབང་ཕྱུག་དང༌། ཨུ་མ་ལ་སོགས་པའི་གཟུགས་བརྙན་ནོ། །མཆོད་སྦྱིན་ནི་མི་བསད་དང༌། རྟ་བསད་ལ་སོགས་པའི་མཆོད་སྦྱིན་ནོ། །ལ་ཞེས་བྱ་བ་ནི་བདུན་པའི་སྒྲ་སྟེ། གཉིས་ཀའི་མཐར་སྦྱར་ལ། དེ་ཡང་ལྷ་རྟེན་ལ་སེམས་ཅན་རྣམས་གསོད་པ་ཞེས་སྦྱར་ན། ཡུལ་གྱི་བདུན་པར་འགྱུར་ལ། མཆོད་སྦྱིན་ལ་སེམས་ཅན་གསོད་པ་ཞེས་སྦྱར་ན། དུས་ཀྱི་བདུན་པར་འགྱུར་རོ། །གསོད་པའི་ཚུལ་ཡང༌། རིག་བྱེད་ཀྱི་གཞུང་ལས། བར་གྱི་དུས་ལ་བབ་པ་ན། །བྱོལ་སོང་དྲུག་གམ་བདུན་སྦྱར་བྱ། །རྟ་ཡི་གཙང་མའི་རིགས་ཡིན་ཏེ། །མིན་ན་བྱོལ་སོང་གསུམ་གྱིས་སོ། །རེ་རེ་ལ་ཡང་གྲོང་གི་མི། །བྱོལ་སོང་བཅུ་དྲུག་བཅུ་དྲུག་སྦྱིན། །ཆོ་ག་བཞིན་དུ་མཆོད་སྡོང་གཟུགས། །བར་དུ་བཅུ་དང་བདུན་སྦྱིན་བྱ། །ཞེས་བྱ་བ་དང༌། བྲམ་ཟེ་ལ་ནི་བྲམ་ཟེ་བསད། །རྒྱལ་རིགས་ལ་ནི་རྒྱལ་རིགས་བསད། །མ་རུ་དག་ལ་རྗེ་རིགས་ཏེ། །དཀའ་ཐུབ་དག་ལ་དམངས་རིགས་སོ། །ཞེས་བྱ་བ་ལ་སོགས་པའི་གཞུང་འཇིག་རྟེན་པ་ཆོས་སུ་འདོད་པའོ། །ཁྱོད་ཀྱི་བསྟན་ལ་དེ་སྨད་ལགས། །ཞེས་བྱ་བ་ནི། བདེ་བར་གཤེགས་པ་ཁྱོད་ཀྱི་བསྟན་པ་ལ་དེ་དག་སྨད་པ་སྟེ། ཇི་སྐད་དུ། སྲོག་གཅོད་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་སེམས་ཅན་དམྱལ་བ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དེ་ལ་འདི་སྙམ་དུ། སྲོག་གཅོད་པ་སྤྱི་ཙམ་ཆོས་མ་ཡིན་མོད༑མཆོད་སྦྱིན་གྱི་དུས་སུ་རིག་བྱེད་ལས་འབྱུང་བའི་ཆོ་ག་ཕུན་སུམ་ཚོགས་པས་བསད་པ་ནི་ཆོས་ཡིན་ནོ་སྙམ་ན་མ་ཡིན་ཏེ། ཆོས་གང་ཞིག་སྲོག་ཆགས་ལ་རྟག་ཏུ་གནོད་པ་གང་ཡིན་པ་དེ་ནི་རིག་བྱེད་ལས་འབྱུང་ངམ། དྲང་སྲོང་གིས་བཤད་དམ། མཆོད་སྦྱིན་གྱི་དུས་སུའང་རུང་སྟེ། དེ་ལྟ་


DTG01_Page_077
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བུའི་ཚུལ་དེ་ལ་ཆོས་ཉིད་ག་ལ་ཡོད་དེ་མེད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ནི་ངན་སོང་དུ་ལྷུང་བ་ལས་འཛིན་པའམ། འཕོས་ནས་བདེ་བ་སྟེར་བར་བྱེད་པའི་དོན་གྱིས་ན་དྷརྨཱ་ཞེས་བྱ་བ་ཡིན་ལ། མི་བསད་ཀྱི་མཆོད་སྦྱིན་ལ་སོགས་པ་ནི་དེ་ལས་བཟློག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གཞན་ལ་གནོད་པ་ཡིན་པའི་ཕྱིར་ཏེ། དཔེར་ན་གདོལ་བའི་བྱ་བ་བཞིན་ནོ། །དེ་ལྟར་ཡང་དྲང་སྲོང་རྒྱས་པས་མཆོད་སྦྱིན་གྱི་བསྔགས་པ་བརྗོད་པ་ན། དེའི་བུ་ནེ་ཙོས་སྨྲས་པ། མཆོད་སྡོང་བཙུགས་ཏེ་ཕྱུགས་བསད་ནས། ཁྲག་གིས་འདམ་ནི་བྱས་གྱུར་པ། །དེས་ཀྱང་མཐོ་རིས་འགྱུར་ན་གོ །དམྱལ་བར་གང་གིས་འགྱུར་བ་གསུངས། །ཞེས་སྨྲས་པར་གྲག་གོ །དེའི་ཕྱིར་གཙོ་བོ་ཁྱོད་ཀྱིས་ནི་གཞན་ལ་གནོད་པ་ལྟ་ཞོག་གི། རང་ཉིད་ཀྱི་སྲོག་གིས་སེམས་ཅན་ལེགས་པར་བསྲུངས་ཏེ། གླང་པོ་ཆེའི་སྐྱེས་པའི་རབས་ལ་སོགས་པ་དཔེར་བརྗོད་པར་བྱའོ། །འོ་ན་མཆོད་སྦྱིན་གྱི་ཆོ་ག་ཆོས་སུ་མི་རུང་ན། ཕྱིན་ཅི་མ་ལོག་པའི་ཆོས་དེ་གང་ཡིན་པས་སྨྲོས་ཤིག་ཅེ་ན། སྨྲས་པ། ཤཱཀྱའི་རྒྱལ་རིགས་འཁྲུངས་ཁྱོད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྟེ། ཤཱཀྱ་ནི་ཁྱིམ་པའི་ཕྱོགས་ཀྱི་རིགས་རྣམས་ཀྱི་བླ་མ་སྨོས་པའོ། །དེ་ཡང་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བ་ནས་བརྩམས་ཏེ། རྒྱལ་རབས་ས་ཡ་ཕྲག་གཅིག་དང༌། ཁྲི་ཕྲག་གཅིག་དང༌། དགུ་སྟོང་དང༌། བཞི་བརྒྱ་དང༌། བརྒྱད་ཅུ་གྱ་དགུ་འདས་པ་ན། །གྲོང་ཁྱེར་གྲུ་འཛིན་ཞེས་བྱ་བར། །རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་ངོ༌། །དེ་ལ་བུ་ལྔ་སྟེ། སྐར་མདའ་གདོང༌། ལག་ན་གླང་པོ་ཆེ་འདུལ། རྐང་གདུབ་ཅན། རྒྱལ་སྲིད་དགའོ། །དེའི་ཚེ་བ་བཞིས་གྲོང་ཁྱེར་སེར་སྐྱ་བཟུང་ནས་ཤིན་ཏུ་ཕོད་པ་ཆེ་བས་ཤཱཀྱ་ཞེས་གྲགས་སོ། །དེའི་རྒྱུད་ཡིན་པས་ན་ཤཱཀྱའི་རྒྱལ་རིགས་སོ། །དེར་འཁྲུངས་པ་ནི་བསམས་བཞིན་དུ་སྐྱེ་བ་བཞེས་པའོ། །བདེན་པ་ནི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པའོ། །མི་སླུ་བ་ནི་ཞུགས་པ་ཡིད་ཆེས་པ་སྐྱེད་པའོ། །ཚངས་པར་སྤྱོད་པ་ནི་དབང་པོའི་སྒོ་བསྡམས་པའོ། །དུལ་བ་ནི་མཚན་མ་དང༌། རྣམ་པར་རྟོག་པ་ཞི་བའོ། །བརྩེར་ལྡན་ནི་ཕ་རོལ་ལ་ཕན་པར་སྦྱོར་བ་སྟེ། ཚུལ་དེ་ལྟ་བུ་ནི་ཁྱོད་ཀྱི་དམ་པའི་ཆོས་ལགས་པར་དགོངས་


DTG01_Page_078
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི༑ཉེ་བར་འཚེ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིག་བྱེད་མཐའ་ལ་འབྱམས་པས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ལ། རིག་བྱེད་མཐའ་དག་ལ་འབྱམས་པར་ཤེས་པ་ནི་རྒྱས་པ་ལ་སོགས་པ་སྟེ། དེ་དག་ཀྱང་གཡུལ་ངོ་སྟེ་འཐབ་སར་དགྲ་འོངས་ན་བསད་པར་སྨྲ་སྟེ། དེ་ཡང་གོང་དུ། ཁྲོས་པས་གཡུལ་ངོར་བསད་བྱས་ན། །ཞེས་གསུངས་པ་ལྟ་བུའོ། །བདེ་བར་གཤེགས་པ་ཁྱོད་ནི་དགྲ་ལའང་སྙིང་རྗེ་ཁོ་ན་བྱ་བར་གསུངས་ཏེ། བཟོད་པར་སྨྲ་བའི་སྐྱེས་པའི་རབས་དཔེར་སྦྱར་བར་བྱའོ།། །།གཞོན་ནུས་རང་གི་ཞང་ཕོ་ལ། །ཞེས་བྱ་བ་ལ་སོགས་པ་ལ། སྐེམ་བྱེད་ཀྱི་སྔོན་གྱི་གཏམ་རྒྱུད་ལས་འདི་ལྟར་ཐོས་ཏེ། རི་ཁ་བ་ཅན་ལ་ཉ་ཅན་དང༌། དུར་བ་ཞེས་བྱ་བའི་བུ་གཉིས་ཡོད་དེ། རི་བོ་དུར་བ་ནི་ཤིན་ཏུ་ཡང་ཉམས་དགའ་བ་ཡིན་པས། རི་རབ་ཀྱང་ཟིལ་གྱིས་མནན་ནས་ལྷག་པར་གནས་ཤིང༌། ཕྲག་དོག་ཅན་ཡིན་པས་གྲུབ་པ་གང་ལ་ཡང་སྐབས་མི་འབྱེད་དོ། །དེ་ནས་གྲུབ་པའི་ལྷ་རྣམས་ཀྱིས་བསམས་པ། ཁོ་བོ་ཅག་དེར་འདུག་ནས་འདོད་པའི་བདེ་བ་སྤྱོད་པར་ནམ་ཞིག་འགྱུར་སྙམ་ཞིང་འདོད་པ་དང་བཅས་པར་གྱུར་པ་དང༌། གཞོན་ནུ་རི་བོ་ཏི་སེན་བསྟོད་པ་བྱེད་ཅིང་འདུག་པའི་གན་དུ་སོང་སྟེ་གསོལ་བ་བཏབ་པ། ཅི་ནས་ཀྱང་རི་བོ་དུར་བར་བདག་ཅག་རྣམས་ཆུང་མ་དང་ལྷན་ཅིག་འདོད་པའི་བདེ་བ་སྤྱོད་པར་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་སྨྲས་པ་དང༌། གཞོན་ནུས་བསམས་པ། གཞན་གྱིས་གསོལ་བ་ངོར་བཟློག་པ། །སོག་འདོར་བས་ཀྱང་སྨད་བྱ་ཡིན། །དེ་བས་འདི་ཡི་ལས་ལ་ནི། །ད་ནི་ཀུན་ཏུ་བརྩོན་པར་བྱ། །སྙམ་ནས། དེ་སོང་སྟེ་བསྙེན་བཀུར་ཆེན་པོས་རི་བོ་དུར་པ་ལ་གསོལ་བ་བཏབ་པ། དུར་པ་ཁོ་བོའི་གསོལ་བ་བྱ་བ་གཅིག་ཅིག་ངེས་པར་སྤྱད་པར་གྱིས་ཤིག །དེས་སྨྲས་པ། ཅི་ཞིག །གཞོན་ནུས་སྨྲས་པ། གྲུབ་པ་རྣམས་ཀྱིས་སྐབས་རྙེད་པའི་ཕྱིར་རྗེས་སུ་བརྩེ་བར་གྱིས་ཤིག་ཅེས་སྨྲས་པ་དང༌། སྨྲས་མ་ཐག་ཏུ་ཁྲོ་བས་དྲེགས་པར་གྱུར་པའི་གདོང་གིས་ཁྲོ་གཉེར་བསྡུས་པའི་བཞིན་དང༌། ང་ནི་སུ་ལའང་གོ་སྐབས་མི་འབྱེད་དོ་ཞེས་སྨྲས་པ་དང༌། གཞོན་ནུས་འབད་པ་སྣ་ཚོགས་བྱས་ཀྱང་དོན་དེ་མ་གྲུབ་པས། དེའི་ཚེ་དེ་དང་ལྷན་ཅིག་འཐབ་པར་བརྩམས་སོ། །གཏམ་འདི་ལྷ་མོ་ཨུ་མས་ཐོས་པ་དང༌། བུ་ལ་གཙེས་པར་


DTG01_Page_079
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དོགས་པའི་སྡུག་བསྔལ་དང་ལྡན་པས་ལག་པ་འགྲམ་པ་ལ་གཏད་དེ་མྱ་ངན་གྱིས་གནས་པར་གྱུར་ཅིང༌། འདི་ལྟ་བུའི་རྣམ་པར་འཁྲུག་པ་བྱུང་བ་ལས་ནས་གསུམ་མཐའ་དག་འཁྲུག་པར་མི་འགྱུར་རམ་སྙམ་མོ། །ཏི་སེ་དང༌། ས་ཧྱ་དང༌། འབིགས་བྱེད་དང༌། མ་ལ་ཡ་ལ་སོགས་པའི་རི་བོ་རྣམས་ཀྱང་དེར་སོང་སྟེ་སྨྲས་ཀྱང༌། རྩོད་པ་དེ་ཞི་བར་བྱ་མ་ནུས་སོ། །དེ་ནས་གཞོན་ནུ་ཁྲོ་བོའི་གདོན་གྱིས་འཁྲུགས་ཤིང་ཁྲོས་པའི་སེམས་ཀྱིས་རྣམ་པར་མ་དཔྱད་པར་མདུང་འཕངས་པས་འདི་གཞིག་པར་ནུས་སོ་སྙམ་ནས། གཞོན་ནུ་ཁྲོས་པས་ཅི་ནས་ཀྱང་རི་བོ་དུར་པ་དུམ་བུ་གཉིས་སུ་གྱུར་པ་དེ་ལྟར་བསྣུན་ནོ། །དེ་ཡང་གཤོང་ཆེན་པོར་གྱུར་ནས་དེར་རིག་འཛིན་གྲུབ་པ་རྣམས་རང་གི་ཆུང་མ་རྣམས་དང་ལྷན་ཅིག་ཏུ་རང་དགར་འདོད་པའི་བདེ་བ་སྤྱད་པར་བྱས་སོ། །གཞོན་ནུ་ཞེས་བྱ་བ་ནི་ཀརྟི་ཀས་སོ། །རང་གི་ཞང་པོ་ཞེས་བྱ་བ་ནི་རི་བོ་དུར་པ་སྟེ། མའི་སྤུན་ཟླའོ། །དེ་ལ་གང་གིས་བསྣུན་ཞེ་ན། མདུང་གིས་ཞེས་བྱ་བ་སྨོས་ཏེ། མདུང་རྩེ་གཅིག་པས་སོ། །བསྣུན་ཞེས་བྱ་བ་ནི་དུམ་བུ་གཉིས་སུ་བྱས་པའོ། །བཀའ་མཆིད་གདའ་ཞེས་བྱ་བ་ནི་གཏམ་དུ་གྲགས་པ་ཐོས་པའོ། །དཔའ་ཆེན་ཞེས་བྱ་བ་ནི་བོད་པ་སྟེ། དཔའ་བ་ཆེན་པོ་དང་ལྡན་པས་ན་དཔའ་བོ་ཆེན་པོའོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སོ། །ཉོན་མོངས་པའི་དྲ་བ་ཞེས་བྱ་བ་ནི་མཐོང་བ་དང༌། བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་རྣམས་ཏེ། བག་ལ་ཉལ་གྱི་ཚོགས་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་ཚོགས་དེ་ཅི་ཞིག་ལྟར་མཛད་ཅེ་ན། དྲལ་ཞེས་བྱ་བ་སྨོས་ཏེ། རྣམ་པར་བཅོམ་ཞིང་བཤིག་ལ་སྤངས་པ་ཞེས་བྱ་བའི་དོན་ཏོ། །གང་གིས་དྲལ་ཞིང་ཟད་པར་མཛད་ཅེ་ན། ཤེས་རབ་མཚོན་གྱིས་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ཀྱི་མདུང་གིས་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། གློག་དང་འདྲ་བའི་སེམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཚོགས་རྣམས་བསད་དོ་ཞེས་གསུངས་པ་ཡིན་ནོ། །ཁྱབ་འཇུག་དག་གིས་རང་ཉིད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་ཀྱི་ཕོ་བྲང་གི་སླས་ཡིན་པས་ན་རང་ཉིད་ཀྱི་སླས་ཏེ། བཙུན་མོའི་འཁོར་གྱི་ཚོགས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་


DTG01_Page_080
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱབ་མི་ནུས་ཞེས་བྱ་བ་ནི་ཡོངས་སུ་བསྲུང་བར་མི་ནུས་པའི་དོན་ཏོ། །གང་གིས་མི་ནུས་ཤེ་ན། ཁྱབ་འཇུག་གིས་སོ། །འདིར་གཏམ་དུ་བྱ་བ་ནི། རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། །ཞེས་བྱ་བའི་སྐབས་སུ་བཤད་ཟིན་ཏོ། །གཙོ་བོ་ཁྱོད་ཀྱིས་ཞེས་བྱ་བ་ནི་བོད་པའོ། །སེམས་ཅན་ཀུན་ཞེས་བྱ་བ་ནི་ཁམས་གསུམ་པར་གཏོགས་པ་སྟེ། དེ་རྣམས་བསྐྱབ་པའི་དོན་དུ་ཞེས་བྱ་བ་ཕན་པར་མཛད་ཅིང་བསྐྱང་བ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་བརྩོན་ཞེས་བྱ་བ་ནི་དུས་རྟག་པར་རྒྱུན་དུ་བརྩོན་ཞིང་འབད་པར་མཛད་པ་སྟེ། དེ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་རྣམས་ལ། སུ་ནི་འཕེལ། སུ་ནི་འགྲིབ་ཅེས་གཟིགས་པར་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒན་པོས་སྦྱར་བའི་འཇིགས་ཤེས་ནས། །ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། རྒན་པོས་སྦྱར་བ་ཞེས་བྱ་བའི་ལྷ་མ་ཡིན་ཞིག་ཡོད་པ་དང༌། དེ་ཁྱད་པར་གྱི་དཀའ་ཐུབ་ལ་སྤྱད་པས་ཚངས་པ་ཆེན་པོ་ལས་འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པའི་མཆོག་བླངས་ནས་དེས་བསམས་པ། ཁྱབ་འཇུག་ནི་ཀུན་ལས་རྒྱལ་བར་འདོད་ཅེས་ཐོས་ཀྱིས། དེ་བས་ན་དེ་དང་པོར་བརླག་པར་བྱ་སྟེ། དེ་བརླག་ནས་གེགས་མེད་པར་ས་གསུམ་རྣམ་པར་གནོན་པར་བྱའོ་སྙམ་ནས། ཁྱབ་འཇུག་བསད་པའི་ཕྱིར་བརྩོན་པར་བྱེད་པ་དང༌། ཁྱབ་འཇུག་ནི་བཅོམ་བརླག་ན་འདུག་གོ་ཞེས་ཐོས་ནས་དེས་རིང་པོ་ཉིད་ནས་དབྱུག་པ་ཆེན་པོ་ཅིག་འཕངས་ཏེ། དེའི་རྗེས་ལ་བདག་ཉིད་ཆས་སོ། །དེ་ནས་དབྱིག་པ་འཕངས་པའི་སྒྲ་ཐོས་བས་དེ་འོང་བར་ཁྱབ་འཇུག་གིས་ཤེས་ནས་འཆི་བའི་འཇིགས་པས་བཅོམ་བརླག་བཏང་སྟེ། རྒྱ་མཚོའི་ནང་དུ་སྒོར་ལྡན་གྱི་གྲོང་ཁྱེར་ཡོད་པ་དེར་སོང་བར་གྱུར་ཏོ། །རྒན་པོས་སྦྱར་བའི་འཇིགས་པ་ཡིན་པས་རྒན་པོས་སྦྱར་བའི་འཇིགས་པའོ། །ཤེས་པ་ནི་རྟོགས་པའོ། །སུ་ཞིག་གིས་ཤེ་ན། ཁྱབ་འཇུག་གིས་སོ། །གང་གིས་བཏང་ཞེ་ན། བཅོམ་བརླག་བཏང་ཞེས་བྱ་བ་སྨོས་ཏེ། བཅོམ་བརླག་ཅེས་བྱ་བའི་གྲོང་ཁྱེར་བཏང་ཞིང་སྤངས་པར་གྱུར་པའོ། །ཐུབ་པ་ཁྱོད་ལ་བསྙེངས་བགྱིད་གང༌། །ཞེས་བྱ་བ་ལ། ཐུབ་པ་ཁྱོད་ཅེས་བྱ་བ་ནི་བོད་པའོ། །བསྙེངས་བགྱིད་གང་ཞེས་བྱ་བ་ནི་


DTG01_Page_081
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གང་ལས་བསྙེངས་ཤིང་འཇིགས་པ་བྱེད་པའོ། །སེམས་ཅན་དེ་ནི་འགའ་མ་མཆིས། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་དག་ན་འགྲོ་བ་དེ་ལྟ་བུ་འགའ་ཡང་མ་མཆིས་པའོ། །དེ་ཡང་འདིར་བ་ཀུ་ལའི་མདོ་དཔེར་བརྗོད་པར་བྱ་སྟེ། བ་ཀུ་ལ་དེ་བཞིན་གཤེགས་པ་འཇིགས་པར་བྱད་པ་དེ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བརྗོད་པ་ཡིན་ནོ། །ཁྱབ་འཇུག་གིས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཁྱབ་འཇུག་གིས་ནི་ཞེས་བྱ་བ་ནི་ཁྱབ་འཇུག་རྨོངས་པར་གྱུར་པས་ཞེས་བྱ་བའི་དོན་ཏེ། གལ་ཏེ་མ་འགགས་པ་ལ་སོགས་པས་དྲང་སྲོང་གནས་ངན་ལ་བསྙེན་བཀུར་མ་ཡིན་པ་མི་བྱེད་དེ། དེ་རྣམས་འདི་ལྟར་བརླག་པར་མི་འགྱུར་བའི་ཕྱིར་རོ། །གཉེན་འདུན་དག་ཅེས་བྱ་བ་ནི་ཁྱབ་འཇུག་གི་གཉེན་བིཥྞུ་རྣམས་ཏེ། དེ་རྣམས་བརླག་ཅིང་གཏུགས་པར་གྱུར་པའོ། །འདིར་གཏམ་དུ་བྱ་བ་ནི། རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། །ཅེས་བྱ་བའི་སྐབས་སུ་བྲིས་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཁྱེད་ཀྱིས་ནི། གཉེན་འདུན་ཐམས་ཅད་ནི་ཞེས་བྱ་བ་ཉེ་དུའི་ཚོགས་ཐམས་ཅད་དོ། །འཁོར་བ་ལས་ནི་ཞེས་བྱ་བ་ནི། སྲིད་པའི་བཙོན་ར་ལས་སོ། །རྣམ་པར་བཀྲོལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །འདིར་ཡབ་དང་སྲས་མཇལ་བར་བྲེ་བོ་ཟས་ལ་སོགས་པས་ཁྱད་པར་རྟོགས་པར་མཛད་པ་དང༌། ཡུམ་ལ་ཆོས་སྟོན་པའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་གནས་སུ་གཤེགས་པ་ལ་སོགས་པ་ཐམས་ཅད་སྦྱར་བར་བྱའོ།། །།མུ་སྟེགས་གཞན་གྱི་གཞུང་ལུགས་ལ་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་གཞན་གྱི་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་དུ་གྱུར་པའོ། །གཞུང་ལུགས་ལ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ལའོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་བཟླས་པ་སྟེ། ཇི་སྲིད་ཇི་སྲིད་དུ་ཞེས་བྱ་བའི་དོན་ཏོ། །རྣམ་བསམས་པ་ཞེས་བྱ་བ་ནི་རྣམ་པར་དཔྱང་པའོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་དེ་སྲིད་དེ་སྲིད་དུའོ། །མགོན་པོ་ཁྱོད་ལ་ཞེས་བྱ་བ་ནི་བོད་པའོ། །བདག་གི་སེམས་ནི་དད་པར་གྱུར། །ཅེས་བྱ་བ་ནི། དད་པ་དང་ལྡན་ཞིང་ཡིད་དང་པ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་


DTG01_Page_082
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་སྒྲ་ནི། སྔར་སྨྲས་པའི་ཉེས་པའི་རྣམ་པ་སྟོན་ཏེ། དེས་ཟིན་ཅིང་དབང་དུ་བྱས་ལ་དྲངས་པའི་སེམས་དང་ལྡན་པ་གང་ཡིན་པར་ནི་འདི་ལྟར་སེམས་པའོ། །ཐམས་ཅད་མཁྱེན་མིན་པའི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་སྟེ། སེར་སྐྱ་ལ་སོགས་པའོ། །དེས་བྱས་པའི་གྲུབ་པའི་མཐའ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའི་གྲུབ་པའི་མཐའ་ཞེས་བྱའོ། །དེའི་སྐྱོན་ཡིན་པས་ན་ཐམས་ཅད་མཁྱེན་པ་མ་ཡིན་པའི་གྲུབ་པའི་མཐའ་སྐྱོན་ནོ། །བསམ་བརླག་རྣམས་ཀྱི་ཞེས་བྱ་བ་ནི་བྱིས་པ་སྟེ། བློ་གྲོས་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ལ་བསམ་བརླག་ཅེས་བྱའོ། །སྐྱོན་མེད་པའི་སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་ཞེས་བྱ་བ་ལ། སྐྱོན་མེད་པ་ནི་ཉོན་མོངས་པའི་སྐྱོན་མ་ལུས་པ་བག་ཆགས་དང་བཅས་པ་སྤངས་པ་ཡིན་པས་སོ། །སྟོན་པ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ལ་སྟོན་པ་མཛད་པའོ། །ཁྱོད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །མི་མཐོང་ངོ་ཞེས་བྱ་བ་ནི་མ་རྟོགས་པའོ། །འཇིག་རྟེན་ལྷ་དང་བྲམ་ཟེ་དང༌། །ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་པའི་འཇིག་རྟེན་འདི་དག་ནི་འདི་སྐད་ཅེས་སྨྲ་སྟེ། ཤཱཀྱའི་བུ་འདི་ནི་ལྷ་དང་བྲམ་ཟེ་དང༌། རིག་བྱེད་ལ་སྡང་ངོ་ཞེས་སྨྲའི། རང་ཉིད་སྐྱོན་བྱེད་པ་ནི་དེ་ལྟ་ནའང་སེམས་པར་མི་བྱེད་ཅིང༌། རྟོགས་པར་མི་བྱེད་དོ། །དེ་ཡང་འདི་ལྟར་འཇིག་རྟེན་པ་རྣམས་མ་དད་པའི་དབང་གིས་གང་དག་དྲན་པའམ་རྣམ་པར་རྟོག་པ་དེ་ཐམས་ཅད་སྔོན་དང་ཕྱི་མའི་མཐའ་མི་རྟོག་པར་དེ་རྣམས་ཚིག་གིས་སྒྲོ་འདོགས་པར་བྱེད་ལ། ཤཱཀྱ་དེ་ཡང་སྔོན་དང་ཕྱི་མའི་མཐའ་མི་རྟོག་པར་དེ་རྣམས་ཚིག་གིས་སྒྲོ་འདོགས་པར་བྱེད་ལ། ཤཱཀྱ་དེ་ཡང་སྔོན་དང་ཕྱི་མའི་མཐའ་བལྟས་ཏེ། འབྲེལ་པ་མེད་ཅིང་སྙིང་པོ་མེད་པར་ཤེས་ནས་དེ་ལྟར་སྟོན་མོད་ཀྱི། དེ་ཉེས་པ་དང་བཅས་པར་གྱུར་པ་མ་ཡིན་གྱི། འཇིག་རྟེན་འདི་ལྟ་བུར་གྱུར་པ་ཉིད་སྐྱོན་དང་བཅས་པ་ཡིན་ནོ། །གཞན་ཡང་བདག་ཅག་ལྟ་བུའི་སྐྱེ་བོ་དག་ཅིའི་ཕྱིར་ཁྱེད་ཀྱི་བསྟན་པ་ལ་དགའ་བར་བྱེད་ཅེ་ན། གང་སླད་ཁྱེད་ཀྱི་བསྟན་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སླད་ཅེས་བྱ་བ་ནི་གང་གི་ཕྱིར་རོ། །ཁྱེད་ཀྱི་བསྟན་པ་ནི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་པོ། །


DTG01_Page_083
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བདེ་བ་ཞེས་བྱ་བ་ལ་ནི་ཐར་པའི་བདེ་བའམ། མཐོ་རིས་ལ་སོགས་པའི་བདེ་བའོ། །བདེ་ཉིད་ཅེས་བྱ་བ་ནི་རྗེས་སུ་མཐུན་པའི་ཐབས་ཀྱིས་ལམ་ཉིད་ཀྱིས་སོ། །ཐོབ་བགྱིད་པ་ཞེས་བྱ་བ་ནི་རྙེད་པར་བྱེད་པའོ། །དེ་སླད་ཅེས་བྱ་བ་ནི་དེའི་ཕྱིར་རོ། །སྨྲ་བའི་སེང་གེ་ཞེས་བྱ་བ་ནི་བོད་པ་སྟེ། སྨྲ་བའི་སེང་གེ་ཁྱེད་ཀྱིས་ཞེས་བྱ་བའི་དོན་ཏོ། །གཞུང་ལུགས་ཞེས་བྱ་བ་ནི་བསྟན་པ་སྟེ། དེ་ལ་དགའ་བའོ། །སུ་ཞིག་ཅེ་ན། འགྲོ་འདི་ཞེས་བྱ་བ་སྨོས་ཏེ། བདག་ཅག་ལྟ་བུའི་སེམས་ཅན་དག་གོ །དགའ་ཞིང་ཞེས་བྱ་བ་ནི་དང་ཞིང་མོས་པའོ། །བསྟོད་པ་ལས་བྱུང་བའི་བསོད་ནམས་བསྔོ་བར་བྱ་བའི་ཕྱིར། ཁྱེད་ཀྱི་ཡོན་ཏན་ཡང་དག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཀྱི་ཞེས་པ་ནི་དེ་བཞིན་གཤེགས་པའི་འོ། །ཡོན་ཏན་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་ལ་སོགས་པའོ། །ཡང་དག་པ་ཞེས་བྱ་བ་ནི་ངེས་པར་མངའ་བར་གྱུར་པའོ། །རྣམ་པ་འདི་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རྣམ་པས་ཞེས་བྱ་བའི་དོན་ཏོ། །བརྗོད་པས་ཞེས་བྱ་བ་ནི་སྨྲ་བས་སོ། །བདག་གིས་ཞེས་བྱ་བ་ནི་བསྟོད་པ་བྱེད་པ་པོའོ། །བསོད་ནམས་གང་ཞེས་བྱ་བ་ནི་ལེགས་པར་སྤྱོད་པ་གང་ཡིན་པའོ། །ཐོབ་པ་ཞེས་བྱ་བ་ནི་བྱུང་བའམ་རྙེད་པའོ། །འགྲོ་བའི་འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་དོ། །ཁྱོད་འདྲར་ཤོག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཁྱེད་དང་འདྲ་བར་ཤོག་ཅེས་བྱ་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། །།དེ་དང་དེ་ལས་རྣམ་བསགས་ཤིང༌། །དེ་བཞིན་ལས་ཀྱིས་ཉེར་མཛེས་པ། །རྒྱས་བཤད་སེམས་ཅན་ལ་བརྩེ་བས། །ཤེས་རབ་གོ་ཆས་འདི་བྱས་སོ། །དེ་རྣམས་དེ་འདྲའི་རིགས་ལྡན་དེ་ནི་ཤེས་ནས་སུ། །ཐུབ་པའི་ཡོན་ཏན་ཚོགས་ཀྱི་དེ་ཉིད་རྣམ་ངེས་པ། །ཉེས་པ་བདོ་བ་རྣམས་མང་ཡང་དག་སྤངས་ནས་ནི། །འཇིག་རྟེན་འདི་དག་བདེ་གཤེགས་ལ་གཞོལ་ཇི་ལྟར་འགྱུར། །བདག་གིས་དད་པ་སྔོན་འགྲོ་ལས་བྱས་བསོད་ནམས་གང༌། །ཟླ་བའི་འོད་ཟེར་ཟིལ་གནོན་ལེགས་པར་སྐྱེས་གྱུར་པ། །དེས་ནི་གཏི་མུག་རབ་རིབ་ཀྱིས་བསྒྲིབས་འཇིག་རྟེན་དག །བློ་ཡི་ནམ་མཁའ་


DTG01_Page_084
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་སྨན་དང་མྱུར་ལྡན་ཤོག །ཁྱད་པར་དུ་འཕགས་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་བསྟོད་པ། སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་རྒྱ་ཆེར་བཤད་པ། བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། བྷ་ག་ལའི་ཡུལ་གྱི་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛཱ་རན་ད་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཡིད་སྲུབ་ཟླ་བའི་གཙུག་དང་གོས་སེར་ཅན། །རིག་བྱེད་བྱེད་པོ་དགའ་བྱེད་གྲོག་མཁར་བ། །རྒྱས་པ་རྒྱལ་དཔོག་པ་དང་ས་ཡི་བུ། །ཐུབ་པ་རྐང་མིག་ཕུར་བུ་ལྷ་མིན་རྗེས། །སྐྱོབ་པ་ཉིན་མོར་བྱེད་པའི་རྒྱུད་འཁྲུངས་པ། །སྲིད་གསུམ་བླ་མ་ཤཱཀྱའི་རྒྱལ་པོ་དེའི། །རྣམ་པར་ཐར་ལ་བསྐྲུན་མིན་དེར་བསྟོད་པ། །དེ་ཡི་འགྲེལ་པ་དེ་འདིར་རྫོགས་པར་བྱས། །དགེ་བ་དེ་ཡིས་སྲིད་པའི་ལྗོངས་རྒྱུ་བས། །བདག་ཏུ་འཛིན་པའི་ཐིབས་པོར་འཁྱམས་གྱུར་པ། །མུ་སྟེགས་བྱེད་ཀྱི་མུན་པ་འཇོམས་བྱེད་པའི། །རྒྱལ་བ་ཉིན་མོར་བྱེད་པར་བདག་གྱུར་ཅིག །ཁྱད་པར་དུ་འཕགས་པར་བསྟོད་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས། བར་སྐབས་སུ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་འགྲེལ་པའི་རྒྱ་དཔེ་མ་རྙེད་ནས། དུས་ཕྱིས་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས་དཔལ་ས་སྐྱའི་དགོན་པར་སྦྱར་བ་རྫོགས་སོ།། །།


previousཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ། ཤེས་རབ་གོ་ཆ།next