Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དང་པོ།


   
   
   
   
   
   
   
   
དེ་ཁོ་ན་ཉིད་ལ་བསྟོད་པ།  དཔལ་གྱི་གོ་ཆ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
  expand section
  expand section
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་ཁོ་ན་ཉིད་ལ་བསྟོད་པ། དཔལ་གྱི་གོ་ཆ།next

དེ་ཁོ་ན་ཉིད་ལ་བསྟོད་པ།
དཔལ་གྱི་གོ་ཆ།


DTG01_Page_124
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏཏྟྭ་སྟ་བཾ། བོད་སྐད་དུ། དེ་ཁོ་ན་ཉིད་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐོགས་པ་ཀུན་ལས་རྣམ་གྲོལ་བ། །ཁ་དོག་བྲལ་ཞིང་མ་སྐྱེས་ཤིང༌། །རང་གི་ངོ་བོ་འཇིག་མེད་པའི། །སྐུ་མངའ་དེ་བཞིན་གཤེགས་ཕྱག་འཚལ། །ཉོན་མོངས་རགས་དང་ཕྲ་སྤངས་པ། །བདག་གིས་མི་མངའ་སྒྲིབ་པ་དག །དང་པོ་ཡོད་པས་སྟོང་པའི་ཕྱིར། །དོན་དམ་མཁའ་དཀྱིལ་འདྲ་ཕྱག་འཚལ་ལོ། །རྣམ་རྟོག་སྤྲུལ་ནི་སྤངས་པས་ན། །ཅི་དགྱེས་པར་ནི་མཛད་གྱུར་པ། །གཏེར་མཆོག་དེ་ཉིད་རྟག་གཟིགས་པ། །ངན་འགྲོའི་རྒུད་པ་སྤངས་ཕྱག་འཚལ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །ཉིད་ཀྱིས་དགྱེས་བདར་མ་བྱས་སྐུ། །འཁོར་དང་ཞི་བར་རོ་མཉམ་སྐུ། །རྣམ་རྟོག་དྲི་མ་མེད་ཕྱག་འཚལ། །ཡང་དག་དགོངས་པས་མནལ་མི་མངའ། །གཏི་མུག་བྲལ་ཞིང་སྤངས་པས་བཞུགས། །རྟག་ཏུ་དེ་ཉིད་མ་གསལ་བ། །རང་བཞིན་མཁས་པས་ཤར་ཕྱག་འཚལ། །བསམ་གཏན་ཚེས་གྲངས་ཡོངས་རྫོགས་པས། །མི་རྣམས་དགའ་བ་སྐྱེད་མཛད་པ། །རྣམ་གྲོལ་ཟླ་བ་ཡིད་འོང་བ། །ལྟ་ངན་རབ་རིབ་སེལ་ཕྱག་འཚལ། །དངོས་པོ་དངོས་མེད་གཉིས་འདས་ནས། །རྟོག་པའི་དྲི་མ་ལས་གྲོལ་བ། །རྩེན་དོར་མེད་ངེས་མཉམ་གནས། །


DTG01_Page_125
[མ་དཔེ་གཟིགས་ན་འདིར་གནོན།]

༄། །སྤྲོས་མི་མངའ་ལ་ཕྱག་འཚལ་ལོ། །དྲི་མེད་ཆུ་རླབས་བདེ་བའི་རྒྱུ། །མ་ལུས་སྲོག་ཆགས་འཚོ་མཛད་པ། །ཆེ་ཞིང་མཐའ་མེད་ཚད་དང་བྲལ། །དེ་ཉིད་རྒྱ་མཚོ་ཆེ་ཕྱག་འཚལ། །ལེགས་སྤྱད་དུ་མ་རྒྱས་ཐོབ་པ། །དཔེ་མེད་རོ་ཞིམ་ཡིད་ལ་འབབ། །རྒ་ཤིའི་འཇིགས་པ་མེད་མཛད་པ། །དེ་ཉིད་བདུད་རྩི་ལ་ཕྱག་འཚལ། །རང་གི་ཡིད་ལ་བརྟན་ལྡན་ཡང༌། །ཁྱབ་འཇུག་དབང་ཕྱུག་ཚངས་དབང་དང༌། །ལྷ་དང་དྲང་སྲོང་ཐབས་མེད་པ། །ཐབས་དེ་སྐད་ཅིག་བརྙེས་ཕྱག་འཚལ། །དྲི་མེད་རིན་ཐང་མཉམ་མེད་པ། །ངོ་བོས་འདོད་རྣམས་ཡོངས་རྫོགས་མཛད། །བསོད་ནམས་བསགས་པས་དམིགས་གྱུར་པ། །ཡིད་བཞིན་བྱང་ཆུབ་སེམས་ཕྱག་འཚལ། །སྲིད་པའི་འཁོར་བས་ཡོངས་དུབ་པའི། །མཆོག་ཏུ་ལྟ་བ་བདེ་བའི་གནས། །བྱང་ཆུབ་ཡན་ལག་མེ་ཏོག་ལྡན། །ཞི་བའི་དཔག་བསམ་ཤིང་ཕྱག་འཚལ། །ཤེས་བྱ་ཤེས་མེད་གཉིས་མེད་ཅིང༌། །ཕྲ་སྦོམ་དབྱེ་བ་རྣམས་ལས་གྲོལ། །སྣ་ཚོགས་དཔེ་ལས་འདས་གྱུར་པ། །ཚིག་གིས་བརྗོད་མི་ནུས་ཕྱག་འཚལ། །རྟག་ཏུ་རྒྱལ་ཞིང་བསྙེངས་མི་མངའ། །གཞན་སྟོབས་འཇོམས་བྱེད་མདུད་པ་མེད། །གཉིས་མེད་སྐུ་མངའ་བསམ་མི་ཁྱབ། །གཅིག་དཔའ་སྲིད་པ་འཇོམས་ཕྱག་འཚལ། །བྱེ་བྲག་མེད་པར་དབང་འགྱུར་ཞིང༌། །དངོས་ཚོགས་སྐད་ཅིག་ལ་བསྲེགས་པ། །ཤིན་ཏུ་དྲག་པའི་རང་བཞིན་གྱིས། །རབ་འབར་དེ་ཉིད་མེ་ཕྱག་འཚལ། །འདི་ལྟར་ཡང་དག་བསྟོད་ལས་དགེ་བ་གང་ཐོབ་པའི། །བསོད་ནམས་དེས་ནི་འགྲོ་བ་མ་ལུས་ཟད་འགྱུར་ཞིང༌། །སེམས་ཅན་རྣམས་ནི་སྡུག་བསྔལ་དག་དང་བྲལ་གྱུར་པ། །བདེ་བ་དང་ལྡན་སྒྲིབ་མེད་མྱ་ངན་འདས་ཐོབ་ཤོག །དེ་ཁོ་ན་ཉིད་ལ་བསྟོད་པ་ཤཱཀྱའི་དགེ་སློང་དཔལ་གྱི་གོ་ཆས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་བྷ་དྲ་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །


previousདེ་ཁོ་ན་ཉིད་ལ་བསྟོད་པ། དཔལ་གྱི་གོ་ཆ།next