Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
  collapse section
   
   
   
   
   
   
ལེའུ་དྲུག་པ་ཐུགས་ལ་བསྟོད་པ།
   
   
   
   
   
   
   
  expand section
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་དྲུག་པ་ཐུགས་ལ་བསྟོད་པ།next

ལེའུ་དྲུག་པ་ཐུགས་ལ་བསྟོད་པ།


DTG01_Page_223
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་པོར་ཁྱོད་ལ་ཕྱག་བགྱིའམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་


DTG01_Page_224
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེ་ལ་བགྱི། །དབེན་པའི་བདེ་བ་སྤང་གྱུར་ཁྱོད། །མང་པོའི་ནང་དུ་བཞུགས་པ་གང༌། །དེ་ཁྱོད་ཐུགས་རྗེས་དུས་འདས་པ། །གླགས་ཤིག་ཐོད་ནས་བགྱིས་པར་བས། །རིག་པ་ཡིས་ནི་མཚོ་ནང་ནས། །ཀླུ་བཞིན་ཁྱོད་ཀྱི་ཐུགས་རྗེ་ཡིས། །དགོན་པ་ཞི་གནས་གྲོང་གི་མཐར། །གདུལ་བའི་དོན་གྱི་སླད་དུ་དྲངས། །ཉེར་ཞི་མཆོག་ལ་གནས་བཞིན་དུ། །ཐུགས་རྗེ་གཙོ་དང་ལྡན་པས་ན། །རོལ་མོ་མཁན་གྱི་སྒྱུ་རྩལ་ཡང༌། །ཁྱོད་ཀྱི་ཞབས་ཀྱི་འདོར་བར་མཛད། །རྫུ་འཕྲུལ་སེང་གེའི་སྒྲ་དང་ནི། །ཉིད་ཀྱིས་ཡོན་ཏན་བརྗོད་པ་གང༌། །དེ་ནི་བཞེད་སྤྱོད་མི་མངའ་བ། །ཁྱོད་ཀྱི་ཐུགས་རྗེས་བསྟན་པ་ལགས། །གཞན་གྱི་དོན་དུ་རབ་བཟང་གི། །ཉིད་ཀྱི་དོན་ལ་བརྩེ་མེད་པས། །མགོན་པོ་ཁྱོད་ཉིད་འབའ་ཞིག་ལ། །ཐུགས་རྗེས་ཐུགས་རྗེ་མཛད་མ་གྱུར། །འདི་ལྟར་རེས་འགའ་བརྟན་པས་གང༌། །གཞན་དོན་བསྒྲུབས་མཛད་སླད་དུ། །ཁྱོད་ནི་ལན་བརྒྱར་ཕྱོགས་དག་ཏུ། །གཏོར་མ་བཞིན་དུ་བཏང་བ་ལགས། །དེ་ལྟར་ཁྱོད་ལ་གནོད་མཛད་ཀྱང༌། །ནོངས་པ་ཅན་དུ་མི་རྩི་བས། །ཁྱོད་ཀྱི་བཞེད་པ་ཁོ་ན་དང༌། །མཐུན་འཇུག་པ་ནི་ལགས་པར་གདའ། །ཐུགས་ལ་བསྟོད་པ་སྟེ་ལེའུ་དྲུག་པའོ།། །།


previousལེའུ་དྲུག་པ་ཐུགས་ལ་བསྟོད་པ།next