Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
  expand section
  expand section
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ།  ཤྲཱི་ཧ་རི་ཤ་དེ་བ།
   
   
   
   
   
   
   
   
   
   
   
   


 
previousགནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ། ཤྲཱི་ཧ་རི་ཤ་དེ་བ།next

གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ།
ཤྲཱི་ཧ་རི་ཤ་དེ་བ།


DTG01_Page_480
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ་ན་ཙཻ་ཏ་བན་ད་ནཱ་མ་སྟ་བཿ། བོད་སྐད་དུ། །གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བལྟམས་དང་བྱང་ཆུབ་མཉམ་མེད་ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར། །མཆོད་རྟེན་ཐོག་མར་འཇིག་རྟེན་གསུམ་མཆོད་དང་ལྡན་ཆོ་འཕྲུལ་ཆེན་པོ་དང༌། །གང་རིའི་ཁ་དོག་ལྟར་གསལ་ལྷ་ལས་བབས་པའི་གནས་འདི་དང༌། །གང་དུ་བདེ་གཤེགས་མྱ་ངན་འདས་པ་དེ་ལ་སྤྱི་བོས་བདག་ཕྱག་འཚལ། །ཡངས་ཅན་ཝཱ་རཱ་ཎ་སཱི་བྱིས་པ་གསོད་རི་འཇིགས་རུངས་བཅིངས་འགྲམ་དང༌། །མཉན་ཡོད་དང་ནི་བྱང་ཆུབ་ཤིང་


DTG01_Page_481
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ཀུ་ཤའི་སྲོང་མཆོག་སེར་སྐྱ་ལུམྦི་ནཱི། །ཀཽ་ཤམྦི་དང་མཛོད་མཐུག་མཉམ་པའི་གྲོང་མཆོག་དཔའ་སྐྱོང་ཡུལ་འཁོར་དང༌། །སྟོབས་བཅུ་ལྡན་པའི་མཆོད་རྟེན་གཞན་གང་ཡིན་པ་དེ་ལའང་སྤྱིས་ཕྱག་འཚལ། །ཁ་ཆེ་དང་ནི་རྒྱ་ཡུལ་ཁབ་ཡ་མུན་ཞེས་པ་དང༌། །སིངྒ་ལ་དང་ཨོ་ཊེ་སིནྡྷུ་ཤིང་འཕལ་བ་ག་མང་བ་ཁ་ཀོ་ལ། །བལ་ཡུལ་ཀཱ་མ་རཱུ་དང་བུམ་པའི་ཀློང་མཆོག་ཀཱཉྩི་བཟང་པོའི་ཡུལ། །སྟོབས་བཅུ་ལྡན་པའི་གདུང་བཅས་གཞན་གང་ཡིན་པ་དེ་ལའང་སྤྱིས་ཕྱག་འཚལ། །ཏི་སེ་གངས་རི་གངས་ཅན་ལ་གནས་མནྡཱ་ར་དང་རི་རབ་རྩེ། །ཀླུ་གནས་རྣམ་རྒྱལ་ནོད་སྦྱིན་གནས་དང་རིག་འཛིན་གྲུབ་པའི་གནས། །ཚངས་དང་ཁྱབ་འཇུག་གནས་དང་ཕྱུགས་བདག་ཉི་མ་ཟླ་བའི་གནས། །སྟོབས་བཅུ་ལྡན་པའི་མཆོད་རྟེན་གཞན་གང་ཡིན་པ་དེ་ལའང་སྤྱིས་ཕྱག་འཚལ། །སྟོབས་བཅུ་ལས་བྱུང་རིན་ཆེན་སྙིང་ཅན་མཆོད་རྟེན་བརྒྱད་པོ་གདུང་བཅས་བུམ་ལས་གྲུ་བ། །སོལ་བ་དེ་བཞིན་རིན་ཆེན་མཆོད་རྟེན་གངས་དང་དངུལ་འདྲ་རབ་མཛེས་པ། །ས་འོག་ས་སྟེངས་ལྷ་ཡུལ་རྩེར་བཞུགས་མཆོད་རྟེན་ཇི་སྙེད་མ་ལུས་དང༌། །སངས་རྒྱས་སྐུ་གཟུགས་གང་བཞུགས་དེ་ལ་ཉིན་རེ་བཞིན་དུ་སྤྱི་བོས་ཕྱག་བྱའོ། །གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་ཡུམ་གྱི་ཆེད་དུ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རཱ་ཛ་ཤྲཱི་ཛྙཱ་ན་མི་ཏྲ་དང༌། ལོ་ཙཱ་བ་ཁེའུ་བརྒད་ཡོན་ཏན་དཔལ་གྱིས་བསྒྱུར་བའོ།། །།


previousགནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ། ཤྲཱི་ཧ་རི་ཤ་དེ་བ།next