Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གཉིས་པ།


  collapse section
   
   
   
   
   
   
   
   
ཡོངས་སུ་བཅད་པ་བརྒྱད་པ།
   
   
  expand section
  expand section
  expand section


 
previousཡོངས་སུ་བཅད་པ་བརྒྱད་པ།next

ཡོངས་སུ་བཅད་པ་བརྒྱད་པ།


DTG002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཆགས་བཅས་མཆོག་ཏུ་ཞི་བའི་གཟུགས། །གང་འདྲར་རྒྱལ་དབང་གང་གིས་བསྒོམས་གྱུར་པ། །དེ་འདྲར་དེ་ཡིས་རང་གི་སེམས་མཐོང་སྟེ། །གཟུགས་དེ་ཐམས་ཅད་སྨོན་པའི་སེམས་ཡིན་ནོ། །འཇུག་པའི་སེམས་ཀྱང་སེམས་གཅིག་དེ་ཡིན་ཏེ། །ཐུགས་མིན་ཐུགས་ནི་རྣམ་ཐར་གསུམ་དག་པ། །དུས་གསུམ་སོན་པ་ཀུན་ནས་རིག་པ་པོ། །རྡོ་རྗེ་སེམས་དཔའ་དེ་ལ་མགོས་བཏུད་ནས། །རྩ་བའི་རྒྱུད་ལས་རྟོགས་པ་ཡི། །ལྷ་ཡི་ལེའུར་འགྲེལ་པ་ནི། །སེམས་ཅན་རྣམས་ཀྱིས་ལམ་ཐོབ་ཆེད། །རྡོ་རྗེ་སྙིང་པོས་བྲི་བར་བྱ། །བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ། སེམས་ཅན་ཆོས་ལ་དམིགས་པའོ། །གཉིས་པ་དམིགས་པ་མེད་པ་ནི། །རྫོགས་པའི་རིམ་པ་སྒྲུབ་བྱེད་པའོ། །འདིར་ཉུང་དུའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་འདི་ལས་ལྷའི་ལེའུ་བཤད་པར་བྱའོ། །དང་པོ་བྱམས་པ་བསྒོམ་པར་བྱ། །ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱིས་དང་པོའི་ཚིག་རྣམས་རྩ་པའི་རྒྱུད་ལ་འཇུག་


DTG002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། བར་གྱི་ཚིག་རྣམས་དང༌། མཐའི་ཚིག་རྣམས་ཀྱང་ངོ་ཞེས་པའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་སྔགས་དང་ཕྱག་རྒྱ་ཡི། །རྣམ་དབྱེས་རྣལ་འབྱོར་བདག་ཉིད་འགྲུབ། །ལྷ་ཡི་སྒྲུབ་ཐབས་ཆོ་ག་ནི། །རྡོ་རྗེ་སྙིང་པོས་བཤད་པར་བྱ། །ཐོ་རངས་དུས་སུ་སྔགས་པ་ཡིས། །བཤང་གཅི་དག་ནི་དོར་བ་དང༌། །གཙང་སྦྲ་ལ་སོགས་བྱས་རྗེས་སུ། །འཇམ་པའི་སྟན་ལ་ཉེར་འདུག་ནས། །རྫས་བཅུའི་རང་བཞིན་རིལ་བུ་ནི། །བྱས་ནས་རང་གི་ཁ་རུ་གཞུག །བདུད་རྩི་ལྔ་བཅས་པ་བྱུང་གིས། །མདུན་དུ་མཎྜལ་བྱས་ནས་ནི། །དྲི་དང་མེ་ཏོག་ལ་སོགས་པ། །གཽ་རཱི་སོགས་ལ་རིམ་བཞིན་དབུལ། །དབང་དཀར་གཤིན་རྗེར་ཆོམ་རྐུན་མ། །ཆུ་བདག་ཕྱོགས་སུ་རོ་ལངས་མ། །ནོར་སྦྱིན་ལྷ་མོ་མཁའ་འགྲོ་མ། །འོག་ཏུ་ས་སྤྱོད་མ་གནས་སོ། །སྟེང་དུ་མཁའ་སྤྱོད་མ་རུ་བཤད། །དེ་ལ་རིམ་བཞིན་མཆོད་པར་བྱ། །དབང་ལྡན་ལྷ་མོ་པུ་ཀྐ་སཱི། །མེར་ནི་དེ་བཞིན་རི་ཁྲོད་མ། །སྲིན་པོའི་མཚམས་སུ་གཏུམ་མོ་སྟེ། །རླུང་དུ་གཡུང་མོ་རིམ་པ་ལས། །འཁོར་ལོའི་དབུས་སུ་ཀྱེའི་རྡོ་རྗེ། །བདག་མེད་མ་དང་ལྷན་ཅིག་མཆོད། །དེ་སླར་སེམས་ཅན་ཐམས་ཅད་ལ། །བྱམས་དང་སྙིང་རྗེ་སོགས་དྲན་བྱ། །དེ་རྣམས་མཆོད་ནས་དེ་ནས་ནི། །དེ་ཡི་ས་བོན་རང་ལུས་དགོད། །མིང་ཐོག་ཡི་གེའི་ས་བོན་ནི། །ཨ་ཡིག་བཅས་ཤིང་ཐིག་ལེར་བཅས། །གཽ་རཱི་གཟུགས་ཀྱི་ཁམས་ལ་སོན། །སྒྲ་ཡི་ཁམས་ལ་ཆོམ་རྐུན་མ། །དྲི་ཡི་ཁམས་ལ་རོ་ལངས་མ། །རོ་ཡི་ཁམས་ལ་གྷ་སྨ་རཱི། །རེག་བྱའི་ཁམས་ལས་སྤྱོད་མ། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མ། །མིག་ལ་ལྷ་མོ་པུ་ཀྐ་སཱི། །རྣ་བ་དག་ལ་རི་ཁྲོད་འདོད། །སྣ་ལ་ལྷ་མོ་གཏུམ་མོའོ། །ལྕེ་ལ་གཡུང་མོར་འདོད་པ་ཡིན། །ལུས་ཀྱི་དབང་པོ་ཀྱེའི་རྡོ་རྗེ། །བདག་མེད་མ་ནི་ཡིད་ལ་གནས། །ཞེས་པ་རྩ་བའི་རྒྱུད་དུ་དང་པོ་ཡན་ལག་དགོད་པའོ། །གཾ་ཙཾ་བཾ་གྷཾ་བྷཾ་ཁཾ་བཾ་ཤཾ་ཙཾ་ཌཾ་ཧཾ་ནཾ་ཞེས་པའི་ས་བོན་རྣམས་བཤད་པའི་ཁམས་རྣམས་ལ་དགོད་པར་བྱའོ། །དེ་ནས་གནས་བསྲུང་བ་བསམ་པར་བྱའོ་ཞེས་པ་འདི་ལྟ་སྟེ། རེ་ཕས་ཉི་མ་བདུན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱི་ནི་ར་བ་དང༌། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པར་བྱ། །ཞེས་


DTG002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདི་ཉིད་ལ་རྩ་བའི་རྒྱུད་དུ། དང་པོ་རེ་ཞིག་སྲུང་བའི་འཁོར་ལོ་གདུག་པ་ཅན་ཟློག་པར་བྱེད་པ་དང༌། བགེགས་དང་ལོག་པར་འདྲེན་པ་རྣམས་ཕུར་བུས་འདེབས་པ་སྔགས་པས་ཁྲོ་བོའི་རྒྱལ་པོའི་སྐུ་ཡིས་བྱ་སྟེ། ཕྱི་ནས་འདོད་པའི་ལྷ་བསྒྲུབ་པར་བྱའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱེའི་རྡོ་རྗེའི་རྒྱུད་འདི་ནི་རྣལ་འབྱོར་གྱི་རྒྱུད་དེ་ཕྱི་ནས་བདག་མེད་མའི་སྒྲུབ་ཐབས་ཀྱི་ངོ་བོར་རྣལ་འབྱོར་མའི་ཀུན་དུ་སྤྱོད་པས་རྣལ་འབྱོར་མའི་རྒྱུད་བཤད་པར་བྱའོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཀྱི་ཚོགས་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོའི་དབང་པོ་རྣམས་སྲུང་བའི་འཁོར་ལོ་ལ་བསྒོམ་པར་བྱའོ། །འཁོར་ལོའི་གཙོ་བོ་ནི་རྡོ་རྗེ་ཧཱུཾ་མཛད་དེ། དེ་ཡང་ཀྱེའི་རྡོ་རྗེ་ཕྱག་དྲུག་པའོ། །དེས་ན་དང་པོར་དེ་བས་ཉི་མའི་དཀྱིལ་འཁོར་མདུན་དུ་བསམས་ནས་དེའི་དབུས་སུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གདོང་བཞི་པའོ། །སྣ་ཚོགས་རྡོ་རྗེ་དེ་ཉིད་དང༌། །ཉི་མ་གཅིག་ཏུ་འདྲེས་པར་གྱུར་པས་ཕྱོགས་ཐམས་ཅད་དང་སྟེང་དང་འོག་ཏུ་རྡོ་རྗེ་ར་བ་དང༌། རྡོ་རྗེ་གུར་དང༌། རྡོ་རྗེ་གཞི་བདུད་རྣམས་ཐམས་ཅད་ཀྱིས་མི་ཕྱེད་པ་དང༌། ར་བའི་ཕྱི་རོལ་དང་འོག་དང་སྟེང་དུ་མཚོན་ཆ་སྣ་ཚོགས་འཇིགས་སུ་རུང་བ་རྣམས་སྔགས་པས་བསྒོམ་པར་བྱའོ་ཞེས་པའོ། །དེ་ལས་གཞན་ནི་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གདན། །རིམ་པ་བཞིན་དུ་རབ་བཤད་བྱ། །ཞལ་དང་སྐུ་མདོག་ཕྱག་དང་མཚོན། །གཡོན་བརྐྱང་སྟབས་ཀྱིས་ཞབས་རྣམས་ཀྱང༌། །རྡོ་རྗེ་གུར་གྱི་དབུས་སུ་ནི། །བྷྲཱུཾ་ཡིག་ཡོངས་སུ་གྱུར་པ་ཡིས། །འཁོར་ལོ་རྩིབས་བརྒྱད་དེ་ལས་བྱུང༌། །གུར་གྱི་འོག་དང་སྟེང་དུ་ནི། །རྩིབས་ནི་གཉིས་པོ་ཡང་བྱའོ། །རེ་བ་བཅུ་གཅིག་པོ་རྣམས་ཀྱིས། །ཉི་མའི་དཀྱིལ་འཁོར་རིམ་ཇི་བཞིན། །ཉི་མའི་རྐང་པ་བཅུ་གཅིག་རྣམས། །ཉི་མ་དེ་རྣམས་ཁོ་ནའོ། །དེར་ནི་ཉི་མའི་དཀྱིལ་འཁོར་རྣམས། སོ་སོ་ལ་ནི་ཧཱུཾ་ཡིག་དགོད། ཧཱུཾ་ཡིག་ལས་བྱུང་ཉི་མར་གནས། །ཁྲོ་བོའི་རྒྱལ་པོ་རྣམས་བསྒོམ་བྱ། །དབུས་ཀྱི་ཉི་མའི་གདན་ལ་ནི། །རྡོ་རྗེ་ཧཱུཾ་མཛད་འདྲེན་པ་བསམ། །སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། །གཡོན་བརྐྱང་སྟབས་ཀྱི་ཞབས་ཀྱིས་བཞུགས། །རྩ་བའི་ཞལ་ནི་སྔོན་པོ་སྟེ། །མཆེ་བ་གཙིགས་ཤིང་དྲག་འཇིགས་ཤིང༌། །


DTG002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང་གཡས་པ་དཀར་དང་དམར། །ཇི་ལྟར་རྩ་གསུམ་གནས་པ་བཞིན། །རྡོ་རྗེ་གྲི་གུག་རྩེ་གསུམ་པ། །གཡས་པའི་ཕྱག་ན་རིམ་པ་བཞིན། །རྡོ་རྗེ་དྲིལ་བུ་ཐོད་པ་དང༌། །ཁ་ཊྭཱཾ་ག་ཡང་གཡོན་པ་ན། །སྣ་ཚོགས་རྡོ་རྗེ་རལ་པ་ཅན། །མི་བསྐྱོད་པ་དང་ཟླ་ཕྱེད་ཅན། །ཕྲག་པར་མགོ་ཡི་ཕྲེང་བ་ནས། །དབུ་ཉིད་ལ་ནི་ཐོད་པ་ཅན། །རུས་པའི་ཕྱག་རྒྱ་ལྔ་རྣམས་ལྡན། །སྟག་གི་པགས་པས་རྐེད་ལ་དཀྲིས། །སྤྱན་དགུ་པ་སྟེ་ལྗགས་འགྱུར་ཞིང༌། །སྤྲུལ་གྱི་རྒྱན་གྱིས་བརྒྱན་བྱས་པ། །རྡོ་རྗེ་ཧཱུཾ་མཛད་འདི་ལྟ་བུ། །འདྲེན་པ་དེ་ཕྱིར་བསྒོམ་པར་བྱ། །ཧཱུཾ་ཡིག་ནག་པོ་ལས་བྱུང་བ། །ཤར་གྱི་ཉི་མར་གཞག་པར་བྱ། །གཤིན་རྗེ་མཐར་བྱེད་ནག་ཅིང་དྲག །གཡོན་བརྐྱང་གར་སྟབས་ཀྱིས་གནས་པ། །ནག་དང་དཀར་དང་དམར་བའི་ཞལ། །གསུས་པ་ཆེན་པོ་སྤྱན་གསུམ་པ། །ཕྱག་རྒྱ་ལྔ་དང་ཐོད་པའི་ཕྲེང༌། །རྐེད་པ་སྟག་གི་པགས་པ་ཅན། །ཀླུ་དབང་སྣ་ཚོགས་རྡོ་རྗེས་མཚན། །ཀུན་ལ་ཅོད་པན་ལ་ནི་རིགས། །དེ་རྣམས་མདོག་མཚོན་ཐ་དད་པ། །དེ་བཞིན་དུ་ནི་ཞབས་རྣམས་བཞི། །དབྱུག་པ་འཁོར་ལོ་རྡོ་རྗེ་ནི། །གཡས་པའི་ཕྱག་ན་རིམ་ཇི་བཞིན། །ཐུགས་ཀར་སྡིགས་མཛུབ་ཞགས་པ་དང༌། །དྲིལ་བུ་དགྲ་སྟ་གཡོན་པ་ན། །སྤྱི་བོར་སངས་རྒྱས་རྣམ་སྣང་མཛད། །གཞན་པ་རྡོ་རྗེ་ཅོད་པན་ཡང༌། །ཧཱུཾ་ཡིག་དཀར་པོ་ལས་བྱུང་བ། །དཀར་དང་གནག་དང་དམར་བའི་ཞལ། །ཤེས་རབ་མཐར་བྱེད་ལྷོར་ཉི་མ། །དགོད་དེ་རིན་ཆེན་ཅོད་པན་ཅན། །རྡོ་རྗེ་འཁོར་ལོ་དབྱུག་པ་ནི། །ཕྱག་གཡས་རྣམས་སུ་བསྒོམ་པར་བྱ། །གཡོན་པ་སྙིང་གར་སྡིགས་མཛུབ་ཞགས། །དྲིལ་བུ་དང་ནི་དགྲ་སྟའོ། །ཧཱུཾ་ཡིག་དམར་པོ་ལས་རྫོགས་པ། །དམར་དང་སྔོ་དང་དམར་བའི་ཞལ། །ནུབ་ཏུ་ཉི་མར་པད་མཐར་བྱེད། །དགོད་དེ་དཔག་མེད་ཅོད་པན་ཅན། །གཏུན་ཤིང་རྡོ་རྗེ་རལ་གྲི་དག །ཕྱག་གཡས་རྣམས་སུ་འཛིན་པར་བྱེད། །ཐུགས་ཀར་སྡིགས་མཛུབ་ཞགས་པ་དང༌། །དྲིལ་བུ་དགྲ་སྟའང་གཡོན་པ་ན། །ཧཱུཾ་ཡིག་སྔོན་པོ་ལས་རྫོགས་པ། །དོན་ཡོད་གྲུབ་པའི་ཅོད་པན་ཅན། །ཞལ་ནི་སྔོ་དང་དམར་དང་དཀར། །མཆེ་བ་གཙིགས་ཤིང་རྣམ་འཁོར་ཞལ། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང༌། །དེ་བཞིན་གཏུན་ཤིང་གཡས་པ་ན། །དྲིལ་བུ་སྡིགས་


DTG002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་ཞགས་པ་དང༌། །དགྲ་སྟ་ཡང་ནི་གཡོན་པ་ན། །བགེགས་མཐར་བྱེད་པ་ཉི་མར་དགོད། །བྱང་དུ་བདུད་རྩི་འཁྱིལ་པའོ། །ཧཱུཾ་ཡིག་སྔོན་པོ་ལས་རྫོགས་པ། །མིག་གཡོ་མེར་ནི་ཉི་མར་དགོད། །ཞལ་ནི་སྔོ་དང་དམར་དང་དཀར། །དཔལ་ལྡན་རྣམ་སྣང་ཅོད་པན་ཅན། །རལ་གྲི་རྡོ་རྗེ་དེ་བཞིན་དུ། །འཁོར་ལོ་གཡས་པའི་ཕྱག་ན་བསྣམས། །ཐུགས་ཀར་སྡིགས་མཛུབ་ཞགས་པ་དང༌། །དྲིལ་བུ་དགྲ་སྟ་གཡོན་ནའོ། །ཧཱུཾ་ཡིག་སྔོན་པོ་ལས་གྲུབ་པ། །སྔོ་དང་དམར་དང་དཀར་ཞལ་ཅན། །ཊ་ཀྐི་རྒྱལ་པོ་བདེན་བྲལ་དུ། །རིན་ཆེན་འབྱུང་ལྡན་ཅོད་པན་ཅན། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ནི། །ཕྱག་གཉིས་ཀྱིས་ནི་འཛིན་པ་སྟེ། །གཡས་ན་རྡོ་རྗེ་རལ་གྲི་དང༌། །གཡོན་ན་སྡིགས་མཛུབ་ལྕགས་ཀྱུའོ། །ཧཱུཾ་ཡིག་སྔོན་པོ་ལས་རྫོགས་པ། འོད་དཔག་མེད་པའི་དབུ་རྒྱན་ཅན། །རླུང་དུ་ཉི་མའི་དཀྱིལ་འཁོར་ལ། །དབྱུག་པ་སྔོན་པོ་སྔགས་པས་དགོད། །རྩ་བ་གཡས་དང་ཅིག་ཤོས་ཞལ། །དྲག་ཅིང་སྔོ་དང་དམར་དང་དཀར། །དབྱུག་པ་འཁོར་ལོ་དེ་བཞིན་དུ། །རལ་གྲི་རིམ་བཞིན་ཕྱག་གཡས་ན། །གཡོན་པར་སྡིགས་མཛུབ་ཞགས་པ་དང༌། །པདྨ་དགྲ་སྟ་ཉིད་ཀྱང་ངོ༌། །ཧཱུཾ་ཡིག་སྔོན་པོ་ལས་གྲུབ་པ། །དོན་ཡོད་གྲུབ་པའི་ཅོད་པན་ཅན། །སྟོབས་པོ་ཆེ་ནི་མདོག་སྔོ་བ། །སྔགས་པས་དབང་ལྡན་ཉི་མར་དགོད། །གནག་དང་དམར་དང་དཀར་བའི་ཞལ། །གསུས་པ་ཆེ་ཞིང་འཇིགས་སུ་རུང༌། །དབྱུག་པ་རལ་གྲི་དེ་བཞིན་དུ། །འཁོར་ལོ་རིན་ཆེན་ཕྱག་གཡས་ན། །ཐུགས་ཀར་སྡིགས་མཛུབ་ཞགས་པ་དང༌། །རྩེ་གསུམ་དགྲ་སྟ་གཡོན་པ་ན། །ཧཱུཾ་ཡིག་ལྗང་གུ་ལས་གྲུབ་ཅིང༌། །མི་བསྐྱོད་པ་ཡིས་ཐོད་དུ་བྱས། །ཞལ་ནི་ལྗང་དང་དམར་དང་དཀར། །གཙོ་བོ་སྤྱན་གསུམ་གསུས་པ་འཕྱང༌། །གཡོན་དང་གཡས་པའི་ཕྱག་དག་གིས། །གཙུག་ཏོར་སྤྱི་བོར་འཛིན་པར་བྱེད། །རྡོ་རྗེ་པདྨ་གཡས་དག་གིས། །སྡིགས་མཛུབ་ཞགས་པ་གཡོན་ནའོ། །ནམ་མཁར་ཉི་མ་མནན་བྱས་པ། །ཚངས་པའི་གནས་སུ་རྣམ་པར་བསམ། །ཧཱུཾ་ཡིག་ནག་པོ་ལས་རྫོགས་ཤིང༌། །མི་བསྐྱོད་པ་ཡིས་ཐོད་བྱས་པ། །འོག་ཏུ་ཉི་མར་གནོད་མཛེས་རྒྱལ། །གནག་དང་དམར་དང་དཀར་བའི་ཞལ། །རྡོ་རྗེ་འཁོར་ལོ་དེ་བཞིན་དུ། །རིན་ཆེན་རིམ་བཞིན་ཕྱག་གཡས་ན། །སྙིང་གར་སྡིགས་མཛུབ་ཞགས་པ་དང༌། །


DTG002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རལ་གྲི་གཡོན་པ་ན། །དེ་ལྟར་ཁྲོ་བོའི་ཚོགས་རྣམས་ནི། །འཇིགས་སུ་རུང་བ་བསྒོམ་བྱས་ནས། །དེ་ནས་སྔགས་པས་བསྡུས་བྱས་ཏེ། །དེ་ནི་རང་གི་ལུས་ལ་གཞུག །གཤིན་རྗེ་མཐར་བྱེད་དཔུང་གཡོན་ལ། །གཡས་ལ་ཤེས་རབ་མཐར་བྱེད་དགོད། །ལག་པ་གཡོན་པར་པད་མཐར་བྱེད། །གཡས་པར་བགེགས་མཐར་བྱེད་པ་དགོད། །གཡོན་པའི་བརླ་ལ་མི་གཡོ་བ། །གཡས་པར་འདོད་པའི་རྒྱལ་པོའོ། །རྐང་པ་གཡོན་པར་དབྱུག་སྔོན་ཅན། །རྐང་པ་གཡས་པར་སྟོབས་པོ་ཆེ། །མགོ་བོའི་གནས་སུ་གཙུག་ཏོར་ཆེ། །གནོད་མཛེས་རྒྱལ་པོ་བཤང་ལམ་དགོད། །སྙིང་གར་རྡོ་རྗེ་ཧཱུཾ་མཛད་དེ། །རང་མིང་དང་པོའི་ཡི་གེ་དགོད། །ཡཾ་པྲཾ་པཾ་བཾ་ཨཾ་ཊཾ་ནཾ་མཾ་ཨུཾ་སུཾ་ཧཱུཾ། འདི་ལྟར་བསྲུང་བའི་ཆོ་ག་ནི། །སྔགས་པས་རིམ་པ་བཞིན་བྱས་ནས། །བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ནི། །ཁྲོ་བོར་བཅས་པ་དེ་ནས་བསྒོམས། །བགེགས་ཀུན་རྣམས་དང་སྡིག་པ་རྣམས། །གནོད་མཛེས་བཀའ་བསྒོ་ཕུར་བུས་གདབ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ། ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུཾ་ཧཱུཾ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཧཱུཾ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཧཱུཾ། །ཨོཾ་ཨཱ་ན་ཡ་ཧོ། །བྷ་ག་ཝཱ་ན་བིདྱ་རཱ་ཛཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཁྲོ་བོའི་གཟུགས་འདི་བློ་ལྡན་པས། །བགེགས་དང་ལོག་འདྲེན་རྣམས་བཀུག་ནས། །ཐམས་ཅད་ཆོ་ག་བཞིན་དུ་ནི། རྣལ་འབྱོར་འདི་ཡིས་ཕུར་བུས་གདབ། །ལྟེ་བའི་ཕྱོགས་ལས་འོག་གི་ཆར། །རྩེ་གཅིག་རྣམ་པར་བསྒོམ་པར་བྱ། །ཁྲོ་བོ་ཆེན་པོ་བགེགས་མཐར་བྱེད། །སྟེང་དུ་སྤྱན་གསུམ་ཕྱག་དྲུག་པ། །འོག་ཏུ་བགེགས་ཚོགས་རྣམས་བལྟས་ནས། །དེ་ཡི་སྔགས་ནི་བརྗོད་བྱ་ཞིང༌། །བགེགས་ཀྱི་ལུས་ལ་རྡོ་རྗེ་ཡི། །ཕུར་བུས་གཡོ་བ་མེད་པར་བསྣུན། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་ཥྚཱ་ན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། སརྦ་བི་གྷྣཾ་ཀཱ་ཡ་ཝཱ་ཀ་ཙི་ཏྟཾ། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཕྱག་ན་རྡོ་རྗེ་ཐོ་བ་དང༌། །གནོད་མཛེས་རྒྱལ་པོ་རྣམ་བསྒོམ་བྱ། །གསང་སྔགས་རིག་པས་སྔགས་འདི་ཡིས། །རྡོ་རྗེ་ཕུར་བུ་བསྡིགས་པར་བྱ། །ཨོཾ་བཛྲ་མུདྒ་རཱ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ། ཏི་ཥྛ་ཏི་ཥྛ། ཕྱོགས་བཅུར་ཕུར་བུས་བཏབ་ནས་ནི། །དེ་ནས་གདུག་པ་རྣམས་བསྐྲད་པ་


DTG002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཀུན་ནས་རྡོ་རྗེའི་མེ་ལྕེ་ནི། །རྣམ་པར་འཕྲོ་བ་བསམ་བྱ་སྟེ། །གདུག་པ་ཅན་རྣམས་བྲོས་པ་ནི། །དེ་ཡི་ལུས་ནི་བསྲེགས་བཞིན་པའོ། །ཉུང་ངུའི་རྒྱུད་འདི་ནི་སྲུང་བའི་འཁོར་ལོ་འཁྲགས་འཁྲུགས་ཏེ། དེ་སྟེང་རྣལ་འབྱོར་བ་གནས་ནས། །ཞེས་པ་ལ་སོགས་པ་དང་ཕུར་བུས་གདབ་པའི་མཐར་ཐུག་པ་རྣམ་པར་བསྒོམ་པར་བྱའོ། །སྲུང་བའི་འཁོར་ལོའི་ངེས་པའོ། །ཚིགས་བཅད་བཞི་རྣམས་ཀྱིས་ཞེས་པའོ། །དེ་ནས་དམ་པའི་དོན་དུ་སྲིད་པ་གསུམ་པོ་རང་བཞིན་མེད་པར་བསྒོམ་པར་བྱ་སྟེ། །དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་འགྱུར་མིན། །སྒོམ་པ་དམིགས་སུ་མེད་པའོ། །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ཡིག་འབྲུ་དགོད་པའོ། །དེ་ལྟར་སྲུང་བའི་འཁོར་ལོ་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲང་བར་བྱ་སྟེ། སྔགས་པ་དེ་ནས་རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ནམ་མཁའི་མཐིལ་ཡོངས་སུ་བཀང་ནས་མོས་པ་ཇི་ལྟ་བ་བཞིན་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བཅས་པའི་རྗེ་བཙུན་གཙོ་བོ་མ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་རང་གི་ཤེས་རབ་ཀྱིས་འཁྱུད་པ་ནམ་མཁར་བསམ་པར་བྱའོ། །དེ་ནས་འོད་ཟེར་དེ་རྣམས་སླར་ལོག་སྟེ། རང་གི་སྙིང་གར་ཞུགས་ཤིང་ཧཱུཾ་ཡིག་ལས་ལྷ་མོ་བརྒྱད་བཅོམ་ལྡན་འདས་མཆོད་པར་བྱ་བའི་ཆེད་དུ་དབྱུང་བར་བྱའོ། །འདིར་ཡང་ལུགས་ལས་ཟློག་པས་ཚིགས་བཅད་གཅིག་གིས་ཏེ། རང་གི་ལུས་ལས་འོད་ཟེར་འཕྲོ། །ནམ་མཁའི་དཀྱིལ་འཁོར་ཁྱབ་བྱེད་པ། །བསྡུས་ཏེ་སྙིང་གར་དགུག་པར་བྱ། །རྣལ་འབྱོར་ཞེ་སྡང་བདག་ཉིད་འགྱུར། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྗེ་བཙུན་ནམ་མཁར་བལྟས་ནས་ནི། རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། ལྷ་མོ་བརྒྱད་པ་རྣམས་ཀྱིས་མཆོད། །དཀར་མོ་རི་དགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷ་སྨ་རཱི་ནི་སྨན་འཛིན་ཅིང༌། །པུ་ཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་བ་མོ་ནི་ཅང་ཏེའུ་བརྡུང༌། །གཡུང་མོ་ཆགས་པས་གར་མཛད་དོ། །ཟླ་བ་ཁུ་བ་ཉི་མ་རྡུལ། །ཆུ་ནི་གཅི་བར་བརྗོད་པར་བྱ། །སྨན་ནི་རྐང་དང་ཤ་ཡིན་ནོ། །རྡོ་རྗེ་རྣམ་པར་སྣང་


DTG002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཤད། །རོ་ནི་རོ་དྲུག་ཡིན་པར་བརྗོད། །གོ་ཀུ་སོགས་སྟོབས་ཅང་ཏེའུ། །གར་ནི་ཆང་གི་བཏུང་བ་སྟེ། །འདི་རྣམས་དམ་ཚིག་བརྒྱད་དུ་བཤད། །རྣལ་འབྱོར་པ་ཡིས་འདི་རྣམས་ཀྱིས། །ཀྱེ་རྡོར་གཙོ་བོ་འཁོར་བཅས་མཆོད། །དེ་ནས་དེ་མདུན་སྔགས་པ་ཡིས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སྡིག་པ་རྣམས་ནི་བཤགས་པར་བྱ། །བསོད་ནམས་རྣམས་ལ་ཡི་རང་བའམ། །རང་གི་ལུས་ཉིད་དབུལ་བ་དང༌། ལམ་ལ་བརྟན་པ་ཉིད་ཀྱང་ངོ༌། །བྱང་ཆུབ་སེམས་ནི་རབ་བསྐྱེད་དེ། །དེ་ནས་སངས་རྒྱས་གཤེགས་སུ་གསོལ། །སྟོང་པ་ཉིད་ལ་དམིགས་དོན་བྱེད། །སླར་ཡང་འདི་ལྟར་རྣམ་དཔྱད་བྱ། །རང་བཞིན་མེད་པས་སྟོང་པ་སྟེ། །རྒུ་མེད་པ་ལ་མཚན་མ་མེད། །རྟག་ཏུ་མེད་ལས་སྨོན་མེད་ཅིང༌། །མངོན་བར་འདུ་བྱེད་སྤངས་པའོ། །སྐྱེ་དང་འགག་པ་མེད་པའི་ཕྱིར། །སྨོན་པ་དོན་ནི་མེད་པའོ། །སངས་རྒྱས་ཉིད་མེད་སེམས་ཅན་མེད། །ཆོས་དང་ཆོས་ཅན་དེ་ཉིད་མེད། །ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །དྲི་ཟའི་གྲོང་ཁྱེར་ཇི་ལྟ་བར། །དེ་ལྟར་སངས་རྒྱས་སེམས་ཅན་རྣམས། །དེ་ཁོ་ན་ཉིད་བསྒོམས་པས་བལྟ། །ཇི་ལྟར་སྒྲ་བརྙན་ད་བཞིན་དུ། །སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པའོ། །དེ་ལྟར་རྣམ་པར་དཔྱད་ནས་ནི། །འཁོར་བའི་བར་དུ་སྲིད་པ་རུ། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །བྱང་ཆུབ་སེམས་དཔའ་གནས་པར་མཛད། །ཉོན་མོངས་བདུད་དང་སྙོམས་འཇུག་དང༌། །ཤེས་བྱའི་སྒྲིབ་པ་ཉིད་ཀྱང་ནི། །ཁྲོ་བོ་ཆེན་པོས་ངེས་བསྲེགས་ཀྱང༌། །ཆ་ཤས་ཙམ་ནི་བསྲུང་བར་མཛད། །བྱང་ཆུབ་སེམས་དཔའ་དཔའ་པོ་ཆེ། །སེམས་ཅན་ཀུན་ལ་བརྩེ་རྣམས་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །ཐམས་ཅད་ཡོངས་སུ་རྣམ་དཔྱད་ནས། །སྟོང་པ་ཉིད་ལ་དམིགས་བྱ་ཞིང༌། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ་ཉ་ཧཾ་ཞེས་བརྗོད་ལ་དེ་ནས་སྨོན་ལམ་དྲན་པར་བྱ་སྟེ། སྨོན་ལམ་གྱི་སེམས་དེས་སྔགས་པ་རང་གི་སེམས་ཀྱིས་ལྷའི་ང་རྒྱལ་འགྲོ་བ་རྣམས་རོལ་བར་བྱ་བའི་དོན་དུ་བསྒོམ་པར་བྱའོ། །འདིར་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམས་ཤིང༌། །དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དང༌།


DTG002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་དཀྱིལ་འཁོར་དང་དེ་ནས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་གྱི་རོ་ཉི་མའི་སྟེང་དུ་བསྒོམ་པར་བྱའོ། །སངས་རྒྱས་མཚན་གྱི་རྒྱུ་ལས་ནི། །ཟླ་བར་དབྱངས་རྣམས་སུམ་ཅུ་གཉིས། །གསལ་བྱེད་བརྒྱད་ཅུ་ཉི་མ་ལའོ། །དེ་དག་དབུས་སུ་ཧཱུཾ་ཡིག་སྟེ། །དེ་ཉིད་སེམས་དཔའ་ཞེས་བརྗོད་དོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཏེ། །མེ་ལོང་མཉམ་ཉིད་ཡེ་ཤེས་དང༌། །སོ་སོར་རྟོག་པའི་རིམ་པ་ལས། །དེ་རྣམས་གཅིག་ཉིད་བྱ་བ་སྒྲུབ། །གཟུགས་ནི་ཡོངས་སུ་རྫོགས་རྒྱུ་ལས། །འདི་ནི་ཆོས་ཀྱི་དབྱིངས་བཤད་དེ། །ཡེ་ཤེས་ལྔ་པ་མཆོག་ཡིན་ནོ། །རྣམ་ལྔ་མངོན་པར་བྱང་ཆུབ་པ། །ཀྱེ་ཡི་རྡོ་རྗེ་ཕྱག་གཉིས་བསྒོམ། །སྔོ་དང་སྐྱ་རེངས་མཚུངས་པའི་མདོག །བ་ནྡུ་དམར་པོའི་སྤྱན་དང་ལྡན། །ཐོད་པ་མགོ་བོའི་ཕྱེད་པ་དང༌། །མི་བསྐྱོད་བ་ཡིས་ཐོད་དུ་བྱས། །འཁོར་ལོ་ཅན་དང་རྣ་ཆ་ཅན། །མགུལ་རྒྱན་ལག་གདུབ་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པས། །ཕྱག་རྒྱ་ལྔ་ནི་རབ་ཏུ་གྲགས། །འཁོར་ལོ་ཅན་ལ་མི་བསྐྱོད་གནས། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་དབང༌། །གདུ་བུ་རྒྱལ་བ་རྣམ་སྣང་མཛད། །སྐ་རགས་ལ་ནི་དོན་ཡོད་གནས། །དེ་ལྟར་སངས་རྒྱས་རྣམས་རབ་བཞུགས། ལྷ་མོ་གཏི་མུག་རྡོ་རྗེ་སོགས། །མིག་སོགས་སྐྱེ་མཆེད་རྣམས་ལའོ། །གཡོན་ན་རྡོ་རྗེ་ཐོད་པ་དང༌། །ཁ་ཊྭཱཾ་གཡང་གཡོན་པ་ན། །གཡས་ན་རྡོ་རྗེ་ནག་པོ་སྟེ། །ཧཱུཾ་ཡིག་འདོན་པའི་བདག་ཉིད་ཅན། །དུར་ཁྲོད་དུ་ནི་མགོན་པོ་རོལ། །རྣལ་འབྱོར་མ་ཡིས་ཡོངས་སུ་བསྐོར། །དབུགས་རྒྱུ་ཞེས་པ་རིག་པ་འདི། །དུར་ཁྲོད་ཅེས་པར་མངོན་པར་བརྗོད། །དེ་ལྟར་ཕྱག་གཉིས་པའི་སྒྲུབ་ཐབས་ཀྱི་ངེས་པའོ། །དེ་བཞིན་དུ་ཕྱག་བཞི་པའི་སྒྲུབ་ཐབས་དང༌། ཕྱག་དྲུག་པའི་སྒྲུབ་ཐབས་ལྷའི་ལེའུའི་མཐར་ཐུག་པ་གོ་སླ་ཞིང༌། དེས་ན་འདིར་མ་བྲིས་ཏེ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་པ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བ་སྟོང་ཕྲག་དྲུག་པར་ལྷའི་སྒྲུབ་ཐབས་བསྟན་པ་སྟེ་ཡོངས་སུ་བཅད་པ་བརྒྱད་པའོ། །ལྷའི་ལེའུ་རྫོགས་སོ།། །།


previousཡོངས་སུ་བཅད་པ་བརྒྱད་པ།next