Nitartha Digital Library
Tibetan
 
previousརྡོ་རྗེ་སྙིང་པོའི་འགྲེལ་པ། རྡོ་རྗེ་སྙིང་པོ།next

རྡོ་རྗེ་སྙིང་པོའི་འགྲེལ་པ།
རྡོ་རྗེ་སྙིང་པོ།

ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་བརྟག་པ་དང་པོའི་རྒྱ་ཆེར་བཤད་པ།

དྲུག་པ་སྤྱོད་པའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོའི་འགྲེལ་པ་བཞུགས། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང༌། །ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ནས། །སྤྱོད་མཆོག་ལེའུ་རྒྱས་བཤད་འདི། །འབུམ་ཕྲག་ལྔ་པའི་རྗེས་འབྲངས་ནས། འགྲོ་ལ་སྙིང་རྗེས་གདུངས་པ་ཡིས། །རྡོ་རྗེ་སྙིང་པོ་ངས་བཤད་བྱ། །དེ་ལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་པའི་རྣལ་འབྱོར་པ་སྔོན་གྱི་དམ་བཅས་པ་ལས་མི་འདོར་བ་ལ་བརྩོན་པ་དང་ལྡན་པས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་སྤྱོད་པ་ལ་འཇུག་པར་བྱ་བ་ཡིན་པས། དེ་ནས་གཞན་ཡང་རབ་བཤད་བྱ། །སྤྱོད་པས་ཕ་རོལ་ཕྱིན་མཆོག་ཉིད། །ཀྱེ་ཡི་རྡོ་རྗེ་དངོས་གྲུབ་རྒྱུས། །གང་གིས་དངོས་གྲུབ་མཐར་འགྲོ་བ། །ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པའི་རྗེས་སུ་བསྟན་པ་ཡིན་པས་མཚམས་སྦྱར་བའི་ཚིག་གོ །ཀྱེའི་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུའི་ཚུལ་གྱིས་ཁམས་གསུམ་པོ་ཀྱེ་རྡོ་རྗེར་འགྲུབ་པར་བྱ་བའི་ཕྱིར། །སྤྱོད་པ་བརྩམས་ཞེས་བྱ་བའི་དོན་ཡིན་ལ། དེ་ལས་གཞན་པའི་སྤྱོད་པ་ནི་མ་བསྟན་ཏེ་དགོས་པ་མེད་པའི་ཕྱིར་རོ། །སྤྱོད་པའི་དགོས་པ་ནི་དངོས་གྲུབ་མཐར་འགྲོ་བ་ཞེས་བྱ་བ་ཡིན་ཏེ། བདག་དང་དེ་ལས་གཞན་པའི་སྐྱེ་བོ་རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཐར་འགྲོ་བའི་སྤྱོད་པ་བརྩམས་ཞེས་བྱ་བའི་དོན་ཏོ། །དེའི་དོན་ཡང་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། ཇི་སྐད་དུ། ཚོག་ཡན་ལག་ཀུན་ལྡན་ཡང༌། །སྤྱོད་པ་མ་བརྩམས་དངོས་མི་གྲུབ། །དེ་བས་ཕྱག་རྒྱའི་དངོས་གྲུབ་རྒྱུ། །ཆགས་མེད་སྤྱོད་པ་འདི་ཡིན་ནོ། །སྙིང་རྗེ་རྣམ་པར་ཆད་ཙམ་གྱིས། །སེམས་ཅན་དོན་གྱི་སྤྱོད་མི་འགྲུབ། །དེ་བས་སྙིང་རྗེ་དང་ལྡན་ཞིང༌། །འབད་པས་སྤྱོད་པ་སྤྱད་པར་བྱ། །ཞེས་པ་འདིའི་དོན་ཡང་ཤེས་པར་བྱའོ། །དེ་ལ་སྤྱོད་པ་བྱེད་པར་འདོད་པའི་རྣལ་འབྱོར་པས། ཕྱི་ནང་གི་དབྱེ་བས་ཕྱག་རྒྱ་རྣམས་བཅིང་བར་བྱ་སྟེ། རྒྱུད་འདི་ཉིད་ལས་ཀྱང༌། སྒོམ་པ་པོ་ཡིས་རྣམ་འཛིན་པ། །རྣ་བ་དག་ལ་རྣ་ཆ་བཟང༌། །སྤྱི་བོར་འཁོར་ལོ་རྣམ་པར་གཟུང༌། །ལག་པ་གཉིས་ལ་ལག་གདུབ་གཉིས། །རྐེད་པར་སྐ་རགས་ཉིས་སྐོར་གཟུང༌། །རྐང་པར་དེ་བཞིན་རྐང་གདུབ་པོ། །དཔུང་པ་ལ་ནི་དཔུང་རྒྱན་ཉིད། །མགྲིན་པར་རུས་ཁྲེང་མགུལ་ཏོ་སྟེ། །ཞེས་བྱ་བ་གསུངས་ཏེ་འདིའི་དོན་ཡང་འབུམ་ཕྲག་ལྔ་པ་ཉིད་ན་གསལ་བས་དེ་ལ་འཇུག་པར་བྱ་སྟེ། གལ་ཏེ་སྤྱོད་པ་རྩོམ་འདོད་པས། །


DTG002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་འདུན་པར་བྱ་བའི་ཕྱིར། །མི་བསྐྱོད་འཁོར་ལོའི་གཟུགས་ཉིད་ཀྱིས། །ལུས་མཆོག་ལ་ནི་རྣམ་བརྒྱན་ཏེ། །སྲིད་པ་གསུམ་དུ་འཁོར་ལོ་བསྐོར། །ལུས་མཆོག་ལ་གནས་ཆུ་རྒྱུན་གྱིས། །ཅིག་ཅར་ཆོས་ཀྱི་འཁོར་ལོ་བསྐོར། །འགྲོ་བའི་དོན་ཆེན་བྱེད་པར་འགྱུར། །དཔག་མེད་རྣ་ཆའི་གཟུགས་ཉིད་ཀྱིས། །རྣ་བ་དག་ལ་རྣམ་བརྒྱན་ཏེ། །སྲིད་པ་གསུམ་ལ་ཆགས་པར་བྱ། །དེ་འདིས་འགྲོ་བའི་དོན་བྱེད་འགྱུར། །རིན་ཆེན་མགུལ་རྒྱན་གཟུགས་ཉིད་ཀྱིས། །བདག་གི་མགུལ་པ་རྣམ་བརྒྱན་ཏེ། །འགྲོ་འདི་རོ་ཡིས་བཏུལ་བྱས་ནས། །འགྲོ་བ་ཆུ་བཞིན་འཇུ་བར་འགྱུར། །རྣམ་སྣང་ལག་གདུབ་གཟུགས་ཉིད་ཀྱིས། །ལག་པ་དག་ལ་རྣམ་བརྒྱན་ཏེ། །འགྲོ་བའི་དོན་ལ་འཇུག་བྱས་ན། །སྐྱེ་བོ་ས་ལྟར་བརྟན་པར་འགྱུར། །དོན་ཡོད་སྐ་རགས་གཟུགས་ཀྱིས་ནི། །རྐེད་པ་ལ་ནི་རྣམ་བརྒྱན་པ། །འགྲོ་འདི་རླུང་གིས་བཏུལ་བྱས་ན། །ཐོགས་མེད་རླུང་གིས་འགྲོ་བ་འདུལ། །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །ཐལ་བས་ལུས་ལ་རྣམ་བརྒྱན་ཏེ། །མཆོག་གི་སྤྱོད་པ་རབ་སྤྱད་ན། །བདེ་བའི་ཡིད་ཀྱིས་འགྲོ་བ་འདུལ། །ཞེས་གསུངས་པས་འདིའི་དོན་རྒྱས་པར་ཁོང་དུ་ཆུད་པར་བྱས་ཏེ། ངེས་པའི་དོན་དུས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང་ཡེ་ཤེས་ཞེས་བྱ་བའི་བདག་ཉིད་ཅན་འཁོར་ལོ་དྲུག་ལ་བརྟེན་པའི་ཁུ་བ་དྲུག་དང་རླུང་དྲུག་ཕྱིར་འབྱུང་བ་འགགས་པས། སྤྱོད་པ་སྤྱད་པར་བྱ་བ་ཡིན་ལ། དེས་སྐྱེ་བོ་གདུལ་བར་དཀའ་བ་ཐུལ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་དེ་འགགས་པའི་བརྡར་བསྟན་པ་ནི། འཁོར་ལོ་ལ་སོགས་པ་དྲུག་ཏུ་བསྟན་ཏེ། སྤྱོད་པ་བྱེད་པ་རྣམས་ཀྱིས་ཕྱིའི་གཟུགས་རྣམས་ཀྱང་བཅང་བར་ངེས་སོ། །གཞན་ཡང་དཔའ་བ་དང༌། བདེ་བའི་ཟས་དང༌། ཐབས་དང་ཤེས་རབ་ལ་གནས་པ་དང༌། རིགས་ལྔའི་ཚུལ་དུ་གནས་པ་དང༌། ཁ་དོག་ལས་སྟོན་པ་དང༌། རིགས་གཅིག་ཏུ་བསྡུ་བ་དང༌། ཁ་དོག་དང་རིགས་གཞན་གྱིས་མི་རིགས་པར་བྱས་ལ་སྤྱོད་པ་སྤྱད་ཅེས་སུ་སྦྱར་ཏེ། དེ་ཡང་བསྡུས་པའི་རྒྱུད་འདི་ཉིད་ལས། ཇི་སྐད་དུ། བགོ་བ་སྟག་གི་པགས་པ་ཉིད། །བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །ཁ་དོག་ལྔ་ལ་རྣམ་གནས་ཏེ། །རིགས་ལྔ་དག་དང་མཉམ་ལྡན་པ། །རིགས་གཅིག་ཏུ་ནི་རྣམ་


DTG002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟག །གང་ཕྱིར་བྱེ་བྲག་མཚོན་མི་བྱ། །ཞེས་བྱ་བ་སྟེ། ནང་གི་ཕྱག་རྒྱ་དྲུག་འགགས་པ་ལས་སྟོབས་དང་གཟི་བརྗིད་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟར་གནོད་སྦྱིན་གྱི་བདག་པོ་ཕྱག་ན་རྡོ་རྗེ་ལྟ་བུར་ཆེར་དྲག་ལ་མི་བཟད་པ་རྣམས་ཀྱིས་ཀྱང་འཇིགས་ཤིང་སྐྲག་པར་མི་འགྱུར་ན། འཇིག་རྟེན་པ་ཕལ་པ་ལྟ་བུ་རྣམས་ལྟ་ཅི་སྨོས། །དེ་བས་ན་ཕྱི་དང་ནང་གི་བདུད་མ་རུངས་པ་རྣམས་ལས་རྒྱལ་བར་བྱ་བའི་ཕྱིར་ཡང་ཕྱི་རོལ་དུ་སྟག་གི་པགས་པ་གོས་སུ་གྱོན་པ་དང༌། སྐྱེ་བོ་རྣམས་འདུན་པར་བྱ་བའི་ཕྱིར་ལྷའི་ཡུལ་ནས་བདུད་རྩི་དྲང་བ་ལ་སོགས་པ་བྱས་ཏེ་བཟའ་བ་དང༌། གཞན་ཡང་སྔགས་ཀྱི་ཚུལ་དུ་ཞུགས་པའི་སྐྱེ་བོ་ལ་ཕྱིའི་དངོས་གྲུབ་ཀྱི་ཆེད་དུ་མགོ་ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང་བྱི་ཞེས་བྱ་བའི་སྐྲ་དང་ལྡན་པའི་མི་འཆི་བཅུའི་ཕྱེད་པོ་རྣམས་སྦྱང་བ་ལ་སོགས་པ་བྱ་སྟེ། རྟོག་པ་སྤངས་ལ་བདག་བཟའ་བ་དང༌། གཞན་ལ་སྦྱིན་པར་ཡང་བྱ་སྟེ། ལས་ཀྱི་དང་པོར་གཏོགས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཆེད་དུའོ། །བདུད་རྩི་ཟ་བ་འདིའི་ངེས་པའི་དོན་ཡང་རྩ་བའི་རྒྱུད་ཆེན་པོ་ཉིད་ན་གསལ་བས་དེ་ལ་འཇུག་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། བཟའ་བ་མི་འཆི་བཅུ་ཕྱེད་རྣམས། །སྐྱེ་བོས་རྟོགས་པར་མ་གྱུར་ལ། །མགོ་ལ་སོགས་པའི་རིགས་དངོས་ཉིད། །རྣལ་འབྱོར་དབང་ཕྱུག་སྤྱོད་པ་ཡིས། །གཅིག་སོགས་ཕྱི་རུ་རྒྱུ་མེད་པས། །བསྟེན་ཅིང་དེ་ཉིད་ཐིམ་པ་སྟེ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་ངེས་པའོ། །གཞན་ཡང་རང་ཉིད་སྟོང་པ་ཉིད་དང༌། སྙིང་རྗེ་ཐ་མི་དད་པ་ལ་གནས་ཏེ་ཧེ་རུ་ཀར་བྱས་ལ། ཕྱི་རོལ་གྱི་སྐྱེ་བོ་གདུལ་བའི་ཆེད་དུ་རྡུལ་ཚོན་ལ་སོགས་པ་གང་དག་ཁ་དོག་ལྔར་གནས་པ་དེ་དང་དེ་དག་དེ་བཞིན་གཤེགས་པ་ལྔ་འམ་དྲུག་གི་ཡོན་ཏན་དང་ལྡན་པར་བསྟན་པས་ཀྱང་གདུལ་བར་དཀའ་བའི་སྐྱེ་བོ་འདུལ་ལ། མོས་པར་འགྱུར་བ་དེ་བས་རིགས་ལྔ་དག་དང་མཉམ་པར་ལྡན་པ་བསྟན་པར་བྱ་བ་དང༌། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་པས་ཁ་དོག་དཀར་པོ། །རིགས་དང་ཚོན་ཐམས་ཅད་པར་བསྡུས་ཏེ། བསྟན་པར་བྱ་བ་ཡིན་པས། རིགས་གཅིག་ཏུ་ནི་རྣམ་པར་བརྟག །ཅེས་བྱ་བ་དང༌། དེ་བཞིན་དུ་དེ་ལྟར་བསྟན་པ་དེ་དག་ཀྱང་སྔགས་ཀྱི་ཚུལ་གྱིས་ལས་ཀྱི་དང་པོར་


DTG002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་ལས་གཞན་པ། ཉན་ཐོས་ཀྱི་ལམ་ལ་གནས་པ་དང༌། རང་རྒྱལ་བའི་ལམ་ལ་གནས་པ་དང༌། མུ་སྟེགས་བྱེད་པ་ལ་གསང་ཞིང་སྦ་བར་བྱ་བ་ཡིན་ཏེ། དེ་བས་ན་ཁ་དོག་དུ་མ་ཉིད་ཀྱིས་ནི། གང་ཕྱིར་བྱེ་བྲག་མཚོན་མི་བྱ། །ཞེས་བྱ་བའི་དོན་ཏོ། །གཞན་ཡང་སྤྱོད་པའི་མཆོག་བྱེད་པས། སེམས་ཅན་རྣམས་ཀྱི་དོན་དུ་ནང་གི་མ་རུངས་པའི་སེམས་ཀྱིས་དཔའ་བོ་ཧེ་རུ་ཀར་བསྒྲུབས་ལ། ཁ་དོག་སྟེ་རིགས་ལྔའི་བདག་ཉིད་དུ་གནས་པར་བྱ་སྟེ། འདི་ལྟར་རྒྱལ་རིགས་དང༌། རྗེ་རིགས་དང༌། བྲམ་ཟེའི་རིགས་དང༌། དམངས་རིགས་དང༌། གདོལ་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནང་དུ་དེ་རྣམས་དང་མཐུན་པའི་ལུས་སུ་བསྒྱུར་ལ། སྤྱོད་པ་བསྟན་པར་བྱ་བ་དང༌། དེ་རྣམས་ཀྱི་ནང་དུ་སོང་སྟེ། རང་རང་གི་རིགས་རྣམས་སུན་ཕྱུང་ལ་རིགས་ཐམས་ཅད་རྡོ་རྗེའི་རིགས་སུ་རིགས་གཅིག་པར་བསྒྲུབ་པར་བྱ་བ་དང༌། དེ་བཞིན་དུ་རྗེའི་རིགས་ཀྱི་ནང་དུ་རིགས་བཞི་པོ་མཚོན་པར་བྱ་བ་སྦས་ཏེ། དེ་ཉིད་དང་མཐུན་པར་ཞུགས་ཏེ་གདུལ་བའི་ཆོས་བསྟན་པ་དང༌། དེ་བཞིན་དུ་རིགས་ཐམས་ཅད་ཀྱི་ནང་དུ་ཕན་ཚུན་མི་རིགས་པར་བྱ་ཞིང་ཆོས་བསྟན་པ་དང༌། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ་བའི་ཆེད་དུ་ཡང་འཇིག་རྟེན་པའི་ཁ་ན་མ་ཐོ་བ་སྤང་བར་བྱ་བའི་རྒྱུས་རིགས་གཞན་གྱི་ལུས་སུ་བསྒྱུར་ཏེ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་ངེས་སོ། །དེའི་ཕྱིར། །རིགས་ནི་དུ་མ་ཉིད་དག་གིས། །གང་ཕྱིར་བྱེ་བྲག་མཚོན་མི་བྱ། །ཞེས་བྱ་བ་གསུངས་སོ། །འདི་རྣམས་ཀྱི་ངེས་པའི་དོན་ནི་རྩ་བའི་རྒྱུད་ཉིད་ན་གསལ་ཏེ་དེ་བས་ན་དེ་ལ་འཇུག་པར་བྱའོ། །དེ་ཡང་ཇི་སྐད་དུ། སྟོང་ཉིད་ཧེ་རུ་ཀར་སྦྱོར་བས། །ས་ཆུ་མེ་རླུང་ནམ་མཁའ་ཞེས། །ཁུ་བ་རླུང་གཉིས་གནས་པ་ལ། །མི་ཕྱེད་ལམ་དུ་བཅུག་བྱས་པ། །དུས་མཐའི་མེ་ཡིས་ཐལ་བར་བྱེད། །ནམ་མཁའ་བཞིན་དུ་མཚོན་དུ་མེད། །ཅེས་བྱ་བ་གསུངས་ཏེ། གང་དུ་སྟོང་པ་ཞེས་བྱ་བའི་ལམ་ལ་གནས་ན་ཡེ་ཤེས་ཀྱི་གཟི་བརྗིད་མཆེད་པར་འགྱུར་ལ། གཟི་བརྗིད་དེས་ཁུ་བའི་རིགས་རྣམ་པ་ལྔ་དང༌། རླུང་གི་རིགས་རྣམ་པ་ལྔ་པོ་རོ་མཉམ་ཞིང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད། མཚོན་དུ་མེད་ཅིང་ཐ་དད་པའི་རང་བཞིན་སྤངས་པ་ལས་གསུངས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གཞན་དུ་ན་སེམས་རྩེ་གཅིག་པར་མི་གནས་པས་ཁུ་བ་དང་གཅི་བ་དང་བཤང་བ་ལ་སོགས་པ་ནི། རིགས་ཐ་དད་


DTG002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་ཤིང་བྱེ་བྲག་ཐ་དད་པ་ཞེས་བྱའོ། །ད་ནི་སྒྲུབ་པ་པོའི་གནས་ཀྱི་ཁྱད་པར་བརྗོད་པར་བྱ་བའི་ཕྱིར། བསྡུས་པའི་རྒྱུད་འདི་ཉིད་ལས། ཇི་སྐད་དུ། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །མ་མོའི་ཁྱིམ་དང་མཚན་དུས་སམ། །ཡང་ན་དབེན་པའམ་བས་མཐའ་རུ། །དེ་རུ་བསྒོམ་པ་བཟང་བར་བརྗོད། །ཞེས་བྱ་བའི་དོན་ནི་ཕྱི་དང་ནང་གི་བྱེ་བྲག་གིས་ཕྱེ་ལ་ཤེས་པར་བྱའོ། །དེ་ཡང་རེ་ཞིག་ཕྱིའི་ནི་ལས་དང་པོ་པའི་སྒྲུབ་པ་པོ་བདག་ཡིད་ཉམས་དགའ་ཞིང་སྐྱེ་བོའི་འདུ་འཛིས་དབེན་པའི་ས་ཕྱོགས་སུ་བསྒྲུབས་ན་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་ལ། གནས་དེ་དག་ཀྱང་མི་མ་ཡིན་པ་གནས་པའི་ཤིང་གཅིག་སྐྱེས་པ་དང༌། མ་མོའི་ཁྱིམ་ཞེས་བྱ་བ་གནོད་སྦྱིན་མོ་དང་ཤ་ཟ་མོ་གང་ན་གནས་པ་དང༌། དབེན་པའམ་བས་མཐའ་སྟེ་ཡང་ན་དེ་ལས་གཞན་པའི་མི་མ་ཡིན་པ་གང་དུ་འདུ་བའི་གནས་མི་རྒོད་ལ་སོགས་པས་དབེན་བའི་གནས་དེ་རུ་རྣལ་འབྱོར་པ་འཁོད་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེ་ན་གནས་པའི་མི་མ་ཡིན་པ་རྣམས་ལ་གཏོར་མ་དུས་གསུམ་དུ་བཏང་ཞིང༌། མི་མ་ཡིན་པ་དེ་དག་ལ་འདི་སྐད་ཅེས་ཁོ་བོ་འདི་དང་འདི་ལྟ་བུ་ཞིག་བྱེད་ཀྱིས། དེ་དང་དེ་ཁྱེད་ཀྱིས་བསྒྲུབ་པར་རིགས་སོ་ཞེས་ཡང་དང་ཡང་དུ་བསྒོ་བ་ན། མི་མ་ཡིན་པ་དེ་དག་གིས་ཀྱང་སྒྲུབ་པ་པོ་ལ་མངོན་པར་དགའ་བས་ལས་དེ་སྒྲུབ་པར་བྱེད་ལ་དེ་གྲུབ་པས་གདོད་འགྲོ་བའི་དོན་བྱེད་ནུས་པར་འགྱུར་རོ། །གནས་འདིའི་ངེས་པའི་དོན་ཇི་སྐད་དུ། རྩ་བའི་རྒྱུད་ལས། རང་ལུས་རི་བོ་མཆོག་ཡིན་ཏེ། །དེ་ལས་སྐྱེས་པའི་ཤིང་ཆེན་གང༌། །རྩེ་མོས་ལྷ་རྣམས་སྨིན་བྱེད་ཅིང༌། །རྩ་བས་ཀླུ་སོགས་སྨིན་པར་བྱེད། །ཡལ་ག་དེ་ཡིས་མི་ལ་སོགས། །ཡོངས་སུ་སྨིན་བྱེད་ཤིང་དེ་ཡིན། །དེ་རུ་གནས་པར་རབ་ཏུ་བརྗོད། །གང་དུ་དབུགས་ནི་མི་རྒྱུ་བ། །དེ་ནི་དུར་ཁྲོད་ཅེས་སུ་བཤད། །མ་མོའི་ཁྱིམ་ནི་སྟོང་པ་ཉིད། །སེང་གེ་རྣམ་རོལ་ཕྱག་རྒྱའོ། །མཚན་མའི་སྤྲས་པས་མི་བརྫི་ཞིང༌། །རྟོགས་པར་དཀའ་བས་མཚན་མོ་ཡིན། །ས་བོན་ཡི་གེ་ཕྱག་མཚན་དང༌། །ཁ་དོག་དབྱིབས་དང་རིགས་མི་མངའ། །ཕྱག་རྒྱ་སྦྱིན་སྲེག་གཏོར་མས་དབེན། །དབེན་པའམ་བས་མཐའ་དེ་ཡིན་ལ། །བསྒོམ་པ་བཟང་པོ་འང་དེ་ཉིད་ཡིན། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །སྤྱོད་པར་ནུས་པའི་ཚད་བསྟན་པའི་ཕྱིར། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་


DTG002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་བྱེད་འདོད་པ། །འོན་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་གསུངས་ཏེ། འདིའི་དོན་ཡང་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། གལ་ཏེ་སྤྱོད་པ་བྱེད་འདོད་པ། །ཡན་ལག་དྲུག་སྦྱོར་གང་ཡིན་དེ། །དུ་བ་སྨིག་རྒྱུ་ལ་སོགས་པའི། །དྲོད་ནི་དང་པོར་བསྐྱེད་པར་བྱ། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་ནི་ཡང་རྣལ་འབྱོར་པས་སེམས་ཅན་གྱི་དོན་དུ་སྤྱོད་པ་བྱེད་པར་འདོད་པ་རྣམས་ཀྱིས། །དང་པོ་དུ་བ་དང་སྨིག་རྒྱུ་ལ་སོགས་པ་རྣམས་ཀྱིས་དྲོད་བསྐྱེད་ནས་སྤྱོད་པ་ལ་འཇུག་པར་བྱའོ། །གཞན་དུ་ན་འཇིག་རྟེན་པའི་བཞད་གང་དུ་འགྱུར་རོ། །དེས་སྐྱེས་བུ་འདོད་ཆགས་ཅན་རྣམས་གདུལ་བར་བྱའི་ཆེད་དུ། འཕོ་བ་མེད་པའི་ཡེ་ཤེས་ཉམས་སུ་བླངས་ལ། གདོད། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །བཙུན་མོ་རྡོ་རྗེའི་རིགས་བཟུང་ལ། །སྤྱོད་པ་བྱ་བར་བརྟག་པར་བྱ། །རྡོ་རྗེ་རིགས་ཀྱི་དངོས་མེད་ན། རང་འདོད་ལྷ་ཡི་རིགས་ཀྱིས་བྱ། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་ཡང་གདོལ་པའི་རིགས་ལས་བྱུང་བའི་བུ་མོ་སྐྱེས་བུ་གཞན་གྱིས་རེག་པར་བྱ་བ་མ་ཡིན་པའམ། ཡང་ན་རིགས་གང་ཡང་རུང་སྟེ་གཟུགས་དང་ལང་ཚོས་བརྒྱན་པ་ལ་བྱང་ཆུབ་ཀྱི་ས་བོན་གྱིས་སྦྱངས་ཏེ་ཞེས་བྱ་བ་རང་གི་དེ་ལ་མི་དད་པ་མེད་པར་སྙོམས་པར་འཇུག་པའི་ལས་བྱས་ལ། བདེ་བའི་བྱང་ཆུབ་ཀྱི་སེམས་དེས་དེའི་སེམས་སྦྱངས་ལ། དེ་དང་ལྷན་ཅིག་ཀུན་དུ་འགྲོ་བར་བྱ་ཞིང་རྡོ་རྗེའི་གླུ་ལ་སོགས་པས་སྐྱེས་བུ་འདོད་ཆགས་ཅན་རྣམས་གདུལ་བ་དང༌། དོན་ཡོད་གྲུབ་པའི་རིགས་ལས་བྱུང་བའི་གར་བྱ་བ་སྟེ་དེ་ནི་རྒྱུད་བསྡུས་པ་འདི་ཉིད་ལས་ཇི་སྐད་དུ། གལ་ཏེ་དགའ་བས་གླུ་བླངས་ཏེ། །དེ་ཚེ་རྡོ་རྗེ་མཆོག་དང་ལྡན། །གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་པའི་རྒྱུས་ནི་གར་བྱའོ། །དེ་ཚེ་རྡོ་རྗེ་རྐང་པས་གར། །རྣལ་འབྱོར་མཉམ་པར་གཞག་པར་བྱ། །ཞེས་བྱ་བ་གསུངས་པ་ལ། འདིའི་ངེས་པའི་དོན་ཡང་འབུམ་ཕྲག་ལྔ་པ་ལས། ཇི་སྐད་དུ། སྟོང་ཉིད་མ་སྐྱེས་ཞི་བ་ནི། །བུད་མེད་ཅེས་སུ་དེ་བརྗོད་ཅིང༌། །རྩ་ཡི་མདུད་པ་བཅུ་དྲུག་ནས། །བདེ་བའི་ཐིག་ལེ་བཅུ་དྲུག་འབྱུང༌། །བཅུ་དྲུག་ལོ་ཡང་དེ་ཡིན་ལ། །སེམས་ཀྱི་སྦྱངས་པའང་དེ་ཡིན་ནོ། །དེ་བཞིན་དུ་བདེ་བའི་ང་རོ་ནི་གླུ་དང་བདེ་བས་གཡོ་བའི་གར་དང༌། བདེ་བའི་རིམ་པས་འགྲོ་བའི་


DTG002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་དང་ལྡན་པས་གནས་པར་བྱ་བ་སྟེ། རྣལ་འབྱོར་མཉམ་པར་གཞག་པར་བྱ། །ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །གཞན་ཡང༌། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །ཞེས་བྱ་བ་ནས། སྐ་རགས་ལ་ནི་དོན་ཡོད་གནས། །ཞེས་བྱ་བའི་དོན་ནི་སྔར་བསྟན་པ་ཉིད་དོ། །དེ་ལས་གཞན་པའི་དོན་རྣམས་ནི་འདི་ལྟ་སྟེ། ཁ་ཊྭཱཾ་གཟུགས་ཀྱི་ཤེས་རབ་དང༌། །ཐབས་ཀྱི་གཟུགས་ཀྱི་ཅང་ཏེའུ་ཉིད། །ཅེས་བྱ་བ་གསུངས་ཏེ། ཁ་ནི་ནམ་མཁའི་གཟུགས་ཅན་ནོ། །ཊྭཱཾ་ནི་དཀའ་ཐུབ་ཀྱི་གནས་པ་ཡིན་ལ། །བསྡུས་པའི་དོན་གྱིས་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གནས་ཞེས་བྱ་བའི་དོན་ཏེ། ཌ་མ་རུའི་སྒྲ་ནི་ཁམས་གསུམ་དུ་སེམས་ཅན་ཐམས་ཅད་ལ་ཅིག་ཅར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་ཏོ། །དེ་བས་ན་ཁ་ཊྭཱཾ་གདང་ཅང་ཏེའུ་གཟུང་བ་ཉིད་ལ་ཉོན་མོངས་པ་ལམ་ཞེ་སྡང་སྐྱེད་ཅིང་དབུགས་ཕྱིར་རྒྱུ་བ་དང་ནང་དུ་འཇུག་པ་དང་གནས་གསུམ་ནི་ཨ་ལི་ད་ཀཱ་ལི་ཉིད་དེ། དེ་བས་ན་དེའི་ཕྱིར། གླུ་ནི་རྣམ་དག་སྔགས་སུ་གསུངས། །གར་ནི་བསྒོམ་པར་བྱ་བ་ཉིད། །དེ་ཡི་ཕྱིར་ན་གླུ་དང་གར། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །ཞེས་གསུངས་པ་དང༌། དེ་བཞིན་དུ། སྨན་ནི་རྣམ་པར་བཟའ་བ་སྟེ། ཆུ་ནི་རྟག་ཏུ་བཏུང་བ་ཉིད། །ཅེས་བྱ་བ་ཡང་རྣམ་པ་གཉིས་སུ་རྟོགས་པར་བྱ་སྟེ། ཕྱིར་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་དྲི་ཆེན་དང༌། དྲི་ཆུ་རྣམས་སྦྱང་བ་དང་སྤེལ་བ་ལ་སོགས་པ་བྱས་ལ། རྟོག་པ་མེད་པས་བཟའ་བ་ཡིན་ལ་དེའི་སྟོབས་ཀྱིས། རྒ་ཤིས་དྲིལ་གྱིས་མི་ནོན་ཅིང༌། །ཞེས་གསུངས་སོ། །ངེས་པའི་དོན་ནི་རྩ་བའི་རྒྱུད་ལས། ཇི་སྐད་དུ། གཡོན་པའི་སྟེང་འོག་ཤེས་རབ་ཐབས། །འབྱུང་འཇུག་བྲལ་བ་ཟོས་པ་ཡིན། །གཡས་པའི་སྟེང་འོག་ཤེས་རབ་ཐབས། །འབྱུང་འཇུག་བྲལ་ལ་བཏུང་བ་ཉིད། །ཅེས་བྱ་བ་གསུངས་ཏེ། དེས་རྒ་ཤིས་དྲིལ་གྱིས་མི་ནོན་ཅིང༌། །རྟག་ཏུ་བསྲུང་བར་འགྱུར་བ་ཡིན། །ཞེས་བྱ་བ་ནི་ངེས་པའི་དོན་ཡིན་ལ། །གཞན་དུ་ན་ཕྱིའི་དྲི་ཆེན་དང་དྲི་ཆུ་ཟོས་ཤིང་འཐུངས་པས་ནི་རྒ་ཤིས་ཟིལ་གྱིས་མི་ནོན་པར་འབྱུང་བར་མི་འགྱུར་ཏེ་འཇིག་རྟེན་པ་རྣམས་ཀྱིས་ཀྱང་དཔྱ་བར་འགྱུར་རོ་ཞེས་པ་ནི་ངེས་པའོ། །གཞན་ཡང་རྐུན་མའི་སྐྲ་ལས་ཅོད་པན་བྱས་ལ། །དེ་ལ་ཧཱུཾ་བྱུང་སྦྱར་བར་བྱ། །སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་


DTG002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཐོད་པ་སོར་ལྔ་པ་ཡི་ཆར། །བྱས་པས་ཅོད་པན་འཛིན་པར་བྱེད། །ཐབས་དང་ཤེས་རབ་རང་བཞིན་ལས། །སྐྲ་ཡི་སྐ་རགས་ཉིས་སྐོར་ཉིད། །ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །རྣལ་འབྱོར་པ་ཡི་སྤྱོད་པ་འཛིན། །ཞེས་བྱ་བ་གསུངས་པས། དགེ་བའི་ཆོས་ཐམས་ཅད་དབྲོག་པར་བྱ་བའི་ཕྱིར། རྐུན་མའི་སྐྲ་ཞེས་བྱ་བའི་རྩ་ལས་ཅོད་པན་དུ་བརྡ་བྱ་བ་དང༌། དེ་རུ་ཧཱུཾ་ལས་ཡོངས་སུ་བྱུང་བའི་རྡོ་རྗེ་རྒྱ་གྲམ་ཡོངས་སུ་བཟུང་བ་སྟེ། སེམས་ཅན་གྱི་དོན་སྣ་ཚོགས་པ་བྱེད་པའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་ཆུབ་པས་རྣམ་པ་ལྔ་དང༌། རྣམ་པ་ཉི་ཤུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་གྱིས་གང་བ་དང་བཟང་པོ་ལ་སོགས་པ་ཟླ་བ་ཡར་དོའི་ལྔ་ཚན་རྣམས་ཀྱང་ཡིན་ལ། དེའི་ཕྱིར་ཨ་ཨི་རྀ་ཨུ་ལྀ་ཞེས་བྱ་བས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའི་ཆོས་ཅན་དུ་ཤེས་པར་བྱ་བའི་ཕྱིར། སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །ཞེས་བྱ་བ་སོགས་པ་དང༌། ཐོད་པ་སོར་ལྔ་པའི་ཆ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་བཞིན་དུ་འཇིག་རྟེན་པའི་ལྷ་ང་རྒྱལ་ཅན་རྣམས་གདུལ་བར་བྱ་བའི་དོན་དུ། མི་རོའི་སྐྲའི་སྐ་རགས་ཉིས་སྐོར་དང༌། དབང་ཕྱུག་ཆེན་པོའི་བརྟུལ་ཞུགས་ཀྱི་ཆེད་དུ་ཐལ་བས་ལུས་ལ་བྱུགས་པ་དང༌། ཚངས་པའི་བརྟུལ་ཞུགས་ཀྱི་ཆེད་དུ་མི་རོའི་སྐྲའི་ཚངས་སྐུད་དང༌། ལྷ་རྣམས་ཀྱི་དགའ་བའི་རྩེད་མོའི་ཆེད་དུ་ཅང་ཏེའུ་གཟུང་བ་དང༌། དབང་ཕྱུག་ཆེན་པོའི་རྒྱལ་མཚན་གྱི་ཆེད་དུ་ཁ་ཊྭཱཾ་ག་གཟུང་བ་དང༌། ཐོད་པའི་དུམ་བུས་བརྟུལ་ཞུགས་ཀྱི་ཆེད་དུ་རྡོ་རྗེའི་ཐོད་པ་གཟུང་བར་བྱ་བ་སྟེ། འདི་དག་བཟླས་དང་བསྒོམ་པ་ཡིན། །ཞེས་གསུངས་སོ། །འདིའི་ངེས་པའི་དོན་ཡང་རྩ་བའི་རྒྱུད་ལས། ཇི་སྐད་དུ། སྟོང་ཉིད་སྙིང་རྗེ་མི་འཆད་ཕྱིར། །སྐྲ་ཡི་སྐ་རགས་བརྗོད་པ་ཡིན། །ཐལ་བ་བྱང་ཆུབ་སེམས་སུ་གསུངས། །ཁུ་བ་མི་འབོ་ཚངས་སྤྱོད་ཕྱིར། །སྐྲ་ཡི་མཆོད་ཕྱིར་ཐོགས་པས་བརྒྱན། །དེ་བས་ཚངས་སྤྱོད་བརྟུལ་ཞུགས་མཆོག །ཅང་ཏེའུ་བདེ་བའི་སྒྲ་ཡིས་ནི། །འཇིག་རྟེན་གསུམ་པོ་དབུགས་འབྱིན་ཅིང༌། །སྟོང་པའི་རྣམ་པས་ཁ་ཊྭཱཾ་ག །བདེ་པ་ལུས་སྐྱོང་ཐོད་པར་བརྗོད། །དེ་བས་དེ་ཡི་ཕྱིར་འདི་དག །བཟླས་པ་དང་ནི་བསྒོམ་པ་ཡིན། །ཞེས་གསུངས་སོ། །གཞན་ཡང་སྤྱོད་པ་བྱེད་པའི་རྣལ་འབྱོར་པས་ངོ་ཚ་བ་དང་དོགས་པ་ལ་སོགས་


DTG002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་མ་སྤངས་པས་སྤྱོད་པ་བྱེད་པ་ནི་འཇིག་རྟེན་པའི་བཞད་གད་དུ་འགྱུར་ལ། སེམས་ཅན་གྱི་དོན་དུ་ཡང་མི་འགྱུར་བ། །དེའི་ཕྱིར། བརྐམ་དང་རྨོངས་དང་འཇིགས་དང་ཁྲོ། །ངོ་ཚའི་འབྲས་བུ་རྣམ་པར་སྤངས། །ཞེས་གསུངས་སོ། །དེ་བཞིན་དུ་དེ་ཉིད་ཇི་སྐད་དུ། ངེས་པར་མངོན་དུ་ལྷ་མིན་གང༌། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང༌། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་གསུངས་ཏེ། དེ་བས་ན་དོགས་པ་དང་བག་ཚ་བ་མི་བྱའོ། །དེ་ལྟར་སྤྱོད་པ་བྱེད་པའི་རྣལ་འབྱོར་པས་ལེ་ལོ་ལ་གནས་པར་མི་བྱ་སྟེ། ལེ་ལོ་དང་ལྡན་པའི་གཉིད་སྤངས་ལ། གཏི་མུག་ཆེན་པོ་གཉིད་ལ་གནས་ཏེ་སྤྱོད་པ་སྤྱད་དོ། །དེའི་ཕྱིར། བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །ཞེས་པ་དང༌། དེ་བཞིན་དུ་བདེ་བར་གཤེགས་པས་ཀྱང་དཀའ་བ་མཛད་པའི་དུས་སུ་རྒྱལ་སྲིད་ཀྱི་འབྱོར་པ་དང་བཙུན་མོའི་འཁོར་དང་ཉིད་ཀྱི་སྐུ་ལུས་ཀྱི་མཐར་ཐུག་པ་སེམས་ཅན་གྱི་དོན་དུ་བཏང་ངོ༌། །སྤྱོད་པ་བྱེད་པའི་རྣལ་འབྱོར་པས་ཀྱང་རང་གི་ལུས་ལ་ལྟོས་པ་མེད་པར་བྱ་བ་ཡིན་པས། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་བརྩམས། །ཞེས་གསུངས་ཏེ། དེ་ཡང་ནམ་མཁའ་གོས་སུ་གྱོན་པར་བྱའོ། །བྱ་མི་སྲུན་པ་དང༌། ཁྱི་མི་སྲུན་པ་དང་། བྱིས་པའི་སྐྱེ་བོ་མ་རུངས་པ་ངན་དུ་སྨྲ་བ་རྣམས་ནི་ཆོས་སྟོན་པའི་བླ་མར་བརྟག་ཅིང་ཉི་མའི་ཚ་བས་གདུངས་པ་དང་གྲང་བས་ཉེན་པ་དག་བཟོད་པར་བྱ་བའི་གཞི་ཡིན་ནོ། །དེ་ལས་གཞན་པའི་བདོག་པ་སྦྱིན་པ་གཏོང་བ་ན་སྦྱིན་པར་བྱ་བའི་གཞིའི་ཁྱད་པར་དུ་མི་དབྱེ་བ་སྟེ། མངོན་དུ་ཇི་ལྟར་སྣང་བ་དེ་ལ་སྦྱིན་པར་བྱ་བ་ཉིད་པས། སྐལ་དང་སྐལ་མིན་རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །ཞེས་གསུངས་པ་དང་དེ་བཞིན་དུ། །རྟོག་པ་མེད་པའི་ཚུལ་གྱིས་ནི། །བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པ་རབ་ཏུ་བཟའ། །ཡིད་འོང་མི་འོང་མི་རྟོག་ཕྱིར། །ཞེན་པ་ཙམ་དུ་མི་བྱའོ། །བཟའ་དང་བཅའ་མིན་སྤྱོད་པ་དང༌། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །འགྲོ་དང་འགྲོ་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་གསུངས་ཏེ། འདིའི་དོན་ཡང་རོ་ལ་ཆགས་པ་ཙམ་གྱིས་བཟའ་བ་དང༌། བཏུང་བ་དག་ལ་བྱེ་བྲག་མི་དབྱེ་བ་ལ། ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ་བའི་ཕྱིར་རིགས་བཞིའི་


DTG002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ལ་བགྲོད་པར་བྱ་བ་མ་ཡིན་ཞེས་བྱ་བྲག་མི་དབྱེ་བའི་དོན་ཏོ། །གཞན་ཡང་རྡོ་རྗེ་སློབ་དཔོན་ནི་རང་གི་འདོད་པའི་ལྷ་དང་ཐ་མི་དད་པར་བཀུར་བར་བྱ་བའི་ཕྱིར། བདག་གིས་རིག་པ་འཛིན་པའི་ས་ལ་གནས་པ་ཡིན་ཡང་དོར་བར་མི་བྱ་སྟེ། དངོས་གྲུབ་རྙེད་པའི་སློབ་མ་གང༌། །ཡང་དག་ཡེ་ཤེས་སྣང་བ་པོ། །མནར་མེད་སྤང་པའི་རྒྱུ་ཡི་ཕྱིར། །གྲུབ་པས་བླ་མར་མངོན་ཕྱག་བྱ། །ཞེས་བྱ་བ་གསུངས་ཏེ། ལ་བཟླ་བའི་ཚིག་འདིས་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་དུས་གསུམ་དུ་ཉིད་ཀྱི་འདོད་པའི་བླ་མ་ལ་གུས་པ་དང་བཅས་པས་འདུད་ན། སློབ་མ་ཞུགས་པའི་ལས་དང་པོ་པ་རྣམས་ཀྱིས་ཅིའི་ཕྱིར་སྤང་ཞེས་བྱ་བའི་དོན་ཏོ། །འདིའི་ངེས་པའི་དོན་ནི་སྔོན་དུ་རྒྱས་པར་བཀྲོལ་བ་ཉིད་དོ། །གཞན་ཡང་སྤྱོད་པ་པས་བསླབ་པ་དང་དབང་བདུན་དང་སྦྱིན་སྲེག་དང་མཆོད་སྦྱིན་དང་དཀའ་ཐུབ་དང་སྡོམ་པ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་རྣམས་ལ་ཆེད་ཆེར་གཟུང་བར་མི་བྱ་བ་ཉིད་དམ། ཡང་ན་ཕྱི་རོལ་པའི་ལྷ་ཞི་བ་ལ་སོགས་པའི་བསླབ་པ་དང་སྦྱིན་སྲེག་ལ་སོགས་པ་ལ་ཆེད་ཆེར་མི་གཟུང་སྟེ། དེ་བས་ན་དེའི་ཕྱིར། བསླབ་དང་དབང་ལས་རྣམ་པར་གྲོལ། །དེ་བཞིན་ངོ་ཚའི་འབྲས་བུ་ཉིད། །དངོས་པོ་ཀུན་གྱི་རང་བཞིན་འདི། །རྣལ་འབྱོར་སྙིང་རྗེ་ཆེན་པོས་སྤྱད། །སྦྱིན་སྲེག་མཆོད་སྦྱིན་དཀའ་སྤྱོད་འདས། །སྔགས་དང་བསམ་གཏན་རྣམ་པར་སྤངས། །དམ་ཚིག་སྡོམ་ལས་རྣམ་གྲོལ་ཏེ། །རྣལ་འབྱོར་ལྡན་པས་སྤྱོད་པ་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་གཞན་ཡང༌། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྙིང་རྗེ་རྟག་ཏུ་བཏུང་བྱ་སྟེ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པས། །བཏུང་བ་གཞན་གྱིས་བཞི་མི་བྱ། །ཞེས་བྱ་བ་སྨོས་ཏེ། དོན་འདི་ཡང་ཕྱི་དང་ནང་གཉིས་སུ་གོ་བར་བྱས་ལ། དེ་ཡང་འཇིག་རྟེན་པའི་མཐུན་འཇུག་ཏུ་ཚོགས་དང༌། དཔའ་བོའི་བཟའ་བ་ལ་སོགས་པའི་དུས་སུ་ནི། འབྲུ་ལ་སོགས་པའི་ཆང་རྣམས་མྱོས་པ་མ་ཡིན་པའི་བར་དུ་བཏུང་བ་ཡིན་ལ། ངེས་པའི་དོན་དུ་ནི་བཏུང་བ་གཞན་ཞེས་བྱ་བ་འཇིག་རྟེན་པ་རྣམས་མྱོས་པར་བྱེད་ཅིང་བྱ་བ་མ་ཡིན་པ་བྱེད་པའི་རྒུན་འབྲུམ་དང་སཱ་ལུ་ལ་སོགས་པ་སྦྱོར་བའི་ཆང་རྣམས་སྐྲའི་རྩེ་མོས་ཀྱང་བཏུང་བར་མི་བྱའི། ཟླ་བ་བྱང་ཆུབ་སེམས་ཀྱི་ཆང་གི་རྒྱུན་གྱི་བཏུང་བ་ལ་རྒྱུན་མ་ཆད་པར་འཐུངས་པས། བདག་གི་ལུས་ལ་སོགས་པ་བདེ་


DTG002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རོས་བརླན་པར་བྱ་བ་ནི་ངེས་པའི་དོན་དུ་དེ་བཞིན་གཤེགས་པས་གསུངས་སོ། །ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་སྤྱོད་པའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་དྲུག་པའོ།། །།

བདུན་པ་བརྡ་དང་གནས་གཏན་ལ་ཕབ་པའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །སྟོན་པ་ལོངས་སྤྱོད་རྫོགས་སྐུ་ལ། །ཕྱག་འཚལ་ནས་ནི་ཙྪོ་མ་ཡི། །རྒྱས་བཤད་རྡོ་རྗེ་སྙིང་པོས་བྲི། །དེ་ནས་བརྡའི་ལེའུ་བཤད་པར་བྱའོ། །ཞེས་གསུངས་པ་ལ། བརྡ་ནི་རྣམ་པ་གཉིས་སུ་གོ་བར་བྱ་སྟེ། དེ་ཡང་ཇི་སྐད་དུ། རྩ་བའི་རྒྱུད་ཉིད་ལས། ཧེ་རུ་ཀར་ལྷན་རྣལ་འབྱོར་གྱིས། །ལུས་དང་ངག་གི་བརྡ་ལ་བསླབ། །ལུས་ངག་བརྡ་ཡིས་མི་སྨྲ་ན། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཅེས་གསུངས་ཏེ། དེ་བས་ན་དེའི་ཕྱིར། ཀྱེའི་རྡོ་རྗེ་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིས་ལུས་ངག་གི་བརྡའི་མན་ངག་འབད་པས་ཡིད་ལ་གཟུང་སྟེ། ཕྱི་རོལ་གྱི་སྐྱེ་བོ་མི་སྲུན་པ་རྣམས་དང་རིགས་གཞན་གྱི་ཕོ་ཉ་དང་ཕོ་ཉ་མོ་རྣམས་ཚོགས་པའི་ནང་དུ་ཐ་མལ་པའི་ཐ་སྙད་ཀྱིས་བརྗོད་པར་མི་བྱའི། བདག་ཅག་རྣམས་ཀྱི་གསང་ཆེན་གང་ཡིན་པ་དེ་བརྡས་བརྗོད་པ་ན་སྐྱེ་བོ་མ་རུངས་པ་རྣམས་དང༌། ཕྱི་རོལ་གྱི་ཕོ་ཉ་དང་ཕོ་ཉ་མོ་རྣམས་རྨོངས་པར་འགྱུར་རོ། །དེ་ནས་གསང་ཆེན་རྣམས་བརྡ་ཡིས་མི་སྨྲ་བ་གང་ཡིན་པ་དེ་ནི། འཇིག་རྟེན་འདི་དང་འཇིག་རྟེན་གཞན་གྱི་དངོས་གྲུབ་གཉི་ག་ཉམས་པར་བྱས་ནས་མནར་མེད་པར་འགྲོ་བར་འགྱུར་རོ། །དེ་ལ་སྔོན་དུ་ནི་ལུས་ཀྱི་བརྡ་དང་ཕྱི་ནས་ནི་ངག་གི་བརྡ་སྟེ་ལེའུ་འདིར་ནི་ལུས་ཀྱི་བརྡ་འབའ་ཞིག་སྟོན་ལ་ངག་གི་བརྡ་ནི་ལེའུ་གཞན་ནས་སྟོན་པར་འགྱུར་རོ། །དེ་ལྟར་ན་བརྡ་དེ་དག་གཉི་ག་ཡང་ངེས་པ་དང་དྲང་བའི་དོན་དུ་ཤེས་པར་བྱ་སྟེ། དེ་ལས་བསྡུས་པའི་རྒྱུད་འདི་ཉིད་ནས་ཇི་སྐད་དུ་སྟོན་བཞིན་པ་རྣམས་ནི་དྲང་བའི་དོན་དུ་ཤེས་པར་བྱ་ལ། ངེས་པའི་དོན་ནི་རྩ་བའི་རྒྱུད་ལས་ཤེས་པར་བྱའོ། །དེ་ལ་རེ་ཞིག །གང་གིས་སྤུན་དང་སྲིང་མོ་ཡང༌། །ཞེས་བྱ་བ་ལ། སྤུན་དང་སྲིང་མོ་ནི་ཐབས་དང་ཤེས་རབ་ཀྱི་ཆའི་བྱེ་བྲག་གོ །ཐེ་ཚོམ་མེད་པར་ཤེས་པར་བྱ། །ཞེས་པ་ནི། དྲང་བ་དང་ངེས་པའི་དོན་གྱི་ཐབས་དང་ཤེས་རབ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དེ་ལ། གང་ཞིག་སོར་མོ་གཅིག་སྟོན་པ། །ཞེས་བྱ་བ་ནི་སྐྱེས་པའམ་བུད་མེད་གང་ཞིག་གིས་གློ་བུར་དུ་མདུན་དུ་འོངས་པ་ལ་སོར་མོ་གཅིག་


DTG002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དེའི་ཚེ། ལེགས་པར་འོངས་སམ་ཞེས་དྲི་བའི་དོན་དུ་རྟོགས་པར་བྱའོ། །དེ་བཞིན་དུ། གཉིས་ཀྱིས་ལེགས་པར་འོངས་པ་ཡིན། །ཞེས་པ་ནི་ལན་དུ་སོར་མོ་གཉིས་བརྐྱང་བས་བདེ་བར་འོངས་སོ་ཞེས་བསྟན་པར་བྱའོ། །གཞན་ཡང༌། གཡོན་གྱི་མཐེ་བོང་བཅངས་པས་ནི། །བསྙུན་གྱི་ཕྱག་རྒྱར་རྣམ་པར་ཤེས། །ཞེས་བྱ་སྟེ། གང་ཞིག་ལ་བསྙུན་འདྲི་བའི་བརྡར་ཤེས་པར་བྱ་སྟེ། ལུས་ངག་ཡིད་གསུམ་བདེ་འམ་ཞེས་བྱ་བའི་དོན་ཏོ། །གང་ཞིག་སྲིན་ལག་སྟེར་བ་ལ། །ཞེས་པ་ནི་ཐབས་ཀྱི་ཆ་ཡིན་ལ། དེ་ཡི་མཐེ་ཆུང་རྣམ་པར་སྦྱིན། །ཞེས་བྱ་བ་ནི། ཤེས་རབ་ཀྱི་ཆ་སྟེ་སྟེང་འོག་གི་བྱེ་བྲག་གིས་རླུང་དང་མེ་རུ་རྟོགས་པར་བྱའོ། །གང་ཞིག་གུང་མོ་སྟོན་པ་ལ། །དེ་ཡི་མཛུབ་མོ་རྣམ་པར་སྦྱིན། །ཞེས་པ་ནི་དེ་བཞིན་དུ་སྟེང་འོག་གི་ཆས་ཆུ་དང་ས་རྟོགས་པར་བྱེད་པ་ཡིན་ལ། དེ་བས་དེ་དག་རྣམས་ཀྱང་ཕྱི་དང་ནང་གི་སྟོང་པ་དང་སྙིང་རྗེའི་བདག་ཉིད་ཡིན་ནོ། །གང་དེ་ནི་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང་ཇི་སྐད་དུ། ཤར་དང་ནུབ་ཏུ་ས་དང་རླུང༌། །ཕན་ཚུན་ཐབས་དང་ཤེས་རབ་ཡིན། །ལྷོ་དང་བྱང་དུ་མེ་དང་ཆུ། །ཕན་ཚུན་ཐབས་དང་ཤེས་རབ་ཡིན། །ཞེས་པ་དང༌། དེ་བཞིན་དུ། ཟླ་བའི་ལམ་གྱི་དྲི་ཆེན་རྩ། །ཉི་མས་དྲི་ཆུ་དབབ་པའོ། །སྟེང་འོག་སེམས་ཀྱི་རྩ་གཉིས་ནི། །ས་བོན་འབབ་དང་མུན་ཅན་མ། །ཞེས་གསུངས་སོ། །གང་ཞིག་མིང་མེད་སྟོན་པ་ལ། །དེ་ཡི་མགྲིན་པ་རབ་ཏུ་བསྟན། །ཞེས་པ་ནི། ནམ་མཁའ་ལྟ་བུའི་ཆོས་ཤེས་སམ། །ཞེས་འདྲི་བ་ལ། དེའི་ལན་དུ་མགྲིན་པ་བསྟན་པར་བྱ་བ་ནི་རོ་དྲུག་ལ་ལོངས་སྤྱོད་པའི་ལམ་མགྲིན་པའི་འཁོར་ལོ་ཡིན་ཏེ། དེའི་སྟོབས་ཀྱིས་རྩ་རྣམས་རྒྱས་པར་འགྱུར་ལ། དེ་ནམ་མཁའ་ལྟ་བུའི་ཆོས་སྟོན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གང་ཞིག་གོས་ནི་སྟོན་པ་ལ། །དེ་ཡི་རྩེ་གསུམ་རབ་ཏུ་བསྟན། །ཞེས་བྱ་བ་ནི། སྐྱོབ་པ་མཚན་ཉིད་ཤེས་སམ་ཞེས་འདྲི་བ་ལ། ལན་དུ་ང་ཡིས་ཤེས་ཏེ་ལུས་ངག་ཡིད་གསུམ་གྱི་བདག་ཉིད་རྩ་གསུམ་གྱི་རང་བཞིན་ཤེས་ནའོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ནུ་མ་སྟོན་པ་ལ། །དེ་ཡི་མཚམས་ནི་རབ་ཏུ་བསྟན། །ཞེས་བྱ་བ་ནི། དེ་ཉིད་གར་གྱི་བསྟན་བཅོས་ཀྱིས་ཐོབ་པ་ཡིན་ན། དེ་ཤེས་སམ་ཞེས་འདྲི་བ་ལ། ལན་དུ་ང་


DTG002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཤེས་ཏེ་དབང་པོ་གཉིས་སྤྲད་པའི་བདེ་བ་ལས་རྟོགས་ཞེས་བྱ་བའི་དོན་ཏོ། །གང་ཞིག་སོ་ནི་སྟོན་པ་ལ། །དེ་ཡི་ཁ་ནི་རབ་ཏུ་བསྟན། །ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་ཤེས་སམ་ཞེས་འདྲི་བ་ལ། ལན་དུ་ང་ཡིས་ཤེས་ཏེ་ཐབས་དང་ཤེས་རབ་ལྡན་ནའོ་ཞེས་པའི་དོན་ཏོ། །གང་ཞིག་ཁྲོ་གཉེར་སྟོན་པ་ལ། །གཙུག་ཕུད་དགྲོལ་བ་བསྟན་པར་བྱ། །ཞེས་པ་ནི། འོན་ཁྱོད་དང་ང་གཉིས་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལ་བརྩད་དོ་ཞེས་ཟེར་བ་ལ། ལན་དུ། འཇིགས་པ་མེད་དེ་བརྩད་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །གང་ཞིག་དཔྲལ་བ་སྟོན་པ་ལ། དེ་ཡི་རྒྱབ་ནི་རབ་ཏུ་བསྟན། །ཞེས་བྱ་བ་ནི། གང་མཁའ་འགྲོ་མ་རྣམས་ཀྱི་གནས་ལུས་ཀྱི་མཆོག་མགོ་ལ་ཡོད་ན་དེ་ཁྱོད་ཀྱིས་ཤེས་སམ་ཞེས་འདྲི་བ་ལ། ལན་དུ་ང་ཡིས་ཤེས་ཏེ་མགོ་བོ་ལས་གཞན་རྒྱབ་ལ་སོགས་པ་ལུས་གཞན་ཡང་མཁའ་འགྲོ་མའི་གནས་ཡོད་ཅེས་བྱ་བའི་དོན་ཏོ། །གང་ཞིག་རྐང་མཐིལ་སྟོན་པ་ལ། །ལྟོ་ཡིས་རྣམ་པར་རྩེ་བར་བྱ། །ཞེས་པ་ནི། འོ་ན་གནས་དེ་དག་ཏུ་ཇི་ལྟར་འགྲོང་པར་བྱ། ཞེས་འདྲི་བ་ལ། ལན་དུ་གར་གྱི་བསྟན་བཅོས་སྔོན་དུ་འགྲོ་བས་ཆགས་པ་དང་ལྡན་པའི་སེམས་ཀྱིས་སྙོམས་པར་ཞུགས་ནས་གནས་དེ་རྣམས་སུ་ཕྱིན་པར་འགྱུར་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །དམ་ཚིག་གིས་ནི་རྣམ་པར་དབྱེ། །ཞེས་པ་ནི། ལུས་ཀྱི་ཕྱག་རྒྱའི་བརྡ་ཤེས་པས། །གསང་ཆེན་ཐམས་ཅད་རྟོགས་པར་བྱ། །ཞེས་པའི་དོན་ཏོ། །དེ་ལ་རྣལ་འབྱོར་མས་སྨྲས་པ། །ཨེ་མ་བུ་ནི་སྙིང་རྗེ་ཆེ། །ཞེས་བྱ་བ་ནི། ཨེ་མ་ཐབས་ཆེན་པོའི་རང་བཞིན་ཁྱོད་ཀྱིས་བརྡ་དང་བརྡ་མ་ཡིན་པ་ཐམས་ཅད་ལ་གོམས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕྲེང་བ་ལག་སྟོན་ན། །འདུ་བར་བྱ་ཞེས་སྨྲ་བ་ཡིན། །ཕྲེང་བ་མངོན་པར་བཏང་བྱས་ནས། །དམ་ཚིག་ལ་མནོས་བརྟུལ་ཞུགས་བཟང༌། །ཞེས་བྱ་བ་ནི། དེ་ལྟར་བརྡའི་ལན་ལ་རྣལ་འབྱོར་མ་ཐམས་ཅད་རང་ས་ནས་ལག་ན་ཕྲེང་བ་སྟོན་པར་བྱེད་ཅིང༌། རིགས་ཀྱི་བུ་ཁྱོད་དང་ང་གཉིས་བདེ་བའི་ཕྲེང་བ་རྒྱུན་མི་འཆད་པའི་བརྟུལ་ཞུགས་ལ་གནས་པར་བྱའོ་ཞེས་སྟོན་ལ། གཞན་ཡང་འདི་སྐད་ཅེས། དེ་ལ་ཕྱི་རོལ་ཞེས་འདུ་བ། །བཟང་པོའི་སྤྱོད་ཡུལ་གནས་པ་ནི། །དེ་ལ་འདུ་བའི་རྣལ་འབྱོར་མས། །གང་སྨྲས་དེ་ལྟར་ཐམས་ཅད་བྱ། །ཞེས་བྱ་


DTG002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ཁྱོད་ནི་སྐལ་བ་དང་ལྡན་ཏེ་ཕྱི་དང་ནང་གི་དགོངས་པའི་སྐད་ཐམས་ཅད་ཀྱང་ཤེས་པ་དེ་བས་དེའི་ཕྱིར། ཁྱོད་དང་བདག་ཅག་ཕྱིའི་གནས་སུ་འདུས་ལ་ཕྱི་དང་ནང་གི་བདེ་བའི་སྟོན་མོ་ལ་ལོངས་སྤྱད་པར་བྱའོ་ཞེས་བསྒོ་བ་ན། རྣལ་འབྱོར་པ་དེས་ཀྱང་ཐམས་ཅད་དང་དུ་བླང་ངོ་ཞེས་བྱ་བའི་དོན་ཏོ། །ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས་ཞེས་རྡོ་རྗེ་སྙིང་པོ་ལ་སོགས་པ་ཕྱི་དང་ནང་གི་གནས་ཀྱི་ཁྱད་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང༌། ཙ་ནྡོ་ཉེ་བའི་ཚ་ནྡོ་དང༌། །འདུ་བ་ཉེ་བའི་འདུ་བ་དང༌། །གྲོང་ཁྱེར་ཉེ་བའི་གྲོང་ཁྱེར་དང༌། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འདི་རྣམས་ས་ནི་བཅུ་གཉིས་ཕྱིར། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །དེ་ཕྱིར་གཞན་དུ་བཙལ་མི་བྱ། །ཞེས་བྱ་བ་གསུངས་ཏེ། འདིས་ནི་འཁོར་ལོ་གསུམ་གྱི་བདག་ཉིད་དང༌། འཁོར་ལོ་དྲུག་གི་བདག་ཉིད་དང༌། །འཁོར་ལོ་བཞིའི་བདག་ཉིད་ལ་གནས་བ་རྩའི་རིགས་ཐམས་ཅད་ས་བཅུ་གཉིས་ཉིད་དུ་སྟོན་ཏེ། དེ་ཡང་འཁོར་ལོ་གསུམ་གྱི་བདག་ཉིད་ནི་སྐུ་དང༌། གསུང་དང༌། ཐུགས་ཀྱི་བྱེ་བྲག་དང༌། ས་འོག་ས་སྟེང་ས་བླའི་དབྱེ་བས་བདེ་མཆོག་འཁོར་ལོའི་རྒྱུད་ཀྱི་དོན་བརྗོད་དོ། །འཁོར་ལོ་དྲུག་གི་བདག་ཉིད་ནི། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། ཡེ་ཤེས་ཀྱི་དབྱེ་བའམ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། ཡེ་ཤེས་ཀྱི་དབྱེ་བའམ། ཡི་གེ་དྲུག་གི་དབྱེ་བས་ཕྱེ་བ་ཡིན་ཏེ་དང་པོ་མཆོག་གི་སངས་རྒྱས་ཀྱི་རྒྱུད་ཀྱི་དོན་ཏོ། །གང་དུ་བཞིར་བསྟན་པ་ནི་སྤྲུལ་པ་དྲུག་ཅུ་རྩ་བཞི་དང༌། ཆོས་བརྒྱད་དང༌། ལོངས་སྤྱོད་བཅུ་དྲུག་དང༌། བདེ་བ་ཆེན་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྟེ། དེ་ལྟར་འཁོར་ལོ་བཞིའི་དབྱེ་བ་དང༌། སྐུ་བཞི་དང༌། དབང་བཞི་དང༌། དགའ་བ་བཞི་དང༌། སྐད་ཅིག་མ་བཞི་དང༌། འབྲས་བུ་བཞི་ལ་སོགས་པའི་བྱེ་བྲག་གིས་ཀྱེའི་རྡོ་རྗེའི་རྒྱུད་དུ་བསྟན་ཏེ། དེ་ལྟར་ཐམས་ཅད་བཞི་བཞིའོ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཕྱི་རོལ་དུ་ནི་ཤ་དང་ཁྲག་ལ་རྒྱུག་པར་བྱེད་པ་གྲོང་ལ་བརྟེན་པའི་ལྷ་མོ་རྣམས་ནི་ཕྱིའི་གནས་དེ་དག་ན་གནས་པ་ཡིན་ལ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་གསུངས་པའི་ཕྱིར་


DTG002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་གནས་ནི་ལུས་ལ་རྩའི་གཟུགས་ཀྱིས་གནས་པར་གསུངས་ཏེ་དེ་ལས་གཞན་དུ་མི་བལྟའོ། །དེ་ཡང་ལུས་ལ་ནི་ཛཱ་ལ་ནྡྷ་ར་ཞེས་པ་ནས་སྐྱེད་ཚལ་རབ་རྫིང་བུའི་འགྲམ་ཞེས་པ་ཡན་ཆད་འདི་ལྟ་སྟེ། རྩ་བའི་རྒྱུད་ལས་ཇི་སྐད་དུ། སྤྱི་བོ་དང་ནི་སྤྱི་གཙུག་དང༌། །རྣ་བ་གཡས་པ་རྩི་བ་ལོགས་དང༌། །དེ་བཞིན་སྣ་ཚོགས་སྨིན་དབུས་དང༌། །ལག་པ་མཆན་ཁུང་དག་དང་ནི། །ནུ་མ་གཉིས་དང་ལྟེ་བ་དང༌། སྣ་རྩེ་དང་ནི་ཁ་ཡི་ལམ། །ཕྲག་གོང་གཉིས་དང་ཕོ་མཚན་དང༌། །རྟགས་དང་བཤང་ལམ་བྲང་གི་གནས། །བྱིན་པ་དང་ནི་སོར་མོ་དང༌། རྐང་པའི་བོ་ལ་དང་མཐེ་བོང་དང༌། །པུས་མོ་རྣམས་སུ་གོ་རིམས་བཞིན། །གནས་དང་ས་སོགས་བལྟ་བར་བྱ། །ཞེས་གསུངས་སོ། །དེ་བས་ན་དེའི་ཕྱིར་སེམས་ཅན་རྣམས་ལ་སྤྱོད་པ་དང་གྲོལ་བའི་འབྲས་བུ་སྟེར་བའི་ལྷ་མོ་དང་གནས་འདི་རྣམས་ནི་ལུས་ཅན་ཐམས་ཅད་ཀྱི་ལུས་ཉིད་ལ་རྩ་དང་ཁུ་བའི་གཟུགས་ཀྱི་གནས་སོ། །ད་ནི་ཉི་མའི་དུས་ཀྱི་ཁྱད་པར་བརྗོད་པའི་ཕྱིར། རྣལ་འབྱོར་མ་རྒྱུད་ཀྱི་རྡོ་རྗེར། །རྣལ་འབྱོར་མ་ཡི་ལེགས་འདུ་བའི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཉིན་མོའི་དུས་ཀྱང་རབ་བཤད་བྱ། །ཞེས་བྱ་བ་ལ་འདིར་ཉི་མའི་དུས་ནི་རྣམ་པ་གཉིས་ཏེ། ཕྱི་དང་ནང་གིའོ། །དེ་ལ་ཕྱིའི་ཟླ་བ་མར་གྱི་ངོའི་བཅུ་བཞི་ལ་སོགས་པ་ལ་གྲོང་གི་ལྷ་མོ་རྣམས་གོང་དུ་བརྗོད་པའི་ཕྱིའི་གནས་རྣམས་སུ་ལུས་ཅན་ཐམས་ཅད་ཀྱི་མདངས་འབྲོག་པར་བྱ་བའི་ཕྱིར་རྒྱུ་བ་ཡིན་ལ། ནང་དུ་ནི་ཁུ་བ་དང་རླུང་ལ་སོགས་པ་དབུགས་དང་ཆུ་སྲང་དང་ཆུ་ཚོད་ལ་སོགས་པའི་ཁྱད་པར་གྱི་གནས་སུ་འཕྲོ་ཞིང་འདུ་བར་འགྱུར་རོ། །དེ་བཞིན་དུ་དངོས་གྲུབ་གཉིས་ལ་འདུན་པའི་རྣལ་འབྱོར་པས་ཀྱང་ཕྱི་དང་ནང་གི་བྱེ་བྲག་ཤེས་པར་བྱས་ལ། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་མར་ངོའི་བཅུ་བཞི་ལ་སོགས་པ་ལ་མཚན་མོ་དུར་ཁྲོད་དུ་སོང་སྟེ། དཔའ་བོའི་སྟོན་མོ་ལ་སོགས་པ་ལ་འདུ་བར་བྱ་བ་ཡིན་ནོ། །དེ་ནི་འདི་ལྟར་ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལགས་ཞེས་བྱ་བ་སྨོས་ཏེ་ཕྱི་དང་ནང་གི་ཉི་མའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མར་གྱི་ངོ་ཡི་བཅུ་བཞི་དང༌། དེ་བཞིན་དུ་ཡང་བརྒྱད་པ་ཉིད། །ཅེས་བྱ་བ་གསུངས་ཏེ། མར་ངོའི་བཅུ་བཞི་ནི་ཉི་ཤུ་རྩ་དགུའོ། །དེ་བཞིན་དུ་མར་ངོའི་བརྒྱད་ནི་ཉི་ཤུ་རྩ་གསུམ་མོ། །དེ་ཡང་ངེས་པའི་དོན་ནི་རྩ་བའི་རྒྱུད་ཉིད་ལ་འཇུག་པར་


DTG002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་ཟླ་བ་འདི། །ཡར་ངོ་མར་ངོ་རབ་ཏུ་གནས། །ཡར་ངོ་ཡིས་ནི་སྐྱེད་བྱེད་མ། །མར་ངོ་ཡིས་ནི་འཇོམས་བྱེད་མ། །མར་ངོའི་བཅུ་བཞི་ལ་སོགས་ཀྱིས། །བྱང་ཆུབ་སེམས་ཀྱི་མཁའ་འགྲོ་མ། །བདེ་ཆེན་འཁོར་ལོས་འདུ་བར་མཛད། །འདི་ནི་ངེས་པའི་དོན་དུ་བཤད། །ཅེས་གསུངས་སོ། །གཞན་ཡང་བཟའ་བ་གསུངས་པ་ནི། རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །ལན་བདུན་པ་ཡང་བཟའ་བར་བྱ། །ཞེས་བྱ་བ་ལ། རྒྱལ་མཚན་ནི་རྒྱལ་པོས་རྐུན་པོ་ལ་སོགས་པ་སྐྱེས་པའམ་བུད་མེད་འགའ་ཞིག་ཆད་པས་བཅད་དེ། ལུས་མཚོན་གྱིས་དྲལ་ནས་རོ་ཤིང་ལ་དཔྱངས་ཏེ་གཞག་པའོ། །ལན་བདུན་པ་ནི་འདི་ན་སྐྱེས་པའམ་བུད་མེད་འགའ་ཞིག་སྐྱེ་བ་བདུན་དུ་མིའི་ལུས་སུ་བརྒྱུད་པ་ཡིན་ལ། དེའི་མཚན་ཉིད་ཀྱང་གྲིབ་མ་བདུན་དུ་འབྱུང་བ་དང༌། མིག་མི་འཛུམས་པ་དང༌། དཔྲལ་བ་ལ་གཉེར་མ་གསུམ་ཡོད་པ་དང༌། ལུས་ལ་དྲི་ཞིམ་པོ་འབྱུང་བ་ལ་སོགས་པ་ཉིད་ཡིན་ཏེ་དེ་ལྟ་བུ་ཐོང་ན་ཕྱག་ཏུ་མེ་ཏོག་དག་ཕུལ་ཏེ་བསྐོར་བ་བྱས་ལ་འདི་སྐད་ཅེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ད་ནི་བདག་ཅག་ལྟ་བུའི་དོན་བགྱི་བའི་དུས་ལ་བབ་པོ་ཞེས་བརྗོད་པ་ན་དེའི་ལུས་འདོར་བར་འགྱུར་རོ། །དེ་དོར་ནས་ཀྱང་དེའི་ཤ་ལས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིམ་ལུར་བྱས་ཏེ། བདག་ཅག་ཐམས་ཅད་ཀྱིས་བཟའ་བར་བྱ་ཞིང་སེམས་ཅན་ཐམས་ཅད་ལ་ཁྱེད་ཚད་དུ་བགོ་བར་བྱའོ། །དེ་ནི་མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར་བ་ཡིན་ནོ། །དེ་བཞིན་ཤ་ཕལ་པ་རྒྱལ་མཚན་མཚོན་དང་བསྣུན་པ་ལ་སོགས་པའི་ཤ་ནི་སྦྱང་བ་དང་སྤེལ་བ་ལ་སོགས་པ་བྱས་ལ་རིལ་བུར་བྱས་ཏེ་ཐོས་པས་ཀྱང་གཉེར་མ་དང་སྐྲ་དཀར་ལ་སོགས་པ་འཇོམས་པར་ངེས་སོ། །འདི་དག་གི་ངེས་པའི་དོན་ཡང་འབུམ་ཕྲག་ལྔ་པ་ལས། ཇི་སྐད་དུ། རྩ་ཡི་ཤིང་གཟུགས་ལས་སྦྱངས་པའི། །ལུས་ཀྱི་རྒྱལ་མཚན་མཆོག་འདི་ཡིས། །བྱང་ཆུབ་སེམས་ཀྱི་ཤ་ཟོས་ན། །རྣལ་འབྱོར་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་གསུངས་ཏེ། ལན་བདུན་པ་ཡི་ངེས་པའི་དོན་ནི་ཇི་སྐད་དུ། གང་ཡང་ལུས་ཅན་ཐམས་ཅད་ཀྱི། །ལུས་འདི་སྐྱེ་བ་བདུན་ཡིན་ཏེ། །རོ་དྲུག་ལྡན་པའི་བཟའ་བཏུང་དག །ཀུན་དུ་ཟོས་ཤིང་འཐུངས་པ་ལས། །ཞུ་ཞིང་བཅུད་ནི་རྒྱས་པ་དེ། །སྐྱེ་བ་དང་


DTG002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པོར་དེ་བརྗོད་དོ། །དེ་ནས་དེ་ལ་ཁྲག་འབྱུང་བ། །སྐྱེ་བ་གཉིས་པར་རབ་ཏུ་བརྗོད། །དེ་ལས་ཤ་བྱུང་གསུམ་པ་སྟེ། པགས་པར་གྱུར་པ་བཞི་པ་དང༌། །རྩ་རུ་གྱུར་པ་ལྔ་པའོ། །དེ་ལས་རུས་པ་དྲུག་པ་སྟེ། །ཞག་དང་རྐང་མར་བདུན་པའོ། །ཞེས་སྔོན་དུ་བརྗོད་དོ། །གཞན་ཡང༌། འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །གསད་པར་བྱ་བ་བརྗོད་པ་ཉིད། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ། །ཞེས་བྱ་བ་ནི། ཕྱི་དང་ནང་གི་དབྱེ་བས་རེ་ཞིག་གི་ཕྱིར་ནི། མཚམས་མེད་ལྔ་ནི་བྱེད་པ་དང༌། །སངས་རྒྱས་བསྟན་པ་འཁྲུག་བྱེད་པ། །ཞེ་སྡང་རིགས་ནི་ཏིང་འཛིན་གྱིས། །རེ་ཞིག་ཙམ་ཞིག་གསད་བྱ་ཡིས། །རྣམ་པ་ཀུན་དུ་གཞོམ་མི་བྱ། །དེ་སྟེ་ཀུན་དུ་གསང་བྱས་ནས། །རྣལ་འབྱོར་དམ་ཚིག་ལས་ཉམས་ཕྱིར། །གྲུབ་པ་ནམ་ཡང་ཡོད་མི་སྲིད། །ཅེས་བྱ་བ་སྟེ་དེས་ནི་གདུག་པ་ཅན་ཐམས་ཅད་ཐུལ་བར་འགྱུར། །དེ་བས་ན་གདུག་པ་ཅན་ཐམས་ཅད་གཞུག་པ་སྟེ་ཞེས་བྱ་བ་གསུངས་སོ། །གཞན་ཡང་ངེས་པའི་དོན་ནི་རྩ་བའི་རྒྱུད་ལས་ཇི་སྐད་དུ། སྟེང་དང་འོག་གི་སྲོག་ཆེན་པོ། །རྣལ་འབྱོར་ཆེན་པོས་གསད་ཅིང་གསོ། །དེ་མིན་སྲོག་ཆགས་མི་གསོད་དེ། །གདུག་པ་དེ་དག་རྟག་པར་གསད། །ཅེས་གསུངས་སོ། །དེ་ནི་ངེས་པའི་དོན་ཏོ། །ཆོ་གའི་གཙོ་བོས་དགག་པར་བྱ། །ཞེས་བྱ་བ་ནི། ཕྱི་ནང་གི་སྲོག་གཉིས་ཆར་ལ་ཁྱབ་པ་ཡིན་ཏེ། ཕྱི་ནི་བདེ་སྟོང་རིགས་ཀྱི་ཏིང་ངེ་འཛིན་གྱིས་དགག་པར་བྱས་ལ། ནང་དུ་སྟོང་པ་ཆེན་པོས་དགག་པར་བྱའོ། །གཞན་ཡང་ཉིན་མོ་དང་མཚན་མོའི་དུས་ཐབས་དང་ཤེས་རབ་ཀྱི་ཆར་བརྟག་པར་བྱ་སྟེ། འདི་ལྟར། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཤེས་རབ་མཚན་མོར་བརྟག་པར་བྱ། །ཞེས་བྱ་བ་སྟེ། དེ་ནི། གང་ཞིག་ཞེས་རབ་དངོས་མེད་དེ། །དངོས་པོ་ཐབས་སུ་བརྟག་པར་བྱ། །ཞེས་བྱ་བའི་དོན་ཏོ། །འདིའི་ངེས་པའི་དོན་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། གཡས་གཡོན་ཉི་ཟླའི་མཚན་ཉིད་ཅན། །བསིལ་དང་ཚ་བར་བྱེད་པ་དེ། །གང་དེ་སྐྱོན་ཡོན་གཉིས་ཀྱང་ཡིན། །དེ་ནི་ཐབས་དང་ཤེས་རབ་བོ། །ཞེས་གསུངས་སོ། །དེ་བཞིན་དུ། མི་བྱ་ཅུང་ཟད་ཡོད་མ་ཡིན། །རྟག་ཏུ་མི་བཟའ་ཡོད་མ་ཡིན། །འདི་ལ་མི་བསམ་པ་ཡང་མེད། །བཟད་དམ་ངན་ཞེས་མི་སྨྲ་མེད། །ཅེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བ་འདི་དག་ཐམས་ཅད་རང་


DTG002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡོངས་སུ་བྱུང་བའི་ཕྱིར་རོ། །དེ་བས་ན། ཇི་ལྟར་བདག་ཉིད་དེ་ལྟར་གཞན། །དེ་བཞིན་བདག་དངོས་མཆོག་ཡིན་ཏེ། །ཞེས་བྱ་བ་རང་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་པ་ན་ཁམས་གསུམ་གྱི་འཁོར་ལོས་སྒྱུར་བ་གཅིག་པོ་ཡང་ཡིན་ནོ། །འདི་ཉིད་ཀྱི་ཕྱིར། འདི་ལྟར་སེམས་པའི་རྣལ་འབྱོར་པས། །བཟའ་དང་བཏུང་བ་ལ་སོགས་སྤྱད། །ཡན་ལག་ཇི་སྙེད་བསྒྱུར་བ་དང༌། །ཚིག་རྣམས་རབ་ཏུ་ཉེད་པ་ཉིད། །ཧེ་རུ་ཀ་དཔལ་གནས་བཞུགས་པས། །དེ་སྙེད་སྔགས་དང་ཕྱག་རྒྱར་བརྗོད། །ཅེས་གསུངས་ཏེ། དེ་ཡང་ཇི་སྐད་དུ། དཀྱིལ་འཁོར་ལྷ་འདིར་ལུས་ཉིད་ཡིན། །གཞན་དག་ལྷ་དང་དཀྱིལ་འཁོར་ནི། །བཙལ་བས་ནམ་ཡང་མི་རྙེད་ཅེས། །འདྲེན་པ་དཔའ་བོས་རབ་ཏུ་གསུངས། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ནི་བདག་དང་གཞན་གྱི་དཔལ་གཉི་གའི་ཆར་མི་འཛིན་པའོ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །ཅེས་པ་ནི། ལས་དང་ཡེ་ཤེས་དང་ཕྱག་རྒྱ་བཅིང་བ་དང་གཏོར་མ་ལ་སོགས་པའི་རྒྱུ་དང་བྲལ་བའི་ཏིང་ངེ་འཛིན་བདེ་བ་ཆེན་པོའོ། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཅེས་པ་ནི། ཀུན་དུ་བརྟགས་པའི་མཚན་ཉིད་ལས་གྲོལ་བའི་བདེ་བ་ཉིད་དེ། གང་དེ་ཇི་ལྟར་བསྒྲུབ་སྙམ་པ་ལ། ཀ་ནི་གང་དུའང་མི་གནས་པ། །ཞེས་བྱ་བ་གསུངས་ཏེ། ཚོགས་པ་དང་དམིགས་པའི་ཆོས་ལས་བྲལ་བ་ཕན་ཚུན་དུ་ལྟོས་པ་མེད་པས་བསྒྲུབ་པར་གསུངས་སོ། །དེ་བས་ན་ཧེ་རུ་ཀའོ། །གཞན་ཡང༌། རྡོ་རྗེ་ཐོད་པའི་རྣལ་འབྱོར་གྱིས། །ཞེས་པ་ནི། ལུས་སྐྱོང་བའི་རྣལ་འབྱོར་གྱིས་སོ། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བྱས་ན། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཞེས་བྱ་བ་ནི། རྣལ་འབྱོར་པ་བདག་གིས་ལུས་སྐྱོང་བའི་རྣལ་འབྱོར་མངོན་དུ་བྱས་ན། སངས་རྒྱས་རྣམས་ཀྱང་དབང་དུ་འགྱུར་ན། འཇིག་རྟེན་གསུམ་ན་གནས་པའི་སྐྱེ་བོ་ཕལ་པ་རྣམས་ཇི་ལྟར་བསྒོ་བ་བཞིན་བྱེད་པ་སྨོས་ཀྱང་ཅི་དགོས། །གཞན་དུ་ན་རྣལ་འབྱོར་པས་བུད་མེད་ཀྱི་སྐྱེ་བོ་རྣམས་ལ་འཇུག་པ་ན་བྱང་ཆུབ་སེམས་ཀྱི་ཤ་ཕྱི་རོལ་དུ་མི་གཏང་བར་ཟོས་ན་རང་གི་ལུས་ལ་དབང་དུ་འགྱུར་ཏེ། དེ་ནི་རྣལ་འབྱོར་པ་མཁས་པ་ཞེས་བརྗོད་དོ། །ཀྱེ་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། བརྡ་དང་གནས་གཏན་ལ་ཕབ་པའི་ལེའུའི་


DTG002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་བཤད་པ་སྟེ་བདུན་པའོ།། །།

བརྒྱད་པ། རྣལ་འབྱོར་མའི་འཁོར་ལོའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ནི་ཟླ་བར་འགྱུར། །ཆ་ཤས་བཅོ་ལྔའི་བདག་ཉིད་ཅན། །དེ་འགྱུར་རྣལ་འབྱོར་བདག་མེད་མ། །མི་ཡི་གཟུགས་ཀྱི་ཚུལ་བསྒྱུར་ནས། །འཇིག་རྟེན་གསུམ་པོ་དབང་དུ་མཛད། །དེ་ལ་གུས་པས་རབ་བཏུད་ནས། །བདག་མེད་དཀྱིལ་འཁོར་རྒྱས་བཤད་ནི། །རྡོ་རྗེ་སྙིང་པོས་བྲི་བར་བྱ། །དེ་ནས་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་མ་ནི་ཟླ་བ་མར་ངོའི་ཆོས་ཅན་ཚེས་བཅོ་ལྔ་པོ་མུན་པའི་རྡུལ་མེད་པར་བྱེད་ལ། སྣང་བའི་རྡུལ་ནི་འཇོམས་པར་བྱེད་ཅིང་འཁོར་བའི་བྱང་ཆུབ་ཀྱི་སེམས་ཁ་ཐུར་དུ་བལྟས་པ་གང་ཡིན་པ་དེ་ལ་བརྗོད་པར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས། །དང་པོར་དགྱེས་པའི་རྡོ་རྗེ་ཉིད། །སྐུ་ཡི་དཀྱིལ་འཁོར་ཞེས་སུ་བརྗོད། །དེ་རྗེས་བདག་མེད་མ་བཤད་པ། །ཐུགས་ཀྱི་དཀྱིལ་འཁོར་ཡིན་པར་གསུངས། །དེ་རྗེས་ཀུ་རུ་ཀུ་ལླེ་བཤད། །གསུང་གི་དཀྱིལ་འཁོར་ཡིན་པར་འདོད། །ཞེས་གསུངས་པའི་ཕྱིར། ད་ནི་རྣལ་འབྱོར་མའི་འཁོར་ལོ་བཤད་པར་རིགས་སོ། །ནམ་མཁའ་ཁམས་སུ་བྷ་ག་བསམ། །དབུས་སུ་རྣམ་པར་བསྒོམ་པ་ནི། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཅེས་བྱ་བ་གསུངས་ཏེ། འདིའི་དོན་ཡང་སྔོན་དུ་འགྲོ་བའི་སྲུང་བའི་འཁོར་ལོ་ལ་སོགས་པ་ནི་ཧེ་རུ་ཀ་བསྐྱེད་པ་ཉིད་ཀྱི་དུས་སུ་བསྟན་པ་ལས་ཤེས་པ་ཉིད་དུ་བྱའོ། །འདིར་ནི་གནད་ཀྱི་གནས་ཙམ་ཞིག་བསྟན་པར་བྱ་བའི་ཕྱིར་ནམ་མཁའི་དབྱིངས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་གི་བདག་པོ་མཆོད་པ་སྔོན་དུ་འགྲོ་བས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་ཞེས་པ་ལ་སོགས་པའི་ཚུལ་གྱིས་སྣོད་དང་བཅུད་སྦྱང་བ་བྱས་ལ། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་འཁོར་ལྟར་མོས་པར་བྱ་སྟེ། དེའི་རྗེས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་མཚོན་པར་བྱ་བའི་ཕྱིར་ནམ་མཁའི་དབྱིངས་དེར་ཡི་གེ་ཨེའི་དབྱིབས་ལྟ་བུ་དཔག་ཚད་རྒྱ་ཁྱོན་དཔག་ཏུ་མེད་པར་བསྒོམས་ལ་དེའི་ནང་དུ་འཁོར་ལོ་སྔོན་དུ་ཅི་རིགས་པར་ཞེས་བྱ་བའི་དོན་ཏོ། །ས་དང་ཆུ་དང་མེ་དང་རླུང༌། །ཞེས་བྱ་བའི་དཀྱིལ་འཁོར་རིམ་གྱིས་བསྐྱེད་ལ།


DTG002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་འཁོར་ལོ་སྒོ་བཞི་དང་རྟ་བབས་དང་ལྡན་པ་བསམས་ཏེ། འཕར་མ་གཉིས་དག་སྐྱོན་མེད་པ། །ཞེས་བྱ་བ་ནི། ཡུལ་དང་ཡུལ་ཅན་གྱི་ལྷ་མོའི་ཚུལ་གྱིས་འཕར་མ་གཉིས་སུ་བཅད་ཅིང༌། ཟེ་འབྲུ་ལས་ནི་གཅིག་འགྱུར་ཏེ། །ཞེས་བྱ་བ་ཟེ་འབྲུ་དང་ནང་གི་འཕར་མ་ལ་ནི་ཕུང་པོ་ལྔ་རྣམ་པར་དག་པའི་ལྷ་མོ་སྟེ། སྔོན་དུ་བརྗོད་པའི་སྟོང་པ་ཆེན་པོ་ཡི་གེ་ལྔའི་ཆོས་ཅན་ནོ། །གང་ཡང་དེ་ནི་རང་བཞིན་ཆེན་པོ་ལྔ་ཞེས་ཀྱང་བརྗོད་ལ་འཕར་མ་ཕྱི་མ་རྣམས་ནི་ཕྱི་རོལ་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར། གྲུ་གསུམ་ལ་ནི་ཕྱི་མ་བརྗོད། །ཅེས་གསུངས་སོ། །དེ་དབུས་རོ་ནི་བཅོ་ལྔ་ཡི། །གདན་གྱི་བདག་ཉིད་རྣམ་པར་བསམ། །ཞེས་བྱ་བ་ནི། ཁམས་ཐམས་ཅད་སྲོག་གི་རླུང་ལ་ཞོན་ནས་རྒྱུ་བའི་ཕྱིར། ཕྱི་རོལ་དུ་རོ་རུ་བརྟགས་སོ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཅེས་བྱ་བ་ནི་ཇི་སྐད་དུ། རྩ་བའི་རྒྱུད་ཉིད་ལས། དང་པོ་ཁུ་བ་ཕ་ལས་འབྱུང༌། །རྣམ་ཤེས་རླུང་ལྡན་དེར་འཇུག་སྟེ། །དེ་ལ་མ་ཡི་ཁྲག་གིས་སྦྱར། །དོན་འདི་ཡིས་ནི་བསྐྱེད་རིམ་བསྟན། །ཞེས་གསུངས་པས། རོ་དང་ཟླ་བ་དང་ས་བོན་དང་ཉི་མའི་དཀྱིལ་འཁོར་གྱིས་མནན་པར་གསུངས་སོ། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་པ་ནི་ཁུ་བ་དང་ཁྲག་གི་རང་བཞིན་དང་སྲོག་འབྱུང་འཇུག་གི་རིམ་པ་དང༌། ལ་ལ་ནཱ་དང་ར་ས་ནཱ་འདོམ་པ་དང་སྟེང་འོག་གཉིས་འདོམ་པའི་ཕྱིར་རོ། །ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཞེས་བྱ་བ་ནི། ཕྱི་རོལ་བསྐྱེད་པའི་རིམ་པ་ལ། །ཨཱ་ལི་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་སྲོག་འོང་བའི་ཚུལ་དང༌། ཀཱ་ལིས་ཉི་མའི་དཀྱིལ་འཁོར་སྲོག་འགྲོ་བའི་ཚུལ་དུ་བསམ་པ་ནི་དྲང་བ་དང་ངེས་པའི་དོན་ཏོ། །ཟླ་བ་ཉི་མ་འདུས་པ་ལས། །ཞེས་པ་ནི། ཉི་ཟླའི་རང་བཞིན་དང་རྣམ་པར་ཤེས་པ་གསུམ་འདུས་པ་ལས་སོ། །དཀར་མོ་ལ་སོགས་རབ་ཏུ་གྲགས། །ཞེས་པ་ནི། ཕྱི་རོལ་དུ་ནི་བཅུད་ཀྱི་སྲིད་བསྐྱེད་པ་དང༌། ནང་དུ་དམ་པའི་སྲིད་པ་སྐྱེད་པ་ཞེས་གྲགས་སོ། །དེ་ནི་དཀར་མོ་ལ་སོགས་པའི་ལྷ་མོ་བཅོ་ལྔའི་བདག་ཉིད་ཐམས་ཅད་ཚུལ་དེ་ལྟར་སྐྱེ་ཞེས་བྱ་བའི་དོན་ཏོ། །ཟླ་བ་ཡེ་ཤེས་མེ་ལོང་ལྡན། །རྟ་བདུན་པ་ནི་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །


DTG002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པའོ། །ཞེས་བྱ་བ་ནི། རླུང་གིས་བསྐྱོད་པ་དང༌། མེ་ཡིས་སྦར་བ་དང༌། ཆུ་ཡིས་ཡོངས་སུ་སྨིན་པར་བྱེད་པ་དང༌། ས་ཡིས་ཀུན་དུ་འཛིན་པ་དང༌། ནམ་མཁའ་ཀུན་དུ་འཕེལ་བར་བྱེད་པ་སྟེ། མགྲིན་པ་དང༌། རྐན་དང༌། སྤྱི་བོ་དང༌། མཆུ་དང་སོའི་ཆོས་ཅན་རྣམས་ནི་ཡེ་ཤེས་ལྔའི་བདག་ཉིད་དེ་བྱང་ཆུབ་པ་རྣམ་པ་ལྔའི་དོན་ཞེས་བྱའོ། །དེ་བས། མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཞེས་གསུངས་ཏེ། དྲང་བ་དང་ངེས་པའི་དོན་དུ་རྟོགས་པར་བྱའོ། །ཨཱ་ལི་ཀཱ་ལི་མཉམ་སྦྱར་བས། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདོན། །ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། ཕྱི་རོལ་དུ་ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པའི་ཉི་ཟླའི་གདན་དུ་གསུངས་ལ། ཡང་དག་པར་ན། ཡི་གེ་ལས་བྱུང་གོང་བུ་ཡི། །ཧཱུཾ་ཕཊ་ཡི་གེ་མི་འདོད་དེ། །སེམས་དཔའ་གཟུགས་བརྙན་ལས་བྱུང་བ། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཞེས་བྱ་བ་གསུངས་ལ། དེ་ལྟ་བུའི་ཚུལ་གྱིས་བདག་མེད་པའི་འཁོར་ལོ་བསྒོམ་པ་ནི་ངེས་པའི་དོན་ཏོ། །འདིའི་དོན་ནི་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང༌། ཇི་སྐད་དུ། ཨཱ་ལི་ཀཱ་ལི་སྦྱོར་བ་ཡིས། །ཧཱུཾ་ཡིག་འདོད་མིན་རྒྱལ་པོ་ཀྱེ། །ཞེས་གསུངས་སོ། །འཇམ་པའི་རྡོ་རྗེས་བཤད་པའི་བསྡུས་པའི་རྒྱུད་ཀྱི་ལེའུ་ལྔ་པ་ལས་ཀྱང༌། ཇི་སྐད་དུ། ཨ་དང་ཀ་སོགས་གང་གཅིག་རི་བོང་ཉི་མའི་གདན་དེ་རྡོ་རྗེ་ཅན་ལ་མེད། །ཡི་གེ་ཧཱུཾ་གྱུར་མཚན་མ་མེད་ཅིང་ཁ་དོག་དབྱིབས་ལ་སོགས་པ་འདིར་མི་བཞེད། །གཞན་ཡང་མི་འགྱུར་ལས་སྐྱེས་འགྱུར་བ་ཟད་པར་འགྱུར་བ་དེ་ནི་བཟང་པོའི་དབང་པོར་ལྡན་པ་སྟེ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་ཞིང་རྒྱལ་བ་སྒྱུ་མ་སྣ་ཚོགས་འཛིན། །ཞེས་གསུངས་སོ། །བསྐྱེད་པའི་རིམ་པའི་ཚུལ་ནི་གོང་དུ་བསྟན་པ་ལྟར། ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་བྱ་བ་གསུངས་སོ། །སྐབས་འདིར་ནི་ཕྱག་མཚན་དང་གྲི་གུག་དང་ཐོད་པར་བརྟག་ཅིང་ཞལ་མདོག་ཐམས་ཅད་ནི་ནག་པོ་འབའ་ཞིག་ཏུ་བརྟག་ཅེས་པའི་དོན་ཏོ། །དེ་ནི་འདི་ཉིད་ལས། ཐབས་དང་ཤེས་རབ་རང་བཞིན་གྱིས། །འདི་ལྟར་ཐམས་ཅད་རྫོགས་


DTG002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད། །ཟླ་བ་ཉི་མར་རབ་དབྱེ་བ། །ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །འདི་ལྟར་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བས་ཐ་དད་ཡིན། །ཞེས་བྱ་བས་གསལ་བར་བསྟན་ཏེ། ཕྱི་ནང་གི་བྱང་ཆུབ་པ་རྣམ་པ་ལྔ་ལ་སོགས་པས་བསྐྱེད་པའི་ཚུལ་དུ་ནི་གཅིག་ལ་ཁ་དོག་ཙམ་གྱིས་བྱེ་བྲག་ཏུ་བྱས་ཞེས་བྱ་བའི་དོན་ཏོ། །གནས་ཀྱི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། རེ་ཞིག་ནང་གི་འཕར་མ་ལ། །རྣལ་འབྱོར་མ་ལྔ་ངེས་བཞུགས་པ། །ཕུང་པོ་ལྔ་ཡི་རང་བཞིན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་གསུངས་ཏེ། ཚེས་བཅུ་དྲུག་ནས་ཉི་ཤུའི་བར་དེ་སྐུའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དབང་པོར་རྡོ་རྗེ་ཞེས་པ་ནི་དབང་པོའི་ཕྱོགས་སུ་ལྷ་མོ་རྡོ་རྗེ་མ་དང༌། གཤིན་རྗེའི་ཕྱོགས་སུ་དཀར་མོ་དང༌། ཆུ་བདག་གི་ཕྱོགས་སུ་ཆུའི་རྣལ་འབྱོར་མ་དང༌། ལུས་ངན་གྱི་ཕྱོགས་སུ་རྡོ་རྗེ་མཁའ་འགྲོ་མ་དང༌། དབུས་སུ་བཅོམ་ལྡན་འདས་བདག་མེད་རྣལ་འབྱོར་མ་ཞེས་བྱ་བ་སྟེ། དེ་རྣམས་ནི་སྐུའི་ཆོས་ཅན་གྱིས་བསྡུས་པས་ཕུང་པོ་ལྔའི་ལྷ་མོ་རྣམས་སོ། །ད་ནི་ཕྱི་རོལ་གྱི་འཕར་མ་བཤད་པར་བྱ་བའི་ཕྱིར། ཕྱི་རོལ་གྱི་ནི་འཕར་མ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀར་མོ་ཆོམ་རྐུན་རོ་ལངས་མ། །ཞེས་བྱ་བ་དང༌། གྷ་སྨ་རཱི་ཞེས་བྱ་བ་བཞི་ནི། ཕྱིའི་འཕར་མའི་ཕྱོགས་བཞིར་རིམ་པ་བཞིན་དུ་དགོད་དེ། ཚེས་ཉི་ཤུ་རྩ་ལྔའི་བདག་ཉིད་གསུང་གི་རང་བཞིན་ནོ། །དེ་བཞིན་དུ་པུ་ཀྐ་སཱི་དང༌། རི་ཁྲོད་མ་དང༌། གདོལ་པ་མོ་དང་ཌོམྦི་ནཱི་རྣམས་ནི་མཚམས་རྣམས་སུ་དགོད་དེ། ཚེས་ཉི་ཤུ་དྲུག་ནས་སུམ་ཅུའི་བར་དུ་རྣམ་པར་དག་པའི་ཚུལ་གྱིས་ཐུགས་ཀྱི་རང་བཞིན་དུ་བརྗོད་དོ། །འོག་ལྡན་མ་དང་སྟེང་ལྡན་ཉིད། །མཁའ་སྤྱོད་མ་དང་ས་སྤྱོད་བརྗོད། །ཅེས་བྱ་བ་ནི། འོག་ལྡན་མ་སྟེ། གསུང་གི་རང་བཞིན་ལྔ་ཚན་བར་མའོ། །མཁའ་སྤྱོད་མ་སྟེ་ཐུགས་ཀྱི་རང་བཞིན་ལྔ་ཚན་གསུམ་པའོ། །འདི་གཉིས་དག་ནི་ལུས་ཅན་ཐམས་ཅད་ཀྱི་སྲོག་རྣམ་པ་གཉིས་ཡིན་ཏེ། སྟེང་གི་སྲོག་དང་འོག་གི་སྲོག་གོ །འདི་གཉིས་ཉིད་ལས་གསང་བ་འདུས་པ་ལ་སོགས་པའི་ཐབས་ཀྱི་རྒྱུད་དང༌། དགྱེས་པའི་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱང་བྱུང་སྟེ། དེ་ལ་ནི་སྟེང་ནས་ནི་ཐབས་ཀྱི་རྒྱུད་དོ། །འོག་ནས་ནི་ཤེས་རབ་ཀྱི་རྒྱུད་བྱུང་བར་གྱུར་ཏོ། །དེའི་ཕྱིར།


DTG002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དང་ཞི་བའི་རང་བཞིན་གྱིས། །སྙིང་རྗེ་ཆེན་པོ་འདི་དག་གནས། །ཞེས་བསྟན་ཏོ། །ལྷ་མོ་ཐམས་ཅད་སྐུ་མདོག་གནག །ཅེས་པ་ནི། ཤེས་རབ་སྟོང་པ་ཉིད་ཀྱི་བརྡ་སྟོན་པས་སྐུ་མདོག་ནག་མོའོ། །དྲག་ཅིང་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞེས་པ་ནི་ལྷ་མོ་ཐམས་ཅད་ཀྱང་ཚེས་ལྔ་ཚན་གྱི་རང་བཞིན་དག་པ་ལས། འཁོར་ལོ་རྣ་ཆ་མགུལ་རྒྱན་དང༌། །ཕྱག་གདུབ་སྐ་རགས་རྣམ་པ་ལྔ། །སངས་རྒྱས་ལྔ་ཡང་རྣམ་དག་ཅིང༌། །འདི་ལྔས་ཕྱག་རྒྱ་དག་པའོ། །ཞེས་གསུངས་སོ། །གཞན་ཡང༌། ཞལ་གཅིག་སྤྱན་ནི་དམར་བ་རྣམས། །ཕྱག་ན་གྲི་གུག་ཐོད་པ་འཕྱར། །ཞེས་གསུངས་པ་ནི། །སྲིད་པ་དང་ཞི་བའི་རང་བཞིན་སྟོན་པ་ཡིན་ལ་བདག་མེད་མ་ཇི་ལྟ་བ་དེ་བཞིན་དུ་ལྷ་མོ་བཅུ་བཞི་པོ་རྣམས་ཀྱང་དེ་ཉིད་དུ་གཅིག་ཅིང་ཐ་མི་དད་དོ། །འདི་ལྟར་ན། ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་བཤད་དེ། །ལག་པ་གཅིག་ནི་ཐོད་པས་བྲེལ། །གཡས་པ་ན་ནི་གྲི་གུག་བསྣམས། །ཞེས་བྱ་བ་ལ་ཁ་དོག་དང་ཕྱག་མཚན་དང་ཞལ་ལ་སོགས་པ་བདག་མེད་མ་ཉིད་ལས་ཐ་མི་དད་པར་བསྟན་པའི་དོན་ཏོ། །གཡོན་པས་ཁ་ཊྭཱཾ་ག་ཉིད་དེ། །སྟག་གི་པགས་པས་སྨད་དཀྲིས་ཤིང༌། །རོ་ལ་ཞོན་ཞིང་གཟི་བརྗིད་འབར། །ཞེས་པ་ངེས་པའི་དོན་ནི་གོང་དུ་བརྗོད་པར་ཟད་དོ། །ཕྱག་གཉིས་སྐྲ་སེར་གྱེན་དུ་འབར། །ཞེས་པ་ནི་ཇི་སྲིད་གཉིས་སུ་སྣང་བའི་ཆ་བསྟན་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཁམས་ཐམས་ཅད་གྱེན་དུ་འབར་བའི་ཕྱིར་དབུ་སྐྲ་གྱེན་དུ་བརྫེས་པའོ། །ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །ཞེས་པ་ནི་སའི་ཁམས་ནས་ཡེ་ཤེས་ཀྱི་ཁམས་ཀྱི་བར་དུ་དྲུག་པོ་སྟེང་གི་རྒྱུ་བ་དང་འོག་གི་རྒྱུ་བ་ཕས་བསྐྱེད་པ་གསུམ་དང་མས་བསྐྱེད་པ་གསུམ་སྟེ་དྲུག་ལུས་ཅན་རྣམས་ལ་ལུགས་སུ་འབྱུང་བ་རྣམས་སོ། །གཅོད་ཕྱིར་གྲི་གུག་རྣམ་པར་གནས། །ཞེས་པ་ནི་ངེས་པའི་དོན་དུ་སྟོང་པ་ཉིད་ལས་བརྗོད་དེ་དེས་སྐྱོན་དྲུག་པོ་གཅོད་པར་གསུངས་སོ། །དངོས་དང་དངོས་མིན་རྣམ་རྟོག་གི ། བདུད་རྣམས་རྣམ་པ་བཞི་ཡི་ཁྲག །མགོ་བོའི་པདྨའི་སྣོད་དུ་ནི། །དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། །ཞེས་བྱ་བ་ལ་འདིའི་ངེས་པའི་དོན་ནི་ཇི་སྐད་དུ། རྩ་བའི་རྒྱུད་ལས། རང་གི་ལུས་མཆོག་པདྨ་ནས། །བསམ་གཏན་བཞི་ཡིས་བསད་པ་ཡིས། །བདུད་བཞིའི་ཤ་དང་ཁྲག་གནས་པ། །རྣལ་འབྱོར་


DTG002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་རྟག་པར་བཏུང༌། །སྐྱེ་རྒ་ཟིལ་གྱིས་ནོན་པར་འགྱུར། །ཞེས་གསུངས་ཏེ། འཁོར་བ་པའི་གནས་སྐབས་རྣམ་པ་བཞི་ནི་བདུད་ཡིན་ལ། བདུད་བཞི་པོ་དེ་དག་གི་སྤྲུལ་པར་ཕུང་པོའི་བདུད་དང༌། སྙིང་གར་འཆི་བདག་དང༌། མགྲིན་པར་ཉོན་མོངས་པ་དང༌། སྤྱི་བོར་ལྷའི་བུའི་བདུད་དེ། ཟླ་བ་ཆ་བཅུ་དྲུག་པ་ལས་ནི་ཆ་བཞི་བཞི་གསོད་ལ་སྲོག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་ནས་སྲོག་ལྔ་སྟོང་བཞི་བརྒྱ་བསད་པས་ཁྲག་འཐུངས་པ་ཡིན་ཞིང་དངོས་དང་དངོས་མིན་ཡིན་གྱི་རྣམ་རྟོག་བཅོམ་པ་ཡང་ཡིན་ནོ། །སྟོང་པའི་རྣམ་པ་ཁ་ཊྭཱཾ་ག །ཐབས་ཀྱི་རོ་ནི་རྣམ་པར་བརྟག །ཅེས་པ་ནི་སྔོན་དུ་རྒྱས་པར་བསྟན་ཏོ། །འདིས་ནི་འཁོར་ལོ་རྣམས་བསྒོམས་ན། །ཞེས་པ་ནི། ཕྱི་དང་ནང་གི་བདག་ཉིད་ཅན་དྲང་བ་དང་ངེས་པའི་དོན་དུ་ཤེས་ནས་བསྒོམས་ན་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་ཞེས་གསུངས་ཏེ་ངེས་པའི་དོན་ཏོ། །འདིའི་དོན་ཡང་རྩ་བའི་རྒྱུད་ལས། ཇི་སྐད་དུ། རྣམ་རྟོག་རྒྱ་རུ་ཆུད་པ་ཡི། །འགྲོ་བ་གསུམ་པོ་རྣམ་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བའི། །དེ་དང་དེ་ཡི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་རྣམ་འཇུག་བྱ། །དཀྱིལ་འཁོར་འཁོར་ལོ་བསྒོམ་པ་དང༌། །ལྷ་རྣམས་ཇི་ལྟར་བསྐྱེད་པ་དང༌། །ཡེ་ཤེས་དགུག་དང་དབང་བསྐུར་དང༌། །དེ་བཞིན་འཁོར་ལོ་རྩ་དང་ནི། །ཁུ་བ་རླུང་རྣམས་གང་བསྟན་ཏེ། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །མ་ཡིན་ངེས་དོན་གཞན་དུ་སྤྱད། །དཀྱིལ་འཁོར་ཚུལ་དང་ལྷ་དག་དང༌། །ཡེ་ཤེས་དགུག་དང་དབང་བསྐུར་དང༌། །ཁུ་བ་རླུང་དུ་སུ་ལྟ་བ། །ཀྱེ་ཡི་རྡོ་རྗེ་དེས་མི་ཤེས། །ཞེས་གསུངས་སོ། །ད་ནི་རྒྱུད་ཐམས་ཅད་ཀྱི་བསྐྱེད་པ་དང་རྫོགས་པའི་རྣལ་འབྱོར་མའི་དྲང་བ་དང༌། ངེས་པའི་དོན་གྱི་ཡན་ལག་དྲུག་ཏུ་བསྡུ་བ་བསྟན་ཏེ། དེ་ལ་གང་རྫོགས་པའི་རིམ་པའི་གནས་སྐབས་སུ་ཡན་ལག་དྲུག་བསྟན་པ་དེ་ནི་ངེས་པའི་དོན་ཡིན་ལ། བསྐྱེད་པའི་རིམ་པར་ཡན་ལག་དྲུག་ཏུ་བསྟན་པ་དེ་ནི་དྲང་བའི་དོན་དུ་ཤེས་པར་བྱའོ། །འདི་ལྟ་སྟེ། དང་པོར་ནག་པོ་རབ་ཏུ་བསྒོམ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོར་


DTG002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང༌། །དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །ཁྱད་པར་དགའ་མཐར་ཡང་དེ་བཞིན། །ཞེས་བྱ་བ་གསུངས་ཏེ། འདིར་ནི་རེ་ཞིག་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། མི་བསྐྱོད་པ་དང་། དཔག་མེད་འོད་དང༌། དོན་གྲུབ་དང༌། རིན་ཆེན་འབྱུང་ལྡན་དང༌། རྡོ་རྗེ་སེམས་དཔའ་དང༌། རྣམ་སྣང་གཙོ་བོ་སྟེ་ཡན་ལག་དྲུག་གོ །འདི་ནི་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང་ཡེ་ཤེས་སུ་ཡང་གྲུབ་ལ་གཞན་ཡང་ཁ་དོག་གཅིག་ཏུ་རྟོག་པ་སྤང་བར་བྱ་བའི་ཕྱིར་ཁ་དོག་རྣམ་པ་དྲུག་ཀྱང་གསུངས་ཏེ། བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་ཏོ། །གཞན་ཡང་སྐྱེ་བོ་གྲངས་ཅན་པ་རྣམས་གཞུག་པར་བྱ་བའི་ཕྱིར། ཁམས་དྲུག་ཡི་གེའི་ཆོས་ཀྱིས་བསྟན་ལ་དེ་ཡང་བསྡུ་བའི་ཡེ་གེ་ནི་རྣམ་པ་དྲུག་ཡིན་ཏེ། འདི་ལྟར་ཨ་ཨི་རི་ཨུ་ལྀ་ཞེས་བྱ་བ་ལྔ་དང༌། དེ་རྣམས་ཀྱི་མཐར་ཐབས་སམ་ཤེས་རབ་ཀྱི་ཡི་གེ་གང་རུང་ཅིག་བཞག་པས་དྲུག་གོ །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་བསྟན་ལ་དྲུག་པོ་དེ་གསལ་བྱེད་འབའ་ཞིག་སུམ་ཅུར་གནས་པ་ལ་ཉེ་བར་བསྒྱུར་བས་བརྒྱ་བརྒྱད་ཅུར་འགྱུར་ཞིང་ཟླ་བ་དྲུག་གི་ཞག་ཏུ་འགྱུར་རོ། །ཡང་དེ་བཞིན་དུ་ཐབས་སམ་ཤེས་རབ་ཀྱི་ཡི་གེས་མཐའ་བརྟེན་པ་རྣམས་ཀྱིས་སུམ་ཅུ་པོ་ཉེ་བར་བསྒྱུར་བས་བརྒྱ་བརྒྱད་ཅུ་སྟེ། དེ་ལྟར་སུམ་བརྒྱ་དྲུག་ཅུར་གྲུབ་པོ། །དེ་ཡང་འདི་ལྟར་གང་དུ་ཚེག་དྲག་དང་བཅས་པས་བསྒྱུར་བ་ནི་ཤེས་རབ་དང་ཐིག་ལེ་དང་བཅས་པས་བསྒྱུར་བ་ཐམས་སུ་རྟོགས་པར་བྱ་སྟེ། ལོ་གཅིག་གི་ཆོས་སུ་གྲུབ་པོ། །འདིའི་རྒྱས་པ་ནི་རྩ་བའི་རྒྱུད་ལས་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་འདོད་པའི་བྱིས་པ་རྣམས་ཀྱིས་གསད་པ་ལ་སོགས་པའི་ལས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་ཁ་དོག་བྱེ་བྲག་ཏུ་བསྒོམ་ཞེས་པ་ནི་འདི་ལྟར་གསང་བའི་འཁོར་ལོ་ལྗང་གུ་དང༌། སྤྲུལ་པ་སེར་པོ་དང༌། ཆོས་ནག་པོ་དང༌། ལོངས་སྤྱོད་དམར་པོ་དང༌། དཔལ་བ་དཀར་པོ་དང༌། གཙུག་ཏོར་སྔོན་པོར་བསྒོམ་པར་བྱ་སྟེ་འཇིག་རྟེན་པའི་རྡོ་རྗེའི་ཚིག་གོ །དེ་ལྟར་བརྗོད་པ་དེ་དག་གིས་ནི་བསྐྱེད་པའི་ཡན་ལག་དྲུག་མདོར་བསྟན་པའོ། །དགའ་བྲལ་མཐའ་ཡང་དེ་བཞིན་ནོ། །ཞེས་པ་ནི། རྫོགས་


DTG002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པའི་ཡན་ལག་དྲུག་བསྟན་པ་ཡིན་ཏེ། དེ་ལྟར། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་པ་གཉིས་ལས་མཉམ་གནས་ནས། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་གསུངས་ལ། རྫོགས་པའི་རིམ་པའི་ཡན་ལག་དྲུག་པོ་དེ་དག་ཀྱང་དཔལ་གསང་བ་འདུས་པའི་ལེའུ་བཅོ་བརྒྱད་པ་ལས། ཇི་སྐད་དུ། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བ་ཡན་ལག་དྲུག་ཅེས་བྱ། །ཞེས་གསུངས་ཏེ། དོན་འདི་ནི་དང་པོའི་མཆོག་གི་སངས་རྒྱས་དང་མཚན་ཡང་དག་པ་རང་རྗོད་པ་ལས། རྒྱས་པར་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་རྒྱུད་འདི་ཉིད་ལས་བྱིས་པ་རྣམས་གཟུད་པའི་རྗེས་ལ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་སྐབས་སུ་བསྟན་པ་ཡན་ལག་དྲུག་པོ་འདི་ལྟ་སྟེ། བསྐྱེད་པ་ཡི་ནི་ཆ་བཤད་དོ། །ཞེས་པ་ནི། བསྐྱེད་པའི་རིམ་པ་སྟེ་རྟོག་པའི་རྣལ་འབྱོར་གྱི་ཡན་ལག་དྲུག་བསྟན་ནས། སྙོམས་པར་འཇུག་པའི་ཡན་ལག་དྲུག་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་ཁམས་ནི་པདྨ་ལ། །བྷ་ག་ཞེས་བྱའི་ཡེ་ཤེས་བརྗོད། །བསྒོམ་པ་ཞེས་བྱའི་སྙོམས་འཇུག་ཉིད། །དེ་ཡི་བདེ་བ་འཁོར་ལོར་བརྗོད། །ཅེས་བྱ་བ་གསུངས་ཏེ། ཕྱི་ནམ་མཁའི་ཁམས། ནང་དུ་པདྨ་དང༌། ཕྱི་ཆོས་ཀྱི་འབྱུང་གནས་གྲུ་གསུམ། །ནང་དུ་བདེ་བའི་ཡེ་ཤེས་ཀྱི་ཁྱད་པར་ཉམས་སུ་མྱོང་བའོ། །དེ་ཉིད་ཕྱི་རོལ་དུ་སྣོད་བཅུད་ཀྱི་རིམ་པས་བསྒོམ་པ་ཡིན་ལ། ནང་དུ་ནི་གཉིས་གཉིས་སྙོམས་པར་འཇུག་པ་ཡིན་ནོ། །ཕྱི་རོལ་དུ་ནི་དཀྱིལ་འཁོར་གྱི་ཁོང་བུ་དང༌། ནང་དུ་ནི་ཐིག་ལེ་བཞིའི་བདེ་བ་འཁོར་ལོའོ། །དེ་ཉིད་ནི་འདི་ལྟར། རིམ་པ་ཇི་བཞིན་རང་ཉིད་རིག །ཅེས་བྱ་བ་སྟེ། ཕྱིའི་དཀྱིལ་འཁོར་གྱི་འཁོར་ལོ་ནི། ས་ཆུ་མེ་རླུང་བཞི་ཡོངས་སུ་གྱུར་པ་ཡིན་ལ། ནང་དུས་ཆུ་མེ་རླུང་བཞིའི་ཐིག་ལེ་འཕོ་བའི་རིམ་པ་སྐད་ཅིག་མ་བཞིའི་རིམ་པས་ཕྱེ་བས་རང་གི་རིག་པས་ཕྱེའོ། །ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །ཇི་ལྟར་འབྱུང་བ་ཁུ་བ་ཡིན། །ཞེས་བྱ་བ་གསུངས་ཏེ། གཞལ་ཡས་ཁང་དེའི་ནང་དུ་གོ་རིམས་བཞིན་རང་གི་རིག་པའི་ཁུ་བ་བྱུང་བའི་བདེ་བ་རྟོགས་པ་ནི་ལྷ་ཡིན་ཏེ། དེ་ལྟར་ན་སྙོམས་པར་འཇུག་པའི་ཡན་ལག་དྲུག་བསྟན་ཏོ། །ད་ནི་དགའ་བ་བཞིའི་རིམ་པ་བསྟན་པའི་


DTG002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ལྷན་ཅིག་སྐྱེས་པ་རྣམ་པ་གཉིས། །རེ་ཞིག་མི་མོ་ཤེས་རབ་ཉིད། །སྐྱེས་བུ་ཐབས་སུ་བརྗོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པས་སངས་རྒྱས་པར་འདོད་པ་རྣམས་ལ་སྐྱེས་པ་དང་བུད་མེད་དག་ནི་ཐབས་དང་བུད་མེད་དག་ནི་ཐབས་དང་ཤེས་རབ་ཀྱི་སྒྲར་བསྟན་ཏེ་ཡང་དག་པར་ནི་མ་ཡིན་ནོ། །ཡང་དག་པར་ནི། ཀུན་རྫོབ་དོན་དམ་དབྱེ་བ་ལས། །ཕྱིས་ནི་དེ་དག་རྣམ་གཉིས་སོ། །ཞེས་གསུངས་པའི་ཕྱིར་དགའ་བ་བཞི་ཡིན་ལ། དེ་རྣམས་ཀྱང་མཚོན་བྱ་མཚོན་བྱེད་དབྱེ་བས་ཀུན་རྫོབ་ཀྱི་བདེ་བ་འཛག་པའི་བདག་ཉིད་ནི་ཐབས་ཡིན་ཞིང༌། དོན་དམ་པའི་བདེ་བ་མི་འགྱུར་བ་ནི་ཤེས་རབ་ཏུ་རྟོགས་པར་བྱའོ། །གཞན་དུ་ན་རེ་ཞིག་སྐྱེས་བུ་རྣམ་པ་གཉིས་ཏེ། ཁུ་བ་དང་ནི་དེ་བདེ་ཉིད། །སྐྱེས་བུ་བཞིན་དུ་ཤེས་རབ་སྟེ། །ཁུ་བ་དང་ནི་བདེ་བ་ཉིད། །དེ་ཉིད་ཕྱིར་ནི་དགའ་བ་ནི། །བཞི་ཡི་རབ་ཏུ་དབྱེ་བ་ཡིན། །ཞེས་གསུངས་ཏེ། སྐྱེས་པ་དང་བུད་མེད་དག་གི་ཁུ་བ་ནི་ཐབས་ཡིན་ལ་བདེ་བ་ནི་ཤེས་རབ་བོ། །དེ་བཞིན་དུ། རྫོགས་པའི་རིམ་པའི་ཕྱོགས་ལའང༌། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་བྱ་བ་ནི་མཚོན་པར་བྱེད་པས་ཡོངས་སུ་དོར་ཏེ་མཚོན་བྱ་དོན་དམ་པའི་ཕྱོགས་ལའང༌། རླུང་དང་ཆུ་ཡིས་བསྡུས་པའི་ཏིང་འཛིན་དང༌། །མེ་དང་ས་ཡིས་བསྡུས་པའི་ཏིང་ངེ་འཛིན་བཞི་ཡིན་ནོ། །དེ་ནི་འདིར་ལྟར་མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། བསམ་གཏན་བཞི་པའི་རྩེ་མོ་ཅན། །ཞེས་གསུངས་སོ། །དགའ་བ་དེ་དག་ཀྱང༌། དགའ་བ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་ཐམས་ཅད་དེས། །དེ་བད་ཐབས་ལས་ཐམས་ཅད་རིག །ཅེས་བྱ་བ་གསུངས་ཏེ། ལུགས་དང་ལུགས་ལས་བཟློག་པའི་བྱེ་བྲག་གིས་སྐྱེས་བུ་རྣམས་ལ་ནི་དང་པོ་རླུང་གི་ཁམས་འཁྲུག་གོ །དེ་ནས་ནི་མེ་དང་ཆུ་དང་ས་རིམ་བཞིན་དུབ་འཁྲུག་གོ །བུད་མེད་རྣམས་ལ་ནི་གོ་བཟློག་སྟེ་དང་པོ་ས་ནས་འཁྲུག་གོ ། དགའ་བ་དེ་དག་གི་ཁྱད་པར་གསུངས་པ་ནི། དགའ་བ་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བས་ཆགས་བྲལ་ཡིན། །ལྷག་མས་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་བྱ་བ་གསུངས་ཏེ། དོན་འདི་ཡང་རྡོ་རྗེའི་ཚིག་འོག་མ་འདི་ཉིད་ཀྱིས་རྟོགས་པར་བྱའོ། །འདི་ལྟར། དང་པོ་རེག་པར་


DTG002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང༌། །གཉིས་པ་བདེ་བར་འདོད་པ་དང༌། གསུམ་པ་འདོད་ཆགས་འཇིག་པ་ཉིད། །དེས་ན་བཞི་པ་བསྒོམ་པར་བྱ། །ཞེས་བྱ་བས་བསྟན་ཏེ། འདི་ལྟར་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་ནི་ཉམས་ཤིང་འཇིག་པར་བྱེད་པའི་བདག་ཉིད་པས་བསམ་གཏན་བཞི་པ་བསྒོམ་པར་ངེས་སོ། །དེ་བཞིན་དུ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་ཀྱང༌། གསུམ་པོ་འཇིག་རྟེན་ཀུན་རྫོབ་སྟེ། །བཞི་པ་དག་ནི་དོན་དམ་ཉིད། །ཅེས་གསུངས་སོ། །མཆོག་ཏུ་དགའ་བ་སྲིད་པར་བརྗོད། །དགའ་བྲལ་ལས་ནི་མྱ་ངན་འདས། །དབུ་མ་དགའ་བ་ཙམ་ཉིད་དེ། །དེ་ཕྱིར་ལྷན་ཅིག་སྐྱེས་པས་སྤངས། །ཞེས་གསུངས་ཏེ། ཚིག་འདི་དག་ནི་གོ་རིམས་བཟློག་པར་གཟུང་བར་བྱ་སྟེ། དབུ་མ་དགའ་བ་ཙམ་ཞེས་པ་ནི་དགའ་བ་དང་པོའོ། །དེ་ནས་མཆོག་ཏུ་དགའ་བའོ། །དེ་ནས་ཁྱད་པར་གྱི་དགའ་བ་སྟེ། སྟོབས་ཀྱི་སྦྱོར་བས་ཁྱད་པར་བྱ་བའི་ཕྱིར་གོ་བཟློག་ནས་གསུངས་ཏེ། བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལྟར་བརྗོད་པའི་དགའ་བ་གསུམ་ནི་སྲིད་པ་སྟེ་འཇིག་པའི་རང་བཞིན་ཅན་ཡིན་ཞིང་གཏན་ཚིགས་འདིས་ན་འཇིག་རྟེན་ལས་འདས་པའི་ལྷན་ཅིག་སྐྱེས་པའི་དབྱེ་བས་སྔོན་མ་རྣམས་ཤེས་རབ་ཀྱི་ཡན་ལག་གིས་དོར་ཏེ། གནས་ཕྱི་མ་རྣམས་ལ་འབད་པར་བྱའོ། །དེ་ལས་ཀྱང་ཤེས་རབ་ཆེན་པོའི་ལྷན་ཅིག་སྐྱེས་པ་སྔར་གྱི་ཤེས་རབ་ཀྱི་ཡན་ལག་ཐམས་ཅད་ཀྱིས་མཚོན་པར་བྱ་བ་འདི་ལྟ་སྟེ། བརྗོད་པའི་ཡུལ་ལས་འདས་པ་ཉིད་རྣལ་འབྱོར་པ་རྣམས་ཀྱིས་ཕྲག་བར་བླང་བར་བྱའོ། །འདི་ལྟར། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །འདི་ལ་ཐབས་དང་ཤེས་རབ་མེད། །ཡང་དག་དེ་ཉིད་སྣང་བ་པོ། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །ཞེས་བྱ་བ་གསུངས་ཏེ། ཡར་ངོ་མར་ངོ་འདོད་ཆགས་དང་ཆགས་པ་དང་བྲལ་བ་ཡིན་ཞིང༌། དབུ་མ་ཆ་བཅུ་དྲུག་པ་ཡིན་ཞིང་དངོས་སུ་ན་ཉི་མ་དང༌། ཟླ་བ་དང་སྒྲ་གཅན་ཞེའམ། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་ཞེའམ། ཨོཾ་དང༌། ཨཱཿ་དང༌། ཧཱུཾ་ཞེའམ། ཆ་ཤས་དང༌། ཐིག་ལེ་དང༌། སྒྲ་ཞེས་གང་ཡང་མཚོན་པར་མི་འགྱུར་རོ། །དེ་བས་ན་དེའི་ཕྱིར་མྱ་ངན་ལས་འདས་པའི་བདེ་བ་ལ་ཞེན་པ་རྣམས་ཀྱིས་བླ་མ་མ་


DTG002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་རྙེད་པར་མི་འགྱུར་ཏེ། བླ་མའི་རྗེས་སུ་འབྲང་བར་བསྟན་ཏོ། །འདི་ལྟར། གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་ཡིས། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་བྱ་བ་སྟེ། མཚོན་པར་བྱེད་པ་དང་མཚོན་པར་བྱ་བ་དག་བླ་མ་རིན་པོ་ཆེའི་མགུར་གྱི་བུམ་པ་ལས་བདག་གི་བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་སྔོན་དུ་འགྲོ་བས་རིག་པར་བྱའོ། །མཚོན་བྱ་སྔོན་དུ་རྙེད་ནས་འདི་ལྟར་བལྟ་བར་བྱ་སྟེ། དམན་པ་འབྲིང་དང་མཆོག་རྣམས་དང༌། །གཞན་དང་གང་རྣམས་དེ་རྣམས་ཀྱང༌། །རོ་མཉམ་དེ་ཉིད་བསྒོམས་པ་ཡི། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །ཞེས་གསུངས་ཏེ། མདོར་བསྟན་པའོ། །རྡོ་རྗེའི་ཚིག་འདིས་ནི་མཚོན་བྱ་མངོན་དུ་རྙེད་པ་རྣམས་ཀྱིས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གསུམ་པོ་ཕྲ་བའི་འདུ་ཤེས་དང་རགས་པའི་འདུ་ཤེས་དང་དབུ་མའི་འདུ་ཤེས་སྤངས་ཏེ། མཚོན་དུ་མེད་པར་མཚོན་པར་བྱ་བར་སྟོན་ཏོ། །ཇི་སྐད་དུ་རྩ་བའི་རྒྱུད་ལས་ཀྱང་། རིག་པའི་སྐྱེས་བུ་བློ་ལྡན་གྱིས། །སྒྲ་དང་ཐིག་ལེ་རྣམས་སྤངས་ཏེ། །མཚོན་དུ་མེད་པར་མཚོན་བྱས་ནས། །ཀྱེ་ཡི་རྡོ་རྗེའི་སྐུར་འཛིན་འགྱུར། །ཞེས་གསུངས་ཏེ། རྒྱས་པར་བསྟན་པར་བྱ་བའི་ཕྱིར། །དམན་པ་རྣམས་ནི་ཕྲ་བའི་དོན། །མཆོག་གི་དངོས་པོར་བརྗོད་པར་བྱ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །ཅེས་བྱ་བ་གསུངས་ཏེ། མི་རྒྱུ་བ་བསྟན་པའི་དངོས་པོ་རྣམས་སམ་ཡང་ན་འདོད་པ་དང༌། གཟུགས་དང་གཟུགས་མེད་པ་རྣམས་སུ་ལྟ་བའི་ཤེས་པའམ། ཡང་ན་དངོས་པོ་གང་ཞིག་མཆོག་དང་འབྲིང་དང་ཐ་མ་སྟེ་ཏིང་ངེ་འཛིན་གསུམ་གྱི་ཚུལ་ཅན་སྤངས་ཏེ་ལྷན་ཅིག་སྐྱེས་པའི་རོ་མཉམ་པར་བསྒོམ་ཞེས་བྱ་བའི་དོན་ཏོ། །གཞན་རྣམས་ཞེས་བྱ་དབང་པོ་དྲུག །གང་རྣམས་དེ་རྣམས་བརྟན་དང་གཡོ། །ཞེས་བྱ་བས་ནི། བརྟན་པ་དང་གཡོ་བ་དག་ལས་གཡོ་བ་རྣམས་ཀྱང་དངོས་པོ་གསུམ་དུ་གནས་པར་མི་བརྟག་སྟེ། འདི་ལྟར་ལྷན་ཅིག་སྐྱེས་པའི་རོར་མཉམ་པའི་ཕྱིར་རོ། །འདི་ཀུན་ཞེས་བྱ་བ་ཉིད་མེད། །ཅེས་པ་ནི་ཕྱི་དང་ནང་གི་ཆོས་ཅན་གྱི་འཇིག་རྟེན་གསུམ་པོ་འདི་དག་བདག་དང་གཞན་གྱིས་སྟོང་ཞེས་བྱ་བའི་དོན་ཏོ། །མཉམ་ཉིད་མཚུངས་པར་འདོད་པ་སྟེ། རོ་མཉམ་དེ་ཉིད་བསྒོམ་པ་ནི། །མཉམ་ཞེས་བྱ་བ་མཚུངས་པར་བརྗོད། །


DTG002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ནི་དེ་ཡི་འཁོར་ལོ་ཡིན། །ཞེས་བྱ་བ་ལ། དེ་ལྟར་བརྗོད་པའི་རིམ་པས་འཇིག་རྟེན་གསུམ་གྱི་སྲིད་པའི་འཁོར་ལོ་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་འདི་ཉིད་ཁོ་ན་ལས་འོད་གསལ་བའི་བདེ་བའི་འཁོར་ལོ་ལ་འབྱུང་བས་གཞན་དུ་མི་བཙལ་ཞེས་པའི་དོན་ཏོ། །གཏན་ཚིགས་འདི་ཉིད་ཀྱི་ཕྱིར་ན། །བསྒོམ་པར་རོ་གཅིག་མཉམ་པ་ཉིད། །དོན་འདི་ཡིས་ནི་བརྗོད་པ་ཡིན། །ཞེས་གསུངས་ཏེ། མཉམ་པ་དང་རོ་གཅིག་པར་བྱ་བའི་གཞི་ནི་སྲིད་པའི་འཁོར་ལོ་ཉིད་དེ། འདི་ལས་མ་གཏོགས་པའི་དོན་གཉིས་པ་ནི་འགའ་ཡང་ཡོད་པར་མ་མཐོང་ངོ༌། །དེ་བས་ན་དེའི་ཕྱིར། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ལས་གནས་གསུམ་པོ་ཡང་འབྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་བྱ་བ་སྨོས་ཏེ། འོད་གསལ་བ་བདེ་བའི་འཁོར་ལོ་འདི་ཉིད་བྱིས་པ་རྣམས་ལ་གཉིད་མཐུག་པོ་དང་སད་པ་དང་རྨི་ལམ་དང་གཉིད་ཀྱི་བདེ་བས་འཁོར་ཞིང་གནས་སོ། །དེ་ནི་ཆོས་ཀྱི་དབྱིངས་མངོན་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། །དམ་པ་རྣམས་ལ་བདེ་སྐྱེ་ཞིང༌། །བྱིས་པ་རྣམས་ལ་འཇིགས་པར་སྟོན། །ཁྱོད་ནི་མཐོང་ན་གྲོལ་འགྱུར་ཏེ། །མ་མཐོང་ན་ཡང་གྲོལ་མི་འགྱུར། །ཞེས་གསུངས་སོ། །དེ་བས་སྲིད་པ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞུགས་གནས་མཆོག་ཏུ་ཤེས་པར་བྱ་བ་ལ་གནས་པར་བྱའོ། །འདི་ལྟ་སྟེ། དེ་ལྟར་རྣལ་འབྱོར་པས་ཤེས་ནས། །ཤིན་ཏུ་མཉམ་གཞག་གང་བསྒོམས་པས། །བསོད་ནམས་ཆུང་བའི་མི་ཡིས་ཀྱང༌། །དེ་ནི་འགྲུབ་པར་ཐེ་ཚོམ་མེད། །ཅེས་སྨོས་ཏེ། དོན་འདི་རྩ་བའི་རྒྱུད་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། སྲིད་པའི་འཁོར་ལོ་འདི་སྤངས་ནས། །གནས་མཆོག་ཚོལ་འདོད་སྐྱེས་བུ་གང༌། །མཚམས་མེད་ལྔ་ནི་བྱེད་པ་པོའི། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་གསུངས་སོ། །འདི་ལྟ་བུའི་ཚུལ་ལ་མི་གནས་པར་མཉམ་པར་འཇོག་པའི་རྣལ་འབྱོར་པས། ཀྱེའི་རྡོ་རྗེའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་ཞེས་པའི་དོན་ཏོ། །བཟའ་དང་བཏུང་དང་བླུགས་པ་དང༌། །ཉལ་དང་ལོག་དང་སེམས་པ་ནའང༌། །ཕྱག་རྒྱ་ཆེ་ལ་མངོན་ཞེན་ན། །དེ་ཡིས་མཆོག་ཏུ་འགྲོ་བར་འགྱུར། །ཞེས་


DTG002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། དོན་འདི་ཡང་རྩ་བའི་རྒྱུད་ཉིད་ལས། ཇི་སྐད་དུ། ཕྱག་རྒྱ་ཆེ་ལ་རབ་གནས་ན། །འགྲོ་འམ་འཆག་དང་ཉལ་བ་དང༌། །དེ་བཞིན་མཚམས་མེད་ལས་བྱས་ནའང༌། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་གནས་བཞིན་དུ་རྣལ་འབྱོར་གང༌། །བཙུན་མོའི་འཁོར་དང་ལྡན་ན་ཡང༌། །ང་ཡིས་འཆིང་བར་མ་མཐོང་སྟེ། །འདི་ཉིད་ད་ལྟར་ཀྱེའི་རྡོ་རྗེ། །ཞེས་གསུངས་སོ། །བསྡུས་པའི་རྒྱུད་འདི་ཉིད་ལས་རྡོ་རྗེའི་ཚིག་འདིས་གསལ་བར་རབ་ཏུ་བསྟན་པ་ཡིན་ཏེ། གང་དུ་ཡིད་ཀྱིས་མ་བསྒོམས་ན། །འགྲོ་བ་ཐམས་ཅད་བསྒོམས་འགྱུར་ཏེ། །སྒོམ་པ་མེད་པའི་བསྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་བྱ། །ཞེས་བྱ་བས་གསལ་བར་བྱེད་དེ། ཚིག་འདིས་རྒྱུད་མཐའ་དག་གི་དོན་གསལ་བར་གསུངས་ལ། དབུགས་འབྱིན་པ་རྣམ་པ་གཉིས་ལས་ཀྱང་རྡོ་རྗེ་འཛིན་ཆེན་པོའི་དབུགས་འབྱིན་པ་ཡིན་ནོ། །ཤེས་རབ་ཆེན་པོའི་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པ་ཞེས་སུ་དཔལ་དང་པོའི་སངས་རྒྱས་དང༌། །གསང་བ་འདུས་པ་ལ་སོགས་པར་ཐ་སྙད་བཏགས་པ་ཡིན་ལ། འབད་པ་ཐམས་ཅད་ཡོངས་སུ་འདོར་བས་འགྲུབ། །ཅེས་པར་དགོངས་སོ། །འདི་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ཉིད་བདག་མེད་མའོ། །འདི་ཉིད་ཧེ་རུ་ཀའོ། །འདི་ཉིད་དུས་གསུམ་གྱི་སངས་རྒྱས་སོ། །འདི་ཉིད་སྲིད་པའི་རྒྱ་མཚོ་ལས་ཐར་པར་སྒྲོལ་བའོ། །འདི་ཉིད་ཡི་གེ་མེད་པའི་མདོ་ཡིན་ནོ་ཞེས་པ་སྟེ། ངེས་པའི་དོན་ཏོ། །གཞན་ཡང་རྡོ་རྗེ་འཛིན་པ་ཆེན་པོའི་དབུགས་འབྱིན་པའི་འདི་བྱིས་པའི་སྐྱེ་བོ་རྣམས་ལ་སྣ་ཚོགས་པའི་དངོས་པོར་སྣང་སྟེ་འདི་ལྟ་སྟེ། ཐ་སྙད་དུ་མར་འདོགས་ཤིང་གནས་པ་ནི། རྒྱུ་བ་དང༌། མི་རྒྱུ་བ་དང༌། བདག་དང༌། གཞན་དང༌། སྲོག་དང༌། གསོ་བ་དང༌། གང་ཟག་དང༌། བྱེད་པ་པོ་དང༌། ཤེད་བདག་དང༌། ཤེད་ཅན་དང༌། ཕ་དང༌། མ་དང༌། བླ་མ་དང༌། འཇིག་རྟེན་གྱི་མེས་པོ་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རི་བོ་དང༌། རྒྱ་མཚོ་དང༌། གླིང་དང༌། ནགས་མ་དང༌། ཤིང་གེལ་པ་དང༌། ལྕུག་མ་དང་འཁྲི་ཤིང་ལ་སོགས་པར་གནས་ཏེ། འདི་རྣམས་ཀྱང་རང་གི་ངོ་བོ་ལས་གཞན་པ་ཡོད་པར་དུས་གསུམ་གྱི་མགོན་པོ་རྣམས་ཀྱིས་ཡོང་ཡེ་མ་གསུངས་ལ། འདི་རྣམས་ལ་མཆོག་དང་དམ་པར་


DTG002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་སྐྱེས་བུ་ཁོ་ན་ཀྱེའི་རྡོ་རྗེའི་སྐུ་ཡིན་ནོ། །དེའི་ཕྱིར་འདི་ལྟ་སྟེ། བསྟན་དང་གཡོ་བའི་དངོས་པོ་གང༌། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །རང་རང་ངོ་བོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །དེ་རྣམས་ཉིད་ལས་མཆོག་གཞན་མེད། །ཅེས་གསུངས་ཏེ། འདི་དག་གི་ངོ་བོ་སྤངས་བས་ཀྱང་མ་ཡིན་ལ་མི་སྤང་བས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ལྟར། རང་རིག་བདེ་བ་ཆེན་བོ་ཉིད། །རང་རིག་ལས་ནི་བྱང་ཆུབ་འགྱུར། །ཞེས་བྱ་བ་ལ་དོན་འདི་ཉིད་རྩ་བའི་རྒྱུད་ཉིད་ལས་ཇི་སྐད་དུ། རྡོ་རྗེ་སྙིང་པོ་འདི་ལྟ་སྟེ། །སྡུག་བསྔལ་གྱི་རང་བཞིན་འཁོར་བའི་འཁོར་ལོ་ཁོ་ན་ཇི་ལྟ་བ་ཉིད་དུ་གཞག་གིས་དཔེར་ན་ནམ་མཁའི་དབྱིངས་ཆེན་པོ་འདི་ཚོན་དུ་མས་ཁ་དོག་ཏུ་བྱ་བ་ལ་རྩོལ་བ་མི་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཀྱེ་རྡོ་རྗེ་ལ་གནས་པར་འདོད་པའི་རྣལ་འབྱོར་བས་ཀྱང་ཚུལ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་རིག་ཕྱིར་ན་བསྒོམ་པ་ཉིད། །རང་གིས་རིག་པའི་འགྱུར་བ་ལས། །མནན་པ་ལས་ནི་ལས་སྐྱེས་ཏེ། །ཞེས་བྱ་བས་ནི་མཚོན་པར་བྱ་བ་དང༌། མཚོན་པར་བྱེད་པ་གཉིས་ཀ་གསལ་བར་སྟོན་པ་ཡིན་ལ། འདི་ལྟར་མཚོན་པར་བྱེད་པའི་དུས་སུ། །དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཞེས་བྱ་བས་མཚོན་བྱེད་བློས་མངོན་དུ་བྱས་ནས། རང་གིས་རིག་པ་བསྒོམ་པར་བྱ། །ཞེས་བྱ་བའི་དོན་ཏོ། །དེ་བས་ན་མཚོན་བྱེད་དེ་ཉིད་མནན་ཞིང་དབང་དུ་བྱས་པ་ལས་མངོན་པར་གསལ་བར་འགྱུར་རོ། །དེའི་ཕྱིར་ཇི་སྐད་དུ། རང་གིས་འཕྲོག་ཅིང་རང་གིས་བྱེད། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་གསུངས་པའི་ཚིག་གིས་བྱེ་བྲག་ཐ་དད་པར་གསུངས་ཏེ། མཚོན་པར་བྱེད་པའི་དུས་ཀྱི་རྡོ་རྗེའི་ཚིག་གོ །དེ་ལྟ་བུའི་མཚོན་བྱེད་ཐོག་མ་ཉིད་དུ་ནན་ཏན་གྱིས་བཙལ་ལ། ཕྱིས་བསམ་གཏན་གྱི་ཁྱད་པར་གྱིས་སྤངས་ཏེ། འདི་ལྟར་མཚན་ཡང་དག་པར་བརྗོད་པ་ལས། སྲིད་པའི་འདོད་ཆགས་སོགས་སྤངས་པས། །སྲིད་གསུམ་དགའ་བ་ཆེན་པོ་པ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་གང་མཚོན་བྱེད་དེ་ནི་སྲིད་པའི་འདོད་ཆགས་ཏེ། ཉོན་མོངས་པ་མཐའ་དག་གི་


DTG002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་འབྱུང་ལ། དེ་དང་མི་མཐུན་པ་ནི། དཔེར་བྱ་ཀུན་ལས་འདས་པ་སྟེ། །ཞེས་བྱ་བ། མཚོན་ཆ་མངོན་དུ་རྙེད་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་བས་ན་བསྡུས་པའི་རྒྱུད་འདི་ཉིད་ལས། འདོད་ཆགས་ཞེ་སྡང་ཕྲག་དོག་དང༌། །དེ་བཞིན་གཏི་མུག་ང་རྒྱལ་ཉིད། །དེ་ཀུན་དེ་གནས་ཉམས་དགའ་བར། །བཅུ་དྲུག་ཆར་ཡང་མི་ཕོང་དོ། །ཞེས་གསུངས་སོ། །དེ་བཞིན་དུ། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །ཞེས་པ་ནི་སྐྱེ་གནས་ལ་བརྟེན་པའི་བདེ་བའོ། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཞེས་པ་ནི་ཟག་པ་མེད་པའི་བདེ་བའི་ཐབས་ཀྱིས་སོ། །གཞན་དུ་ཡང༌། ཐབས་དང་ཤེས་རབ་རང་བཞིན་ལས། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཞེས་བྱ་བ་གསུངས་ཏེ། སྤྲོས་པའི་བདེ་བ་ཁོ་ན་ལས། །འཇིག་རྟེན་གསུམ་པོ་ཡང་སྐྱེས་ཤིང༌། །མི་འགྱུར་བའི་ཡེ་ཤེས་ཀྱང་དེ་ལས་སྐྱེས་པ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་ཕ་དང་མའམ་ཐབས་དང་ཤེས་རབ་ཅེས་བྱ་བར་སྐབས་ཀྱི་ཁྱད་པར་ལ་ལྟོས་ཏེ་ཐ་སྙད་འདོགས་པར་མཛད་དོ། །གསང་ཆེན་འདིའི་སྐབས་ནི། རྟེན་དང་བརྟེན་ལས་ཐ་དད་པར་བྱས་ཏེ་ཐ་སྙད་འདོགས་པ་ཡིན་ཏེ། །ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུངས་པ་ཁུ་བ་ནི་ཕ་ཡིན་ལ། བདེ་བ་ནི་མར་རྟོགས་པར་བྱའོ། །ཅིའི་ཕྱིར་བདེ་བ་ལས་ཤེས་རབ་བརྗོད་ཅེ་ན། འདི་ཉིད་ཀྱིས་ན་མེད་པ་ལས། །གང་ཞིག་དངོས་མེད་ཤེས་རབ་དེ། །དངོས་པོ་ཐབས་སུ་བརྗོད་པར་བྱ། །ཞེས་ཀྱང་གསུངས་ལ། དེ་བཞིན་དུ་བདེ་བ་ཀུན་དུ་རྟོག་པའི་དྲ་བས་གཅོད་དོ། །གཅིག་དང་དུ་མ་དང་བྲལ་བ་སྟེ། སྐད་ཅིག་གཅིག་ལས་མཆོག་དགའ་བ། །ཞེས་བྱ་བ་རྟོགས་ཏེ་འདི་ལྟར་སྐད་ཅིག་བཞི་དང་དགའ་བ་བཞིའི་ཆ་ཤེས་ཀྱི་ཕྱེ་བས་རིག་པར་འགྱུར་རོ། །ཇི་ལྟ་བུ་ཞིག་རིག་ཅེ་ན། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལས་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ནམ་མཁའ་ཉིད་དང་ནི། །རང་བཞིན་རིག་པའི་ཚོར་བ་ཡིས། །ཀུན་གྱི་སྐད་ཅིག་ཀྱང་མི་གནོད། །མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར། །ཞེས་གསུངས་ལ།


DTG002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཕྱི་དང་ནང་དུ་ཕྱེ་བས་དཔེར་བྱ་བ་ལས་འདས་པའི་བདེ་བའི་བསམ་གཏན་གང་ལ་གནས་ན། འཇིག་རྟེན་གསུམ་གྱི་ས་འོག་ས་སྟེང་ས་བླག་སུམ་དུ་གནས་པ་རྣམས་ཀྱིས་ཀྱང་བདག་ལ་མི་གནོད་དེ། གང་གིས་སྐད་ཅིག་དེ་ལ་མི་འགྱུར་བའི་བདེ་བའི་ཡེ་ཤེས་སུ་མ་གྱུར་པ་གང་ཡང་མེད་པའི་ཕྱིར་རོ། །གཞན་ཡང་ཁམས་གསུམ་འདི་དག་གི་ནི། བདག་དང༌། བདག་གིར་འཛིན་པའི་ལྕགས་སྒྲོག་གིས་བཅིངས་པས་གནོད་པར་འགྱུར་ལ། དབང་ཕྱུག་ཆེན་པོ་འདི་ཡི་ནི། རང་གཞན་ཆ་ཡི་རྣམ་རྟོག་གིས། །གནོད་པ་ཉིད་དུ་འགྱུར་བ་མིན། །ཞེས་པའི་དོན་ཏོ། །འདི་ན་བྱིས་པ་ཕལ་ཆེར་ནི་འཇིག་རྟེན་པ་རྣམས་ཀྱི་རིག་བྱེད་སྡེ་བཞི་དང༌། གྲུབ་པའི་མཐའ་དུ་མ་དང༌། འཇིག་རྟེན་ལྟ་བུའི་གྲུབ་པ་བརྒྱད་ལ་སོགས་པ་ཤིས་པས་གྲོལ་བར་འདོད་དེ། གང་དེ་ནི་མེས་པོ་ཆེན་པོས་བཀག་སྟེ། འདི་ལྟར། ཐམས་ཅད་རིག་བྱེད་གྲུབ་མཐའ་དང༌། །དེ་བཞིན་ལས་རྒྱས་ལ་སོགས་པས། །སྲིད་པར་དག་པའི་དངོས་གྲུབ་མིན། །སླར་ཞིང་སྲིད་པར་སྐྱེ་བར་འགྱུར། །ཞེས་གསུངས་པ་སྟེ། ངེས་པའི་དོན་ཏོ། །འཇིག་རྟེན་འདི་དང་ཕ་རོལ་དུ། །དེ་མེད་པས་ན་དངོས་གྲུབ་མེད། །ཅེས་བྱ་བ་ནི་འདི་ལྟར་བརྗོད་པ་དང་བྲལ་བའི་དངོས་གྲུབ་ཀྱིས་དམན་པའི་བྱིས་པ་ནི་འཁྱམ་ཞིང་རྣམ་པར་འཁྱམ་པར་འགྱུར་ལ། དེའི་དབང་གིས་སྡུག་བསྔལ་རྒྱུན་མི་འཆད་པ་ཡང་ཡིན་ནོ། །དེ་བས་ན་ཐར་པར་བྱ་བའི་ཕྱིར་འཇིག་རྟེན་པའི་དབང་ཕྱུག་ཆེན་པོ་བརྒྱད་ལ་སོགས་པ་ལ་འདོད་ཅིང་ཞེན་པས་གནས་པར་མི་བྱའོ། །གང་གིས་མི་ཤེས་ཀྱེ་རྡོ་རྗེ། །ཞེས་བྱ་བ་ནི་གོང་དུ་བསྟན་པ་དེ་ལྟ་བུ་ཀྱེའི་རྡོ་རྗེ་མི་ཤེས་པའོ། །དེ་ནི་ངལ་བ་དོན་མེད་འགྱུར། །ཞེས་བྱ་བ་ནི། གང་གིས་སྤྲོས་པའི་མཚན་མ་མི་མངའ་བའི་ཀྱེའི་རྡོ་རྗེ་དང་བྲལ་བས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་བསྐལ་པར་བགྲང་བ་ལས་འདས་པར་སྤྱད་ཀྱང་འབྲས་བུ་དང་བྲལ་བའོ་ཞེས་བྱའོ། །ཆུ་བོའི་རྒྱུན་ལྟར་རབ་འབབ་པ། །ཞེས་པ་ནི་ཉན་ཐོས་དང་རང་རྒྱལ་བ་ལ་སོགས་པ་ལམ་ལ་གནས་པ་དག་ནི་ཆུ་བོ་ལྟ་བུའོ། །གཞན་དུ་ན་བྱིས་པ་རྣམས་ལ་ཉིན་དང་མཚན་དུ་ཆུ་བོ་གངྒཱའི་རྒྱུན་ཁ་འོག་ཏུ་བལྟས་ཏེ་འབབ་པས། མཚན་མའི་རྟོག་པ་བྱུང་བ་ཡིན་ནོ། །མར་མེའི་རྩེ་མོ་


DTG002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་བཅིང༌། །ཞེས་པ་ནི་དེ་ལྟར་ལམ་གཉིས་ལ་གནས་པའི་རྣལ་འབྱོར་བ་ཡང་དམིགས་པའི་ལམ་ལ་གནས་པར་འགྱུར་བས་རང་རང་གི་ལམ་བཅད་པ་ཡིན་ནོ། །དེ་བཞིན་དུ་ཁ་ཐུར་དུ་བལྟས་པའི་ཆུ་བོ་ཡང་མར་མེའི་རྩེ་མོ་ལྟར་དབྱེར་མེད་པའི་ལམ་དུ་བསྒྱུར་པར་བྱ་སྟེ། ཆུ་བྲན་མདོག་དང་རོ་དང་དབྱིབས་ཐ་དད་པ་གངྒཱ་སི་ཏ་ལ་སོགས་པ་ཕྱིའི་དུག་ཅན་དུ་ཆུད་པ་ན་ཐ་མི་དད་པ་བཞིན་ནོ། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་རྣམ་པར་གཞག །ཅེས་བྱ་བ་ནི་དངོས་པོ་རྣམས་རོ་གཅིག་པའི་དེ་ཁོ་ན་ཉིད་ལ་སྤྱོད་ལམ་ཐམས་ཅད་དུ་གཞག་ཅེས་བྱ་བའི་དོན་ཏོ། །འདིར་མང་སྨྲས་པས་ཅི་ཞིག་བྱ། །བློ་ཡི་ཡུལ་དུ་གང་གྱུར་པ། །དེ་དག་རོ་མཉམ་བསྒོམ་པར་བྱ། །མཁའ་ལྟར་ཁྱབ་པའི་དངོས་གྲུབ་འབྱུང༌། །ཞེས་པའོ། །ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། རྣལ་འབྱོར་མའི་འཁོར་ལོའི་རྒྱ་ཆེར་བཤད་པ་སྟེ་བརྒྱད་པའོ།། །།

དགུ་པ། རྣམ་པར་དག་པའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་ངོ་བོ་ལས་བྱུང་བ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ནས། །རྣམ་དག་ལེའུ་རྒྱས་བཤད་ནི། །རྡོ་རྗེ་སྙིང་པོས་བྲི་བར་བྱ། །འདི་ལྟར་མ་སྦྱངས་པའི་དུག་ལ་སོགས་པའི་དངོས་པོ་ནི་གསོད་པར་བྱེད་པ་ཁོ་ན་བས། སྐྱེས་བུ་བློ་དང་ལྡན་པ་རྣམས་ཀྱིས་དེ་སྦྱང་བའི་རིགས་སོ། །དེ་བས་འདི་ལྟར་གསང་ཆེན་རྣམ་པ་གསུམ་གྱི་ཚུལ་གྱིས། ལུས་དང་ངག་དང་ཡིད་རྣམ་པ་གསུམ་རྣམ་པར་དག་པར་བྱའོ། །དེ་ལ་རེ་ཞིག །དེ་ནས་མཆོག་ཏུ་རྣམ་པར་དག་པའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ནི་རྣལ་འབྱོར་མའི་འཁོར་ལོ་བཤད་པའི་རྗེས་ཐོགས་སུ་ཞེས་བྱ་བའི་དོན་ཏོ། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །ཞེས་པ་ནི་ཁམས་གསུམ་པའི་དངོས་པོ་ཐམས་ཅད་དོ། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་པ་ནི་དངོས་པོའི་དུག་སེལ་བར་བྱེད་པའི་སྨན་མི་འགྱུར་བའི་དེ་བཞིན་ཉིད་ཁོ་ན་ཡིན་ནོ། །དེ་ཡང་རེ་ཞིག་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། ཕྱིན་ནས་རེ་རེར་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་བྱ་བ་ལ་བསྐྱེད་པའི་རིམ་པའི་ཕྱོགས་ལ། ཨོཾ་ཤཱུ་ནྱ་ཏཱ་ཞེས་པ་ལ་སོགས་པས་ནི། ངེས་པར་དངོས་པོ་ཐམས་ཅད་སྦྱོང་བ་ཡིན་ལ། །དེ་བཞིན་དུ་གཞལ་ཡས་ཁང་དང་ལྷ་ལ་སོགས་པས་བརྟགས་པ་ནི་དྲང་བའི་དོན་ཏོ། །དེ་ནི་འདི་


DTG002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་དེ། །ཕྱ་ནས་ར་རེར་དབྱ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་སྦྱང༌། །ཞེས་བྱ་བ་སྟེ། མི་རྒྱུ་བའི་ཁམས་རྣམས་གཞལ་ཡས་ཁང་དུ་བརྟག་ཅད་རྒྱུ་བའི་ཁམས་རྣམས་ལྷ་རུ་བརྟག་པར་ནི་རེ་ཞིག་རྣམ་པར་སྦྱང་བའོ། །དེ་ལས་ཕུང་པོ་ལྔ་དང་ཞེས་བྱ་བ་ནི། གཟུགས་ནས་རྣམ་པར་ཤེས་པའི་བར་དུ་ཕུང་པོ་ལྔ་པོ་རྣམ་སྣང་ལ་སོགས་པ་ལྔ་རུ་སྦྱང་ངོ༌། །དེ་བཞིན་དུ་དབང་པོ་དང་སྐྱེ་མཆེད་དང་འབྱུང་བ་ཆེན་པོ་ལ་སོགས་བ་རྣམས། བྱང་ཆུབ་སེམས་དཔའ་རྣམས་དང༌། རིག་མ་ལྔ་རྣམས་སུ་སྦྱང་ངོ༌། །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་བྱ་བ་ལ་སྦྱང་བར་བྱ་བའི་དགོས་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྦྱང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་དག་པར་བྱ་ཞེ་ན། །རང་རིག་བདག་ཉིད་ཅེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པར་ཤེས་པ་གང་ཡིན་པ་ནི། དག་པ་ཞེས་དེ་ལ་བརྗོད་དེ། །དེ་མ་རྟོགས་པ་གཞན་གྱིས་དག་པར་མི་བྱ་བ་ནི་ངེས་པའི་དོན་ཏོ། །དེ་བས་དེའི་ཕྱིར། ཡུལ་གྱི་དངོས་པོར་དག་པའི་ཕྱིར། །རང་གིས་རིག་པའི་བདེ་བའི་མཆོག །གཟུགས་ལ་སོགས་པའི་ཡུལ་རྣམས་དང༌། །གཞན་ཡང་རྣལ་འབྱོར་བས་མཐོང་བ། །དངོས་པོ་དེ་ཀུན་དག་པ་སྟེ། །འདི་ལྟར་འགྲོ་བ་སངས་རྒྱས་བདག །ཅེས་བྱ་བ་ལ་འདི་ལྟར་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་རྣམས་ངོ་བོ་ཉིད་ཀྱིས་སངས་རྒྱས་གཙོ་བོ་ལ་སོགས་པ་སྟེ། འདི་ལྟར་གཟུགས་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའི་ཚིག་གིས་སོ། །དེའི་ཕྱིར་དཔག་བསམ་གྱི་ཤིང་དང༌། བུམ་པ་བཟང་པོ་དང༌། །ཡིད་བཞིན་གྱི་ནོར་བུ་དང༌། རལ་གྲི་ལ་སོགས་པར་སྣང་ཞིང་དོན་བྱེད་པའི་ཡུལ་རྣམ་པར་སྦྱང་སྟེ་བྱིས་པ་རྣམས་ལ་དྲང་བར་གསུངས་སོ། །ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པ། གོང་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་ཡུལ་དང༌། མིག་ལ་སོགས་པའི་དབང་པོ་རྣམས་ནི་གདོད་


DTG002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་ལགས་ན། དེ་ལས་གཞན་པའི་དངོས་པོ་གཉིས་པ་བདག་གིས་མ་མཐོང་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོའི་ལན་དུའོ། །གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་འདི་ཉིད་བྱིས་པ་རྣམས་ལ་རྣམ་པར་མ་དག་པ་ཡིན་ཏེ་འདི་ལྟར་གསོད་པའི་ཕྱིར་རོ་ཞེས་པའོ། །དེ་ཅིའི་སླང་དུ་ཞེ་ན་ཞེས་པ་ནི་རྡོ་རྗེ་སྙིང་པོ་སླར་གསོལ་པའོ། །གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ་ཞེས་བྱ་བ་ནི་བྱིས་པའི་སྐྱེ་བོ་རྣམས་བདག་དང་བདག་གིར་འཛིན་ཏེ། འདི་ལྟར་སྐྱེས་བུ་རང་བཞིན་དུ་འཛིན་ཅིང༌། དེ་བཞིན་དུ་འགྱུར་བ་དང༌། དེ་བཞིན་དུ་སྒྲ་དང་སྙན་དངགས་དང་བྱེད་པའི་ཚིག་ལ་སོགས་པར་འཛིན་པའི་ཕྱིར་རོ་ཞེས་དགོངས་སོ། །ཀྱེ་བཅོམ་ལྡན་འདས་གཟུང་བ་དང་འཛིན་པ་གང་ལགས་ཞེས་བྱ་བ་ནི། གང་གིས་གང་ལ་ཇི་ལྟར་འཛིན། །ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་དུའོ། །མིག་གིས་གཟུགས་ལ་འཛིན་པར་བྱེད། །སྒྲ་ལ་རྣ་བས་ཉན་པར་བྱེད། །སྣ་ཡིས་དྲི་ལ་སྣོམ་པར་བྱེད། །ལྕེ་ཡིས་རོལ་མྱོང་བར་བྱེད། །དངོས་པོ་ཀུན་གྱིས་རེག་པར་བྱེད། །ཅེས་གསུངས་ཏེ། བྱིས་པ་རྣམས་ནི་ཡུལ་དང་ཡུལ་ཅན་དང༌། བདག་དང་བདག་གི་དང་བདེ་བ་དང་སྡུག་བསྔལ་གྱི་ཚུལ་དུ་ཡུལ་རྣམས་ལ་འཇུག་པས་རྣམ་པར་མ་དག་པ་ཡིན་ལ་རྣལ་འབྱོར་པ་མཁས་པ་ནི། དེ་ཉིད་ཐབས་གྱིས་འཇུག་པར་བྱེད་དེ། དེས་རྣམ་པར་དག་གོ །འདི་ལྟར་བདེ་བ་དང་སྡུག་བསྔལ་ཐམས་ཅད་ནི། གཟོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་ཞིང་དབེན་ཏེ། གང་གིས་དེ་ལྟར་ཤེས་པ་དེ་ནི་རྣམ་པར་སྦྱངས་པ་སྟེ་ངེས་པའི་དོན་ཏོ། །དེས་ན། ཡིད་ཀྱིས་བདེ་སོགས་ཐོབ་པ་རྣམས། །དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པར་བྱ། །ཞེས་བྱ་བ་ལ་རྣལ་འབྱོར་པ་མཁས་པ་དང༌། བྱིས་པའི་རང་བཞིན་ཅན་དག་གིས་འདི་ལྟར་རིམ་པ་བཞིན་དུ་བདེན་པ་གཉིས་ལ་བརྟེན་ཏེ། རྣལ་འབྱོར་པ་མཁས་པས་ཀྱང་སྒྱུ་མའི་དཔེ་བཅུ་གཉིས་དང༌། དམ་ཚིག་གི་འཁོར་ལོ་ཀུན་རྫོབ་ཀྱི་བདེན་པ་མི་སྤང་སྟེ། རང་རང་ཇི་ལྟར་འདུལ་བ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ཏོ། །དེ་བཞིན་དུ་ལས་དང་པོ་བདག་གིས་ནི་བདག་


DTG002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདག་གིར་འཛིན་པ་ནི། འདི་ལྟ་སྟེ། རུས་དང་རིགས་དང་རྒྱུ་དང་ཆོ་འབྲང་དུ་འཛིན་པ་ལས་བཟློག་སྟེ། རྡོ་རྗེའི་རིགས་ཞེས་བྱ་བ་ཀུན་རྫོབ་ཀྱི་མངོན་པར་དབང་བསྐུར་བ་བདུན་ལ་གནས་ཏེ། གཙང་བ་དང་མི་གཙང་བའི་རྟོག་པ་ལས་རིམ་གྱིས་བཟློག་པར་བྱ་བའི་ཕྱིར། །རིགས་བཞི་པོ་རྣམས་ནང་ཕན་ཚུན་དུ་གོ་དང༌། ཀུ་ལ་སོགས་པའི་བཟའ་བ་དག་ཐུན་མོང་དུ་བཟའ་ཞིང༌། རིགས་དང་རིགས་མ་ཡིན་པ་ལ་བགྲོད་པར་བྱ་སྟེ། མ་དང་སྲིང་མོ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་གནས་པར་བྱ་བ་སྟེ། གང་དེས་ཐ་མལ་པའི་རྣམ་པར་རྟོག་པ་ཆེར་རགས་པ་རྣམས་ལས་ལྡོག་གོ ། དེ་བས་ན་རྡོ་རྗེའི་རིགས་ནི་མངོན་པར་དབང་བསྐུར་བ་བདུན་ཉིད་ཀྱིས་མིང་འཐོབ་པོ། །དེས་ན་བདག་ཅག་རྣམས་ཀྱིས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། དབང་པོ་དང༌། འབྱུང་བ་དང༌། འབྱུང་བ་ལས་གྱུར་པ་ཇི་སྙེད་པ་དང༌། དེ་བཞིན་དུ་ལས་དང་ལས་ཀྱི་དབང་པོའི་བྱ་བ་རྣམས་ལྷ་ཉིད་དུ་བརྟག་གིས། དེ་ལས་གཞན་གྱི་ཚུལ་དུ་མི་བརྟག་སྟེ། དེ་ལྟར་ན་དང་པོའི་ལས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ཡང་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །རྟག་ཏུ་འདི་དག་རྣམ་དག་པས། དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། ཞེས་གསུངས་ཏེ། འདི་ལྟར་ཤེལ་གྱི་ནོར་བུའི་ཉེ་འཁོར་དུ་ཁ་དོག་གང་དང་གང་གཞག་པ་དེ་དང་དེའི་ཁ་དོག་ཏུ་འགྱུར་བ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོས་ཀྱང་བྱང་ཆུབ་སེམས་དཔའ་རྡོ་རྗེ་དབྱིངས་ཞེས་བྱ་བ་ལ། རིགས་ཀྱི་བུ་སེམས་དེ་ནི་ཇི་ལྟར་སྦྱངས་པ་དེ་ལྟར་འགྱུར་རོ་ཞེས་གསུངས་སོ། །འདིའི་ཕྱིར་ནི་ཕུང་པོ་ལྔ་ལྷ་མོ་ལྔ་རུ་བརྟག་པར་བྱ་སྟེ། ནང་གི་ཚུལ་དུ་བསྟན་པ་ནི་རྣལ་འབྱོར་མའི་འཁོར་ལོར་རྒྱས་པར་བསྟན་ཏོ། །དེ་ནི་ནང་གི་འཕར་མ་སྟེ་ཕུང་བོ་ལྔ་དག་པའོ། །ཡུལ་རྣམས་ལྷ་རུ་བརྟག་པར་བྱ་བའི་ཕྱིར། དེ་ནས་ཕྱི་ཡི་འཕར་མ་བཤད། །དབང་ལྡན་དུ་ནི་པུ་ཀྐ་སཱི། །མེར་ནི་དེ་བཞིན་རི་ཁྲོད་མ། །བདེན་བྲལ་གདོལ་པ་མོ་བཞག་ཅིང༌། །རླུང་དུ་གཡུང་མོ་རྣམ་པར་གཞག །ཅེས་པས་ནི་འབྱུང་བ་བཞིའི་ལྷ་མོ་བསྟན་ཏོ། །དེ་བཞིན་དུ་


DTG002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གཟུགས་ལ་སོགས་པ་འབྱུང་བ་བཞིའི་ལྷ་རུ་བརྟག་པ་ནི་འདི་ལྟ་སྟེ། དབང་དཀར་གཤིན་རྗེར་ཆོམ་རྐུན་མ། །ཆུ་ཡི་ཕྱོགས་སུ་རོ་ལངས་མ། །ལུས་ངན་དུ་ནི་གྷ་སྨ་རཱི། །ཞེས་པས་བསྟན་ཏོ། །གཞན་ཡང༌། །འོག་ཏུ་ས་སྤྱོད་མ་ཞེས་བརྗོད། །སྟེང་དུ་མཁའ་སྤྱོད་མ་ཞེས་བཤད། །ཅེས་པ་ནི་ཕྱི་ནང་གི་ཚུལ་གྱིས་གོང་དུ་རྒྱས་པར་བསྟན་ཏོ། །བསྐྱེད་པའི་རིམ་པ་ཉིད་ཀྱི་ཕྱོགས་ཞེས་བྱ་བ་ནི་དེ་ལྟར་བརྗོད་པའི་རིམ་པས་ལས་དང་པོ་པ་རྣམས་ལ་བསྟན་པའོ། །སྲིད་དང་ཞི་བའི་རང་བཞིན་གྱིས། །ཞེས་བྱ་བ་ལ། སྲིད་པ་ནི་མཁའ་སྤྱོད་མ་ཡིན་ལ་ཞི་བ་ནི་ས་སྤྱོད་མ་ཡིན་ནོ། །དེ་ཡང་རྒྱུད་གཞན་ལས་ཇི་སྐད་དུ། སྲིད་པ་ནི་དཔྲལ་བ་ཡིན་ཞིང་མྱ་ངན་ལས་འདས་པ་ནི། ནོར་བུའི་མགྲིན་པ་ལས་ཟགས་པར་འགྱུར་བའོ་ཞེས་གསུངས་སོ། །ལྷ་མོ་འདི་གཉིས་རྣམ་པར་གནས། །ཞེས་བྱ་བ་ནི་སྲིད་པ་དང་ཞི་བའི་རང་བཞིན་དུ་སྟེང་དང་འོག་གི་ལྷ་མོ་གཉིས་ཤེས་པར་བྱའོ། །བསྐྱེད་པའི་རིམ་པ་ལ་རྣམ་པར་དག་པར་བསྟན་པ་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བ་འདི་ལྟ་སྟེ། གཟུགས་ལ་དཀར་མོར་བརྟག་པར་བཤད། །སྒྲ་ལ་ཆོམ་རྐུན་མ་རུ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷ་སྨ་རཱི་རུ་གྲགས། །ཞེས་བྱ་བ་གསུངས་ཏེ། བྱིས་པས་བརྟགས་པའི་དངོས་པོ་བཞི་པོ་རྣམས་དེ་ལྟར་མོས་པར་བྱས་ཏེ་གོམས་པ་ལས་ཀུན་རྫོབ་ཏུ་གསད་པ་ལ་སོགས་པ་གྲུབ་པ་ཡང་ཡིན་ལ། ལས་འདི་བཞིའི་ངེས་པའི་དོན་བསྟན་པ་ནི། རྩ་བའི་རྒྱུད་ལས་འདི་ལྟ་སྟེ། རྡོ་རྗེ་སྙིང་པོ་ལུས་ཅན་རྣམས་ཀྱི་རང་གི་ལུས་ལས་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་ནི་ཞི་བའོ། །སྔ་ན་མེད་པའི་བདེ་བ་གྱ་ནོམ་པས་ལུས་དང་ངག་དང་སེམས་རྒྱས་པའི་ཕྱིར་རྒྱས་པའོ། །ལུས་དང་ངག་དང་ཡིད་སྡུག་བསྔལ་བ་ལས་བཟློག་སྟེ་བདེ་བས་དབང་དུ་བྱས་པའི་ཕྱིར་དབང་ངོ༌། །དེ་སྟོབས་ཀྱིས་སྲོག་ཉི་ཁྲི་ཆིག་སྟོང་རྒྱུ་བ་དང༌། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཁ་ཐུར་དུ་བལྟས་པའི་རྒྱུ་བ་གསོད་པའི་ཕྱིར་མངོན་སྤྱོད་དོ། །དེ་བཞིན་དུ། ཞི་བ་ཆུ་ཡི་བསམ་གཏན་དཔྲལ་བར་བསམ་པ་དང༌། དབང་མེའི་བསམ་གཏན་མགྲིན་པར་བསམ་པ་དང༌། །གསང་བ་རླུང་གི་བསམ་གཏན་སྙིང་ག་དང༌། །


DTG002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ས་ཡི་བསམ་གཏན་ལྟེ་བར་གནས། །ཞེས་གསུངས་སོ། །རེག་པས་སྤྱོད་མ་ཞེས་བཤད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། ཞེས་བྱ་བ་ནི་ཕྱི་དང་ནང་གི་ཚུལ་གྱིས་རྣམ་པར་ཤེས་པ་ནམ་མཁའི་ཁམས་ཞེས་བྱ་བ་སྲོག་གི་རླུང་སྟེང་ནས་རྒྱུ་བ་རྣལ་འབྱོར་གྱི་རྒྱུད་ཀྱི་དེ་ཁོ་ན་ཉིད་དེ་འདུས་པ་ལ་སོགས་པའི་དེ་ཁོ་ན་ཉིད་དུ་བསྟན་ཞིང་ཕའི་སེམས་ཞེས་སུ་བསྟན་ནོ། །དེ་བཞིན་དུ་ས་སྤྱོད་མ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་ཁམས་ཞེས་བྱ་བ། ལུས་ཅན་རྣམས་ཀྱི་ཁུ་བའི་ཐིག་ལེ་འོག་ཏུ་འཛག་པའི་བདེ་བ་རྣལ་འབྱོར་མའི་རྒྱུད་ཀྱི་དེ་ཁོ་ན་ཉིད་དེ། ཀྱེའི་རྡོ་རྗེ་ལ་སོགས་པའི་དེ་ཁོ་ན་ཉིད་དུ་བསྟན་ཅིང་མའི་སེམས་སུ་བསྟན་ཏོ། །དེ་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང་ཇི་སྐད་དུ། སྟེང་འོག་སེམས་ཀྱི་རྩ་གཉིས་ནི། །ས་བོན་འབབ་དང་མུན་པ་ཅན། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ས་བོན་འབབ་པ་ཤེས་རབ་ཀྱི། ཞེས་གསུངས་ཏེ། རྡོ་རྗེའི་ཚིག་འདིས་དོན་འདི་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ། རྟག་ཏུ་འདི་རྣམས་རྣམ་དག་པས། །དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །ཞེས་བྱ་བ་ནི་དྲང་བ་དང་ངེས་པའི་དོན་གྱི་དབང་གིས། རིམ་པ་བཞིན་དུ་ཡིད་ལ་བྱས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་རིམ་བཞིན་དུ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ཡང༌། ཕྱག་གི་དག་པ་སྟོང་པ་ཉིད། །བདུད་རྣམས་དག་པས་ཞབས་རྣམས་ཏེ། །རྣམ་ཐར་བརྒྱད་ཀྱི་ཞལ་རྣམས་ཡིན། །སྤྱན་གྱི་དག་པས་རྡོ་རྗེ་གསུམ། །ཞེས་བྱ་བ་ནི་རིམ་པ་བཞིན་དུ་ཟླ་བ་མར་ངོའི་ཆོས་ཅན་སྟོང་པ་ཉིད་བཅུ་དྲུག་དང༌། འཇིག་རྟེན་པའི་སད་པ་ལ་སོགས་པའི་ཆོས་ཅན་གནས་སྐབས་བཞི་འགགས་པ་དང༌། ཆོས་ཀྱི་འཁོར་ལོ་ཐུན་མཚམས་བརྒྱད་ཀྱི་མཚན་ཉིད་ཅན་དང༌། སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན་ཨོཾ་ཨཱཿ་ཧཱུཾ་ཞེས་པ་དང༌། གཞན་ཡང༌། ས་ནི་པུ་ཀྐ་སཱི་ཞེས་བཤད། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །ཞེས་པ་ནི་ལས་རྣམ་པ་བཞིའི་ཚུལ་གྱིས་ཕྱི་དང་ནང་དུ་རྟོགས་པར་བྱ་སྟེ། ངེས་པའི་དོན་ནི་འདི་ལྟར་རྩ་བའི་རྒྱུད་ཉིད་ལས། ཇི་སྐད་དུ། སྲོག་ནི་རྡོ་རྗེའི་རིགས་ཀྱིས་བཅད། །དོན་ཡོད་གྲུབ་


DTG002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྫུན་དུ་སྨྲ། །རིན་པོ་ཆེ་ཡིས་བརྐུ་བར་བྱ། །དཔག་མེད་འོད་ཀྱིས་མི་ཚངས་སྤྱད། །ཅེས་གསུངས་ཏེ། ཇི་ལྟ་བ་བཞིན་དུ་ཤེས་པས་ནི། དངོས་གྲུབ་གཉིས་ཀྱི་རྒྱུར་དགོངས་སོ། །དེ་བཞིན་དུ་གཙོ་བོ་དང་ཕལ་བའི་དབྱེ་བས། ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་དཀར་མོ་ཉིད། །དེ་བཞིན་གཏི་མུག་རྡོ་རྗེ་མ། །ཞེས་བྱ་བ་ནི་རིམ་པ་བཞིན་དུ་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་བ་དང༌། དོན་ཡོད་གྲུབ་པ་དང༌། དཔག་མེད་འོད་དང༌། རྣམ་སྣང་མཛད་ལ་སོགས་པ་རྣམས་སུ་རྣལ་འབྱོར་སྡེ་གཉིས་ཀྱིས་རྟོགས་པར་བྱ་བར་གསུངས་ཏེ། འོན་ཀྱང་སྐབས་འདི་ལས་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། ཅི་མངོན་ཞེ་ན། ཞེ་སྡང་ལ་སོགས་རྣམ་སྦྱོང་བ། །བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི། །འདིས་ནི་ཕུང་པོ་སྦྱང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བརྗོད་པའི་རིམ་པས་རྣལ་འབྱོར་པ་མཁས་པ་རྣམས་ཀྱིས་ཀྱང༌། བདེན་པ་གཉིས་དང་རིམ་པ་གཉིས་ཀྱི་ཚུལ་ལ་བརྟེན་ཏེ། བྱིས་པ་རྣམས་ཀྱི་སེམས་གང་གིས་གྲོལ་བར་འགྱུར་བ་དེ་ལྟར་ཆོས་བསྟན་པར་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །དེ་བས་དེའི་ཕྱིར་རྩོད་པ་རབ་ཏུ་རྒྱས་པའི་དུས་འདིར་ཡང༌། འདོད་ཆགས་ཀྱིས་འདུལ་བར་འོས་པ་རྣམས་ལ། འདོད་ཆགས་ཀྱི་ཆོས་བསྟན་པར་མཛད་པ་ཡིན་ནོ། །གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། །དེ་ཉིད་མི་ཤེས་འཇིག་རྟེན་མི་གྲོལ་ཞིང༌། །དེ་ཉིད་རྣམ་སྤངས་དངོས་གྲུབ་རྙེད་མི་འགྱུར། །ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་མངའ་བའི་དཔའ་བོ་རྣམས་ཀྱི་ཐབས་དེ་ཉིད་མཆོག་ཏུ་གཟིགས་ཏེ་བསྟན་པ་ཡིན་པ་དེའི་ཕྱིར། ཚིག་དང་ཡི་གེ་འདིས་རེ་ཞིག་བྱིས་པ་རྣམས་འདྲེན་པར་མཛད་དེ། གཞན་དག་གིས་བརྙེས་པར་མི་བྱའོ། །རྒྱུད་འདི་ཉིད་ལས་ཀྱང་ཇི་སྐད་དུ། དཔེར་ན་རྣ་བར་ཆུ་ཞུགས་ལ། །ཆུ་གཞན་གྱིས་ཀྱང་གདོན་པར་བྱ། །གཞན་ཡང་མེ་ཡིས་ཚིག་པ་ལ། །སླར་ཞིང་མེ་ཡིས་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་ལ། །འདོད་ཆགས་ཉིད་ཀྱིས་གདུང་བར་བྱ། །ཞེས་གསུངས་སོ། །དེའི་ཕྱིར། དྲི་མེད་སྒ་


DTG002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཟུགས་ཉིད་མེད། །རོ་དང་སེམས་ཀྱི་རྣམ་པར་དག་པ་མེད། །རེག་དང་ཆོས་མེད་ཐམས་ཅད་རྣམ་པར་དག །རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། །ཞེས་བྱ་བ་གསུངས་ཏེ། དང་པོར་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཐོག་མར་བསྟན་པར་བྱས་ནས། ཕྱིས་དེ་ཉིད་ཐབས་ཀྱིས་རིམ་བཞིན་སྤང་བར་བྱ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་གདམས་ངག་ཡིན་ལ། རྩ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། གང་གང་སྒྲ་དང་ཆ་བྱད་ཀྱིས། །འགྲོ་བ་རྣམས་ནི་འདུལ་འགྱུར་བ། །དེ་དེའི་སྒྲ་དང་ཆ་བྱད་ཀྱིས། །རྡོ་རྗེ་འཛིན་རྣམས་ཆོས་སྟོན་མཛད། །ཅེས་གསུངས་པ་དང༌། གཞན་ཡང་ཇི་སྐད་དུ། ཚངས་དབང་ཁྱབ་འཇུག་འདོད་ལྷ་དང༌། །དྲག་པོ་སྲེད་མེད་བུ་ལ་སོགས། །དེ་རྣམས་གཟུགས་ཀྱང་རེ་ཞིག་བསྔགས། །འདི་རྣམས་འཇིག་རྟེན་དབུགས་འབྱིན་ཡིན། །ཞེས་གསུངས་སོ། །གཞན་ཡང༌། ཀྱེ་ཀྱེ་རིགས་ཀྱི་བུ་དག་གཉིས་གཉིས་སྤྲོད་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ནི། ངོ་བོ་ཉིད་ཀྱིས་ཉོན་མོངས་པའི་རང་བཞིན་མ་ཡིན་གྱི། སྐྱེས་བུ་རྣམས་ཀྱི་བསམ་པའི་བྱེ་བྲག་ལས་ཉོན་མོངས་པར་བསྟན་པ་ཡིན་ནོ་ཞེས་གསུངས་པས་དོན་དེ་དག་ཐམས་ཅད་དེ་ལྟར་རྟོགས་པར་བྱའོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། རྣམ་པར་དག་པའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་དགུ་པའོ།། །།

བཅུ་པ། དབང་གི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཆོས་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་ནི་མཚན་ཉིད་ཅན། །གྲུབ་པ་རྣམ་བཞི་སྟེར་མཛད་པ། །རྡོ་རྗེ་མགོན་པོ་བདག་ཕྱག་འཚལ། །སྒྲུབ་པོ་རྣམས་ལ་ཕན་པའི་ཕྱིར། །གང་གིས་སློབ་མ་དབང་བསྐུར་བའི། །རྒྱས་བཤད་དྲི་མ་མེད་པ་དག །རྡོ་རྗེ་སྙིང་པོས་ལེགས་པར་བསྟན། །དེ་ནས་ཇི་ལྟར་དཀྱིལ་འཁོར་གྱི། །རིམ་པ་ཡང་དག་རབ་ཏུ་བཤད། །ཅེས་བྱ་བ་སྨོས་ཏེ། དེ་ལ་རྡོ་རྗེ་སློབ་དཔོན་གང་གིས་སློབ་མ་གང་ཞིག་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར། གདོད་མ་ཉིད་དུ་རང་དང་སློབ་མ་གཉིས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་བགེགས་བསལ་བར་བྱའོ། །དེ་ཡང་འདི་ལྟར་གཟའ་བཟང་བ་དང༌། ཚེས་བཟང་པོ་དང༌། སྐར་མ་བཟང་པོ་དང་སྦྱོར་བ་དང་བྱེད་པ་ཤིས་པ་དག་ལ་ཆོ་ག་བརྩམ་པར་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པ་སྟེ།


DTG002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གི་བྱེ་བྲག་བློ་ལ་ལེགས་པར་བསྡོམས་ལ་བརྩམས་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་སློབ་མ་དབང་བསྐུར་བའི། །ཆོ་ག་རབ་ཏུ་བཤད་པར་བྱ། །ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ །དེ་ཡང་འདི་ལྟར་སྔོན་དུ་རྡོ་རྗེ་སློབ་དཔོན་འཇུག་པའི་ཕྱིར། དང་པོར་ལྷ་ཡི་དངོས་བྱས་ཏེ། །ཧཱུཾ་ལས་རྡོ་རྗེ་འབད་བྱས་པས། །རྣལ་འབྱོར་ཅན་གྱིས་ས་སྦྱངས་ཏེ། །ཕྱི་ནས་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ལ་དང་པོར་རྡོ་རྗེ་སློབ་དཔོན་ཉིད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཁྲོ་བོའི་བདག་ཉིད་ཀྱེའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པར་ཧཱུཾ་གི་ས་བོན་ལས་བསྐྱེད་དེ། བསྲུང་བའི་འཁོར་ལོ་ལ་སོགས་པ་བྱ་ཞིང་ས་ལེགས་པར་སྦྱངས་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་རང་ཉིད་འཇུག་པར་བྱ་ཞེས་བྱ་བ་ངེས་པའི་དོན་ཏོ། །གནས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། སྐྱེད་མོས་ཚལ་དང་དབེན་གནས་དང༌། །བྱང་ཆུབ་སེམས་དཔའི་ཁྱིམ་དག་དང༌། །ཁང་སྟོང་དང་ནི་ལྡིང་ཁང་དུ། །དཀྱིལ་འཁོར་མཆོག་ནི་བྲི་བར་བྱ། །ཞེས་པས་བསྟན་ཏེ། །འདི་ལྟར་གནས་འདི་དག་ནི་བཀྲ་ཤིས་པ་དང༌། ཡིད་དགའ་བ་དང༌། དངོས་གྲུབ་མྱུར་དུ་སྟེར་བར་བྱེད་པ་ཡིན་པས་འབད་པས་བཙལ་བར་བྱ་བ་ཡིན་ནོ། །གནས་དེར་སའི་དཀྱིལ་འཁོར་གྱི་སྟེགས་བུ་ཇི་ཙམ་འདོད་པར་བརྩིགས་ལ། །རྒྱུད་ནས་འབྱུང་བའི་ཐིག་གིས་འཁྲུལ་བ་མེད་པར་ཐིག་བཏབ་ལ། རྡུལ་ཚོན་གཏང་བར་བྱའོ། །རྡུལ་ཚོན་མཆོག་གིས་བྲི་བའམ། །ཡང་ན་བར་པར་གྱུར་བ་སྟེ། །རིན་ཆེན་ལྔ་ཡི་ཕྱེ་མ་དང༌། །ཡང་ན་འབྲས་ཕྱེ་ལ་སོགས་སོ། །ཞེས་བྱ་བ་ལ་རྡུལ་ཚོན་ནི་རྣམ་པ་གཉིས་ཏེ། བྱི་རུ་ལ་སོགས་པ་རིན་པོ་ཆེ་ལྔའི་ཕྱེ་མ་མཆོག་ཏུ་བསྟན་ལ། དེ་མ་འབྱོར་པས་འབྲས་ཕྱེ་ལ་སོགས་པ་ཚོན་གྱིས་བསྒྱུར་བས་ཀྱང་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་དཀྱིལ་འཁོར་ཁྲུ་གསུམ་དང་སོར་མོ་གསུམ་གྱིས་ལྷག་པར་བྱ་ཞེས་བྱ་བ་ནི། ལུས་ངག་ཡིད་གསུམ་གྱི་དབྱེ་བས་སམ། ཡང་ན་རྡུལ་དང་མུན་པ་སྙིང་སྟོབས་ཀྱི་ཚུལ་གྱིས་ཚད་བསྟན་པའོ། །དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་མོ་རྣམ་པར་གཞུག །ཅེས་བྱ་བ་ནི་དེ་ལྟར་དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས་ལ། སྔགས་འཆང་རང་ཉིད་ཆུ་ཟླ་ལྟ་བུའི་བསམ་གཏན་དང་ལྡན་པས་རྡུལ་ཚོན་གྱི་


DTG002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང་རང་ཉིད་ལེགས་པར་ཞུགས་ལ། དེའི་རྗེས་སུ་སློབ་མ་དག་ལ་བསྙེན་གནས་ཀྱི་སྡོམ་པ་དང༌། ཕྱིའི་དམ་ཚིག་གི་སྡོམ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་སྔོན་དུ་འཛིན་དུ་བཅུག་ལ་དེའི་རྗེས་སུ་འཇིག་རྟེན་པའི་དབང་རྣམས་བྱེ་བྲག་བཞིན་སྦྱིན་པར་བྱ་སྟེ། དེ་ཡང་འདི་ལྟར་བྱིས་པ་རྣམས་དྲང་བར་བྱ་བའི་ཕྱིར། རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་བྱ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་བྱིས་པ་རྣམས་ལ་འདོད་ཆགས་ཀྱི་ལམ་བསྟན་པར་བྱ་བའི་ཕྱིར། འོག་ནས་སྟོན་བཞིན་པའི་བུ་མོ་རིགས་ལྔའི་རྟགས་ཅན་གསང་བའི་ཐེག་པ་ལ་མཆོག་ཏུ་གཞོལ་བ་སྔོན་དུ་ལེགས་པར་སྦྱངས་ལ། དཀྱིལ་འཁོར་དུ་གཞུག་གོ །དེ་ཡང་ཇི་ལྟར་ཉི་མའི་ལོ་དང་ལྡན་པ་དང༌། རྒྱལ་པོའི་ལོ་དང་ལྡན་པ་དང༌། ལོ་ཉི་ཤུ་དང་ལྡན་པ་རྣམས་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་བྱེ་བྲག་གིས་ཕྱེ་ལ། དཀྱིལ་འཁོར་དུ་གཞུག་གིས། ཉི་མའི་ལོ་དང་ལྡན་པ་ཡོད་བཞིན་པར་རྒྱལ་པོའི་ལོ་ལ་སོགས་པ་མི་གཞུག་གོ །འོན་ཏེ་ཉི་མའི་ལོ་དང་ལྡན་པ་མེད་པར་གྱུར་ན། རྒྱལ་པོ་ལ་སོགས་པའི་ལོ་དང་ལྡན་པར་གཞུག་པར་བྱ་སྟེ། འདི་ལྟར། ཡང་ན་ཇི་ལྟར་གང་རྙེད་དེ། །དེ་ལྟར་བཅུ་དྲུག་ལོན་པ་ཉིད། །ཅེས་བྱ་བ་གསུངས་ཏེ། འདི་ལྟར་བདེ་བ་དམ་པ་སྟེར་བའི་ཉི་མའི་ལོའི་ཕྱག་རྒྱ་ནི་མཆོག་ཏུ་བསྟན་ལ། རྒྱལ་པོའི་ལོ་ནི་འབྲིང་པོ་ཡིན་ནོ། །ཉི་ཤུའི་ལོ་ནི་ཐ་མ་ཡིན་པར་གསུངས་པའི་ཕྱིར་རོ། །ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཞེས་བྱ་བ་ནི་འདི་ལྟར་དོན་གཉིས་སུ་གོ་བར་བྱ་སྟེ། བུད་མེད་རྣམས་ཀྱི་བདེ་བའི་རྒྱུར་འགྱུར་བ་ནི་ཉི་མའི་ལོ་ནས་འབྱུང་བ་ཡིན་གྱིས། དེ་ལས་སྔ་བར་ནི་མ་ཡིན་ནོ། །དེ་བཞིན་དུ་ཉི་ཤུ་འདས་ནས་དེ་ཉིད་འཇིག་པའི་ཕྱིར་དང༌། གཞན་ཡང་རིག་སྔགས་འཆང་དང༌། རྡོ་རྗེ་སློབ་མ་དག་གིས་འགྱུར་བའི་བདེ་བ་ཇི་སྲིད་ཉམས་སུ་མྱོང་བར་འགྱུར་བ་དེ་སྲིད་དུ་བསྟེན་པར་བྱ་བ་ཡིན་པས། དེ་སྐད་ཅེས་བྱའོ། །ཕྱག་རྒྱའི་གདོང་ཡང་བཅིང་བ་དང༌། །ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །ཞེས་བྱ་བས་ནི་བུ་མོ་དང་སྐྱེས་བུ་དང་དབང་བསྐུར་བ་དག་ཕན་ཚུན་དུ་གདོང་གཡོགས་པར་བྱ་བ་ནི་གོ་ཆའོ། །བསྟན་པ་དེ་ལས་གང་འབྱུང་བ། །སློབ་མའི་ཁ་རུ་ལྟུང་བར་བྱ། །ཞེས་བྱ་བ་ནི་རིག་སྔགས་


DTG002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་གི་སློབ་དཔོན་གྱིས། །ཡུ་བ་ཏི་ལ་ཇི་ལྟ་བ་བཞིན་དུ་བརྟེན་པར་བྱས་ལ། གུ་ཧྱ་བ་ར་ཏ་ཀ་ན་གནས་པའི་སེམས་ཀྱིས་མཚལ་དང་མཉམ་པར་བསྲེས་ལ་སློབ་མའི་ཁའི་ལམ་ནས་ལོངས་སྤྱོད་རྫོགས་པར་སྦྱར་ལ་གསུང་གི་རང་བཞིན་དུ་བསྟན་པར་བྱ་བ་ཉིད་གསང་བ་ཞེས་བསྒྲགས་སོ། །རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ཡང་བྱ་བར་བྱ། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། ཞེས་བྱ་བ་ནི་དེ་ལྟར་གསང་བ་ཞེས་བྱ་བ་རྟོགས་པར་བྱས་ལ། འཇིག་རྟེན་པའི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པར་བྱས་ལ་གང་གི་གནས་སུ་མཚོན་པར་འགྱུར་བའི་གནས་སུ་བརྟག་པའི་རྒྱལ་པོ་དང༌། ཐུགས་ཀྱི་བདག་པོ་དག་གི་མཚམས་ཕྲ་མ་གཞུག་པར་བྱ་བ་སྟེ། རྡོ་རྗེ་འཆང་གི་བཀའ་ལུང་ངོ༌། །དེས་ཏེ་ཕྱིས་ནི་ཕྲ་མ་བཏང་ལ། ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ལ། འདོད་ཆགས་ཀྱི་བསྟན་བཅོས་འོག་ནས་འབྱུང་བ་མ་ལུས་པ་བྱས་ལ་ཡང་བླ་མ་ཆེན་པོ་རིག་སྔགས་འཆང་ལས་དེ་ལས་གོང་དུ་གྱུར་པའི་འོ་མ་བསྒྲུབ་པའི་རིམ་པ། སྲོག་དང་རྩོལ་བས་བཙལ་བར་བྱའོ། །དེ་ནས་གང་དུ་མཚོན་བྱེད་གསལ་བ་ཁོ་ན་དེ་ལ། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །ཞེས་གསུངས་ཏེ། གང་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དེ་དེ་ལྟ་བུར་སྟོན་ཅིང་གསལ་བར་བྱ་བ་ནི། རིག་སྔགས་འཆང་ག་ལས་ཡིན་ལ། བརྟན་པར་གནས་ཤིང་བདུད་ཀྱི་ཡུལ་སྤོང་བ་ནི་སློབ་མའི་ལས་སོ། །དེ་ལྟར་རྒན་པོ་ལྟར་ཡུལ་རིང་བར་གནས་པའི་ཡེ་ཤེས་རང་རིག་པ་སྤངས་ཏེ། ཡེ་ཤེས་ཆེན་པོ་ལ་འཇུག་པར་བྱའོ། །འདི་ནི་ཇི་སྐད་དུ། །རྩ་བའི་རྒྱུད་ལས། རང་རིག་ཡེ་ཤེས་རྣམ་སྤངས་ལ། །མཚོན་དུ་མེད་པ་མཚོན་བྱ་སྟེ། །སྒྲ་དང་ཐིག་ལེ་རྣམ་པར་སྤང༌། །ཡི་གེ་ལས་འདས་མཚན་ཉིད་དོ། །ཞེས་གསུངས་ལ། དེ་བཞིན་དུ་གཞན་ཡང་མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། ཇི་སྐད་དུ། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་གསུངས་པ་དེ་བས་ན། འཇིག་རྟེན་ལྟ་བུའི་ཡེ་ཤེས་རང་རིག་པ་སྤངས་ལ། མི་འགྱུར་བའི་བདེ་བ་ཆེན་པོ་བསྒོམ་པར་ངེས་སོ། །དེའི་ཕྱིར། རང་གཞན་ཡང་དག་རིག་པ་སྤངས། །


DTG002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །ཞེས་བྱ་བས་བསྟན་ཏེ། འདི་ལྟར་འཇིག་རྟེན་པའི་འདོད་ཆགས་གང་ཡིན་པ་ནི། འཇིག་པ་དང༌། འགྱུར་བ་དང༌། རང་ཉིད་འབའ་ཞིག་རིག་པ་དང༌། ཕྱོགས་གཅིག་པ་དང༌། དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཐ་དད་པ་དང༌། ཐབས་དང་ཤེས་རབ་ཅེས་ཡང་དག་པ་མ་ཡིན་པར་བརྡར་བསྟན་ཅིང་ཆེར་མ་འདྲེས་པ་དང༌། ཆགས་པ་དང་ཆགས་པ་བྲལ་བའི་ཕྱོགས་ཆེས་ཐ་དད་པའི་ཕྱིར་གང་དེ་སྤངས་ལ་མི་འགྱུར་བའི་བདེ་བ་བཞི་པ་ཞེས་བྱ་བ་བསྒོམ་པར་ངེས་སོ། །དེ་བས་ན་དེའི་ཕྱིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་འདི་ཉིད་ལུས་ཅན་རྣམས་ལ་འཁོར་བ་ལས་དོན་ཅིང་རིག་པ་འཛིན་པའི་གནས་སུ་འཁྲིད་དེ། དབུགས་ཆེར་འབྱིན་པ་ཡིན་ཏེ། འདི་ལྟར། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མཆོག་ཏུ་མི་འགྱུར་བ། །དེ་ཉིད་འགྲོ་བའི་བདག་ཉིད་དེ། །དེ་ཉིད་ཀུན་ལ་ཁྱབ་པ་པོ། །ཞེས་གསུངས་ཏེ། འདི་ལྟར་འགྱུར་བ་མེད་པའི་བདེ་བ་ཆེན་པོ་གང་ཡིན་པ་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་མཆོག་ཏུ་གསང་བ་སྟེ། འཇིག་རྟེན་པ་ལ་པའི་བདག་ཏུ་ལྟ་བ་ཐམས་ཅད་སུན་འདོན་ཅིང་མ་རུངས་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འཁོར་བ་པ་རྣམས་ལ་ལུས་ལ་གནས་པའི་ཁུ་བས་རྟོགས་པར་བྱེད་དེ། ཁུ་བ་མེད་ན་རྟོགས་པར་མི་འགྱུར་ཏེ། ཁུ་བ་ལ་བརྟེན་ཏེ་རྟོགས་པར་བྱ་བ་ནི་འདོད་ཆགས་ཀྱི་ཆོས་ཀྱི་ཚུལ་ལོ། །དེ་ནས། ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་གསུངས་སོ། །དེ་བཞིན་དུ་དངོས་པོ་དང་དངོས་མེད་པ་རྟོགས་པར་བྱེད་པ་དང༌། བྱང་ཆུབ་སེམས་ཀྱི་ཁུ་བ་དེ་ཉིད་ལས་འབྱུང་སྟེ། འདི་ལྟར་ཁུ་བ་ཐུར་དུ་བལྟས་པ་ལས། བདག་དང་བདག་གིར་འཛིན་པའི་གཞི་འབྱུང་ལ། ཁུ་བ་དེ་ཉིད་གྱེན་དུ་ལྟས་ཤིང་རྒྱས་པ་ལས་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་རྟོགས་པར་འགྱུར་རོ། །དེ་ལྟ་བས་ན། དངོས་དང་དངོས་མེད་དེ་ལས་འབྱུང༌། །གཞན་དང་གང་རྣམས་དེ་རྣམས་དང༌། །རྣམ་པར་ཤེས་པ་ཀུན་གྱི་ཚུལ། །སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་


DTG002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུར་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་གསུངས་ཏེ། དེ་ལྟར་བྱང་ཆུབ་སེམས་ཀྱི་ཁུ་བ་ཐུར་དུ་ཟགས་པ་ལས་གྲུབ་པའི་མཐའ་དང༌། ལྟ་བ་ཐམས་ཅད་དང༌། སྙན་དངགས་དང་ལོ་རྒྱུས་ཀྱི་ཆོས་དང༌། ཕྱཱ་དང་དབང་ཕྱུག་དང་བྱེད་པ་པོ་ལ་སོགས་པ་དུ་མ་འབྱུང་བར་གྲགས་སོ། །དེ་ལྟ་བས་ན་ལུས་ཀྱི་རྟེན་འབད་པས་བསྲུང་བར་བྱ་ཞིང་འདི་ལྟར་གནས་པ་རྣམས་སྒྱུ་མ་ལྟ་བུར་ཤེས་པར་བྱ་ཞེས་དགོངས་སོ། །གང་སྒྱུ་མ་ལྟ་བུ་དེ་ཉིད་རྟོགས་པར་བྱ་བའི་ཕྱིར། དང་པོ་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལས་མཆོག་དགའ་ཉིད། །གསུམ་པ་ལ་ནི་དགའ་བྲལ་ཉིད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་བྱ་བ་ལས་འདི་ལྟར་ལུས་ལ་གནས་པའི་ཁུ་བ་ཉིད་ནང་དུ་དགའ་བ་བཞིའི་ཚུལ་དུ་བསྟེན་པས་སྒྱུ་མའི་གཟུགས་འཐོབ་པར་འགྱུར་བ་ནི། འདོད་ཆགས་ཀྱི་ཆོས་ཀྱི་ཚུལ་ཉིད་དུ་བསྟན་ཏེ། དེ་བཞིན་གཤེགས་པའི་བཀའ་ལུང་ངོ༌། །དེ་ལས་གཞན་ཡང་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། རང་ལུས་འགྱུར་བ་མེད་པ་དེ། །མཆོག་གཅིག་གིས་ནི་ཤེས་བྱ་སྟེ། །དེས་ནི་དཔེ་ཡིས་ཉེར་མཚོན་ནས། །བླ་མའི་དྲིན་གྱིས་ཤེས་པར་བྱ། །ཞེས་གསུངས་ལ། དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རྡོ་རྗེ་སྙིང་པོ་ལ་སོགས་ཀུན། །མཁས་པས་དེ་སྐད་ངེས་ཐོས་པས། །མཆོག་ཏུ་ངོ་མཚར་གྱུར་ནས་ནི། །བརྒྱལ་ཞིང་ས་ལ་འགྱེལ་བར་འགྱུར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱེ་རྡོ་རྗེས་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ལ་འདོད་ཆགས་ཀྱི་ཚུལ་གྱིས་ཆོས་འདི་བསྟན་པའི་ཚེ། ཤིན་ཏུ་ཡ་མཚན་དུ་གྱུར་ནས་ས་ལ་འགྱེལ་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱི་གསུང་ཁ་ཅིག་ཏུ་འཆིང་བར་བསྟན་པ་དེ་ཉིད་ཀྱིས་གྲོལ་བར་བསྟན་ཅིང་རང་རང་གི་ལུས་ཉིད་ལས་གཞན་དུ་སངས་རྒྱས་བཙལ་བར་མ་གསུངས་ཏེ། ལུས་འདི་ཉིད་ལ་སངས་རྒྱས་ཡོད་དོ་ཞེས་གསུངས་ན། ཁོ་བོ་ཅག་གིས་ད་དུང་རྟོགས་པར་མ་གྱུར་


DTG002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་ཞེས་པ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་པའོ། །འོ་ན་འདོད་ཆགས་དེ་ཉིད་ལ་རིམ་པ་ཇི་ལྟ་བུའི་ཚུལ་གྱིས་བསླབ་པར་བགྱི་ཞིང༌། ཇི་ལྟར་འབད་པར་བགྱི་ཞེས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་ལན་དུ་གསུངས་པ། དང་པོར་དགའ་བ་འགྲོ་བའི་གཟུགས། །དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །དགའ་བྲལ་དགའ་བའང་འགྲོ་བ་ཉིད། །གསུམ་པ་ལྷན་ཅིག་སྐྱེས་པ་མེད། །བཅོམ་ལྡན་བཀའ་སྩལ་ཀྱེའི་རྡོ་རྗེ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པ། །རྡོ་རྗེ་སྙིང་པོས་རྟོགས་བྱའི་ཕྱིར། །ཐེ་ཚོམ་མེད་པར་སེལ་བ་འདི། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཅེས་གསུངས་ཏེ་འདོད་ཆགས་ཀྱི་ཚུལ་གྱི་ཆོས་དེ་ལ། བྱིས་པ་རྣམས་ལ་སྐད་ཅིག་རྣམ་པ་བཞིས་ཕྱེ་བས་བདེ་བའི་རོ་རྡོ་རྗེ་སློབ་དཔོན་རིག་སྔགས་འཆང་ལས་ཤེས་པར་འགྱུར་ལ། དེ་ཡང་འདི་ལྟར་རིག་སྔགས་འཆང་གི་བཀའ་བཞིན་དུ་དགའ་བ་གསུམ་པོ་ནི། སྲིད་པ་གསུམ་པོ་བསྐྱེད་པ་ན་ཡོངས་སུ་དོར་ཏེ། བཞི་པ་བསྒོམ་པར་ངེས་སོ། །འདི་ལྟར་དགའ་བ་གསུམ་གྱི་མཚན་ཉིད་ཅན་གྱི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་ནི་འཇིག་རྟེན་ལྟ་བུའི་བདེ་བ་སྟེ། ཀུན་རྫོབ་པ་ཉིད་ཡིན་པའི་ཕྱིར། ཡོངས་སུ་དོར་ལ་ཡིད་ནང་དུ་ཆུད་པའི་བདེ་བ། འདོད་ཆགས་དང་ཆགས་པ་དང་བྲལ་བ་དང༌། དབུ་མ་སྤངས་པའི་བདེ་བ་ཉིད་ཀྱི་སྤྱོད་པ་དང་གྲོལ་བ་སྟེར་བ་ཡིན་ནོ། །ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱི་རྣམ་པར་སྤངས། །ཞེས་བྱ་བ་ནི་འཇིག་རྟེན་པའི་དགའ་བ་བཞི་ཆར་སྤངས་ལ། འཇིག་རྟེན་ལས་འདས་པའི་དགའ་བ་བཞི་པོ་མ་ལུས་པར་བསྒོམ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པའི་བཞི་པོ་ལས་ལེགས་པར་མཚོན་པར་བྱེད་པ་ནི། དགའ་བ་བཞི་པོའི་འཆར་བ་ཐམས་ཅད་ཀྱིས་ཡོངས་སུ་གང་བ་ཉིད་དང་དུ་བླང་ངོ་ཞེས་བསྟན་པའི་ཕྱིར། དེ་ཡང་དགའ་བྲལ་དང་པོར་མཚོན། །དགའ་བ་གསུམ་པོ་རྣམ་པར་སྤངས། །ཞེས་གསུངས་སོ། །འདི་ལྟར་འཇིག་རྟེན་ལྟ་བུའི་བདེ་བ་དག་སྤངས་ནས། གང་གི་དུས་སུ་ལྷན་ཅིག་སྐྱེས་པ་ཆེན་པོ་ལ་


DTG002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དེ་ནི། ལས་དང་པོ་པའི་ས་ལས་འདས་ཏེ། དང་པོ་སྤྲིན་དང་འདྲ་བ་ཡིན། །གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། །ཞེས་བྱ་བ་སྨོས་ཏེ། དང་པོར་བདེ་བའི་ཏིང་ངེ་འཛིན་གསལ་བ་དང་མི་གསལ་བའི་བྱེ་བྲག་འདྲེན་མར་འགྱུར་རོ། །དེའི་ཕྱི་ནས་ནི་བདེ་བའི་ཏིང་ངེ་འཛིན་གསལ་བའི་ཕྱིར་ཕྱོགས་ཤས་ཆེ་བར་འགྱུར་ལ། མི་གསལ་བ་ཟིལ་གྱིས་ནོན་པར་འགྱུར་རོ། །དེ་བཞིན་དུ། ཉལ་དང་ལོག་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བ་འགྱུར། །ཞེས་བྱ་བ་ནི། དེ་དག་གི་རྗེས་ལ་དུས་རྟག་ཏུ་གཉིད་ལོག་པ་དང་སད་པའི་གནས་སྐབས་ཀུན་ལ་ཆོས་ཐམས་ཅད་སྒྱུ་མ་ལྟར་གནས་ཤིང་རྣམ་པར་རྟོག་པའི་མཚན་མའི་གོ་སྐབས་རྣམ་པ་ཀུན་དུ་མི་བྱེད་པ་འདི་ནི་བརྟན་པར་གྱུར་པའི་མཚན་མའོ། །དེ་བཞིན་དུ་རྩ་བའི་རྒྱུད་ཆེན་པོ་ལས་ཀྱང༌། ཇི་སྐད་དུ། དང་པོའི་ས་ལས་འདས་པ་ཡི། །རྣལ་འབྱོར་ཏིང་འཛིན་གང་ལ་གནས། །ཏིང་འཛིན་དེ་ཡི་མཚན་མ་ཡིན། །རྣམ་པ་གསུམ་དུ་རིག་པར་བྱ། །ཞེས་གསུངས་སོ། །དེ་ལྟར་མཚན་མ་རྣམ་པ་གསུམ་པོ་དེ་དག་ནི་བྱང་ཆུབ་ལ་ཉེ་བར་གཞོལ་བར་བྱེད་པའི་རྟགས་ཡིན་ནོ། །དེ་བས་ན། དངོས་གྲུབ་མཚན་ཉིད་དབྱེར་མེད་པའི། །ཕྱག་རྒྱ་རྣལ་འབྱོར་བ་ཡིས་འགྲུབ། །ཞེས་གསུངས་སོ། །ད་ནི་སྔོན་དུ་བརྗོད་པའི་ཕྱིར་དཀྱིལ་འཁོར་གྱི་མཚན་ཉིད་དང༌། དབྱིབས་ལ་སོགས་པ་དང༌། ཐིག་སྐུད་ཀྱི་མཚན་ཉིད་དང༌། རྡུལ་ཚོན་གྱི་མཚན་ཉིད་དང༌། བུམ་པ་དང་རྫས་ལ་སོགས་པ་བསྟན་པའི་ཕྱིར། སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས། །གྲུ་བཞི་ཡང་དག་འབར་བ་ཉིད། །སྒོ་བཞི་གཟི་བརྗིད་ཆེན་པོ་སྟེ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཕྲེང་བ་སྣ་ཚོགས་རྔ་ཡབ་ལྡན། །ཀ་བ་བརྒྱད་ཀྱིས་རྣམ་པར་མཛེས། །རྡོ་རྗེ་སྲད་བུས་མཉམ་པར་ལྡན། །ཞེས་བྱ་བ་ནི། སྒྲ་ཇི་བཞིན་པ་དེ་རྟོགས་པར་སླའོ། །གཞན་ཡང༌། མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། །བདུག་པ་མར་མེ་དེ་བཞིན་དྲི། །བུམ་བ་བརྒྱད་ལ་སོགས་པར་ལྡན། །དེ་ཡང་ཡལ་ག་ལ་སོགས་བཅས། །མགྲིན་པ་གོས་ཀྱིས་དགབ་པར་བྱ། །རིན་ཆེན་ལྔ་ན་ཡོངས་སུ་གཞུག །ཅེས་བྱ་བ་ལ་སོགས་པ་རྣམས་ནི་དཀྱིལ་འཁོར་གྱི་ཡོ་བྱད་བསྟན་པ་སྟེ་རྟོགས་སླའོ། །རྣམ་པར་རྒྱལ་བ་ཤར་དུ་སྦྱིན། །ཞེས་བྱ་བ་ནི་ལས་ཐམས་ཅད་


DTG002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུམ་པར་བྱིན་གྱིས་བརླབས་ལ། ཁྲོ་བོ་བགེགས་ཀྱི་དགྲའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་ནི་ཆུ་ནང་དུ་བླུགས་ལ། དཀྱིལ་འཁོར་གྱི་ཁང་པའི་ཤར་དུ་དགོད་ཅེས་བྱ་བའི་དོན་ཏོ། །རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །ཞེས་བྱ་བ་ནི། ཞལ་གཅིག་ཕྱག་གཉིས་པའི་རྣལ་འབྱོར་གྱིས་སོ། །གསར་པ་ལེགས་པར་བསྒྲིམས་པ་དང༌། །ཤིན་ཏུ་ཚད་མར་མཛེས་པ་ཡི། །སྲད་བུས་ཤེས་རབ་ཅན་གྱིས་གདབ། ཅེས་བྱ་བ་ནི་རས་བལ་དཀར་པོ་དྲི་མ་མེད་པ་ལ། བློ་དང་ལྡན་པའི་སྔགས་པས་ལྔ་སྒྲིལ་དུ་བྱས་ཏེ། དེ་ཡང་དེ་བཞིན་གཤེགས་པ་ལྔའི་ཁ་དོག་དང་ལྡན་པའི་ཚོན་གྱིས་སོ་སོར་བསྒྱུར་ལ། ཆོ་ག་བཞིན་རྒྱལ་བ་རིགས་ལྔར་བྱིན་གྱིས་བརླབས་ལ། ཕྱོགས་ཆ་མ་ནོར་བར་ཐིག་གདབ་ཅེས་པའི་དོན་ཏོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་བསྙེན་པར་བྱ་བ་ནི། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་བྱ་བ་ནི་རིག་སྔགས་འཆང་གི་སློབ་དཔོན་གྱིས་དཀྱིལ་འཁོར་བསྟེན་པར་བྱ་བའི་དོན་དུ། གཙོ་བོའི་རྩ་བའི་སྔགས་སྔོན་དུ་འབུམ་བཟླས་ཤིང་དེ་བཞིན་དཀྱིལ་འཁོར་པ་རྣམས་ཀྱི་ནི་ཁྲི་ཁྲི་ཡོངས་སུ་བཟླས་ཏེ་མཉེས་པར་བྱའོ། །ཕྱོགས་སྐྱོང་ལ་དུས་གསུམ་དུ་གཏོར་མ་ཡང་སྦྱིན་ནོ། །དེའི་རྗེས་ལག་དོང་སའི་མཚན་ཉིད་ལེགས་པར་བརྟགས་ཏེ། འདི་ལྟར་དཀྱིལ་འཁོར་ཆེན་པོའི་ཆོ་གའི་ཚུལ་དུ་ས་སྦྱང་བར་བྱ་སྟེ། འདི་ལྟར། གོང་དུ་གསུངས་པའི་སྔགས་ཉིད་ཀྱིས། །མཁས་པས་ས་ནི་རྣམ་པར་སྦྱང༌། །གོང་གི་ཨ་སོགས་སྔགས་ཉིད་ཀྱིས། །དེ་ལ་གཏོར་མ་རྣམ་པར་སྦྱིན། །ཞེས་བྱ་བ་ནི། ཇི་ལྟར་གཙོ་བོའི་དཀྱིལ་འཁོར་སྔོན་དུ་བསྟན་པའི་སྐབས་སུ་གསུངས་པ་ལྟར་སྐབས་འདིར་ཡང་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་སྲུང་བའི་འཁོར་ལོ་དང༌། རང་གི་ལྷའི་ང་རྒྱལ་གང་དང་གང་ཡིན་པ་དེ་དང་དེའི་རྣམ་པར་སྦྱང་བ་དང༌། དེ་བཞིན་དུ་དབང་གི་བྱེ་བྲག་དང་མཆོད་པ་དང་གསོལ་བ་གདབ་པ་ཐམས་ཅད་སྔོན་བཞིན་དུ་བྱའོ། །ཁྱད་པར་དུ། བདག་མེད་མ་ཡི་དཀྱིལ་འཁོར་ནི། །འཕར་མ་གཉིས་བཟང་རྣམ་བྲིས་ནས། །ཞེས་བྱ་བ་ཙམ་གྱི་བྱེ་བྲག་ཏུ་བྱས་པ་ཡིན་གྱིས་ཁྱད་པར་གཞན་ནི་མེད་དོ། །དེ་བཞིན་དུ་ལྷའི་མཚན་མ་གཞག་པ་ནི། །སྔོན་


DTG002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཙོ་བོའི་དཀྱིལ་འཁོར་ལ་གཡས་ཀྱི་ཕྱག་མཚན་ཐམས་ཅད་དགོད་པ་ཡིན་ལ། འདིར་ཡང་གྲི་གུག་འབའ་ཞིག་ཏུ་དགོད་པར་བྱའོ། །དེ་བས་ན་དེའི་ཕྱིར། །མྱུར་དུ་དཀར་མོ་ལ་སོགས་བྲི། །ཤར་དུ་གྲི་གུག་རྣམ་བྲིས་ཏེ། ལྷོ་དང་ནུབ་ཏུ་དེ་བཞིན་ནོ། །བྱང་དང་མེ་ཡི་མཚམས་དང་ནི། །བདེན་བྲལ་རླུང་དུ་དེ་བཞིན་ནོ། །ཞེས་བྱ་བ་ནི་ལྷ་མོའི་མཚན་མ་དགོད་པའི་ཚུལ་ཏེ། འཕར་མ་རྣམ་པ་གཉིས་ལ་རིམ་པ་བཞིན་དུ་ཡུལ་དང་ཡུལ་ཅན་གྱི་ལྷ་མོ་རྣམས་ཀྱི་ཕྱག་མཚན་དགོད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ། དབང་ལྡན་དུ་ནི་ཅི་གསུངས་པ། །དེ་ལྟ་དེ་ལྟར་འོག་དང་སྟེང༌། །ཞེས་བྱ་བས་ནི་ལྷ་མོའི་དཀྱིལ་འཁོར་གྱི་མཚན་མ་ལ་སོགས་པ་ལེགས་པར་བསྟན་པ་ཡིན་ནོ། །ད་ནི་སློབ་དཔོན་རིག་སྔགས་འཆང་བ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་སྟོན་ཏེ། འདི་ལྟར། རྡོ་རྗེ་སེམས་དཔའ་བསྙེམས་བྱས་ནས། །རྐང་པ་གཡས་པ་བརྐྱང་བྱ་སྟེ། །ཕྱག་གཉིས་ཀྱེའི་རྡོ་རྗེར་སྦྱོར་བས། །སྙིང་རྗེའི་གར་ཐབས་དང་ལྡན་པ། །སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ། །ཅེས་བྱ་བས་སྟོན་ཏེ་འདི་ལྟར་རིག་སྔགས་འཆང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སྙིང་རྗེ་བསྐྱེད་དེ། སྙིང་རྗེའི་གར་སྟབས་དང་ལྡན་པས་དཀྱིལ་འཁོར་དུ་འཇུག་ཅེས་པའི་དོན་ཏོ། །གཞན་ཡང༌། ཁྲུས་དང་གཙང་སྤྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཞེས་བྱ་བ་ཡང་ཚུལ་བཞིན་དུ་བྱས་ལ། རྣམ་པར་རྟོག་པའི་བགེགས་གཞིལ་བར་བྱ་བའི་ཕྱིར། ཧཱུཾ་ཧཱུཾ་བསྙེམས་པ་བྱས་ནས་ནི། །ཧཱི་ཧཱི་རྣམ་པར་འཇིགས་པར་བྱེད། །ཅེས་བྱ་བ་ཞལ་ནས་བརྗོད་ཅིང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ལས་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །དེ་ནས་སློབ་མ་འཇུག་པའི་མན་ངག་བཤད་པར་བྱ་སྟེ། །ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང༌། །འཁོར་བ་རྣམ་པར་རྟོག་པའི་བདག །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བས་བསྟན་ཏེ། རྡོ་རྗེ་སློབ་དཔོན་རིག་སྔགས་འཆང་གིས། གདོད་མ་ཉིད་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་ལ་ཉེ་བར་གནས་ཏེ། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང༌། ལས་རྒྱས་པ་ཐམས་ཅད་བྱ་བའི་སྐད་


DTG002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དེ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཟོད་མ་ཉིད་ནས་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་རོ། །དེ་སྟེ་གང་ལ་འདུ་ཤེས་འདི་དག་གིས་དབེན་པའི་སྐྱེ་བོ་ལས་འདི་དག་ལ་འཇུག་ཅིང་སློབ་མ་སྡུད་པ་དག་ནི། གླང་པོ་ཆེ་སྨྱོན་པ་དང་མཚུངས་ཏེ། རང་གི་སྡེ་བརླག་པར་བྱས་ནས་ཕ་རོལ་གྱི་སྡེ་ཕུང་བར་བྱེད་པ་ཡིན་ནོ། །དེ་ལྟར་བརྗོད་པའི་ཚིག་གི་དོན་གྱི་ཁྱད་པར་ཀྱིས་རྣལ་འབྱོར་གྱི་རྒྱུད་དང་བྱ་བའི་རྒྱུད་ལ་འཇུག་པའི་སྔགས་འཆང་རྣམས་ཀྱི་ཁྱད་པར་གྱི་ཆོས་ཀྱང་འདིར་བསྟན་ལ། འདིར་རྣལ་འབྱོར་ཆེན་པོ་ལ་ཁྱད་པར་དུ་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་གྱིས་ཁྱད་པར་དུ་འཕགས་པར་བསྟན་ཏེ། འདི་ལྟར་གང་དུ་ལྷན་ཅིག་སྐྱེས་པ་ཞེས་པ་དེ་ལྟར་སྒྲ་གཉིས་སུ་གོ་བར་བྱས་ཏེ། གང་ཞེས་དང་པོར་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་དབང་པོ་གཉིས་ཀྱི་བདེ་བའི་སྐད་ཅིག་ལ་བསྟན་པ་དང༌། གང་དང་དབང་པོ་གཉིས་ཀྱི་བདེ་བའི་སྐད་ཅིག་སྤངས་ཏེ་ལྷན་ཅིག་སྐྱེས་པ་ཆེན་པོར་གང་གནས་པར་འདི་ནི་རིག་སྔགས་འཆང་གི་སློབ་དཔོན་ཆེན་པོ་ཡིན་ནོ། །དེ་ལ་དགོངས་ནས། མཆོག་དགར་སྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་དང་འཛིན་པ་པོ་ཡང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤད་བ་དང་ནི་གཅི་བ་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང༌། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་ཅིང་ང་རྒྱལ་མེད་ལ་མཐོང་བྱ་མེད། །བསྒོམ་དང་སྒོམ་པ་པོ་མེད་བཤེས་དང་དགྲ་མེད་ཅིང༌། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །ཅེས་བྱ་བ་གསུངས་སོ། །རྣལ་འབྱོར་ཆེན་པོའི་དོན་གྱི་ཁྱད་པར་བསྟན་པའི་ཚིག་འདིས་ནི་འདི་སྐད་སྟོན་ཏོ། །མཆོག་ལ་སོགས་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་རྡོ་རྗེ་ནོར་བུར་སོན་པའི་ཁུ་བའི་བདེ་བ་འབའ་ཞིག་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། གང་ཡང་དེ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ལ། རིག་སྔགས་འཆང་གི་གནས་ནི་གང་གི་ཚེ་རྣལ་འབྱོར་པ་ལ་ལུས་ལ་སོགས་པའི་འདུ་ཤེས་གཟུང་བར་བྱ་བ་དང་འཛིན་པར་བྱེད་པ་ལས་ལོག་པ་དང༌། དེ་བཞིན་དུ་གང་དུ་རྫས་ཀྱི་རྡོ་རྗེ་ལ་སོགས་པས་ཕུག་ཅིང་དྲལ་ན་ཡང་ཤ་དང་ཁྲག་གི་གནོད་པས་


DTG002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྫི་བ་དང༌། གང་ལ་བཤད་པ་དང་གཅི་བ་འབྱུང་བ་མེད་པ་དང༌། གང་ལ་སྐྱུགས་པ་དང༌། ཞག་དང༌། ཆུ་སེར་དང༌། དར་སྣབས་དང༌། བད་ཀན་མེད་དེ་མི་འབྱུང་བ་དང༌། གང་ལའང་མི་ཐོགས་པར་འགྲོ་ཞིང་བརྗོད་པ་དང༌། ཆགས་པ་ལ་སོགས་པའི་རིགས་ཅན་གྱི་རྒྱལ་བ་དྲུག་ཏུ་རྟོག་པ་གང་ལ་ཡང་མི་འཇུག་པ་དེ་ཉིད་རིག་སྔགས་འཆང་གི་ཁྱད་པར་ཡིན་པར་ངེས་པའི་དོན་དུ་བསྟན་ཏོ། །གང་དེ་ཉིད་རློམ་སེམས་ཐམས་ཅད་དང་བྲལ་བའི་ལྷན་ཅིག་སྐྱེས་པར་ཡང་བསྟན་ཏོ། །གཞན་ཡང་སྔགས་འཆང་གིས་སློབ་མ་མཆོག་རྣམས་ཀྱི་རྣ་བའི་བུག་པར་ཡང་འདི་ཉིད་བླུགས་སོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་གནས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ངོ་བོ་ཉིད་ཀྱིས་གནས་པའི་ཆོས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང༌། བཅོས་ཤིང་བསྒྱུར་བར་ཡང་མི་སྤྱོད་པ་དེའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་འདི་སྐད་གསོལ། །གཟོད་ནས་རང་བཞིན་མེད་པ་ཡི། །ལུས་ཀྱི་རང་བཞིན་དག་པ་ལ། །ཅི་སླད་འབྱུང་བའི་བདག་ཉིད་ལགས། །ཞེས་བྱ་བ་ནི། འདི་ལྟར་ཕུང་པོ་དང༌། ཁམས་ལ་སོགས་པ་གཟོད་མ་ནས་རང་བཞིན་གྱིས་དག་པ་ལགས་ན་ཅིའི་སླད་དུ་འབྱུང་བ་དང༌། འབྱུང་བ་ལས་གྱུར་པའི་ལྷ་དང༌། ལས་དང་ལས་ཀྱི་དབང་པོའི་བྱ་བར་བརྟག་སྟེ། འདི་ནི་ཆོས་ཉིད་ཀྱི་ཚུལ་དང་མི་མཐུན་ཞེས་པའི་དོན་ཏོ། །དེ་བཞིན་དུ་རྣམ་པར་འཕྲུལ་པ་བྱིན་གྱིས་བརླབ་པའི་རྒྱུད་ཅེས་བྱ་བ་ལས་ཀྱང་ཇི་སྐད་དུ། སངས་རྒྱས་མཚན་མ་མི་མངའ་ཞིང༌། །ཆོས་ཀྱི་སྐུ་ལ་རྣམ་པར་བཞུགས། །མཚན་མེད་འདུས་མ་བྱས་པ་ཡི། །མཚུངས་པ་མི་མངའ་ཆོས་གསུངས་ན། །དཔའ་བོ་ཆེན་པོ་ཅི་སླད་དུ། །མཚན་མར་བཅས་པའི་ཆོ་ག་འདི། །གསང་སྔགས་སྤྱོད་པ་སྟོན་པར་མཛད། །འདི་ནི་ཆོས་ཉིད་ཚུལ་མ་ལགས། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །དེ་ཚེ་ལག་ན་རྡོ་རྗེ་ལ། །ཆོས་ཀྱི་མཚན་ཉིད་འདི་ཉོན་གསུངས། །ཆོས་འདི་རྟོག་དང་བྲལ་བ་སྟེ། །ཀུན་རྟོག་ཐམས་ཅད་སྤངས་པ་ཡིན། །དེ་ལ་སེམས་དང་སེམས་བྱུང་གི །རྟོག་པར་རབ་ཏུ་སྤང་བར་འགྱུར། །ང་ཡིས་ཆོས་སྔོན་སངས་རྒྱས་པ། །དེ་ནི་མཁས་ལས་བྱུང་བ་སྟེ། །ལོག་པར་རྟོག་པའི་སྤྱོད་ཡུལ་བ། །བྱིས་པ་རྣམས་


DTG002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་ཤེས་སོ། །ཡུལ་དུས་མཚན་མ་ལ་སོགས་པ། །མུན་གྱིས་བསྒྲིབས་པ་རྣམས་འདོད་དོ། །དེ་དག་གཟུང་བར་བྱ་བའི་ཕྱིར། །ཆོ་ག་འདི་ཡང་བརྗོད་པ་ཡིན། །ཡུལ་མེད་དུས་ཀྱང་མེད་པ་སྟེ། །བྱ་བ་མེད་ཅིང་བྱེད་པ་ཡང༌། །ཆོས་རྣམས་ཀུན་ལ་ཡོད་མེད་དེ། །ཆོས་རྣམས་ཉི་ཚེ་འབའ་ཞིག་གོ །ཞེས་གསུངས་ཏེ། འདི་ལྟར་ཚུལ་མ་ལགས་ཞེས་པ་ཡན་ཆད་ཞུ་བའི་ལུང་ཡིན་ལ། དེ་སྐད་གསོལ་ནས་ཞེས་པ་ལ་སོགས་པ་ནི་ལན་གྱི་ལུང་དུ་རྟོགས་པར་བྱའོ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །མཁའ་འགྲོ་བདེ་བ་སྟེར་བས་གསུངས། །ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ལ་ལན་གསུངས་པའོ། །རློམ་སེམས་མེད་པའི་རང་བཞིན་དག །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་བྱ་བ་ལ་འདི་ལྟར་ཀྱེ་རྡོ་རྗེ་སྙིང་པོ་གང་བྱིས་པ་རྣམས་ལ་ངས་ཁུ་བའི་གཟུགས་དང་དེའི་ལམ་དང་རླུང་དང་དེའི་ལམ་དག་སྤྲོས་ཏེ་བསྟན་པ་དེ་ཉིད་ཁོ་ན་རིག་སྔགས་འཆང་གི་སློབ་དཔོན་མཁས་པ་རྣམས་ལ་གཟོད་མ་ནས་རྣམ་པར་དག་པ་ཁོ་ནས་གནས་ལ། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཚན་མའི་འདུ་ཤེས་ཁོ་ནས་བཅིངས་ཏེ་གནས་ཞེས་པའི་དོན་ཏོ། །ཀྱེ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོའི་ཕུང་པོ་ལགས་ཞེས་བྱ་བ་ནི་གོང་དུ་བརྗོད་པ་ཉིད་དེ། ཀྱེ་བཅོམ་ལྡན་འདས་ཆོས་ཐམས་ཅད་གཟོད་མ་ནས་དག་བཞིན་པ་ལས་གསང་སྔགས་སྤྱོད་པ་རྣམས་ལས་འབྱུང་བ་ཆེན་པོར་བསྟན་པའི་དགོས་པ་ཅི་ལགས་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བོ་ལ་ཀ་ཀྐོ་ལ་སྦྱོར་ལས། །རེག་པའི་སྲ་བ་ཆོས་ཀྱི་ནི། །ས་ནི་དེ་ལས་འབྱུང་བར་འགྱུར། །བྱང་ཆུབ་སེམས་ནི་ཁུ་བའི་ཕྱིར། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །གཡོ་ཕྱིར་རླུང་དུ་རབ་ཏུ་གྲགས། །བདེ་བའི་ཕྱིར་ན་ནམ་མཁའི་ཁམས། །ཞེས་བྱ་བ་ལ། ཀྱེ་རྡོ་རྗེ་སྙིང་པོ་ཆོས་ཐམས་ཅད་དེ་ལྟར་གཟོད་མ་ནས་དག་པ་ཡིན་གྱིས་ཀྱང་འོན་ཀྱང༌། ཀུན་རྫོབ་ཀྱི་དངོས་པོར་རྒྱུད་དང་འབྲས་བུར་མི་སླུ་བའི་ཆོས་སུ་གནས་ཏེ། བྱིས་པའི་སྐྱེ་བོ་རྣམས་གང་དུ་གཟུད་པར་བསྟན་པ་དེ་གཉིས་སྤྲད་པ་ན། འདི་ལྟ་སྟེ། ལུས་དང་ལུས་སུ་ཕྲད་པ་ལ་སོགས་པ་ན་མཁྲང་བར་གནས་པ་ས་དང་ས་ལས་ཆུ་སྐྱེ་སྟེ།


DTG002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་བྱང་ཆུབ་ཀྱི་སེམས་དེ་ཉིད་ཆུ་ཡིན་པའི་ཕྱིར་རོ། །བསྐྱོད་ཅིང་གཡོས་པ་ལས་དྲོ་བ་འབྱུང་བའི་ཕྱིར་མེའོ། །མེ་དང་ཁུ་བ་གཡོ་བའི་ཕྱིར་རླུང་ངོ༌། །གང་དུ་རྟོག་པས་དབེན་པའི་བདེ་བ་སྐྱེ་བ་དེའི་ཕྱིར་ནམ་མཁའོ་ཞེས་པའི་ཐ་ཚིག་གོ །ལྔ་པོ་རྣམས་སུ་རབ་ཏུ་གནས། །ཞེས་པ་ནི་སྤྲོད་པ་ལ་སོགས་པའི་དུས་སུ་དེ་ལྟར་འབྱུང་བ་ལྔའི་རང་བཞིན་དུ་འབྱུང་བའི་ཕྱིར་འབྱུང་བ་ཆེན་པོ་ཡིན་ཞེས་པའི་དོན་ཏོ། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་བྱ་བ་ནི་འདི་ལྟར་རྩོལ་བའི་ཤུགས་ཀྱིས་འབྱུང་བ་ཆེན་པོ་ལྔ་རིམ་པར་འབྱུང་ལ་དེའི་དབང་གིས་བདེ་བ་དེའི་ཕྱིར་འདི་ནི་འཇིག་རྟེན་པའི་ཀུན་རྫོབ་སྟེ་ཡང་དག་པའི་ལྷན་ཅིག་སྐྱེས་པ་མ་ཡིན་ཞེས་པའི་དོན་ཏོ། །འོ་ན་ཅི་ཞེ་ན། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་བྱ་བ་སྨོས་ཏེ། འདི་ལྟར་བྱ་བ་དང་སྤྱོད་པ་ཀུན་ལས་འདས་པ་དང༌། རང་བཞིན་དུ་གནས་པ་ནམ་མཁའི་མཚན་ཉིད་ཅན་ཁོ་ན་ལྷན་ཅིག་སྐྱེས་པ་སྟེ། དཀའ་ཐུབ་དཀའ་སྤྱོད་ཀུན་ལས་འདས་ཤིང་རང་བཞིན་དུ་གནས་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །རྩ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། ངོ་བོ་ཉིད་དུ་གང་གནས་པ། །དེ་ཉིད་ལྷན་ཅིག་སྐྱེས་པ་སྟེ། །ཡི་གེ་ལས་འདས་མཚན་ཉིད་ཅན། །ངག་གིས་བརྗོད་པའི་ལམ་ལས་འདས། །ཞེས་བྱ་བ་གསུངས་སོ། །རྣམ་པ་ཐམས་ཅད་སྡོམ་གཅིག་པ། །ཕྱག་རྒྱ་བྱེད་པ་སྤང་པའི་ཕྱིར། །རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བརྗོད་པར་བྱ། །ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཀྱི་སྡོམ་པའི་བདག་ཉིད་གཅིག་པ་དང༌། ལས་དང་ཡེ་ཤེས་ཀྱི་རྒྱུའི་བྱེད་པ་དང་བྲལ་བ་དང༌། རྣལ་འབྱོར་བ་ལ་སྙིང་རྗེ་སྟེ་ཐབས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་སེམས་ཀྱི་བདེ་བ་རྒྱུན་མ་ཆད་པར་རྒྱུ་བ་དང༌། ནོར་བུའི་སྟོང་པ་དང་བྲལ་བའི་སྙིང་རྗེ་ཐ་མི་དད་པ་དང༌། དབྱེར་མེད་པའི་ཚུལ་ཟབ་མོ་གང་ལ། དོན་དམ་བྱ་ཆུབ་ཀྱི་སེམས་ཞེས་བྱ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོར་ཡང་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་མངོན་ཞེ་ན། སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་ལ་སྲེག་བླུགས་མེད། །དཀྱིལ་འཁོར་པ་ཡང་ཡོད་མིན་དཀྱིལ་


DTG002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དཀའ་ཐུབ་དང་ནི་སྦྱིན་སྲེག་དེ། །དེ་ཉིད་དཀྱིལ་འཁོར་པ་ཡིན་དེ་ཉིད་དཀྱིལ་འཁོར་ཉིད། །མདོ་རུ་བསྡུས་ན་སེམས་ནི་འདུས་པའི་ཚུལ་ཅན་ནོ། །ཞེས་གསུངས་ཏེ། གང་ལ་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་སྐད་ཅིག་ཐམས་ཅད་ཟད་པར་བགྲང་བའི་ཕྱིར་བཟླས་པའོ། །འཇིག་རྟེན་པའི་ཆོས་བརྒྱད་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པར་སྤང་བ་མེད་པའི་ཚུལ་དུ་སྤོང་བའི་ཕྱིར་དཀའ་ཐུབ་པོ། །ཚིག་དང་ཡི་གེ་དང་སེམས་ཀྱི་རྒྱུ་བ་ལ་སོགས་པ་བསྲེག་པའི་ཕྱིར་སྦྱིན་སྲེག་གོ །རྒྱུ་བ་དང་ནི་མི་རྒྱུ་བ་མཐའ་དག་གི་སྙིང་པོ་ལ་གནས་པའི་ཕྱིར་དཀྱིལ་འཁོར་པ་དང་དཀྱིལ་འཁོར་རོ། །དེ་ལྟར་ན་སེམས་ཉིད་གཅིག་ཏུ་བསྡུས་ཏེ་སྤྱོད་པ་འདི་ནི་ལྷན་ཅིག་སྐྱེས་པ་ཞེས་བསྟན་ཏོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། དབང་གི་ལེའུ་རྒྱ་ཆེར་བཤད་པ་སྟེ་བཅུ་པའོ།། །།

བཅུ་གཅིག་པ། ལྟ་སྟངས་དང་ཀུ་རུ་ཀུལླེའི་སྒྲུབ་པའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་རྣམ་རྒྱལ་རང་བཞིན་པ། །ཞལ་གཅིག་ཕྱག་གཉིས་ལ་བཏུད་དེ། །ལྟ་སྟངས་ལེའུའི་རྒྱས་བཤད་ནི། །རྡོ་རྗེ་སྙིང་པོས་བཤད་པར་བྱ། །རྩོད་པ་རབ་ཏུ་རྒྱས་པའི་དུས་འདི་ན་འགྲོ་བ་དམ་པ་མ་ཡིན་པ་མང་པོ་རྣམས་འབྱུང་བར་འགྱུར་བས། དེ་རྣམས་ལ་ཁྲོ་བོའི་ཆ་ལུགས་དང་སྡང་བ་ལྟ་བུས་འདུལ་གྱི་གཞན་དུ་འཇུག་པ་མ་གཟིགས་པས་ཞལ་གཅིག་ཕྱག་གཉིས་པ་ལྟ་བུ་དང༌། ཁམས་གསུམ་རྣམ་པར་རྒྱལ་བ་ལྟ་བུ་དང༌། ཧ་ལ་ཧ་ལ་ལྟ་བུ་དང༌། རྟ་མགྲིན་ལྟ་བུ་དང༌། གཤིན་རྗེའི་གཤེད་པོ་ལྟ་བུར་སྤྲུལ་པར་མཛད་པ་ཡིན་ནོ། །དེའི་ཕྱིར་ལྟ་སྟངས་ལ་སོགས་པའི་ཁྱད་པར་དང༌། དབུགས་ཀྱི་ཁྱད་པར་དང༌། འདུག་སྟངས་དང༌། ཕྲེང་བ་དང༌། མེ་ཐབ་དང༌། བསྲེག་རྫས་དང༌། ནམ་ཕྱེད་ལ་སོགས་པའི་དུས་ཀྱི་ཁྱད་པར་གསུངས་ལ། དེ་ལས་ཀྱང་འདིར་ནི་ལྟ་སྟངས་དང༌། རླུང་གི་ཁྱད་པར་བསྟན་ཏེ། དུས་དང་མེ་ཐབ་ལ་སོགས་པའི་ཁྱད་པར་རྣམས་ནི་སྦྱིན་སྲེག་གི་སྐབས་དང༌། རྒྱུད་རྒྱས་པ་གཞན་དུ་ཤེས་པར་བྱའོ། །མཉམ་པར་མ་རུངས་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །ཅེས་བྱ་བ་ལ་སོགས་པ་འདིར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྒྱུད་དེ་དང་དེར་གསུངས་སོ། །དེ་བས་ན་གདུག་པ་གང་ཞིག་འདུལ་བའི་


DTG002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལ་བརྩོན་པའི་རྣལ་འབྱོར་པས་མི་བསྐྱོད་པ་ལྟ་བུའི་སྐུ་མདོག་ཏུ་རང་ཉིད་ལྷག་པའི་ལྟར་བསྒྱུར་ལ། མིག་གཉིས་དུས་གཅིག་ཏུ་དཔྲལ་བའི་ཕྱོགས་སུ་བལྟ་བཞིན་དུ་བསྒོམ་པ་དང་བཟླས་པ་དང་སྦྱིན་སྲེག་བྱས་པས་ལྟུང་བར་འགྱུར་ཏེ། སྟེང་ན་ཞེ་སྡང་གི་རིགས་ཅན་གྱི་སྐུ་བཞུགས་པའི་ཕྱིར་རོ། །དབང་གི་ལྟ་སྟངས་གཡོན་གནས། །གཡོན་པ་ན་ནི་གཟུགས་བརྙན་གཉིས། །ཞེས་བྱ་བ་ལ་སྦྱོར་བ་གང་ཞིག་གིས་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པ་ལ་བརྩོན་པའི་རྣལ་འབྱོར་པས། རང་ཉིད་པདྨ་རཱ་ག་ལྟ་བུར་བསྒྱུར་ལ་མིག་གཉིས་དུས་མཉམ་དུ་གཡོན་གྱི་ཕྱོགས་སུ་བལྟ་བཞིན་དུ་བསྒོམ་པ་ལ་སོགས་པ་བྱས་པས་འགྲོ་བ་དབང་དུ་འགྱུར་ཏེ། །གཡོན་གྱི་ཕྱོགས་ན་པདྨ་རཱ་ག་ལྟ་བུའི་སྐུ་བཞུགས་པའི་ཕྱིར་རོ། །གཡས་པའི་ཆ་ལ་དགུག་པ་ཉིད། །སྟེང་ནས་ཀྱང་ནི་གཟུགས་བརྙན་གཉིས། །ཞེས་བྱ་བ་ལ་དེ་བཞིན་དུ་འགྲོ་བ་གསུམ་པོ་འགུགས་པ་ལ་བརྩོན་པའི་རྣལ་འབྱོར་པས། །རང་ཉིད་ཉི་མ་འཆར་ཀ་ལྟ་བུའི་སྐུར་བསྒྱུར་ལ་མིག་གཉིས་དུས་མཉམ་དུ་གཡས་ཀྱི་སྟེང་ཕྱོགས་སུ་ཆུང་ཟད་བལྟ་བཞིན་དུ་བསྒོམ་པ་ལ་སོགས་པ་བྱས་པས་འགྲོ་བ་གསུམ་པོ་འགུགས་པར་འགྱུར་ཏེ། གཡས་ཕྱོགས་ན་ཉི་མ་འཆར་ཀ་ལྟ་བུའི་སྐུ་བཞུགས་པའི་ཕྱིར་རོ། །དབུས་མ་རེངས་པའི་ལྟ་སྟངས་ཉིད། །སྣ་ཡི་རྩེ་མོའི་དབུས་སུ་གཉིས། །ཞེས་བྱ་བ་ལ་དེ་བཞིན་དུ་འཇིག་རྟེན་གསུམ་པོ་རེངས་པ་ལ་བརྩོན་པའི་རྣལ་འབྱོར་པས། །རང་ཉིད་གསེར་བཅོམ་ལྟ་བུའི་སྐུར་བསྒྱུར་ལ་མིག་གཉིས་དུས་མཉམ་དུ་སྣའི་རྩེ་མོའི་དབུས་སུ་བལྟ་བཞིན་དུ་བསྒོམ་པ་ལ་སོགས་པ་བྱས་པས་འཇིག་རྟེན་གསུམ་པོ་རེངས་པར་འགྱུར་ཏེ། དབང་ཆེན་གྱི་སྐུ་གསེར་གྱི་མདོག་ལྟ་བུ་དབུ་མ་ན་བཞུགས་པའི་ཕྱིར་རོ། །ད་ནི་ལྟ་སྟངས་བཞིའི་དུས་སུ་བསྒྲུབ་པར་བྱ་བའི་རླུང་བསྟན་པར་བྱ་བའི་ཕྱིར། འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །ཅེས་བྱ་བ་ལ་ལྟ་སྟངས་དེ་ཉིད་ཀྱི་དུས་སུ་རང་གི་སྲོག་འབྱུང་བ་སྟེ་རླུང་ཕྱིར་འབྱུང་བ་བཞིན་དུ་སྦྱོར་བ་ལ་བརྩོན་པར་བྱ་སྟེ། རླུང་ཕྱིར་ཕྱུང་ནས་ལུས་ཅན་ཐམས་ཅད་ཚེའི་དུས་བྱེད་པའི་ཕྱིར་རོ། །རྔུབ་པ་ཡིས་ནི་དབང་དུ་བྱེད། །ཅེས་བྱ་བ་ནི་ལྟ་སྟངས་དེ་ཉིད་ཀྱི་དུས་སུ་རང་གི་སྲོག་རླུང་ནང་དུ་རྫུབ་བཞིན་དུ་སྦྱོར་བ་ལ་བརྩོན་པར་བྱ་སྟེ།


DTG002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་རླུང་ནང་དུ་གནས་པས་ཐམས་ཅད་དབང་དུ་འདུས་པའི་ཕྱིར་རོ། །དགང་བ་ཡིས་ནི་འགུགས་པར་བྱེད། །ཅེས་བྱ་བ་ལ་ལྟ་སྟངས་དེ་ཉིད་ཀྱི་དུས་སུ་རང་གི་སྲོག་རླུང་ཕྱིར་མ་བཏང་བར་བུམ་པ་ཅན་གྱི་སྦྱོར་བས་ནང་དུ་ལེགས་པར་བཀང་ཞིང་བཟུང་བས་སྦྱོར་བ་ལ་བརྩོན་པར་བྱ་སྟེ། རླུང་ནང་དུ་གནས་ཤིང་ཕྱིར་འབྱུང་བ་མེད་པས་ལུས་ཅན་ཀུན་གྱི་བདུད་རྩིའི་རྒྱུན་ཟླ་བ་ལྟ་བུ་འགུགས་པའི་ཕྱིར་རོ། །ཞི་བ་ཡིས་ནི་རེངས་པར་བྱེད། །ཅེས་བྱ་བ་ལ་ལྟ་སྟངས་དེ་ཉིད་ཀྱི་དུས་སུ་རང་གི་སྲོག་གི་སྲོག་གི་རླུང་ཕྱི་ནང་དུ་སྤྲོ་བ་དང༌། རྔུབ་པ་མ་ཡིན་པས་ཇི་ལྟ་བ་བཞིན་དུ་གཞག་ལ་སྦྱོར་བ་ལ་བརྩོན་པར་བྱས་ཏེ། འགྲོ་བ་ཀུན་གྱི་སྲོག་རླུང་གཡོན་བ་དང་བྲལ་བས་རེངས་པར་གྱུར་པའི་ཕྱིར་རོ། །ད་ནི་རྣལ་འབྱོར་གྱི་ཚད་བསྟན་པར་བྱ་བའི་ཕྱིར། རློན་པའི་ཤིང་ལ་ལྟུང་བྱེད་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟ་སྟངས་བཞི་པོ་རྣམས་བསྒྲུབ་པར་བྱ་བའི་ཕྱིར་བསྒོམ་པ་དང་བཟླས་པ་དང་སྦྱིན་སྲེག་ལ་སོགས་པ་ཆོ་ག་བཞིན་བསྒྲུབས་ནས། རེ་ཞིག་བེམས་པོའི་རྫས་ཀྱི་དངོས་པོ་རྣམས་ལ་ཉམས་སད་པ་དང༌། ཏིང་ངེ་འཛིན་བརྟན་པར་གསུངས་སོ། །དེ་བས་དེའི་ཕྱིར། རློན་པའི་ཤིང་ལ་ལྟུང་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་ཁྱད་པར་དུ་གསོད་པའི་སྦྱོར་བ་གོམས་པས་ཐོག་མར་རེ་ཞིག །ཤིང་ལྗོན་པ་ཡལ་ག་དང་ལོ་མར་ལྡན་པ་རློན་པར་འདུག་པ་གང་ཞིག་ལ་རྣལ་འབྱོར་པས་རླུང་འབྱུང་བཞིན་དུ་གསད་པའི་ལྟ་བས་བལྟས་པའི་ཚེ་སྐམ་པར་འགྱུར་བའི་དུས་དེ་ཙམ་ན་མ་རུངས་པ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབང་ནི་མེ་ཏོག་རབ་ཏུ་གྲགས། །ཞེས་བྱ་བ་ནི་དེ་བཞིན་དུ་ལྟ་སྟངས་དང་རླུང་གང་དག་དང་ལྡན་པས་མེ་ཏོག་གང་ལ་བལྟས་པས་སྐམ་པ་དེ་ནི་སྦྱར་བར་བྱ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཤིང་ལ་འགུགས་པ་ཉིད། །ཅེས་བྱ་བ་ནི་དེ་བཞིན་དུ་ལྟ་སྟངས་དང༌། རླུང་གང་དང་ལྡན་པས། བཛྲ་ལ་ཏ་ཞེས་པའི་ཤིང་ཤིན་ཏུ་མཁྲང་ཞིང་རྩུབ་པ་ལ་རྣལ་འབྱོར་པས་བལྟས་པ་ན། འབྲས་ཀྱི་སྙེ་མ་ལེགས་པར་སྨིན་པ་ལྟར་དགུ་བར་གྱུར་པ་ན་སྦྱར་བར་བྱེ་ཞེས་པའི་དོན་ཏོ། །གཡོ་བཅས་རྩལ་རེངས་བྱེད་ཉིད། །ཅེས་པ་ནི་འདི་ལྟང་ལྟ་སྟངས་དང་རླུང་གང་དག་དང་ལྡན་པས་སྒང་བུ་མཐོན་པོ་དང༌། རི་བོ་ལ་སོགས་པའི་རྩེ་མོ་གང་དག་ནི་སྐྱེས་པའི་རྩྭ་


DTG002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་ཤིན་ཏུ་མཉེན་པ། རྟའི་རྔ་མའི་ཉག་མ་ཙམ་ལ་རླུང་གིས་བསྐྱོད་ན་ཆེར་གཡོ་བའི་བདག་ཉིད་ཅན་ལ་རྣལ་འབྱོར་པས་བལྟས་པ་ན་རླུང་ལ་སོགས་པས་མི་བསྒུལ་བ་ན་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིའི་དེས་པ་ནི་རྩ་བའི་རྒྱུད་ལས་ཇི་སྐད་དུ། སྲོག་རླུང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣལ་འབྱོར་རང་གི་ལུས་ལ་གསོད་པར་ནུས་པ་དང༌། དེ་བཞིན་དུ་སྲོག་གཉིས་པོ་རང་ལ་དབང་དུ་གྱུར་པ་དང༌། རང་གི་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་འགུགས་ནུས་པ་དང༌། དེ་བཞིན་དུ་སྲོག་གཉིས་པོ་རེངས་པར་བྱས་ཏེ་མི་གཡོ་བ་ན་ཕྱི་ནང་གི་བདག་ཉིད་ཅན་ལ་འཁོར་ལོ་ལྟར་བསྐོར་གྱི་གཞན་དུ་འཇིག་རྟེན་པའི་བཞད་གད་དུ་འགྱུར་བས་མི་བྱ་བ་ནི་ངེས་པའོ། །ད་ནི་སྦྱོར་བ་བསྒྲུབ་པའི་དུས་བསྟན་པའི་ཕྱིར་གསུངས་པ། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལ་འཁྲུལ་པར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་བྱ་བ་གསུངས་ཏེ། ཟླ་བ་དྲུག་ཏུ་རྒྱུན་མཆད་པར་གནས་པས་མཐར་འཁོད་དེ་ཡན་ལག་དྲུག་གིས་བླ་མའི་བཀའ་ལྟར་བྱས་ན་འགྲུབ་པར་འགྱུར་བའོ། །ཟླ་བ་དྲུག་ཅེས་བྱ་བའི་སྒྲ་འདི་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་གི་ཆོས་སུ་གསུངས་སོ། །དེ་ལྟ་བས་ན་གང་གིས་དང་པོར་རང་གི་ལུས་ལ་རྣམ་པ་བཞི་པོ་བསྒྲུབས་ནས་སེམས་ཅན་གདུལ་བར་བྱ་བ་དག་ནི་དེ་བཞིན་གཤེགས་པའི་ངེས་པ་ཡིན་པས་འདི་ལ་འཁྲུལ་པ་དང་དོགས་པ་སྤང་ངོ་ཞེས་བྱ་བའི་དོན་ཏོ། །ལྟ་སྟངས་བཞི་རྣམས་བསྒྲུབས་ནས་ནི། །མཁས་པས་སེམས་ཅན་གཟུད་པར་བྱ། །འདི་དག་གསད་པར་མི་བྱ་སྟེ། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་བྱ་བ་ནི་འདི་ལྟར་གསད་པ་ལ་སོགས་པའི་ལས་གང་དག་གསུངས་པ་དེ་དག་སེམས་ཅན་གདུལ་བའི་ཕྱིར་རེ་ཞིག་སྐྲག་པར་བྱ་བ་ཡིན་ལ་དེས་འཇུག་པར་ཡང་འགྱུར་ཏེ། གཞན་དུ་ན་ངེས་པར་གཏན་དུ་གསད་ན་ཕྱག་རྒྱ་ཆེན་པོའི་དམ་ཚིག་ཉམས་ཏེ་མནར་མེད་པར་འགྲོ་བར་འགྱུར་རོ། །དེ་བས་ན་ངེས་པའི་དོན་དུ་ལས་རྣམ་པ་བཞི་པོ་རང་གི་ལུས་ལ་བསྒྲུབ་པར་གསུངས་སོ། །དེ་ཡང་འདི་ལྟར། སེམས་ཅན་སླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་གསུངས་ཏེ།


DTG002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་གསད་པ་ལ་སོགས་པའི་ལས་ལྟ་ཅི་སྨོས་ཀྱི་གང་ལ་བསླུ་བར་བྱ་བའི་ཐབས་ཉེ་བར་གཟུང་སྟེ་གནས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བསླུས་པ་ཡང་ཡིན་ལ། དེས་དམ་ཚིག་ཉམས་ཏེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཕྱག་རྒྱའི་གྲུབ་པ་ལས་ཉམས་པར་འགྱུར་རོ་ཞེས་པའི་དོན་ཏོ། །ད་ནི་སྒྲུབ་པ་པོ་རྣམས་ལ་བཟའ་བ་དང་བསྲུང་བ་ལ་སོགས་པའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་རུ་དམ་ཚིག་བཟའ་བྱ་བ། །ན་དང་ག་ཧ་དང་པོ་དང༌། །མཐའ་མའི་ཤྭ་དང་དང་པོའི་ཤྭ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་ཕྱིར། །བདུད་རྩི་ལྔ་ཡང་དེ་བཞིན་བཟའ། །ཞེས་བྱ་བ་ལ་ཀྱེའི་རྡོ་རྗེའི་དམ་ཚིག་ལ་གནས་པ་རྣམས་ཀྱིས་ཕྱི་ནང་གི་བྱེ་བྲག་གིས་ཕྱེ་ལ་བཟའ་བ་དང་བསྲུང་བ་བྱའོ། །དེ་ལ་སྐྱེས་བུའི་མིང་གི་དང་པོའི་ཡི་གེ་ནའོ། །གང་གི་བ་ལང་གི་མིང་གི་དང་པོའི་ཡི་གེ་གའོ། །ཧ་ནི་གླང་པོ་ཆེའི་མིང་གི་དང་པོའི་ཡི་གེའོ། །ཤྭ་ནི་རྟའི་མཐའ་མའི་མིང་གི་ཡི་གེའོ། །དེ་བཞིན་དུ་ཤྭ་ནི་ཁྱིའི་མིང་གི་དང་པོའི་ཡི་གེའོ། །རྫས་འདི་རྣམས་མཉམ་པར་བྱས་ལ་མཐེ་བོའི་ཚིགས་མདུད་ཙམ་གྱི་རིལ་བུ་བྱས་ཏེ་སྦྱང་བ་དང༌། སྤེལ་བ་དང༌། སྦར་བ་དང་བདུད་རྩིར་བྱས་ཏེ་ཟོས་པས་ཕྱིའི་དངོས་གྲུབ་ཏུ་འགྱུར་ལ། དེ་བཞིན་དུ་ནང་དུ་ནི་མགོ་ལ་སོགས་པའི་མིང་ཅན་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་ལས་བཟློག་སྟེ་གནས་པར་གསུངས་པས་མཆོག་གི་གྲུབ་པར་འགྱུར་རོ། །དེ་བཞིན་དུ་བདུད་རྩི་ལྔ་སྟེ། བི་དང༌། མུ་དང༌། མ་དང༌། ར་དང་ཤུ་རྣམས་ཀྱང་ཕྱི་ནང་གིས་ཕྱི་ལ་སྤྱད་པར་བྱ་བ་དེ་བཞིན་གཤེགས་པའི་བཀའ་ལུང་ངོ༌། །ཀྱེ་རྡོར་ལས་གསུངས་མཚན་ཉིད་ལྡན། །སྐྱེ་བ་བདུན་པ་དེ་ནས་མཚོན། །ཁྱད་པར་དགའ་བ་ལ་སྨོད་པ། །ལན་བདུན་པ་ནི་འགྲུབ་པར་འགྱུར། །ཞེས་བྱ་བའི་དྲང་བ་དང་ངེས་པ་རྣམས་མངོན་དུ་བསྟན་པ་ཡིན་ལ། འོན་ཀྱང་ཇི་ལྟ་བའི་སྐྱེ་བ་བདུན་པའི་མཚན་ཉིད་མ་བསྟན་པ་གསལ་བར་བསྟན་པར་བྱ་བའི་ཕྱིར། སྐད་སྙན་མིག་ནི་སྡུག་པ་དང༌། །ལུས་ལ་དྲི་ལྡན་གཟི་བརྗིད་ཆེ། །དེ་ཡི་གྲིབ་མ་བདུན་དུ་འགྱུར། །མཐོང་ནས་རྣལ་འབྱོར་པ་ཡིས་མཚོན། །ཞེས་བྱ་བ་གསུངས་ཏེ། གང་ཞིག་མི་མོ་ལ་ལ་དག །སྐད་ཀྱི་ང་རོ་མཛེས་པ་དང༌། །མིག་དཀྱུས་རིང་ལ་དཀར་ནག་འབྱེས་པ་དང༌། ལུས་ལ་གླ་


DTG002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ལྟ་བུ་དང༌། ག་བུར་ལྟ་བུའི་དྲི་དང་ལྡན་པ་དང༌། དེ་བཞིན་དུ་གཟི་བརྗིད་ཆེ་བ་དང༌། གྲིབ་མ་བདུན་གྱུར་གང་ལ་ཡོད་པ་དེ་ནི་སྐྱེ་བ་བདུན་པར་མཚོན་ཅིང་རྟོགས་པར་བྱས་ལ། དེ་ལྟ་བུ་རྙེད་ནས་རྣལ་འབྱོར་པས་རྒྱ་ཤུག་གི་ཚི་གུ་ཙམ་གྱི་རིལ་བུ་བྱས་ཏེ་ཟོས་པས་མཁའ་ལ་སྤྱོད་པར་འགྱུར་ཞིང་བསྐལ་པ་དཔག་ཏུ་མེད་པར་འཚོལ་དེ་ལྟ་བུའི་རྣམ་པར་སྨིན་པའི་ལུས་ཀྱིས་ནི། གང་དག་མཚམས་མེད་པ་བྱས་པ་དང༌། གང་གིས་ཆོས་ཀྱི་དབྱིངས་ཀྱི་བདེ་བ་ཁྱད་པར་དུ་གྱུར་པ་ལས་བཤུང་བ་ཡང་ལུས་དེ་ཉིད་ཀྱིས་འདག་པར་གསུངས་སོ། །དེ་བས་ན། དེ་ནི་ཟོས་པ་ཙམ་གྱིས་ཀྱང༌། །སྐད་ཅིག་ལ་ནི་མཁའ་སྤྱོད་འགྱུར། །ཞེས་གསུངས་པ་ཡིན་ནོ། །ད་ནི་རིགས་སུ་མཛད་པའི་ལྷ་མོའི་སྒྲུབ་པ་བརྗོད་པར་བྱ་བའི་ཕྱིར། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་འདི་ཡང་རྩ་བའི་རྒྱུད་ལས། ཇི་སྐད་དུ། སྲིད་པ་གསུམ་པོ་ཆགས་པས་རྨོངས། །དེ་དག་གཟུད་པར་བྱ་བའི་ཕྱིར། །བཅོམ་ལྡན་ཀྱེ་ཡི་རྡོ་རྗེ་ཡིས། །མོ་གཟུགས་འཇིག་རྟེན་དབང་དུ་མཛད། །ཅེས་གསུངས་ལ། བཅོམ་ལྡན་འདས་ཉིད་སྐུ་མདོག་ཆགས་པ་དམར་པོའི་ཚུལ་དུ་བསྟན་ནས་འགྲོ་བ་བཅུག་པ་ཡིན་ནོ། །གང་དུ་བརྟག་པ་བཅུ་གཉིས་ལས། །རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་བྱ་བ་ལ་སྲུང་བའི་འཁོར་ལོ་དང༌། གཞལ་ཡས་ཁང་དང༌། བདུན་པོ་འཕྱང་བ་དང༌། ཡེ་ཤེས་ལྔས་བསྐྱེད་པ་ལ་སོགས་པ་རྣམས། སྔོན་དུ་ཀྱེའི་རྡོ་རྗེ་ཉིད་སྒྲུབ་པའི་དུས་སུ་ཇི་སྐད་བསྟན་པ་བཞིན་བསྒྲུབས་པ་ལ་གནས་པ་ཡིན་ལ། འདིར་ནི་ལྷ་མོའི་ས་བོན་དང་། མདོག་དང༌། ཕྱག་མཚན་དང༌། གདན་གྱི་གནས་ཙམ་ཞིག་བསྟན་པར་ཤེས་པར་བྱའོ། །ལྷ་མོ་ཧྲཱིཿ་ཡིག་ལས་བྱུང་བ། །ཁ་དོག་དམར་ཞིང་ཕྱག་བཞི་མ། །ཕྱག་ན་བསྣམས་པ་མདའ་དང་གཞུ། །དེ་བཞིན་ཨུཏྤལ་ལྕགས་ཀྱུ་འཛིན། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །ཅེས་བྱ་བ་ལ་ཁྱད་པར་དུ་ཀྱེའི་རྡོ་རྗེ་བསྐྱེད་པའི་ས་བོན་ནི་ཧཱུཾ་ཡིན་ལ། དེ་བཞིན་དུ་བདག་མེད་མ་ལ་སོགས་པ་བསྐྱེད་པ་ཨོཾ་གྱི་ཡི་གེ་ཡིན་ཏེ། འདིར་ནི་ཧྲཱིཿ་ལས་བསྐྱེད་ཅིང་ཞལ་ནས་ཧྲཱིཿའི་སྒྲ་སྒྲོགས་པའི་བདག་ཉིད་དེ། དང་པོ་ཧྲཱིཿ་ཡིག་ཡོངས་སུ་གྱུར་པ་ལས།


DTG002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་དང༌། དེར་དེ་བཞིན་གཤེགས་པ་རྣམས་བསྟིམ་པ་ལས། ལྷ་མོ་དམར་མོ་ཕྱེད་ཀྲུང་ཅན་ཕྱག་བཞིའི་དང་པོ་གཉིས་ན་ཨུཏྤལའི་གཞུ་དང་མདའ་བསྣམས་ཤིང༌། ཨུཏྤལ་དང་ལྕགས་ཀྱུ་འཛིན་པ། སྐུ་ལ་མི་མགོ་བརྒྱ་ཕྱེད་ཀྱི་ངོ་ཤལ་དང༌། དབུ་རྒྱན་ལ་དུམ་བུ་ལྔ་དང་ཐོར་ཚུགས་ཟླ་བ་ཕྱེད་པ་དང༌། དབུ་སྐྲ་དམར་པོ་གྱེན་དུ་འགྲེང་བ་དང་ལྡན་པ་སྟེ། འདི་ལྟ་བུར་མོས་པས། ཨོཾ་ཀུ་རུ་ཀུ་ལླེ་ཧྲཱིཿ་སྭཱ་ཧཱ་ཞེས་བཟླས་པ་དང་ལྡན་པའི་ཡིད་ལ་བྱེད་པས་ཟླ་བ་དྲུག་གིས་འགྲུབ་པར་འགྱུར་རོ། །དེ་ལ་ཡི་གེའི་གྲངས་ཀྱི་འབུམ་གྱིས་ཆོག་བཞིན་དུ་བཟླས་ན་ཐར་པ་ངེས་པར་སྐྱེད་པར་བྱེད་དེ་སྦྱིན་སྲེག་བཅུ་ཆར་བྱའོ། །དེ་ལ་ཕལ་པའི་དབང་དུ་བྱས་པ་ནི་འདི་ལྟ་སྟེ། འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཉིད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། །བདུན་འབུམ་གྱིས་ནི་ལྷ་མིན་རྣམས། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་གིས་སྔགས་འཆང་རྣམས། །ཞེས་པ་ནི་དབང་དུ་བྱེད་ཅེས་ཚིག་ཏུ་སྦྱར་ཏེ་ཐམས་ཅད་དུ་སྦྱིན་སྲེག་བཟླས་པའི་གྲངས་ཀྱི་བཅུ་ཆར་བྱ་ཞིང༌། ལྟ་སྟངས་དང་སྲོག་གི་ཀུན་དུ་སྤྱོད་པ་དང་ལྡན་པར་བསྒྲུབས་ན་འགྲུབ་ལ་གཞན་དུ་ན་འཇིག་རྟེན་པའི་བཞད་གང་དུ་འགྱུར་རོ། །དེ་ལ་ཀུ་ནི་བདེ་བ་ཆེན་པོའོ། །རུ་ནི་ལོངས་སྤྱོད་རྫོགས་པའོ། །ཀུ་ནི་ཆོས་སོ། །ལླེས་ནི་སྤྲུལ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་རིམ་པས་འགྲོ་བ་འདུལ་བར་འགྱུར་རོ། །དེ་ནི་ཇི་སྐད་དུ་པདྨ་རིགས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང་། འདོད་ཆགས་མངོན་ཤེས་བསྐྱེད་ནས་ཀྱང༌། །རབ་མཉམ་གཞག་པས་བསྒོམས་ནས་སུ། །མངོན་ཤེས་ལྔར་ནི་བདག་འགྱུར་ནས། །དག་པའི་དངོས་གྲུབ་ཐོབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་གསུངས་ལ། དེ་བཞིན་དུ་པདྨ་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང་ཇི་སྐད་དུ། འཇིག་རྟེན་དབང་ཕྱུག་ཏིང་འཛིན་གནས། །དེ་བཞིན་ཆོས་ཀྱི་ཕྱག་རྒྱ་ལས། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །བསྒོམས་ན་དངོས་གྲུབ་ཐོབ་འགྱུར་ཞེས། །བཅོམ་ལྡན་སྤྱན་རས་གཟིགས་ཀྱིས་གསུངས། །ཞེས་གསུངས་པའི་ཕྱིར།


DTG002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདུལ་བ་ལ་བརྩོན་པའི་རྣལ་འབྱོར་པ་རྣམས་ཀྱིས་ལྷ་མོ་འདི་ལ་བསྒྲུབ་པར་བྱའོ། །ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྡོམ་པ་ཞེས་བྱ་བ་ལ་ཀྱེ་དང་རྡོ་རྗེ་ཞེས་བྱ་བ་ནི་གོང་དུ་རྒྱས་པར་བསྟན་ལ། མཁའ་འགྲོ་མ་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དྲ་བ་ནི་ཚོགས་ཏེ་དེ་རྣམས་མང་བ་ལ་བྱའོ། །རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་བརྟག་པ་ཞེས་བྱ་བ་ཀྱེའི་རྡོ་རྗེ་རྩ་བའི་རྒྱུད་འབུམ་ཕྲག་ལྔ་ཡང་བརྟག་པ་གཉིས་སུ་གནས་ཏེ་དང་པོར་རྡོ་རྗེ་སྙིང་པོས་ཞུས་པའི་བརྟག་པ་དང༌། ཕྱི་ནས་བདག་མེད་མས་ཞུས་པའི་བརྟག་པ་ཡིན་ལ། བསྡུས་པའི་རྒྱུད་འདིར་ཡང་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡན་ཆད་ཕལ་ཆེར་རྡོ་རྗེ་སྙིང་པོས་ཞུས་པ་ལ་དགོངས་པ་ཡིན་གྱི་དངོས་སུ་ནི་རྡོ་རྗེ་སྙིང་པོ་ལ་བརྟེན་པ་མ་ཡིན་ཏེ། འདི་ལྟར་རྡོ་རྗེ་སྙིང་པོ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་སྡུད་པར་སྣང་ཞིང་ཞུབ་པོ་དང༌། གསང་བའི་བདག་པོ་ཞེས་ཀྱང་བསྟན་ཅིང་ལུང་བསྟན་ཏེ། དེ་བས་འདིའི་ཚིག་ནི་ཕལ་ཆེ་བ་ལ་དགོངས་པའོ། །བརྟག་པ་གཉིས་པ་ལ་ཡང་མ་ཞུས་པ་ནི་མེད་དོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། ལྟ་སྟངས་དང༌། ཀུ་རུ་ཀུ་ལླེའི་སྒྲུབ་པའི་བཤད་པ་སྟེ་ལེའུ་བཅུ་གཅིག་པའི་བཤད་པ་དང༌། རྒྱས་པར་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་བརྟག་པ་དང་པོའི་རྒྱ་ཆེར་བཤད་པ་མ་ལུས་པ་རྫོགས་པར་བསྟན་པའོ།། །།

ཀྱེ་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་བརྟག་པ་གཉིས་པའི་རྒྱ་ཆེར་བཤད་པ།

དང་པོ། རབ་གནས་ཀྱི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་སྟོང་སྐུ་ནི་མི་མངའ་ལ། །རྡོ་རྗེ་ལྟ་བུའི་སྐུ་ལུས་ཅན། །ཀྱེ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །མ་རིག་ཐིབས་པོས་ནོན་པ་ཡི། །འཇིག་རྟེན་གསུམ་པོ་འདི་མཐོང་ནས། །བདག་གི་སྙིང་ནི་འཛག་པར་འགྱུར། །དེ་ཕྱིར་རབ་གནས་ལེའུ་ཡི། །རྒྱས་བཤད་རྡོ་རྗེ་སྙིང་པོས་བྲི། །ད་ནི་བརྟག་པ་གཉིས་པའི་རྒྱ་ཆེར་བཤད་པ་བསྟན་པར་བྱ་བ་ཡིན་ལ། དེ་ལས་ཀྱང་དང་པོར་རབ་གནས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ལེགས་པར་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཞེས་པ་ནི། བཅོམ་ལྡན་འདས་ལ་བོད་པའོ། །རྡོ་རྗེ་སྙིང་པོ་བདག །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་གཅིག་ཏུ་བསྡུས་པའི་བདག་ཉིད་ཀྱི་རྡོ་རྗེ་སྙིང་པོ་བདག་སྟེ། དངོས་སུ་ན་དུས་


DTG002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དེ་བཞིན་གཤེགས་པས་གནང་ཞིང་བསྟོད་པ་གསང་བའི་བདག་པོ་ཡིན་ཞེས་པའི་དོན་ཏོ། །རབ་གནས་མཚན་ཉིད་བཟང་པོ་ཉིད། །རིམ་པ་ཇི་བཞིན་བཤད་དུ་གསོལ། །ཞེས་བྱ་བ་ནི་སྔོན་དུ་བཅོམ་ལྡན་འདས་ཀྱིས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་དོན་དུ་དཀྱིལ་འཁོར་གསུངས་པའི་རབ་ཏུ་གནས་པ་ཇི་ལྟར་བགྱི་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང༌། །ཞེས་བྱ་བ་ལ་རིག་སྔགས་འཆང་གི་སློབ་དཔོན་གྱི་སློབ་མའི་དོན་དང༌། དེ་ལས་གཞན་པའི་གླེགས་བམ་དང༌། སྐུ་གདུང་དང༌། རས་ཀྱི་གཟུགས་ལ་རབ་ཏུ་གནས་པར་བྱེད་འདོད་པས། སྔོན་དུ་རྒྱས་པ་ལ་སོགས་པའི་སྦྱིན་སྲེག་བྱས་ལ། དེ་ནས་རིགས་དང་མཐུན་པའི་རྡུལ་ཚོན་བྲིའོ། །དེ་ནས་སྟ་གོན་ལ་གནས་པར་བྱའོ། །ནམ་མཁའི་ཁམས་ལ་བཞུགས་པའི་སངས་རྒྱས་རྣམས་རབ་གནས་ཀྱི་གཞི་ལ་བསྟིམ་པར་བྱས་ལ། རབ་ཏུ་གནས་པའི་གཞི་དེ་སྦྱང་སྟེ། དེ་ནས་སྔ་བར་སྐུ་གཟུགས་སྦྱང་བར་བྱའོ། །སྟ་གོན་ལ་གནས་བྱས་ནས་ནི། །ནམ་མཁའ་བཞུགས་པའི་སངས་རྒྱས་ཀུན། །སྐུ་གཟུགས་སྙིང་གར་རབ་ཏུ་གཞུག །ཅེས་གསུངས་ཏེ། འདིའི་ངེས་པའི་དོན་ནི་རྩ་བའི་རྒྱུད་ལས་ཇི་སྐད་དུ། བླ་མས་གནང་བའི་སྟ་གོན་ལ། །ལུས་ཀྱི་དཀྱིལ་འཁོར་དབུས་གནས་ཏེ། །བདག་གི་ལྔ་ཕུང་སྦྱིན་སྲེག་ནས། །ཁུ་བའི་གཟུགས་ཀྱིས་སངས་རྒྱས་བསྟིམ། །བདག་གི་ལྔ་ཕུང་ལྷ་གཟུགས་སྦྱངས། །རབ་ཏུ་གནས་ལ་བྱིན་བརླབས་མཆོག །ཡུན་དུ་གནས་ཤིང་བྱིན་རླབས་ཆེ། །མཆོག་གི་རབ་ཏུ་གནས་པའོ། །ཞེས་གསུངས་ཏེ་ངེས་པའི་དོན་ཏོ། །རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་བྱ་བ་ནི་ཚུལ་ཇི་ལྟར་རབ་ཏུ་གནས་པ་བྱས་ནས་རང་གི་འདོད་པའི་ལྷ་ཀྱེའི་རྡོ་རྗེ་དང་མཉམ་ལ། སྔགས་ཐམས་ཅད་ཀྱི་ཕ་རོལ་དུ་སོན་པའི་རྣལ་འབྱོར་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཨོཾ་བཛྲ་པུ་ཥྤེ་ཨཱཿ་ཧཱུཾ་སྭཱ་ཧཱ་ཞེས་པ་ནི་མེ་ཏོག་གིའོ། །ཨོཾ་བཛྲ་དྷཱུ་པེ་ཨཱཿ་ཧཱུཾ་སྭཱ་ཧཱ། སྤོས་ཀྱིའོ། །ཨོཾ་བཛྲ་དཱི་པེ་ཨཱཿ་ཧཱུཾ་སྭཱ་ཧཱ། མར་མེའིའོ། །ཨོཾ་བཛྲ་ག་ནྡྷེ་ཨཱཿ་ཧཱུཾ་སྭཱ་ཧཱ། དྲིའིའོ། །ཨོཾ་བཛྲ་ནཻ་བེ་དྱེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞལ་ཟས་ཀྱེའོ། །སྣ་ཚོགས་ཧཱུཾ་ལས་


DTG002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་དང༌། །མེ་ཏོག་ལ་སོགས་དབུལ་བ་ཉིད། །གོང་མའི་རྒྱུད་ཀྱི་ཆོ་གའི་རིམ། །མཆོད་ཡོན་ཞལ་བསིལ་གོང་བཞིན་དབུལ། །ཞེས་བྱ་བ་ལ་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་ཤིང་དབུལ་བར་བྱ་བ་དེ་བཞིན་གཤེགས་པ་དེ་ཡིན་ལ། ངེས་པའི་དོན་ནི་ཇི་སྐད་དུ་རྩ་བའི་རྒྱུད་ལས། ཡིད་འོང་ཉི་ཟླའི་མེ་ཏོག་དང༌། །རལ་པ་མེད་པའི་ཚུལ་ཁྲིམས་སྤོས། །བདེ་བ་གསལ་བས་མར་མེ་ཡིན། །བདེ་བས་ཚིམ་པས་དྲི་ཡི་མཆོག །ལུས་ངག་ཡིད་གསུམ་བདེ་རྒྱས་པ། །ཏིང་འཛིན་ཟས་ཏེ་ཞལ་ཟས་མཆོག །འཇམ་ཞིང་སྙན་པར་སྨྲ་བ་དང༌། །རང་སྲོག་སྒྲ་ནི་སིལ་སྙན་སྒྲ། །ཞེས་གསུངས་པ་ནི་ངེས་པའི་དོན་ཏོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་མ་ཤོར་བ་བསྟེན་པའི་བདེ་བའི་ཁྲུས་དང༌། དེ་ཉིད་ཀྱི་བདེ་བའི་གནས་སུ་ཁྲིད་པའི་ཕྱིར་ཞབས་བསིལ་བ་ཡིན་ནོ། །ད་ནི་སྦྱིན་སྲེག་བསྟན་པའི་ཕྱིར། །ཞི་བར་ཐབ་ཁུང་ཟླུམ་པོ་ཉིད། །དཔྲལ་བར་ཆུ་ཡི་དཀྱིལ་འཁོར་རོ། །རྒྱས་པ་ཉིད་ཀྱི་གྲུ་བཞི་ནི། །ལྟེ་བར་ས་ཡི་དཀྱིལ་འཁོར་རོ། །གསད་པ་ལ་ནི་གྲུ་གསུམ་ཉིད། །གཙུག་གི་འཁོར་ལོ་ནམ་མཁའི་རང་བཞིན་ནོ། །འདི་ཉིད་ལ་ནི་ལྷག་མ་བསྒྲུབས། །ཞེས་པ་ནི། དབང་ལ་མགྲིན་པ་མེའི་རིགས་ལའོ། །ཁྲུ་གང་དང་ནི་ཁྲུ་ཕྱེད་ཉིད། །ཞི་བའི་སྟེང་དངཱོག་ཏུ་ཡིན། །ཞེས་པ་ནས། གསད་པའི་སྟེང་དངཱོག་ཏུའོ། །ཞེས་པ་ནི་སྒྲ་ཇི་བཞིན་དུ་བསྟན་པ་སྟེ་ངེས་པའི་དོན་ཡོད་པར་མ་གསུངས་སོ། །ད་ནི་ཁ་དོག་གི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། ཞི་བར་ཁ་དོག་དཀར་པོར་འགྱུར། །རྒྱས་ལ་སེར་པོ་དེ་བཞིན་ནོ། །གསད་པ་ལ་ནི་ཁ་དོག་གནག །དབང་ལ་དམར་པོར་རབ་ཏུ་གྲགས། །ཞེས་བྱ་བ་ལ་ཕྱིར་ནི་ལས་ཀྱི་བྱེ་བྲག་ལས་ཁ་དོག་བྱེ་བྲག་ཏུ་བྱ་ཞེས་ཀྱང་གསུངས་ལ། དེ་བས་ན་སྐབས་འདིར་མེ་ཐབ་ཐམས་ཅད་ཁ་དོག་དེ་ལྟར་བསྒྱུར་བར་བྱའོ། །དེ་བས་ན་འཁོར་ལོ་བཞིའི་བྱེ་བྲག་ལས་ཁ་དོག་ཐ་དད་པར་བྱའོ། །དེ་བས་ན་ཞི་བ་དཀར་པོ་ཆུའི་བསམ་གཏན་དཔྲལ་བར་རོ། །རྒྱས་པ་སེར་པོ་སའི་བསམ་གཏན་ལྟེ་བར་རོ། །གསད་པ་ནག་པོ་ནམ་མཁའི་བསམ་གཏན་ནི་གཙུག་ཏོར་དུའོ། །དབང་དམར་པོ་མེའི་བསམ་གཏན་ནི་མགྲིན་པར་རོ། །དེ་ལྟར་ན་དབང་བཞིན་དུ་དགུག་པ་དང་གསད་པ་བཞིན་དུ་སྡང་བ་ལ་སོགས་ལ་ཐབ་ཀྱི་


DTG002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དང་དབྱིབས་ཐ་མི་དད་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་བསྲེག་རྫས་ཀྱི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །གསད་ལ་ཚེར་མ་དེ་བཞིན་ནོ། །སྡང་ལ་སོགས་པའང་ཚེར་མ་ཡིན། །དབང་དང་དགུག་པ་ཨུཏྤལ། །ཞེས་བྱ་བ་ལ་དེ་ཡང་རིམ་པ་བཞིན། །ཞི་བ་ལ་དང་པོ་ཏིལ་བསྲེག་གོ །རྒྱས་པ་ལ་དང་པོར་ཞོ། གསད་པ་ལ་དང་པོར་ཚེར་མ་ཅན་གྱི་ཤིང་བསྲེག་གོ །དེ་བཞིན་དུ་སྡང་བ་ལ་སོགས་པ་ལ་དང་པོར་ཚེར་མ་ཅན་ནོ། །དབང་དང་དགུག་པ་ལ་དང་པོར་ཨུཏྤལ་བསྲེག་གོ །ལྷག་མ་ནི་གཞན་དང་མཐུན་ནོ། །ཨོཾ་ཨ་གན་ཡེ་མ་ཧཱ་ཏེ་ཛཿ། ས་རྦྦ་ཀཱ་མཱ་རྠ་སཱ་དྷ་ཀཿ། ཀཱ་རུ་ཎ་ཀྲྀ་ཏྭཱ་ས་ཏྭཱ་རྠ། ཨ་སྨིན་ས་ནྣི་ཧི་ཏོ་བྷ་བ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ནང་དུ་ནི་ལྟེ་བ་ནས་སྤྱན་དྲང་བའོ། །མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དབང་དུ་འགྱུར། །ཆེ་གེ་མོ་བདག་དཀྱིལ་འཁོར་བྲི། །ཞེས་བྱ་བ་ནི་ཐོག་མར་སྦྱིན་སྲེག་གིས་བཙལ་བའི་དུས་སུ་ས་ནད་མེད་པ་རྙེད་པ་དང་སའི་ལྷ་མོ་ལ་གཟུ་དང་དཔང་དུ་གསོལ་པའི་ཚིག་གོ །སྭཱ་རྠ་ཉྩེ་བ། པ་ར་ཨ་རྠ་ཉྩ། ས་དྷི་དྷཾ་ག་ཚ་ཧ་བྱ་བྷུ་ཀ །ཨཱ་ག་མི་ཤ་ཡ་སི། ཡ་ཐཱ་ཀཱ་ལེ། སརྦ་སི་དྡྷི་ཀུ་རུ་ཥ་མེ། ཞེས་པ་ནི་བདག་དང་གཞན་གཉིས་ཀའི་དོན་སྒྲུབ་པའི་སྒོ་ནས་མི་དགྱེས་པར་བྱ་བའི་བསྟོད་པའོ། །ཛཿ་ཧཱུཾ་བཾ་ཧོཿ། ཨ་ཁ་རཾ། ཨོཾ་ནི་རི་ཧཱུཾ་ཁཾ། ཨོཾ་དྷྭཾ་དྷྭཾ། ཞེས་པ་ལ་སོགས་པའི་སྔགས་རྣམས་ནི་རིམ་པ་བཞིན། མཆོད་ཡོན་དང༌། ཞབས་བསིལ་དང༌། ཞལ་ཟས་རྣམས་ཀྱི་ཡིན་ཏེ་ཕྱི་དང་ནང་གིས་དབྱེ་བར་བྱའོ། །ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བ་སྡོམ་པའི་ངེས་པའི་དོན་ནི་སྔོན་དུ་བཤད་ཟིན་ཏོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་བརྟག་པ་གཉིས་པའི་རབ་གནས་ཀྱི་ལེའུའི་རྒྱ་ཆེར་བཤད་པ་སྟེ་དང་པོའོ།། །།

གཉིས་པ། དངོས་གྲུབ་གཏན་ལ་ཕབ་པའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཞེ་སྡང་གཏི་མུག་དང༌། །སྲེད་དང་ཕྲག་དོག་འཇོམས་མཛད་པའི། །ཐུབ་པ་སྐྱེས་མཆོག་ལ་བཏུད་ནས། །དངོས་གྲུབ་གཏན་ལ་འབེབས་པ་ཡི། །ལེའུ་གང་གིས་རྒྱས་པར་བཤད། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །དེ་ཡི་རྒྱ་ཆེར་བཤད་པ་ནི། །རྡོ་རྗེ་སྙིང་པོས་བྲི་བར་བྱ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལེའུ་གང་གིས་ལེགས་


DTG002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟོན་པ་དེ་བཤད་པར་བྱའོ། །རྡོ་རྗེ་སྙིང་པོས་གསོལ་བ། ནམ་མཁའ་ལྟ་བུའི་ཆོས་རྣམས་ལས། །རྒྱ་མཚོའི་ཀུ་བ་ཇི་བཞིན་དུ། །རང་འདོད་ལྷ་ཡི་གཟུགས་ལས་ནི། །སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །ཞེས་བྱ་བ་ལ། ཀྱེ་བཅོམ་ལྡན་འདས་ཀྱིས་ཐོག་མ་དང༌། ཐ་མ་དང༌། བར་ཐམས་ཅད་དུ་ཆོས་རྣམས་ནམ་མཁའ་ལྟ་བུའོ་ཞེས་ཡང་དང་ཡང་དུ་གསུངས་ལ། བདག་གིས་ཁོང་དུ་ཆུད་ལགས་ན། །འགྲོ་བ་འདི་དག་ནི་རང་གི་རྣམ་པར་རྟོག་པས་བསྐྱེད་དེ། དཔེར་ན་རྒྱ་མཚོ་ཆེན་པོ་ལ་སྟོང་པ་དག་སྐྱེས་བུ་འགའ་ཞིག་གིས་དོར་ནས་ས་ཕྱོགས་གཅིག་ཏུ་མི་གནས་པར་འཕྱོ་བ་ལྟར། རང་རང་གི་རྣམ་པར་རྟོག་པས་བསྐྱོད་དེ་གནས་པ་འདི་དག་གིས་ཇི་ལྟར་བསྒྲུབས་ན་འགྲུབ་པར་འགྱུར་ཞེས་ཞུས་པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་གྱི་སེམས་ཀྱིས་སྐད་ཅིག་ཀྱང༌། དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་བྱ་བ་གསུངས་ཏེ། ཀྱེ་རྡོ་རྗེ་སྙིང་པོ་དེ་ལྟར་ཡིན་གྱིས་ཀྱང༌། ལས་ཀྱི་དང་པོ་ལ་གནས་པའི་རྣལ་འབྱོར་པས་གང་དུ་བསྟན་པའི་དཀྱིལ་འཁོར་དུ་ཞུགས་ལ། བསྐྱེད་པ་ལྷའི་ང་རྒྱལ་གྱི་དུས་དང༌། དེ་ཡོངས་སུ་རྫོགས་ནས་བདག་མེད་མའི་རྣལ་འབྱོར་ལ་གནས་པར་བྱས་ན་ངེས་པར་ཀྱེའི་རྡོ་རྗེར་འགྱུར་རོ། །དེའི་ཕྱིར་དངོས་གྲུབ་འདོད་པས་རིམ་པ་གཉིས་ལ་བརྟེན་པ་མ་གཏོགས་པ་གཞན་གྱི་སེམས་ཀྱིས་སྐད་ཅིག་ཀྱང་མི་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ཡང་ལས་དང་པོ་པས་ཐོག་མར་རེ་ཞིག་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ལ་མངོན་པར་ཞེན་པས་གནས་པ། དེ་མཐར་གྱུར་པ་ན་བདག་མེད་མའི་རྣལ་འབྱོར་ལ་བསླབ་པར་བྱའོ། །བདག་མེད་མ་དེ་ཡང་ཇི་ལྟ་བུ་ཞིག་སྙམ་པ་ལ། ཇི་ལྟར་ནམ་མཁའི་ཕྱོགས་རྣམས་ཀྱི། །ཀུན་ལའང་རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །གསང་སྔགས་མགོན་པོ་མི་གནས་སོ། །ཇི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང་རྟག་ཏུ་རྣམ་སྣང་ཡང༌། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོའང་དེ་བཞིན་ནོ། །ནམ་མཁའ་དུས་གསུམ་ལ་སོགས་དང༌། །ཇི་ལྟར་འབྲལ་བར་འདོད་པ་བཞིན། །དེ་ལྟར་གསང་སྔགས་


DTG002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཡང༌། །དུས་གསུམ་མེད་ཀྱང་རྣམ་པར་སྣང༌། །མིང་ཙམ་དུ་ནི་གདགས་པའི་གནས། །བྱེད་པ་པོ་ལ་སོགས་དང་འབྲལ། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ནི་འདོགས་པར་བྱེད། །མིང་མ་གཏོགས་པར་ཅུང་ཟད་ཀྱང༌། །ཡོད་པ་མ་ཡིན་ནམ་མཁའ་བཞིན། །དེ་བཞིན་གསང་སྔགས་དབང་ཕྱུག་ཀྱང༌། །ཐ་སྙད་ཙམ་དུ་སྣང་བར་ཟད། །མེ་དང་ཆུ་དང་རླུང་མ་ཡིན། །ས་དང་ཉི་མའང་མ་ཡིན་ཞིང༌། །ཟླ་བ་ལ་སོགས་གཟའ་ཀུན་མིན། །ཉིན་པར་དང་ནི་མཚན་མོའང་མིན། །སྐྱེ་བ་དང་ནི་རྒ་བའང་མིན། །འཆི་བ་དང་ནི་རྒུད་པའང་མིན། །སྐད་ཅིག་མ་ཡིན་ཡུད་ཙམ་མིན། །ལོ་ལ་སོགས་པ་ཡང་མ་ཡིན། །འཇིག་པ་དང་ནི་འཆགས་པ་དང༌། །བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན། །དགེ་དང་མི་དགེ་ལས་བྱུང་བའི། །འབྲས་བུའང་ཡོད་པ་མ་ཡིན་ནོ། །ཀུན་མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་ལ། །དེ་ཀུན་གང་ལ་མེད་འགྱུར་བ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །ཞེས་གསུངས་སོ། །དེ་བས་ན་བདག་མེད་མའི་རྣལ་འབྱོར་འདི་ལྟ་བུ་ལ་དུས་རྟག་ཏུ་གནས་པར་ནུས་པ་རྣམས་ཀྱིས་དུས་རྟག་པར་ཀྱེའི་རྡོ་རྗེ་མཐོང་བ་ཡིན་ནོ། །དང་པོར་གོམས་པར་བྱེད་དུས་ཀྱི། །གནས་ནི་གང་དུ་བསྔགས་པའི་སེམས། །གཅིག་ཏུ་མཉམ་བཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོར་ངེས་པར་བསྟན། །ཞེས་བྱ་བ་ནི། ལས་ཀྱི་དང་པོ་པས། དང་པོར་རྒྱལ་པོ་དང་རྐུན་པོ་དང་དགྲ་ལ་སོགས་པས་བར་དུ་གཅོད་པར་འགྱུར་བ་དེའི་ཕྱིར། གནས་དབེན་པ་བཙལ་བར་བྱས་ལ་དེར་རྩེ་གཅིག་པ་ནི། དེ་བཞིན་གཤེགས་པའི་ངེས་པའོ། །རང་གི་ཁྱིམ་དུ་མཚན་དུས་སུ། །བདག་ཉིད་གྲུབ་པའི་སེམས་ཀྱིས་ནི། །རྣལ་འབྱོར་མ་བསྒོམ་ཤེས་རབ་ཅན། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །ཞེས་བྱ་བ་ལ་མཚན་མོ་ལྟར་རྣམ་པར་རྟོག་པས་ཟབ་པ་བསྐྱེད་པའི་རང་གི་སྡུག་མའང་རུང་བསྒོམ་པའི་གནས་སུ་ཁྲིད་ལ་གནས་པར་བྱ་བའམ། ཡང་ན་ཧེ་རུ་དཔའ་བོའི་ཚུལ་དུ་རང་ལས་བྱུང་བའི་བདག་མེད་མ་དང་གནས་པར་བྱ་ཞེས་པའི་དོན་ཏོ། །དེ་ལྟར་ན་མདོར་བསྡུ་བའི་ཚུལ་དུ་གསུངས་པ་འདི་ལྟ་སྟེ། རྐང་པ་འཁྲུད་དང་ཟ་བ་དང༌། །ཞེས་པ་ནས། ཤེས་རབ་བརྟུལ་ཞུགས་ཅན་ཉིད་


DTG002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཞེས་བྱ་བའི་བར་གྱིས་གསུངས་སོ། །མདོར་ན། གང་གང་ཉེ་བར་དམིགས་པ་ནི། །དེ་དེ་ཀྱེ་ཡི་རྡོ་རྗེར་བྱ། །དེ་ལས་གཞན་པའི་ཚུལ་གྱིས་ནི། །ཡུད་ཙམ་ཡང་ནི་གནས་མི་བྱ། །ཞེས་བྱའོ། །རྣལ་འབྱོར་མ་ནི་རྣམ་པར་བསྒོམ། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཤེས་རབ་རྣལ་འབྱོར་མའོ། །ཅིའི་ཕྱིར་སྟོང་པའི་བདག་ཉིད་ལ་ཤེས་རབ་ཅེས་གདགས་ཤེ་ན། ཇི་སྐད་དུ། ཤེས་རབ་ངེས་འབྱིན་ཞེས་བྱ་བ། །ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། །དེས་ནི་ཕྱག་རྒྱ་མྱུར་འགྲུབ་པར། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེས་ན། ཚུལ་གཞན་གྱིས་ནི་སྐད་ཅིག་ཀྱང༌། །གདུག་པའི་སེམས་ནི་མ་རིག་པས། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །མཁས་པས་འབད་དེ་མི་གནས་སོ། །ཞེས་གསུངས་པས་གོ་བར་བྱ་སྟེ། འདིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྩོན་འགྲུས་ལ་རག་ལས་པར་བསྟན་ཏོ། །དེ་ལ་སྐལ་བ་དང་ལྡན་པ་གང་ལགས། བསྐྱེད་པའི་རྣལ་འབྱོར་རྫོགས་ཏེ། ཡང་དག་པའི་ཤེས་རབ་ཀྱི་མེ་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པས་བསྡུས་ཏེ། གོམས་པར་བྱེད་པ་ན་མཚན་མ་འདི་དག་འབྱུང་བར་འགྱུར་ལ། གལ་ཏེ་ཡང་དག་པའི་ལམ་མི་འདོད་དེ།འོན་ཀྱང་ལྟད་མོའི་ཕྱིར་ཡང་ཟླ་བ་ཕྱེད་དམ། ཡང་ན་ཉིན་མཚན་གཅིག་ཏུ་དམིགས་པ་རྩེ་གཅིག་ཏུ་ཞོག་ལ་ལྟོས་ཞེས་གསུངས་ཏེ། འདི་ལྟར། བསམ་གཏན་ཉོན་མོངས་འཇིག་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་ཕྱེད་དུ་ཡོངས་སུ་རྟོགས། །ཞེས་པ་ལ། བག་ལ་ཉལ་བའི་མདའི་དུག་མཐའ་དག་འཇིག་པའི་བདག་མེད་པའི་བསམ་གཏན་འདིངས་བསྟན་ཏེ། ཀྱེ་བརྩེ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་སྙིང་པོ་ལྟད་མོའི་ཕྱིར་ཡང་ཟླ་བ་ཕྱེད་དུ་རྟོགས་ཞེས་པའི་དོན་ཏོ། །དེ་སྟེ་ཟླ་བ་ཕྱེད་དུ་འབད་པ་མི་བྱེད་པ་དེ་ལྟ་ན་ཡང༌། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །རྒྱུན་མི་འཆད་པར་ཉིན་མཚན་གཅིག །བསྒོམ་པས་ཡོངས་སུ་བརྟག་པར་གྱིས། །ཞེས་གསུངས་ཏེ། བདག་མེད་མའི་རྣལ་འབྱོར་འདི་ལ་ཟླ་བ་ཕྱེད་དུ་འབད་པའི་སྐལ་བ་མེད་པ་རྣམས་ཀྱིས་ཉིན་མཚན་གཅིག་ཙམ་དུ་ཡང་དམིགས་པ་གཞན་ལ་རྩོལ་བ་ཡོངས་སུ་བཏང་སྟེ།


DTG002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་གང་ལ་སེམས་རྩེ་གཅིག་པར་བཞག་ན་ཡིད་ཆེས་པའི་ལམ་གྱི་རྟོགས་འབྱུང་བར་འགྱུར་ཏེ། སོ་སོར་སྡུད་པས་བསྡུས་པ་རྣམས་ལ་ཡིན་གྱི་གཞན་དུ་ན་དེ་བཞིན་གཤེགས་པའི་བཀའ་ལ་བྱིས་པ་ཤེས་རབ་འཆལ་བ་དག་བརྙས་པར་འགྱུར་རོ། །དེ་བས་ན་སོ་སོར་སྡུད་པའི་ཏིང་ངེ་འཛིན་ལས་གཞན་པས་བསམ་པ་ཐམས་ཅད་སྤངས་པས་ཉིན་མཚན་གཅིག་བསྒོམས་པས་ཡིད་ཆེས་པ་འབྱུང་བ་མེད་དོ། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བ་ཐབས་གཞན་ཡོད་མ་ཡིན། །ཞེས་བྱ་བ་ནི། དེས་པའི་དོན་དུ་ཏིང་ངེ་འཛིན་འདི་ལས་གཞན་པས་བདག་དང་གཞན་གྱི་དོན་མི་འགྲུབ་ཅེས་པའི་དོན་ཏོ། །རིག་མ་ལན་ཅིག་གོམས་བྱས་ལ། །འཕྲལ་དུ་ཡིད་ཆེས་བྱེད་པ་ཉིད། །ཅེས་བྱ་བས་ནི་དེ་ལྟ་བུའི་ཏིང་ངེ་འཛིན་ཉོན་མོངས་པ་ཐམས་ཅད་འཇིག་པར་བྱེད་པ་ཡང༌། བླ་མའི་བཀའ་དྲིན་གྱིས་མི་མོ་ལ་རེ་ཞིག་ཤེས་རབ་ཀྱི་མིང་དུ་བཏགས་པ་ལས་མཚོན་པར་འགྱུར་གྱི། གཞན་དུ་རྙེད་པའི་སྐལ་བ་མེད། །ཅེས་པའི་དོན་ཏོ། །དེ་ལྟར་མངོན་དུ་རྙེད་དེ་ཕྱིས་ཡོངས་སུ་དོར་ནས་ལྷའི་གཟུགས་སུ་དམིགས་པའི་མི་དག་ལ་འདི་ལྟ་སྟེ། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང༌། །མྱ་ངན་གདུངས་པས་གཙེས་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཚེས། །སྒྲུབ་པ་པོ་ལ་ཉོན་མོངས་མིན། །ཞེས་གསུངས་ཏེ། འཇིག་རྟེན་པའི་ཆོས་ཀྱིས་ཀུན་ནས་མནར་པར་མི་འགྱུར་བའོ། །གཞན་ཡང་དེ་བཞིན་དུ། །ཕན་དང་གནོད་པའི་འབྲས་འབྱུང་བར། །ད་ལྟར་དེས་པར་ཤེས་པའི་ཕྱིར། །རྣལ་འབྱོར་པ་རྣམས་དུ་འབོད་དུ། །སྐད་ཅིག་གཅིག་ཀྱང་ཅི་ཕྱིར་གནས། །ཞེས་གསུངས་ཏེ། རང་བཞིན་གྱིས་དག་པའི་ཆོས་སུ་རྟོགས་པ་ལ་དུ་འབོད་དང་མནར་མེད་པར་ཇི་ལྟར་འགྲོ་བར་འགྱུར་ཏེ། དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་པའི་དོན་ཏོ། །དེ་བཞིན་གཞན་ཡང་ཆོས་གང་ལ་གནས་ན། མཚམས་མེད་ལྡན་བྱེད་པ་དང༌། །སྲོག་ཆགས་གསོད་ལ་གང་དགའ་དང༌། །གཞན་ཡང་སྐྱེ་བ་དམན་པ་དང༌། །རྨོངས་དང་མ་རུངས་ལས་བྱེད་དང༌། །གཟུགས་དོན་ཡན་ལག་མཚང་ལ། །བསམས་ན་དེ་དག་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། མི་དེ་དག་རྣམས་ཀྱིས་ཀྱང་བདག་མེད་མ་


DTG002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ན་ངེས་པ་ཁོ་ནར་ཀྱེའི་རྡོ་རྗེའི་དངོས་གྲུབ་འཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གཞན་དག་ལས་ཀྱང་འདི་ལྟ་སྟེ། །གདོལ་པ་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱེད་པ་པོ། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ནས། །སྐྱེ་བ་འདི་ཉིད་སངས་རྒྱས་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་ལས་ཀྱི་དང་པོར་གཏོགས་པ་རྣམས་ཀྱིས་དང་པོར་བླ་མའི་རྗེས་སུ་འཇུག་པའི་དུས་སུ། །དགེ་བ་བཅུ་ལ་གོམས་པ་དང༌། །བླ་མ་ལ་གུས་དབང་པོ་དུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དེ་ནི་རེ་ཞིག་ངེས་འགྲུབ་འགྱུར། །ཞེས་བྱ་བས་བསྟན་ཏེ་འདི་ལྟར་དང་པོར་གསོ་སྦྱོང་བསྟན་པར་བྱ་ཞེས་པ་ལ་སོགས་པས་འཇིག་པའི་དུས་གོ་བར་བྱ་ཞིང༌། བླ་མའི་རྗེས་སུ་འཇུག་པ་དག་རྒྱུད་ལས་གསུངས་པ་ལྟར་སྒྲུབ་པ་དང༌། རྩ་བའི་ལྟུང་བ་མི་འབྱུང་བ་ལ་ངེས་པར་འགྱུར་ཞིང་སྣོད་དང་ལྡན་པ་ཡིན་ནོ་ཞེས་གསུངས་པས། ཐོག་མར་དེ་དག་རེ་ཞིག་བསླབ་པར་བྱའོ། །དེའི་རྗེས་ལ་འཇིག་རྟེན་པའི་བྱིས་པ་རྣམས་གཟུད་པར་ཞེས་བྱ་བ་ལ་བསླབས་ཏེ་གནས་ལ། ཡང་ཕྱི་ནས་རྡོ་རྗེ་སློབ་དཔོན་གྱིས་ཡོངས་སུ་བརྟགས་པའམ་ཡང་ན་ལྷས་ལུང་བསྟན་པའི་ལས་ཀྱི་ཕྱག་རྒྱ་གཟུང་བར་བྱ་སྟེ། བྱིས་པ་གཟུད་པའི་དུས་སུ། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །མཉམ་པར་གཞག་པས་དངོས་གྲུབ་ཐོབ། །ཟླ་བ་གཅིག་ཏུ་གསང་ལ་སྤྱད། །ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་གནང་བ་མ་རྙེད་པ་དེ་སྲིད་དུ་གོང་དུ་བསྟན་པ་རྣམས་མཉམ་པར་བཞག་པས་གསད་ལ་བསྒྲུབ་པོ་ཞེས་གསུངས་ལ། །དེ་ཡང་ཟླ་བའམ། ལོ་ལ་སོགས་པའི་བར་དུ་སྟེ་ཐ་མ་ཡང་ཟླ་བ་གཅིག་གི་བར་དུ་བསླབ་པར་བྱ་བ་ནི་ངེས་པའོ། །གནང་བ་རྙེད་འགྱུར་སྔགས་པ་ལ། །རྣལ་འབྱོར་མ་ཡིས་བསྟན་པར་བྱ། །ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་རྨི་ལམ་དུ་བསྟན་པའམ། ཡང་ན་སློབ་དཔོན་གྱིས་ལེགས་པར་བརྟགས་པ་བཟུང་ལ་འཇུག་པར་བྱའོ། །དེས་སེམས་ཅན་གྱི་དོན་དུ་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །རྙེད་པ་དེ་ཡང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །


DTG002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སི་ཧླ་ག་པུར་ཡང་དག་ལྡན། །བྱང་ཆུབ་སེམས་ཀྱིས་རྣམ་པར་སྦྱངས། །ཞེས་གསུངས་ཏེ། ཕྱག་རྒྱའི་མཚན་ཉིད་བསྟན་པ་ཡིན་ཏེ། འདི་ལྟར་མིག་དཀར་དམར་འབྱེས་པ་ལ་ཅུང་ཟད་ཡངས་པ། རྐེད་པ་རྡོ་རྗེ་ལྟར་འདུག་ལ་ལོ་བཅུ་གཉིས་སམ། །ཡང་ན་བཅུ་དྲུག་ལོན་པ་ཁྲག་འབྱུང་བའི་དུས་ལ་བབ་པ་བྱང་ཆུབ་སེམས་ཀྱི་བདེ་བ་ལ་དགའ་བ། དེ་བཞིན་དུ་ཕྱག་རྒྱ་དེ་ཡང་སྦྱང་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་བཅུག་པས་སྦྱང་བ་ནི་ཕྱི་ནས་ཡིན་ལ། སྔོན་དུ་ནི། དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་བསྟན། །ལྷ་ཡི་གཟུགས་སུ་བསམ་པ་དང༌། །དམ་ཚིག་སེམས་ཀྱང་གཅིག་པ་ཉིད། །ཅེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ། མི་མོ་གང་ཞིག་མ་སྦྱངས་པར། །ཀྱེ་ཡི་རྡོ་རྗེ་ལ་སྦྱོར་བ། །དམ་ཚིག་ཉམས་ཏེ་བརླག་འགྱུར་བས། །དེ་དག་སྦྱང་ཕྱིར་ཆོས་བསྟན་བྱ། །ཞེས་གསུངས་སོ། །དེ་བས་མི་མོ་ལེགས་པར་བསླབས་ཏེ། བདག་མེད་མར་བསམས་ལ། དབེན་པའི་གནས་སུ་ཁྲིད་དེ། །འཇིག་པའི་བདེ་བ་ལ་བསླབ་པ་ནི་ཟླ་བ་གཅིག་གི་མཐར་རོ། །དེ་བས། རྟོག་པ་ཐམས་ཅད་སྤངས་པ་ཡི། །གང་ཞིག་མི་མོ་མཆོག་རྙེད་ན། །ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྱུར་བ་འདིར་ནི་ཐེ་ཚོམ་མེད། །ཅེས་བྱ་བ་ལ། འདི་འདྲའི་མི་མོ་ལེགས་རྙེད་ནས། །བས་མཐའ་དག་ཏུ་གནས་བྱས་ལ། །བཟའ་བཏུང་རྣམ་མང་སྟ་གོན་བྱས། །གླུ་དང་སིལ་སྙན་གར་དང་ནི། །ལུས་ལ་རྒྱན་ལེགས་གདགས་པ་དང༌། །མེ་ཏོག་དག་དང་དྲི་དང་ནི། །བཟང་བོའི་གནས་པས་ལེགས་བཀོད་ལ། །ཡང་དག་ཡེ་ཤེས་སྣང་བར་བྱ། །ཞེས་བྱའོ། །ཡང་ན་བདག་གི་ནུས་པ་ཡིས། །ལྷ་དང་ལྷ་མིན་མི་རྣམས་དང༌། །གནོད་སྦྱིན་མི་འམ་ཅི་ལས་ཀྱང༌། །ཕྱག་རྒྱ་བཀུག་ལ་བརྟག་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་གྲུབ་པ་བསྒྲུབ་པའི་ཕྱིར། །ལྷ་མོ་ལྷ་མིན་བུ་མོ་རྣམས། །མི་ཡི་བུ་མོ་རྣམ་པ་བཞི། །སྔགས་ཀྱིས་ཀུན་ནས་བཀུག་ནས་ནི། །ས་ཡི་དཀྱིལ་འཁོར་ཀུན་དུ་སྤྱད། །དེ་ཡིས་སྐལ་ལྡན་རྣལ་འབྱོར་པ། །ཕྱག་རྒྱ་གྲུབ་པར་གདོན་མི་ཟ། །མི་གཙང་རུལ་པ་དྲིམ་པའི། །མི་མོའི་ལུས་ནི་ཡང་མ་ཡིན། །ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཁྱེར་ལ་སྤྱོད་


DTG002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱ། །བདག་གི་དལ་བ་མངོན་དུ་བྱས། །གང་བཤད་འཇིགས་པའི་གཟུགས་ཅན་གྱིས། །སྤྱོད་པ་ལོངས་སྤྱོད་ཕྱིར་མི་གསུངས། །ཡིད་ནི་བརྟན་ནམ་གཡོ་འམ་ཅི། །རང་གི་སེམས་ལ་སོ་སོར་བརྟག །ཅེས་བྱ་བ་ལ། འདི་ནི་བྱིས་པ་བརྐམ་ཆགས་ཅན། །ཆང་ལ་བག་མེད་དུ་སྤྱོད་པ། །བདུད་རྩིའི་བཏུང་བ་རྣམ་པར་སྤོང༌། །འགྱུར་བའི་བདེ་ལ་རབ་ཏུ་ཞེན། །སྔགས་དང་ཕྱག་རྒྱས་འཚོ་བ་སྒྲུབ། །དེ་དག་ཚུལ་མིན་སྤྱོད་པ་འདི། །དབང་དང་ཀུན་དུ་སྤྱོད་པ་དག །རང་སེམས་བརྟེན་པའི་རྒྱུ་རུ་གསུངས། །གང་དག་ཐ་སྙད་ཙམ་ཅིག་ལ། །བརྟེན་ཏེ་མི་དགེའི་ལས་བཅུ་སྤྱོད། །དེ་དག་འགྲོ་བ་ཅི་འདྲ་བ། །འདྲེན་པ་ཡིས་ཀྱང་ག་ལ་རྟོགས། །ཞེས་པའི་དོན་ཏོ། །ད་ནི་མ་འོངས་པའི་བྱིས་པ་རྣམས་ལ་དབང་པོ་གཉིས་ཀྱིས་འགྱུར་བས་སངས་རྒྱས་པར་བསྟན་པ་ལ། བུད་མེད་རྣམས་ཀྱིས་དབང་དང་སྤྱོད་པ་སྤྱད་པར་བྱ་བ་སྟེ། ཇི་ལྟར་ན་ཕྱག་རྒྱ་ནང་གི་ཕྱག་རྒྱའི་དངོས་གྲུབ་དང་སྤྱོད་པ་བསྟན་པར་བྱ་བའི་ཕྱིར་སྨོས་པ། རྡོ་རྗེ་སྙིང་པོས་གསོལ་བ། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་མི་མོ་གང་ཞིག་བདག་མེད་མའི་རྣལ་འབྱོར་དང་ལྡན་པ་དེས་ཕྱག་རྒྱའི་བདེ་བ་ཇི་ལྟ་བའི་ཚུལ་གྱིས་བསྒྲུབ་པར་བགྱི།འོན་ཏེ་མི་མོ་ཁོ་ན་ལས་འབྱུང་བ་ལྟ་ན་ནི་ཐབས་ཀྱི་དངོས་གྲུབ་མ་མཆིས་པར་ཡང་འགྱུར་རོ་ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུམ་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ཞེས་བྱ་བ་གསུངས་ཏེ། ལས་དང་པོ་པའི་མི་མོ་རྣམས་ཀྱིས་མི་མོའི་རྟོག་པ་ཡོངས་སུ་བཏང་སྟེ། ཀྱེའི་རྡོ་རྗེ་དངོས་སུ་མོས་པར་བྱ་ཞེས་པ་དང༌། དེ་བཞིན་དུ་ཡང༌། ནུ་མ་སྤངས་ཏེ་བོ་ལར་འགྱུར། །ཀ་ཀྐོ་ལ་དབུས་ཡང་དག་དགོད། །འགྲམ་གཉིས་དྲིལ་བུ་དག་ཏུ་འགྱུར། །ཞེས་བྱ་བ་གསུངས་ཏེ། བུད་མེད་གང་བདེ་བའི་དབང་ལ་འཇུག་པ་དེས། བདག་སྐྱེས་བུ་ཀྱེའི་རྡོ་རྗེ་ལྟ་བུར་བསྒྱུར་ལ་དཀར་འཛིན་དོར་ལ་བོ་ལར་བསྒྱུར་ཏེ་ཡིད་ཀྱིས་མོས་པའོ། །དེ་ལྟར་ན་བདེ་བའི་དུས་སུ་སྐྱེས་བུའི་གཟུགས་ཅན་གང་དེ་ནི་ཀ་ཀྐོ་ལ་དང་ལྡན་པ་དང༌། དེ་བཞིན་དུ་གཞོན་ནུ་མ་བདག་གི་སྐྱེ་གནས་ཀྱི་འགྲམ་གཉིས་


DTG002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུའི་མོས་པར་བསྒྱུར་བ་དང༌། །དེ་བཞིན་དུ། ཟེ་འབྲུ་བོ་ལ་ཅན་དུ་བསྒྱུར། །ཞེས་གསུངས་ཏེ། པདྨ་གང་གི་དབུས་ན་གནས་པའི་དངོས་པོ་དེ་ཉིད་གསང་བའི་ཆར་བསྐྱེད་ལ་བརྟག་པར་བྱ་བའི་ངེས་པའོ། །དེ་བས་ན། ལྷག་མ་བདག་ཉིད་ཆེན་པོ་ཉིད། །དགའ་ཆེན་ཧེ་རུ་ཀ་ཡི་གཟུགས། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །ཅེས་བྱ་བ་ལ། ཁམས་དང་སྐྱེ་མཆེད་ལྷག་མ་སོགས། །ཕན་ཚུན་རོ་མཉམ་མཚུངས་པའི་ཕྱིར། །བསྒྱུར་མི་དགོས་པར་སྐྱེས་བུ་ཉིད། །ཧེ་རུ་ཀ་སྟེ་ཐ་དད་མེད། །དེ་ལྟར་མོས་པས་བསྒྱུར་བ་ལས། །ཕྱག་རྒྱའི་དངོས་གྲུབ་མཆོག་ཏུ་དག །མི་མོ་རྣམས་ལ་འགྱུར་རོ་ཞེས། །བདག་ཉིད་ཆེན་པོ་ཉིད་ཀྱིས་གསུངས། །འབད་མི་དགོས་པར་སྐྱེས་བུར་འགྱུར། །གསལ་བར་ནུས་པའི་རྣལ་འབྱོར་བས། །དེ་ནས་ཕྱག་རྒྱའི་དངོས་གྲུབ་འགྱུར། །ཞེས་བྱ་བ་ཡང་གསུངས་ཏེ། རྣལ་འབྱོར་མ་གང་དེ་ལྟར་སྦྱོར། །བུམ་མེད་ལས་ནི་ཡོངས་བརྗེས་ནས། །སྐྱེས་བུ་གཟུགས་བཟང་ཕུན་སུམ་ཚོགས། །ཚེ་འདི་ཁོ་ནས་ཐོབ་ཀྱང་སྲིད། །གཞན་ཡང་དགེ་སློང་རྡོ་རྗེ་འཛིན་པ་དག་གིས་འཇིག་རྟེན་པའི་ཁ་ན་མ་ཐོ་བ་སྤང་བར་བྱ་བའི་ཕྱིར། །གཞོན་ནུ་མ་འགའ་སྐྱེས་བུར་བསྒྱུར་བ་སྤྱོད་པའི་གྲོགས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པ་སྟེ། དེ་ལྟར་ཕྱག་རྒྱའི་དངོས་གྲུབ་མཆོག་ཏུ་འགྱུར་བའོ། །ཆགས་དང་འཇིག་པ་དག་གིས་ཀྱང༌། ཐབས་དང་ཤེས་རབ་ལ་མི་གནོད། །གང་ལས་ཐབས་ནི་འགྱུར་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །དེས་ན་རབ་འཇིག་ཡོད་མ་ཡིན། །ཞེས་བྱ་བ་ལ། །དེ་ལྟ་བུའི་རིམ་པས། ཤེས་རབ་ཐབས་བདག་གཉིས་མིན་པར། །གསལ་བར་འཇོག་པའི་རྣལ་འབྱོར་གང༌། །མེ་དང་ཆུ་སོགས་འཇིག་པའི་ཚེ། །དེ་ལ་གནོད་པ་ཡོད་མི་ནུས། །འཇིག་དང་འཆགས་པའི་བག་ཆགས་འདི། །རང་གི་ཀུན་དུ་བརྟགས་པ་སྟེ། །རང་གཞན་ཆ་ཡི་རྟོག་པ་འདི། །འཇིག་རྟེན་གསུམ་པོ་དཀྲུགས་པ་ཡིན། །འདི་གསལ་འཁྲུག་པར་འགྱུར་མ་ཡིན། །བྱང་ཆུབ་སེམས་ཀྱི་འཇིག་རྟེན་ཁམས། །འཆགས་དང་འཇིག་པ་རབ་བསྲུངས་ན། །ཅེས་ཀྱང་མི་འཇིག་རྣལ་འབྱོར་ཆེ། །འཁོར་ལོས་སྒྱུར་ལྟར་ཀུན་དུ་རྒྱུ། །དེ་ཉིད་ལ་ནི་ཆགས་པ་མེད། །ལ་


DTG002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇིག་པས་འཇིག་པར་འགྱུར། །འཇིག་པའི་དངོས་མེད་ཟད་པ་མེད། །ཅེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རྒྱུན་འཇིག་པ་ན་འཇིག་པ་ཐམས་ཅད་འབྱུང་ཞེས་པའི་དོན་ཏོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་ལས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱ། །ཞེས་བྱ་བ་ལ་གང་དུ་ལྷ་གཅིག་ནས་བཟུང་ནས། འབུམ་གྱི་བར་དུ་རྒྱུད་གང་དང་གང་ལས་ཇི་སྐད་གསུངས་པའི་ཚུལ་དེ་དང་དེ་ལྟར་བསླབ་ཅིང་འབད་ལ་ཡིད་ཅེས་པར་བྱའོ། །དེ་ཡང་ཇི་སྐད་དུ། གང་གིས་ཁ་དོག་གང་གསུངས་པ། །དེ་ཉིད་དེ་ཡི་དཀྱིལ་འཁོར་ཏེ། །ལྷ་ཡི་གཟུགས་ནི་དེ་ལྟ་བུར། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་གསུངས་པའི་ཕྱིར། ཐོག་མ་ཉིད་དུ་སྤྲོས་པའི་རྣལ་འབྱོར་ལ་འབད་པར་བྱའོ། །དེ་ཡང་ཇི་སྐད་དུ། སེམས་ཅན་རྣམས་ནི་བློ་དམན་ཞིང༌། །བྱ་བ་ཙམ་གྱིས་རྨོངས་པ་རྣམས། །དངོས་པོའི་དོན་ལ་ཆགས་དགའ་བ། །མའོངས་དུས་ན་འབྱུང་བར་འགྱུར། །འདི་ལྟའི་ཚུལ་ནི་མི་ཤེས་པས། །ཡུལ་དང་དུས་དང་བྱ་བ་ལས། །དགེ་དང་མི་དགེའི་མཚན་མ་ཡིས། །རྨོངས་པ་འབྲས་བུ་འདོད་བྱེད་དེ། །སེམས་དཔའ་ཆེན་པོས་དེ་དག་ཕྱིར། །ཆོ་ག་འདི་ནི་བརྗོད་པ་ཡིན། ཞེས་སོ། །དཔེར་ན་ཆར་གྱི་རྒྱུན་འབབ་ན། །ཆུ་ཡི་ཆུ་བུར་རྣམས་འབྱུང་བ། །དེ་བཞིན་གསང་སྔགས་འགྲུབ་པ་ཡི། །སྤྲུལ་བ་རྣམ་པ་སྣ་ཚོགས་པ། །སེམས་ཅན་མེད་ཅིང་སྲོག་དང་ནི། །བྱེད་པ་པོ་ཡང་མེད་པ་སྟེ། །དངོས་པོ་ཐམས་ཅད་སྟོང་པ་ལ། །འཁྲུལ་བ་ཁོ་ན་སྣང་བར་ཟད། །ཅེས་པས་རྫོགས་པའི་རིམ་པ་རྟོགས་པར་བྱའོ། །ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །བར་དོའི་སྲིད་པ་གང་ཡིན་ལྟར། །རྟག་ཏུ་གོམས་པར་སྦྱོར་བ་ལས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་བྱ་བ་ལ་རྫོགས་པ་འདི་ནི་རང་གི་ལྷའི་དཀྱིལ་འཁོར་འདི་ཉིད། །སྒྱུ་མ་དང་རྨི་ལམ་དང་སྲིད་པ་བར་མ་དོའི་སྐྱེ་བོ་ལྟར། ཆགས་པ་དང་ཐོགས་པ་དང་བྲལ་བར་བསྒོམ་པ་ཉིད་རྫོགས་པ་ཞེས་འདོད་དེ། །འདོད་པ་སོ་སོར་སྤོང་བའི་ཕྱིར། །སོ་སོར་སྤང་བ་ཞེས་བཤད་དོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་


DTG002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་རླབས་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་པ་སྟེ་ཇི་ལྟར་སྒྱུ་མ་རྨི་ལམ་ལ་སོགས་པར་ཤེས་པ་ཁོ་ན་ཕྱག་རྒྱ་ཆེན་པོ་དང༌། འཇིག་རྟེན་པའི་སྤྱོད་པ་ལས་འགྲོལ་བའི་དབང་དང་། ཡུམ་སྒྱུ་འཕྲུལ་ཆེན་མོ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར། །འདི་ཉིད་ཤེས་པར་བྱ་བའི་ཕྱིར། །བདེ་བ་གནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གྲུབ་དེ་བསྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་རབ་བདེ་བ་ཐབས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲང་དང་ངེས་པའི་བྱེ་བྲག་ལས། །བསྐྱེད་དེ་སྤྲོས་ལ་ཞེན་སྤང་ཕྱིར། །དཀྱིལ་འཁོར་ཁ་དོག་ཡང་ཡང་བསྒྱུར། །ལས་ལ་སོགས་པའམ་འགྲུབ་འགྱུར་ལ། །རྡོ་རྗེ་འཆང་ཆེན་དྲུག་ཀྱང་ཡིན། །གཞན་དུ། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་ལ་སོགས་པས་དུ་བ་ལ་སོགས་པའི་ལམ་གྱི་མཚན་མར་གསུངས་ཏེ། །སོ་སོར་སྡུད་པའི་བདེ་ཉིད་དེ་ལྟར་སྣང་བའི་ཕྱིར་རོ། །བདེ་བཞིན་དུ་ས་བོན་གྱི་བདེ་བ་དེ་ཉིད་ཀྱི་དུས་སུ་གང་ཅུང་ཟད་དམིགས་པའི་གཟུགས་དང་ཁ་དོག་དང་རྒྱུ་བ་དང་མི་རྒྱུ་བ་རྣམས་བདེ་བ་ལས་གཞན་པར་མ་མཐོང་བའི་ཕྱིར་རོ། །དེ་བཞིན་ཀུན་དུ་རུ་སྐྱེས་པ་དེ། །བདེ་བ་དངོས་དང་དངོས་མེད་བདེ། །བདེ་བ་རྡོ་རྗེ་སེམས་དཔར་བརྗོད། །ཅེས་གསུངས་ཏེ། དེ་བས་འདོད་ཆགས་ཀྱི་མེས་ཚིག་པ་རྣམས་ལ་ཀུན་དུ་རུའི་བདེ་བ་ཉིད་མཆོག་ཏུ་བཤད་དེ། དངོས་དང་དངོས་མིན་གྱི་རང་བཞིན་གྱིས་རྡོ་རྗེ་སེམས་དཔའི་བདེ་བ་འཐོབ་པར་བྱེད་པའི་ཕྱིར་ལ་མི་འགྱུར་བ་རྣམས་ལ་ཇི་བཞིན་པའི་རྡོ་རྗེ་སེམས་དཔའི་བདེ་བའོ། །ད་ནི། སྤྲོས་པ་རྨི་ལམ་ལྟ་བུ་དང༌། །ཞེས་པས། །རྫོགས་པའི་རིམ་པ་ཤེས་པར་བྱ། །ཞེས་པའི་གསུང་གི་དགོངས་པ་དགྲོལ་བའི་ཕྱིར། །རྡོ་རྗེ་སྙིང་པོས་གསོལ་བ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཞེས་བྱ་བ་ལ། ཀྱེ་བཅོམ་ལྡན་འདས་དབང་པོ་གཉིས་ཀྱི་བདེ་བ་ཉིད་ཀྱིས་སངས་རྒྱ་པ་ལགས་ན། རྫོགས་པའི་བསྒོམ་པ་གཞན་མ་མཆིས་ཏེ། དེ་ལས་


DTG002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་དཀྱིལ་འཁོར་དང༌། །ཕྱག་རྒྱ་བཅིངས་པས་ཅི་ཞིག་འཚལ། །ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ཆེན་པོས་ཚིག་དེ་དག་གསན་ནས། ཨེ་མའོ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉོན། །ཞེས་གསུངས་ཏེ། ཀུན་རྫོབ་ཀྱི་ལུས་ཀྱི་དངོས་པོ་ཉིད་མེད་ན། བདེ་བ་ཆེན་པོ་ཞེས་བྱ་བ་བསྟན་པའི་ནུས་པ་མེད་པའི་ཕྱིར། ལུས་ཀྱི་དངོས་མེད་གང་ལས་བདེ། །ཞེས་པ་ལ་སོགས་པ་སྨོས་ཏེ། རྨོངས་པ་གང་གིས་ང་མི་ཤེས། །ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་རྣམས་ནི་ཐབས་དང་ཤེས་རབ་དེས་པར་གཏན་ལ་ཕབ་པའི་ལེའུར་རྒྱས་པར་བསྟན་ཏེ། །དེ་ལྟར་ན་ལུས་ཉིད་མིད་པར་འགྱུར་ན་དེ་ལ་བརྟེན་པའི་བདེ་བ་ཡང་མེད་དོ། །དེ་ལྟ་བས་ན། རྡོ་རྗེ་བཙུན་མོའི་བྷ་ག་ནི། །ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་ལ་རྟག་པར་ཞུགས། །ཞེས་པ་སྟེ། བཙུན་མོ་མི་རིགས་བཞི་སོགས་ལས། །སྐྱེས་པའི་བུ་མོ་མཚར་མོ་སྟེ། །ལྷ་ག་སྐྱེ་གནས་ཨེ་གཟུགས་ལ། །སྐྱེས་བུའི་ལིངྒ་ཝཾ་གྱི་དབྱིབས། །ཁ་སྦྱོར་གབ་ཙེ་ཞེས་སུ་དྲན། །དེ་ཡི་དབུས་གནས་ཁུ་བ་ལ། །སངས་རྒྱས་ཞེས་སུ་འདྲེན་པས་གསུངས། །ཞེས་པ་སྟེ། དེ་ལྟར་སྐྱེས་པ་དང་བུད་མེད་ཀྱི་ལུས་ཡོད་ན་བདེ་བ་ཆེན་པོ་ཡོད་དོ། །འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ཞེས་བྱ་བ་ནི་བྱིས་པའི་སྐྱེ་བོ་གང་དག་སངས་རྒྱས་ལ་བཙུན་མོ་དང༌། དབང་པོའི་བདེ་བ་དང༌། འཁོར་འདུས་པ་དང༌། ཆོས་བསྟེན་པ་དང༌། སྟོན་པ་དང༌། ཉན་པ་ལ་སོགས་པ་དང༌། འདོད་ཆགས་ཀྱི་བསྟན་པ་དེས་པར་ཡོད་ཅེས་སེམས་པ་དག་བཀག་པ་ཡིན་ཏེ། འདི་ལྟར་མ་འོངས་པའི་སྐྱེ་བོ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་རོལ་པ་བསྟན་པ་ཡིན་ལ། ཡང་དག་པར་ན་སངས་རྒྱས་ནི་རྡོ་རྗེ་ལྟ་བུའི་སྐུ་དང༌། གླང་པོ་ལྟར་མི་གཡོ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ན་ཡང་རང་གི་ལུས་པོ་ལས་སངས་རྒྱས་འབྱུང་བར་བསྟན་ཏེ། མཚན་དང་དཔེ་བྱད་དང་ལྡན་པའི་རྡོ་རྗེ་ལྟ་བུའི་སྐུ་ཡང་ཁུ་བ་ལ་བརྟེན་ཏེ་འཁྲུངས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་དགའི་


DTG002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ང༌། །དགའ་བྲལ་དང་པོའི་མཆོག་མཐའ་ཅན། །མུན་རུམ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཅེས་ཀྱིས། །ཞེས་གསུངས་ཏེ། ཐབས་དམ་པ་འདི་ཡང་བཙུན་མོ་མཆོག་དང་སྦྱོར་བ་ན་བླ་མའི་བཀའ་ལ་བརྟེན་ཏེ། ཆགས་པ་དང་བྲལ་བའི་དང་པོ་མཆོག་གི་དགའ་བའི་ཐ་མར་མུན་པ་སྨག་ཏུ་གྱུར་པ་ལ་མར་མེས་གསལ་བ་ལྟར་མཚོན་པར་བྱས་ན་འདི་ལྟར། བཙུན་མོའི་བྷ་ག་བདེ་བ་ཅན། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པས་གནས། །ཞེས་གསུངས་ཏེ། ངེས་པའི་དོན་ཡང་རྩ་བའི་རྒྱུད་ལས་འདི་ལྟ་སྟེ། དཔེ་བྱད་བརྒྱད་ཅུ་སོགས་སྤྲས་པའི། །མངའི་བདག་ཁུ་བ་ཡིན་ཞེས་པ། །བདེ་བ་འཛག་མེད་བརྟན་པ་ཡིས། །ཚུལ་ཁྲིམས་རལ་པ་མེད་ཕ་རུ། །བསམ་གཏན་བཞི་ཡི་མཐའ་གཟུང་སྟེ། །ཡིད་ཀྱི་མེ་ཏོག་མདངས་ཅན་འདི། །རླུང་གིས་ཡོངས་སུ་མི་འདའ་བར། །བཅིངས་པས་དཔེ་བྱད་ལྡན་པར་འགྱུར། །ཞེས་ངེས་པའི་དོན་དུ་གསུངས་སོ། །དེ་ལྟར་ལུས་མེད་ན་ཁུ་བ་མེད་ལ། ཁུ་བ་མེད་ན་བདེ་བ་དམིགས་པར་ཡང་ག་ལ་འགྱུར། དེ་བས་ན་སངས་རྒྱས་ཞེས་བྱ་བ་ཡང་མེད་པར་འགྱུར་རོ། །དེ་ལྟར་ན། དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ཞེས་གསུངས་ཏེ། ངེས་པར་དེ་བཞིན་གཤེགས་པས་བསྟན་པའོ། །དེ་བས་ན་ཡང་དག་པར་སངས་རྒྱས་ཞེས་བྱ་བ་དངོས་པོ་དང་དངོས་པོ་མ་ཡིན་པའི་ཐ་སྙད་ཐམས་ཅད་ལས་གྲོལ་བ། །བཞིན་དང་མདོག་ལ་སོགས་པ་མ་ཡིན་པ། །བདེ་བའི་རྣམ་པ་མ་ཡིན་པ་སྟེ། དགའ་བ་བཞི་དང༌། འཁོར་ལོ་བཞི་དང༌། སྐད་ཅིག་མ་བཞི་དང༌། འབྲས་བུ་བཞི་དང༌། དབང་བཞི་དང༌། གནས་སྐབས་བཞི་ལ་སོགས་པ་དང༌། སྐྱེས་པ་དང༌། མི་མོའི་བདེ་བ་དང༌། རྩ་དང༌། རླུང་དང༌། ཐིག་ལེ་དང༌། ཟླ་བའི་དུམ་བུ་དང༌། སྒྲ་དང་ཚིག་ལ་སོགས་པ་རྣམས་སངས་རྒྱས་མ་ཡིན་ཏེ། གང་དེ་ལྟར་བསྟན་པ་རྣམས་གདུལ་བར་དཀའ་བའི་སྐྱེ་བོ་ལ་བསྟན་པ་སྟེ། དེའི་ཕྱིར་དབང་པོ་གཉིས་ཀྱི་བདེ་བ་ཡང་བསྟན་ལ། སངས་རྒྱས་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པ་ཡང་ཁུ་བའི་ལྷན་ཅིག་སྐྱེས་པ་


DTG002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། རང་བཞིན་དུ་གནས་པའི་ལྷན་ཅིག་སྐྱེས་པ་ལ་སངས་རྒྱས་ཞེས་གསུངས་སོ། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་བཞིན་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་གསུངས་ཏེ། བདེ་བས་ཀུན་ལ་ཁྱབ་པའི་ཕྱིར་དང༌། རང་བཞིན་ལྷན་ཅིག་སྐྱེས་པས་ཀུན་ལ་ཁྱབ་པའི་ཕྱིར་དེ་སྐད་ཅེས་གསུངས་ཏེ། རྣམ་པ་འདི་དག་རྟོགས་པར་བྱ་བའི་ཕྱིར། ཐབས་གཞན་ཡོད་པར་མ་གཟིགས་པས། ཀུན་རྫོབ་ཀྱི་གཟུགས་འདི་ཉིད་མཆོག་ཏུ་བསྔགས་པ་མཛད་དོ། །དེ་བས་ན་རྩོལ་བ་ལས་བྱུང་བའི་བདེ་བ་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། གློ་བུར་མ་ཡིན་པའི་ཕྱིར། སྟོན་ཀའི་མེ་ཏོག་ལ་སོགས་པ་དང་འདྲའོ། །དེའི་ཕྱིར་ཡང༌། རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་སོ། །དེ་ལས་གཞན་པ་ནི་འདྲ་བའི་དཔེ་སྟེ་བྱིས་པ་རྣམས་གཞུག་པའི་དོན་ཏོ། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། རང་བཞིན་མྱ་ངན་འདས་པ་ཉིད། །ཅེས་བྱ་བ་ནི། བསྐྱེད་པའི་རིམ་པ་ཉིད་གཟོད་མ་ནས་རང་བཞིན་གྱིས་དག་པའི་ཕྱིར་རོ། །འོན་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱི་རྣམ་པ་ཅི་ཞིག་བྱ་ཞེ་ན། ལྷ་ཡི་རྣམ་པའི་གཟུགས་དག་ཏུ། །བཞིན་ལག་ཁ་དོག་གནས་པ་ནི། །བསྐྱེད་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་གཟོད་མ་ནས་ངོ་བོ་ཉིད་ཀྱིས་འབྲལ་བ་ཡིན་གྱིས་ཀྱང་བྱིས་པ་རྣམས་ཀྱིས་རྟོགས་པའི་སྐལ་བ་མེད་པའི་ཕྱིར། བག་ཆགས་ཕལ་པས་བཞིན་ལག་དང་ཁ་དོག་གི་ལྷ་རུ་བསྟན་པས་བྱིས་པ་རྣམ་གྲོལ་བར་འགྱུར་གྱིས། །གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་ན་ཡང་དཔེ་མངོན་དུ་སྣང་སྟེ། འདི་ལྟར། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་པ་ལ་མངོན་སུམ་དུ་གྲུབ་བོ། །དེ་བཞིན་དུ། དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ཡང་འཇིག་རྟེན་པ་ལ་མངོན་དུ་གྲུབ་སྟེ། འདི་ལྟར་སྐྱེས་བུ་དྲུག་གི་སྔགས་དང་སྨན་ཤེས་པ་འགའ་ཞིག་གིས་དུག་གི་དུམ་བུ་འགའ་ལ་བྱིན་གྱིས་བརླབས་ཏེ་


DTG002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ན་གནོད་པར་མི་འགྱུར་ལ། སླར་བཞིན་ནད་ཀྱི་གཞི་འགའ་ལ་ཕན་འདོགས་པའི་གཞིར་འགྱུར་རོ། །དེ་བཞིན་དུ་གཞན་ཡང་ནུས་པ་མངོན་དུ་སྣང་སྟེ། འདི་ལྟར། དཔེར་ན་རླུང་ནད་ལྡང་བ་ལ། །མོན་སྲན་སྡེའུའི་བཟའ་བ་བཞིན། །བཟློག་པའི་སྨན་ནི་བརྟགས་པ་ལས། །རླུང་གིས་རླུང་ལ་སྣུན་པར་བྱེད། །ཅེས་བྱ་བ་གསུངས་ཏེ། འདི་ལྟར་སྐྱེས་བུ་རླུང་ནད་ཀྱིས་བཏབ་པ་འགའ་ལ། མོན་སྲན་སྡེའུའི་ཚོད་མ་བཟའ་བཏུང་དུ་བྱིན་ན། རེ་ཞིག་ནད་དེ་རྒྱས་པར་འགྱུར་ལ། ཕྱིས་དེ་ཉིད་འཇོམས་པར་བྱེད་པའི་སྨན་པས་མར་ལ་སོགས་པ་ལན་བདུན་དུ་གདུས་ལ་འབྲས་བུ་གསུམ་གྱི་ཕྱེ་མ་དང་སྦྱར་བའི་བཟའ་བ་བྱིན་པས་རླུང་ནད་དེ་རྩད་ནས་འཇོམས་པར་བྱེད་དོ། །དཔེ་དེ་བཞིན་དུ། རྣམ་རྟོག་གིས་ནི་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་བྱ་བ་གསུངས་ཏེ། འདི་ལྟར་བསྐྱེད་པའི་ཏིང་ངེ་འཛིན་རྣམ་པར་རྟོག་པའི་བདག་ཉིད་ཅན། ལག་པའི་ཕྱག་རྒྱ་བཅིང་བ་དང༌། འདུག་སྟངས་དང༌། ལྟ་སྟངས་དང༌། ཕྲེང་བའི་ཁྱད་པར་ལ་སོགས་པས་ཐོག་མ་ཉིད་དུ་འཇིག་རྟེན་པའི་ཐ་སྙད་ཁྱད་པར་ཅན་དུ་བྱས་ལ་ཕྱིས་ཕྱི་མའི་ཡོན་ཏན་གྱིས། སྔོན་མ་རྣམས་སྤང་བར་བྱ་བ་ནི་རྒྱུད་དེ་དང་དེའི་ངེས་པའོ། །དེ་བཞིན་དུ་བསྡུས་པའི་རྒྱུད་འདི་ཉིད་ལས་ཀྱང་ཇི་སྐད་དུ། དགའ་བྲལ་དགའ་བ་སྲིད་པ་སྟེ། །དེ་བས་ལྷན་ཅིག་སྐྱེས་པ་བསྒོམ། །ཞེས་གསུངས་སོ། །དེ་ལྟར་ཡང༌། དཔེར་ན་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་གདོན་པར་བྱ། །ཞེས་བྱ་བ་གསུངས་ཏེ། རྣ་བའི་བུ་གའི་གཏིང་ན་ཆུའི་ཐིགས་པ་འགའ་ཞིག་ཡོད་ན། ཆུ་གཞན་སླར་བཞིན་བླུགས་པས་ཕྱིར་འབྱུང་བ་ནི་འཇིག་རྟེན་པ་ལ་མངོན་དུ་གྲུབ་བོ། །དཔེ་དེ་བཞིན་དུ། དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །རྣམ་རྟོག་ཡིད་ཀྱིས་སྦྱང་བར་བྱ། །ཞེས་བྱ་བ་སྟེ། སྤྲོས་པའི་ཏིང་ངེ་འཛིན་དང་བརྟགས་པའི་ཆོས་ལུས་དང་ལུས་ཀྱི་ཆ་ཤས་ལྷའི་རྣམ་པར་བརྟགས་པ་སྲིད་པའི་མཚན་ཉིད་ཅན་མ་གཏོགས་པར་གྲོལ་བར་འགྱུར་བའི་ཐབས་མེད་པར་འགྱུར་རོ། །དེ་བཞིན་དུ་ཡང་འཇིག་རྟེན་ན་མངོན་སུམ་དུ་སྣང་བའི་དཔེ་ནི་འདི་ལྟ་སྟེ། དཔེར་ན་མེ་ཡིས་ཚིག་པ་ལ། །སླར་བཞིན་མེ་ཡིས་གདུང་བར་བྱ། །ཞེས་བྱ་བ་ཡང་འགའ་


DTG002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ཡན་ལག་མེས་ཚིག་པའི་སྐད་ཅིག་ལ་བྱིས་པ་མི་མཁས་པ་ཁ་ཅིག་ནི། མི་མཐུན་པའི་དངོས་པོ་ཆུའི་ནང་དུ་རེག་པར་བྱེད་དེ། སླར་ཞིང་གནོད་པར་བྱེད་དོ། །དེ་བཞིན་དུ། དེ་ལྟར་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་སླར་ལ་གདུང༌། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ནས་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། འདོད་ཆགས་ལ་སོགས་ཉོན་མོངས་རྣམས། །མི་རྣམས་ཀུན་དུ་འཆིང་འགྱུར་ཞེས། །འདྲེན་པ་དཔའ་བོས་གསུངས་པ་ནི། །ཐབས་དང་མི་ལྡན་མི་ལ་གསུངས། །གང་ཞིག་ཐབས་ལྡན་སྐྱེས་བུ་ལ། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞེས། །སླར་ཡང་མངར་བདག་ཆེན་པོས་གསུངས། །དེ་ཡི་ཐབས་ནི་འདི་དག་གོ །འདི་ལྟ་སྟེ། གང་འཇིག་རྟེན་གསུམ་གྱི་སྐྱེས་བུ་ཆགས་པ་ཅན་རྣམས་འདི་ལྟར་བདག་གི་བདོག་པ་ཕུན་སུམ་ཚོགས་པ་ཡང་འདོད་ཆགས་ཉིད་ཀྱིས་མ་རུངས་བྱེད་ལ། འཁོར་བར་གནས་པར་བྱེད་པ་ཡང་འདི་ཉིད་དེ། འདི་ལྟར་དེ་ཁོ་ན་ཉིད་མེད་པའི་ཕྱིར། གླང་པོ་ཆེ་སྨྱོན་པ་གང་ཞིག་གི་སྟེང་དུ། །ལྕགས་ཀྱུ་འཛིན་པའི་ཁ་ལོ་བ་མེད་པར་ཞོན་པ་དང་མཚུངས་སོ། །དེ་ལྟ་བས་ན། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་བྱ་བ་གསུངས་ཏེ། འཛག་པས་ནི་འཆིང་བར་འགྱུར་ལ། འཛག་པ་མེད་པ་མི་ཟད་པའི་བདེ་བས་ནི་གྲོལ་པར་འགྱུར་རོ། །དེ་ལྟར་ན་དེ་བཞིན་གཤེགས་པས་གནས་གང་དུ་སྨད་པར་གསུངས་པ་དེ་ནི་འཛག་པ་ལ་དགོངས་པ་ཡིན་ལ། གང་དུ་བསྔགས་པ་མཛད་པ་ནི། །མི་འགྱུར་བའི་བདེ་བ་འདི་ལྟ་བུ་ཉིད་ལ་དགོངས་པ་ཡིན་ནོ། །དེ་ལྟར་ཆགས་པ་དེ་ཉིད་མི་འགྱུར་བ་འདི་ནི། བྱིས་པའི་རྣལ་འབྱོར་གྱི་ཡུལ་མ་ཡིན་ཏེ། །ཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས་།ཞེས་བྱ་བ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་གིས་སྐད་ཅིག་ལ་དེ་བཞིན་གཤེགས་པའི་རང་བཞིན་དུ་འགྱུར་བའི་ཕྱིར་རོ། །འདི་སྐད་དུ། འབྱུང་བ་ལྔ་ཡི་རང་བཞིན་ཕྱིར། །ཞེས་བྱ་བ་གསུངས་ཏེ།


DTG002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་གང་གི་སྐད་ཅིག་ལ་འབྱུང་བ་ལྔའི་རང་བཞིན་དུ་འགྱུར་བ་དེའི་ཕྱིར་རོ། །གང་ཡིན་ཞེ་ན། ཀུན་དུ་རུ་ལ་ལྔ་རུ་འགྱུར། །ཞེས་པ་སྟེ་སྙོམས་པར་འཇུག་པའི་དུས་སོ། །དགའ་བ་ཆེན་པོ་གཅིག་ཉིད་ལས། །དབྱེ་བ་ལྔ་རུ་འགྲོ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། ནམ་མཁའ་ལྟ་བུའི་འོད་གསལ་བའི་དགའ་བ་ཆེན་པོ་གཅིག་པོ་ཉིད་ཀྱི་དུས་སུ་འཇིག་རྟེན་ཀུན་རྫོབ་ཏུ་གནས་སྐབས་ཐ་དད་པ་ལྔ་འབྱུང་སྟེ། འདི་ལྟར། བོ་ལ་ཀ་ཀྐོ་ལ་སྦྱོར་བས། །ཞེས་བྱ་བ་རྡོ་རྗེ་དང་པདྨ་སྦྱོར་བའི་དུས་སུའོ། །གང་དུ། རིག་པས་སྲ་བའི་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །ཅེས་བྱ་བ་གསུངས་ཏེ། གང་གིས་སྐད་ཅིག་ལ་མཁྲང་བ་དང༌། སྲ་བ་སའི་ཁམས་ཡིན་ལ། དེའི་ཕྱིར་སྐད་ཅིག་དེ་ནི་རྣམ་པར་སྣང་མཛད་དུ་བརྗོད་དོ། །དེ་བཞིན་དུ། བྱང་ཆུབ་སེམས་ནི་གཤེར་བ་ཡི། །ཆུ་ཡི་ཁམས་སུ་རབ་བརྗོད་དོ། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །བྱ་བ་ཡིན་ལ་མི་བསྐྱོད་པ་གཤེར་པའི་མཚན་ཉིད་དེ་ནི་ཆུའི་ཁམས་ཡིན་ནོ། །དེ་བཞིན་དུ་གཉིས་སྤྲད་པའི་དུས་སུ་དྲོད་སྐྱེས་པ་དཔག་མེད་འོད་ཡིན་ཏེ། འདོད་ཆགས་དྲོད་ལས་འབྱུང་བའི་ཕྱིར། །འདོད་ཆགས་ཀྱི་དྲོད་དེ་ནི་མེའི་ཁམས་ཡིན་ནོ། །དེ་བཞིན་དུ་ཀ་ཀྐོ་ལར་ནི་གང་ཞིག་སེམས། །དེ་ན་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །ཅེས་བྱ་བ་གསུངས་ཏེ། དུས་དེར་ཐིག་ལེ་གཡོ་ཞིང་ལྟུང་བ་རླུང་གི་བྱེད་པ་པོ་ཡིན་ལ། དོན་ཐམས་ཅད་རླུང་གིས་སྒྲུབ་པའི་ཕྱིར་དེ་སྐད་ཅེས་བྱའོ། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དོ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །ཅེས་བྱ་བ་ལ་སྐད་ཅིག་གང་ལ་ཁྲག་ལ་བརྟེན་ཏེ་འབྱུང་བའི་བདེ་བདེ་ནི། རིན་ཆེན་འབྱུང་ལྡན་གྱི་མཚན་ཉིད་དོ། །རིན་པོ་ཆེ་ནམ་མཁའི་ཡོན་ཏན་ཏོ། །དེ་ལྟར་ན་བདེ་བའི་སེམས་ཆེན་པོ་གང་ན་གཅིག་ཡོད་པ་དེ་ན་ལྔའི་གཟུགས་ཀྱིས་ངེས་པར་གནས་ཏེ། རིགས་ལྔའི་རང་བཞིན་ཅན་འབྱུང་བར་འགྱུར་བ་དེ་ཉིད་ཀྱི་ཕྱིར། སངས་རྒྱས་པ་དང༌། མུ་སྟེགས་རྣམས་ཀྱིས་རིགས་བར་མི་འགྱུར་ཏེ། སླར་བཞིན་


DTG002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་པར་འགྱུར་རོ། །དེ་ལྟར་ན། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །ཅེས་བྱ་བ་གསུངས་ཏེ། རིགས་ཀྱི་གཙོ་བོ་རྣམ་པ་ལྔ་པོ་དེ་ལས་རིགས་ཕལ་པ་བགྲང་བ་ལས་འདས་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་ན་འདོད་པའི་འདོད་ཆགས་ཀྱང་དཔག་ཏུ་མེད་པར་རིག་པར་བྱའོ། །རིགས་ལྔ་པོ་དེ་དག་ཀྱང་མགྲིན་པ་དང་རྐན་དང་སྤྱི་བོ་དང་མཆུ་དང་སོའི་ཆོས་ཅན་བསྟན་པར་བྱའོ། །འདི་ལྟ་སྟེ། ཨ་ཨི་རྀ་ཨུ་ལྀ་ཞེས་བྱ་བ་རྣམས་གནས་ལྔ་ནས་འབྱུང་བ་རིགས་ལྔར་འདོད་ཅིང་དེ་དག་རྣམས་ལ་ཡོན་ཏན་དང་འཕེལ་བ་དང་ཡ་ཎའི་རྐྱེན་གྱིས་བསྒྱུར་བས་རིང་ཐུང་དུ་ཕྱེ་སྟེ་བསྒྱུར་ན། དཔག་ཏུ་མེད་པར་འགྱུར་དུ་རུང་ངོ༌། །མདོ་ཙམ་ཞིག་བསྟན་པ་འདི་ལྟ་སྟེ། དངོས་པོ་འདི་དག་ཐབས་དང་ཤེས་རབ་ཀྱི་ཆར་གནས་ལ། དེ་ཡང་ཨཱ་ལི་དང་ཀཱ་ལི་ཁོ་ནར་འདུས་སོ། །ཨཱ་ལི་ནི་ལྔ་ཡིན་ཏེ་གནས་ལྔ་ནས་འབྱུང་བའི་ཡི་གེ་ལྔར་བསྟན་ཏེ། གོང་དུ་བརྗོད་པ་ཉིད་དོ། །ལྔ་པོ་དེ་ཉིད་རྣམས་ལ་ཐིག་ལེས་མནན་པས་ཐབས་ཀྱི་ཆ་སྟོན་པར་བྱེད་པ་སྟེ། དྲུག་དང་དེ་བཞིན་དུ་ལྔ་པོ་དེ་ལས་རྣམ་པར་གཅད་པར་བྱ་བས་བསྣན་པས་ཡང་དྲུག་སྟེ་ཤེས་རབ་ཀྱི་ཆར་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གསལ་བྱེད་འགའ་ཞིག་གི་ནི་སུམ་ཅུའོ། །དེ་ལྟར་ན་གསལ་བྱེད་སུམ་ཅུ་པོ་ལ་ཐབས་ཀྱི་ཡི་གེ་དྲུག་གིས་ཉེ་བར་བསྒྱུར་ན་བརྒྱ་བརྒྱད་ཅུར་འགྱུར་ཏེ་བགྲོད་པ་གཅིག་གིས་སོ། །ཡང་དེ་བཞིན་དུ་སུམ་ཅུ་པོ་ཤེས་རབ་ཀྱི་ཡི་གེ་དྲུག་གིས་ཉེ་བར་བསྒྱུར་བས་བརྒྱ་བརྒྱད་ཅུ་སྟེ། སྔོན་དང་མཚུངས་ཏེ་དེ་ལྟར་བགྲོད་པ་གཉིས་སུ་འགྲུབ་བོ། །བརྒྱ་བརྒྱད་ཅུ་གཉིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་དུ་བསྲེས་པས་སུམ་བརྒྱ་དྲུག་ཅུའོ། །དེ་ནི་ནང་དུ་འབྱུང་བ་གཅིག་གི་རླུང་ཡིན་ལ། ཕྱིར་ནི་ལོ་གཅིག་གི་ཞག་ཡིན་ནོ། །སུམ་བརྒྱ་དྲུག་ཅུ་ལ་འབྱུང་བ་ལྔས་བསྒྱུར་བས་སྟོང་བརྒྱད་བརྒྱ་ཡིན་ལ། ཡང་དེ་ལ་འཕོ་བ་བཅུ་གཉིས་ཏེ་ཟླ་བ་བཅུ་གཉིས་ཀྱིས་ཁྱིམ་བཅུ་གཉིས་ཀྱི་ཉེ་བར་བསྒྱུར་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞེས་བྱ་བར་གནས་ཏེ། དེ་ལྟར་ན་རིགས་ཐམས་ཅད་རིགས་ལྔ་ལས་འབྱུང་པར་འགྱུར་རོ། །དེ་ལྟར་ན་ལོ་བཅུ་གཉིས་དང་པོ་དྲུག་ཅུ་དག་ནི་ཟླ་བ་དང༌། ཞག་དང༌། ཆུ་ཚོད་དང༌། ཆུ་སྲང་དང༌། དབུགས་རྣམས་ལ་འབྱུང་བ་རྣམ་པ་ལྔས་


DTG002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ན། བགྲང་བ་ལས་འདས་པའི་རིགས་སུ་ཤེས་པར་བྱའོ། །དེ་ལྟར་ན། དེའི་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡིས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གངྒཱའི་ཀླུང་བཅུའི་བྱེ་སྙེད་ཉིད། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་འབྱུང་བ་རྣམས། །ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་ནམ་མཁའི་རིགས་ལུས་ཅན་ཐམས་ཅད་ལ་མཆོག་རུ་ཕན་པ་བསྐྱེད་པ། མ་བཅོས་པའི་ལྷན་ཅིག་སྐྱེས་པ་འདི་ནི། །དབང་པོ་གཉིས་སྙོམས་པར་འཇུག་པའི་བདེ་བ་མ་གཏོགས་པ་གཞན་དུ་ཤེས་པའི་ཐབས་མེད་པའི་ཕྱིར། ཉན་ཐོས་དང་རང་རྒྱལ་བ་དང་མུ་སྟེགས་བྱེད་རྣམས་ལ་གསང་བར་ངེས་སོ། །ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། དངོས་གྲུབ་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་གཉིས་པའོ།། །།

གསུམ་པ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་དགའ་བ་བཞི་རྒྱུན་ཅན། །ཨེ་ཝཾ་ཡི་གེར་ཕྱག་འཚལ་ཏེ། །རྒྱུད་ཀྱི་གླེང་གཞི་གསང་བའི་སྐད། །རྒྱས་བཤད་རྡོ་རྗེ་སྙིང་པོས་བྲི། །དེ་ནས་རྡོ་རྗེ་ཅན་གྱི་རྣལ་འབྱོར་མ་རྣམས་ལ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྒྱུད་ནི་རྣམ་པ་བཞི་སྟེ། །སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང་བཞི་སྟེ། རྣམ་པ་བཞི་ནི་རྒྱུད་དོ། །གླེང་གཞི་ནི་ལོ་རྒྱུས་དང༌། གནས་དང༌། སྤྱོད་པ་དང་མི་འབྲལ་བ་ལ་བྱའོ། །ཐབས་དེ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་སྦྱར་རོ། །དེ་བཞིན་དུ་གཞན་ཡང་། སྡོམ་པ་དང་ནི་དབང་དང་ཡང༌། །དེ་བཞིན་བརྡ་ཡི་སྐད་ཉིད་དང༌། །དགའ་དང་སྐད་ཅིག་དབྱེ་བ་དང༌། །གཞན་ཡང་བཟའ་བ་ལ་སོགས་པ། །དེ་ལ་སྡོམ་པ་གསུངས་པ་ནི། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཀྱེའི་རྡོ་རྗེ་ནི་མཚོན་པ་ཡིན་ལ། དེ་བཞིན་དུ་གཙུག་ལག་གི་རྒྱུད་ཐམས་ཅད་


DTG002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡོམ་པ་ནི་གང༌། དབང་ནི་གང༌། དགའ་བ་ནི་དུ། སྐད་ཅིག་གི་དབྱེ་བ་ནི་གང༌། རྣལ་འབྱོར་གྱི་བཟའ་བ་ནི་ཇི་ལྟ་བུ་ཡིན་པ་མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གསུངས་ཞེས་སྦྱར་རོ། །དེ་ལ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་བྱ་བ་ལ་དོན་འདི་ཡང་རྩ་བའི་རྒྱུད་ཉིད་ལས། ང་ནི་མྱ་ངན་འདས་རྗེས་སུ། །ཉན་ཐོས་བྱིས་པས་རྟོགས་བྱའི་ཕྱིར། །ལག་ན་རྡོ་རྗེ་ལ་སོགས་ལ། །ཆོས་ཀྱི་ཐོག་མར་ཨེ་ཝཾ་སྐད། །འཁོད་ཅིག་ཅེས་པ་དྲང་བའི་དོན། །ང་ནི་མྱ་ངན་འདའ་བ་མེད། །ང་ནི་རྡོ་རྗེ་ལྟ་བུའི་སྐུ། །དུས་རྣམས་ཀུན་དུ་ང་འདུག་སྟེ། །བྱིས་པ་རྣམས་ལ་འཕོ་བར་བསྟན། །དེ་ལྟ་བུ་ནི་དྲང་བའི་དོན་གྱི་གླེང་གཞིའོ། ངེས་པའི་དོན་དུ་ནི། །ཨེ་ཝཾ་ཞེས་པ་ཕ་དང་མ། །ཨེ་ཝཾ་ཉི་ཟླར་རབ་ཏུ་བསྟན། །ཨེ་ཝཾ་ཁྲག་དང་ཁུ་བ་དངོས། །ཨེ་ཝཾ་གཡས་དང་གཡོན་པ་ཡིན། །ཨེ་ཝཾ་ལིངྒ་སྐྱེ་གནས་བརྗོད། །ཨེ་ཝཾ་ཐབས་དང་ཤེས་རབ་སྟེ། །ཨེ་ཝཾ་བདེ་སྡུག་ཀུན་གྱི་གཞི། །ཨེ་ནི་ལྟེ་བ་སྤྱི་བོ་ཝཾ། །ཞེས་བྱ་བ་གསུངས་ཏེ། ངེས་པའི་དོན་ཏོ། །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པར་བསྟན་པའོ། །བཅོམ་ལྡན་སྟོན་པ་འགྲོ་བའི་བླ། །མཁའ་འགྲོ་མ་ཡི་སྡོམ་པ་ཉིད། །ཨེ་ཝཾ་རྣམ་པ་ཅི་ཞིག་ལགས། །རིམ་པ་ཇི་ལྟར་བཤད་དུ་གསོལ། །ཞེས་བྱ་བ་ནི་མཁའ་འགྲོ་མ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ། རྡོ་རྗེ་སེམས་དཔའི་རང་བཞིན་ལ་མངོན་དུ་བོས་ནས་མཁའ་འགྲོ་མའི་བདེ་བའི་སྡོམ་པ་དང༌། ཡི་གེ་ཨེ་ཝཾ་གྱི་དོན་ཇི་ལྟར་ལགས་པ་ཁོ་མོ་ཅག་གིས་མི་འཚལ་གྱིས། དེ་བཤད་དུ་གསོལ་ཞེས་པའི་དོན་ཏོ། །དེའི་ལན་དུ་གསུང་བར་བཞེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་ཡི་ཆ་བྱད་བཟང་པོ་གང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བདག་མེད་མ་དང་རི་ཁྲོད་ལོ་མ་ཅན་ལ་སོགས་པའི་རྣལ་འབྱོར་མ་ཁྱེད་རྣམས་ཉོན་ཅིག །འདི་ལྟར་ཨེ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཡིན་ལ། དེ་ཉིད་


DTG002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་ཁྱེད་རྣམས་ཉིད་ཀྱི་ལུས་ཀྱི་དབུས་ན། གྲུ་གསུམ་འབར་བའི་ཆ་བྱད་དུ་གནས་ཤིང༌། དེ་ཉིད་ཀྱི་དབུས་ན་སྲིད་པ་གསུམ་གྱི་བདེ་བ་ཐམས་ཅད་འདྲེན་པར་བྱེད་པ་བུམ་པ་བཟང་པོ་ལ་དཔག་བསམ་གྱི་ཤིང་གི་ཁ་རྒྱན་གྱིས་བརྒྱན་པ། དྲི་མ་མེད་པའི་ཆུ་ཡིས་བཀང་བ་ལྟ་བུ་གནས་པ་ཡིན་ཏེ། རིགས་ཀྱི་བུ་མོ་དག་འདི་ནི། །ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གྱི་རྣམ་པས་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བྱ་བ་ཡིན་ཏེ། འདི་ལྟར་འདི་ཉིད་ནི་འཇིག་རྟེན་གསུམ་གྱི་བདེ་བ་ཐམས་ཅད་ཀྱི་གཞི་རྟེན་དང༌། རྣལ་འབྱོར་མ་རྣམས་ཀྱི་བདེ་བའི་སྡོམ་པའི་གནས་དང༌། དཀའ་ཐུབ་ཅན་རྣམས་ཀྱི་ཚུལ་ཁྲིམས་བསྲུང་བར་བྱ་བའི་གཞི་ཡིན་ལ། སངས་རྒྱས་རྣམས་ཀྱི་བདེ་བ་རིན་པོ་ཆེའི་གཞལ་ཡས་ཁང་པ་ཞེས་ཀྱང་བཏགས་སོ། །དེ་བས་ན་ལས་ཀྱི་དང་པོར་གཏོགས་པ་གཉིས་སྤྲོད་པའི་བདེ་བས་སངས་རྒྱས་པར་འདོད་པ་རྣམས་ཀྱིས་ཀྱང༌། གཞི་འདི་ལ་བརྟེན་ཏེ། སྐད་ཅིག་མ་བཞིས་ཕྱེ་སྟེ་བླ་མའི་ལུང་བཞིན་དུ་འཇུག་པར་བྱས་ན་ཚེ་འདི་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་ཅེས་གསུངས་སོ། །དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང༌། སྐད་ཅིག་དབྱེ་བས་ཕྱེ་བ་ལ། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་ཤེས་ནས་བདེ་ཤེས་པ། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་གསུངས་ཏེ། གླེང་གཞི་དང་སྡོམ་པ་བསྟན་པའོ། །ད་ནི་སྐད་ཅིག་བཞི་དང་དགའ་བ་བཞི་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། སྣ་ཚོགས་དང་ནི་རྣམ་སྨིན་དང༌། །རྣམ་ཉེད་དེ་བཞིན་མཚན་ཉིད་བྲལ། །ཞེས་བྱ་བ་སྟེ། དེ་ཡང་ཇི་སྐད་དུ། རྩ་བའི་རྒྱུད་ལས། ལུགས་དང་ལུགས་བཟློག་ཁྱད་པར་ལས། །སྣ་ཚོགས་སུམ་ཅུ་རྩ་གཉིས་གནས། །རྣམ་པར་སྨིན་པ་བཅུ་དྲུག་ན། །བརྒྱད་ཀྱི་གནས་ནས་རྣམ་ཉེད་ཉིད། །བཅུ་དྲུག་བཞི་གནས་མཚན་ཉིད་བྲལ། །ས་དང་ཆུ་དང་མེ་དང་རླུང༌། །རིམ་པ་བཞིན་དུ་ཤེས་པར་བྱ། །ལུགས་འབྱུང་རིམ་པ་འདི་ལྟ་སྟེ། །གཡོན་ན་རྒྱུ་བར་ཤེས་པར་བྱ། །ལུགས་བཟློག་དེ་ལས་བཟློག་ཡིན་ཏེ། །སུམ་ཅུ་གཉིས་གནས་མཚན་ཉིད་བྲལ། །གཡས་ན་རྒྱུ་བར་ཤེས་


DTG002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །རྟེན་འབྲེལ་ལུགས་འབྱུང་ལུགས་ལས་བཟློག །དགེ་སློང་དགྲ་བཅོམ་བྲག་པ་ཟད། །འདོད་ཆགས་དབྲལ་བས་དབང་པོ་ཐུལ། །ཞེས་གསུངས་སོ། །དེ་ལྟ་ན་ཡང༌། སྐད་ཅིག་བཞི་ནི་རབ་ཤེས་ན། །དེ་ཉིད་རྣལ་འབྱོར་པས་ཤེས་འགྱུར། །ཞེས་པ་སྟེ། སྐད་ཅིག་བཞིའི་བྱེ་བྲག་མ་ཤེས་པར་དེ་ཁོ་ན་ཉིད་དུ་མི་འགྱུར་ཏེ། ཇི་ལྟར་ཕྱི་ཡིན་དེ་བཞིན་ནང༌། །ཞེས་གསུངས་པའི་ཕྱིར་རོ། །འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །ཅེས་བྱ་བ་ནི་འཁྱུད་པའི་སྐད་ཅིག་མ་ནི་སྣ་ཚོགས་པའོ། །དེ་བཞིན་དུའོ་བྱེད་པ་དང་། འཛུམ་པ་ལ་སོགས་པ་དང༌། ན་ཁམ་རྡ་ན་ལ་སོགས་པ་ཐམས་ཅད་སྣ་ཚོགས་ཀྱི་མཚན་ཉིད་ཡིན་ལ། རྣམ་པར་སྨིན་པ་ནི་ཐ་ལྟག་ཏུ་འབྱུང་སྟེ། དེའི་གོང་དུ་ནི། རྣམ་པར་ཉིད་པ་བདེ་བའི་ཡེ་ཤེས་ཟ་བ་ཉིད་འབྱུང་སྟེ། བདེ་བ་ཟོས་པས་ནི། རྣམ་པར་སྨིན་པ་ཞེས་བྱ་ཞིང༌། །རྣམ་པར་ཉེད་པའི་སྐད་ཅིག་གྲོས། །ཞེས་ཀྱང་བརྗོད་དོ། །མཚན་ཉིད་དང་བྲལ་བ་ནི་གསུམ་ལས་ཐ་དད་དེ། ཟ་བ་དང་ཟོས་པ་དང་གྲོས་ལ་སོགས་པ་དང་བྲལ་བའོ། །འདི་ནི་བླ་མ་མེད་པར་རང་དགར་འཇུག་པ་སྤང་བའི་ཕྱིར་རྒྱུད་དུ་དཀྲུགས་ཏེ་བསྟན་ཏོ། །དེས་ན། རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བ་ཉིད། །བདག་གིས་བདེ་བ་ཟོས་པའོ། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །མཚན་ཉིད་བྲལ་བས་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་གོ་བཟློག་སྟེ་རྡོ་རྗེའི་ཚིག་ཏུ་གསུངས་སོ། །ད་ནི་དགའ་བ་བཞི་སྐད་ཅིག་མ་བཞི་དང་ལྡན་པ་བཤད་དེ། སྣ་ཚོགས་དང་པོའི་དགའ་བ་ཉིད། །དཔྲལ་བའི་འཁོར་ལོར་རབ་ཏུ་བསྟན། །སྨིན་མ་ལ་ནི་མཆོག་དགའ་ཉིད། །མགྲིན་པའི་འཁོར་ལོར་རབ་ཏུ་བསྟན། །རྣམ་ཉེད་ཁྱད་པར་དགའ་བ་ཉིད། །སྙིང་གའི་འཁོར་ལོར་རབ་ཏུ་བརྗོད། །མཚན་བྲལ་ལྷན་ཅིག་སྐྱེས་དགའ་ཉིད། །ལྟེ་བའི་འཁོར་ལོར་རབ་ཏུ་བསྟན། །རྒྱུན་ལས་བཟློག་པ་སྔོན་བཞིན་དུ། །མཚན་ཉིད་བྲལ་བས་བདེ་ཆེན་ཉིད། །སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་སླར་ཡང་དེ་བཞིན་ནོ། །ཞེས་བྱ་བ་སྟེ། ཆུ་སོགས་བུམ་པའི་མཐའ་མ་ཅན། །བྱིས་པ་


DTG002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་ཕྱིར་སློབ་དཔོན་དབང༌། །གསང་བ་ཐོབ་པས་དགའ་བ་ནི། །གསང་བའི་དབང་དུ་ཡང་དག་བརྗོད། །ཤེས་རབ་ལ་རེག་ཤེས་རབ་དབང༌། །གསུམ་ལས་གཞན་པ་བཞི་པ་སྟེ། །དེ་བཞིན་སླར་ཡང་དེ་བཞིན་ཞེས། །གསུངས་པའི་ཕྱིར་ན་བཞི་པ་ནི། །གསུམ་པ་མ་ཡིན་གཞན་དུ་དཔྱད། །ཅེས་པ་ནི་ངེས་པའི་དོན་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བཤད་དོ། །དེ་ལྟར་ན་དབང་རྣམ་པ་བཞི་པོ་དྲང་བ་དང་ངེས་པའི་དོན་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་བྱ་བར་རྣམ་པར་བཞག་གོ །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་ཏེ། ལུགས་དང་ལུགས་ལས་བཟློག་པའི་ཁྱད་པར་གྱིས་སྔོན་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དགོད་པས་དགའ་བ་ཐོབ་པ་ནི། །དགོད་པ་དག་ལ་སློབ་དཔོན་ཉིད། །ལྟ་བས་དགའ་བ་ཐོབ་པ་ནི། །ལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅངས་དགའ་བ་ཐོབ་པ་ནི། །ལག་བཅངས་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་སྤྲད་ལས་བདེ་ཐོབ་པ། །གཉིས་གཉིས་འཁྱུད་པ་དེ་བཞིན་ཉིད། །དེ་ལྟར་དབང་ནི་རྣམ་པ་བཞི། །ཕྱི་དང་ནང་གི་དབྱེ་བ་ཡིས། །རྡོ་རྗེ་སློབ་དཔོན་བློ་ལྡན་པས། །སློབ་མ་སྐྱེ་བོ་མཆོག་ལ་བསྟན། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །གཏོར་དང་བླུགས་པ་ཞེས་བྱ་འདིས། །དེ་ནི་དབང་ཞེས་བརྗོད་པར་བྱ། །ཞེས་བྱ་བ་ནི་དག་པ་དང་འཁྲུ་བར་བྱེད་པའི་ཕྱིར་དབང་ཡིན་ཏེ། ཉོན་མོངས་པའི་གདུང་བའི་དྲི་མ་འཁྲུ་བའི་ཕྱིར་རོ། །ད་ནི་ནང་གི་སློབ་དཔོན་གྱི་དབང་བསྟན་པར་བྱ་བའི་ཕྱིར། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྲུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་བྱ་བ་བསྟན་ཏེ། ཤེས་རབ་ཟླ་བ་འབྱུང་བ་ཡི། །ཆ་ཤས་བཅུ་དྲུག་ལོ་ལྡན་ལ། །རང་གི་རྡོ་རྗེ་དག་དང་ནི། །དེ་ཡི་དྲིལ་བུ་སྦྱོར་བ་ཡིས། །བདེ་བ་ངེས་པར་སློབ་དཔོན་དབང༌། །དེ་བཞིན་དུ། ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །གཟུགས་དང་ལང་ཆོས་རྣམ་པར་བརྒྱན། །མཐེ་བོ་སྲིན་ལག་དག་གིས་ནི། །སློབ་མའི་ཁ་རུ་ལྟུང་བར་བྱ། །ཞེས་བྱ་བ་ནི་དེ་ལྟར་བསྟེན་པ་ལས་བྱུང་བའི་རྫས་སློབ་མའི་དག་གི་ལམ་སྦྱངས་


DTG002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསང་བ་ཡིན་ནོ། །དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་གྱིས་ཤེས་རབ་དེ་བཟའ་བཏུང་ལ་སོགས་ཚིམ་པར་མཆོད་ལ་སློབ་མ་ལ་འདི་སྐད་ཅེས་བྱ་བས་གཏད་པར་བྱ་སྟེ། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ནི། །ཕྱག་རྒྱ་བདེ་དང་ལྡན་པ་ཁྱེར། །ཕྲག་དོག་ཁྲོ་བ་རྣམ་སྤངས་པའི། །སློབ་མ་ཆེར་འགྱུར་ཤེས་ནས་ནི། །སྟོན་པས་དེ་ལ་གནང་བ་སྦྱིན། །ཞེས་བྱ་བ་སྟེ། འདི་ལྟར་ས་དང༌། ཆུ་དང༌། མེ་དང༌། རླུང་གི་བདེ་བ་འབྱུང་བའི་ཕྱག་རྒྱ་འདི་རིགས་ཀྱི་བུ་ཁྱོད་ཀྱིས་ཁྱེར་ལ་མཆོད་པར་གྱིས་ཤིག །ཅེས་བྱ་བར་བསྒོ་བའོ། །གཞན་ཡང༌། ཀུན་དུ་རུ་གྱིས་རྡོ་རྗེ་འཛིན། །ཞེས་པས་ཀུན་དུ་རུའི་སྦྱོར་བའི་ཁྱད་པར་ཡང་སློབ་མ་དེ་ལ་ལེགས་པར་བསྟན་པར་བྱའོ། །དེ་བཞིན་དུ་འདི་སྐད་དུ། སློབ་མས་ཀྱང༌། བླ་མ་ཕྱག་རྒྱར་ལྡན་མཐོང་ལ། །བསྟོད་དང་མཆོད་པ་ཚུལ་བཞིན་བྱ། །འདི་ལྟ་སྟེ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་ཅི་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་འབྱུང་བ། །ཇི་ལྟར་ཁྱེད་ཀྱི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བའི་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་བྱ་བ་བླ་མ་རྡོ་རྗེ་འཛིན་པ་ལ་སློབ་མ་བློ་དང་ལྡན་པས་གསོལ་བ་བཏབ་པར་བྱས་ལ། །བཟའ་བཏུང་གི་མཆོག་བ་ལང་དང༌། མེད་ན་ལ་སོགས་པ་དང༌། དེ་བཞིན་དུ་བདུག་པ་དང༌། ཞལ་ཟས་དང༌། ཕྲེང་བ་དང༌། དྲིལ་བུ་དང༌། རྒྱལ་མཚན་དང༌། བྱུག་པ་ལ་སོགས་པའི་མཆོད་པའི་རྫས་རྣམས་ཀྱིས། རྡོ་རྗེ་སློབ་དཔོན་ཡང་དག་པར་མཆོད་པར་བྱའོ། །དེའི་རྗེས་ལ་བླ་མ་དགྱེས་པར་གྱུར་པས་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་སྤངས་པའི་རྗེས་ཐོགས་སུ་སློབ་དཔོན་གྱིས་སློབ་མ་དེ་ལ་སླར་བཞིན་འདི་སྐད་ཅེས། སྟོན་པས་སྨྲས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་རྣམ་པར་གཟུང༌། །ཇི་སྲིད་བྱང་ཆུབ་བར་དུ་ནི། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཞེས་བྱ་བས་གང་གི་གནད་ཀྱི་གནས་སྲིད་པའི་བདག་ཉིད་ཅན་ཡོངས་སུ་སྤངས་པའི་སྲིད་པ་ཉིད་ཀྱི་གནས་བསྟན་པར་བྱ་བ་ནི་དེ་ཁོ་ན་ཉིད་དོ། །དེའི་རྗེས་ལ་ཡང་སློབ་མའི་སེམས་ཀྱི་ཀུན་དུ་རྟོག་པ་སྤང་བར་བྱ་བའི་ཕྱིར་འདི་སྐད་ཅེས་སློབ་དཔོན་གྱིས་བརྗོད་པར་བྱའོ། །


DTG002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །ཞེས་བྱ་བ་སྟེ། འདི་ལྟ་སྟེ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་སྤྱད་ཅིང་ཀུན་དུ་གསང་ལ་རྒྱས་བཏབ་པ་འདི་ནི། ཁྱོད་ཀྱིས་རང་གི་ལུས་ཁོ་ན་ལ་ཡོད་པར་ཤེས་པར་གྱིས་ལ། གཞན་དུ་སོམ་ཉི་དང་དོགས་པ་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། རང་ལུས་འགྱུར་བ་མེད་པ་འདི། །མཆོག་གཅིག་གིས་ནི་ཤེས་བྱ་སྟེ། །དེ་ནི་དཔེ་ཡིས་ཉེར་མཚོན་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་གསུངས་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ། ལུས་ཅན་རྣམས་ལ་ཁུ་བའི་གཟུགས་ཀྱིས་གནས་སོ་ཞེས་བསྒོ་བར་བྱའོ། །དེ་བཞིན་དུ་ཁུ་བ་དེ་ཉིད་ཡང་དག་པར་འདོད་པ་དགག་ཅིང་རིང་ནས་མཚོན་པར་བྱ་བའི་ཚུལ་དུ་བསྟན་པར་བྱ་སྟེ། སླར་བཞིན་འདི་སྐད་ཅེས། སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །རྟག་ཏུ་ངེས་པར་གྲོལ་བར་འགྱུར། །ཞེས་བྱ་བས་བསྒོ་བར་བྱའོ། །འདི་ལྟར་རིགས་ཀྱི་བུ་དག་རང་གི་ལུས་ལ་ཁུ་བ་གནས་པར་འདི་ཡང་སེམས་ཅན་ཐམས་ཅད་དང་བདེ་བ་ཐུན་མོང་མ་ཡིན་པའི་ཕྱིར། དངོས་སུ་འདིས་གྲོལ་བ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་དངོས་སུ་གྲོལ་བ་ལྟ་ན་ནི། །མངོན་སུམ་ཉིད་དུ་འགལ་བའི་ཕྱིར་ཐབས་དམ་པའི་ཚུལ་དུ་ཐོག་མར་རེ་ཞིག་རྡུལ་ཚོན་གྱི་གཞལ་ཡས་ཁང་དང༌། ལག་པའི་ཕྱག་རྒྱ་བཅིངས་པ་དང༌། སྔོམ་པ་བཟུང་བ་ལ་སོགས་པ་སྔོན་དུ་འགྲོ་བར་བྱ་ཞིང་བརྟགས་པའི་རྣལ་འབྱོར་གོམས་པ་དང༌། དུས་ཇི་སྲིད་ལོན་པ་ན། ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་ཤེས་པར་བྱས་ནས་སྙིང་པོའི་རོ་མྱངས་ཏེ་ཚུལ་ལྟར་བསྟན་ཏེ་གྲོལ་བར་འགྱུར་རོ་ཞེས་བསྟན་པར་བྱའོ། །དེ་ཡང་ཚིག་གོང་མ་འདི་དག་ཉིད་ཀྱིས་གསལ་བར་སྟོན་ཏེ། དེ་ནས་རྡོ་རྗེ་སྙིང་པོས། རང་དང་ལྷན་ཅིག་ཏུ་གནས་པའི་བར་ན། རི་ཁྲོད་ལོ་མ་ཅན་ལ་སོགས་པའི་རྣལ་འབྱོར་མ་རྣམས་ལ་བཟོད་པར་གསོལ་ནས། བཅོམ་ལྡན་


DTG002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། རིམ་པ་ཇི་ལྟར་བཤད་དུ་གསོལ། །ཞེས་པ་ཡན་ཆད་ཀྱིས་ནི་རྡོ་རྗེ་སྙིང་པོས་ཞུས་པ་བསྟན་ལ། དེའི་རྗེས་སུ་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་འདི་ལྟ་སྟེ། དཀྱིལ་འཁོར་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་བྱ་བས་བསྟན་ཏེ། སྙིང་པོ་ནི་བཅུད་ལེན་ཅིང་འཛིན་ལ་རྟོགས་པར་བྱེད་པའི་ཕྱིར་དང་དེ་བཞིན་དུ་ས་དང་ཆུ་ལ་སོགས་པའི་ཚུལ་གྱིས་སྲོག་དང་ཐིག་ལེ་འཁོར་བའི་ཕྱིར་འཁོར་ལོ་ཞེས་གསུངས་པ་འདི་ལྟ་སྟེ། འཁོར་བའི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་བྱ་བས་བསྟན་ཏེ། སྙིང་པོའི་བཅུད་ལེན་ཅིང་འཛིན་ལ་རྟོགས་པར་བྱེད་པའི་ཕྱིར་དང༌། དེ་བཞིན་དུ་ས་དང་ཆུ་ལ་སོགས་པའི་ཚུལ་གྱིས་སྲོག་དང་ཐིག་ལེ་འཁོར་བའི་ཕྱིར་འཁོར་ལོ་ཞེས་བརྗོད་དོ། །འདི་ལྟར། དང་པོ་མཐར་བྱེད་ཅེས་བྱ་བ། །འདུས་པའི་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་བྱ་བ་གསུངས་ཏེ། གནས་གང་དུ་སྲོག་གི་རླུང་དང་ཁུ་བའི་ཐིག་ལེ་དག་འདུས་པའི་གནས་དེ་ནི་སྙིང་པོ་ཞེས་སུ་བརྗོད་དེ། དེ་ལྟར་ཡང༌། འཁོར་ལོ་ཞེས་བྱ་ནམ་མཁའི་ཁམས། །ཡུལ་ལ་སོགས་པ་རྣམ་པར་སྦྱང༌། །ཞེས་པ་སྟེ། དེ་ཉིད་ཤེས་པར་འགྱུར་བའི་མཐུན་པའི་དཔེ་སྟོན་པ་སྟེ། གནས་ཀྱི་པདྨ་ནམ་མཁའི་ཁམས། །ཞེས་བྱ་བ་ལ། སྐྱེས་བུ་རྣམས་ཀྱི་ལིངྒ་དང༌། །ཕན་ཚུན་སྤྲད་པའི་དུས་ལས་མཚོན་པར་འགྱུར་ཏེ། དེའི་ཕྱིར། བོ་ལ་ཀ་ཀྐོ་ལ་སྦྱོར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་སླར་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་ཀྱེའི་རྡོ་རྗེར་གནས་པ་རྣམས་ལ་སྡོམ་པ་དང་དམ་ཚིག་ཇི་ལྟར་གནས་པར་བགྱི་བ་བཅོམ་ལྡན་འདས་ལ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །སེམས་ནི་རླུང་དང་ཁུ་བ་ཡིན། །སེམས་གཅིག་སྲོག་ཆགས་གསོད་པ་ཉིད། །གཞན་དུ་མ་ཡིན་གནས་དེ་རུ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །འཇིག་རྟེན་བསྒྲལ་བ་ཞེས་བྱ་བ། །བརྫུན་གྱི་ཚིག་ཏུ་རབ་བསྒྲགས་ཏེ། །དེ་ཡང་མ་ཡིན་གཞན་དུ་སྤྱད།


DTG002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་སྲོག་རླུང་ཐོས་པས་ན། །ཅིག་ཅར་འགྲོ་ཀུན་སྐད་ཀྱིས་ནི། །གང་དང་གང་ལ་དེ་དང་དེ། །མཐུན་པའི་ཆོས་སྟོན་བརྫུན་གྱི་ཚིག །ཁྱོད་ཀྱིས་མ་བྱིན་པར་ཡང་བླང༌། །བཙུན་མོའི་ཁུ་བ་མ་བྱིན་པ། །རང་ལ་ཡོད་པའི་བུད་མེད་མཆོག །མ་བྱིན་བླང་གི་གཞན་དུ་མིན། །ཕ་རོལ་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་སོགས་གཞན་བུད་མེད། །མཆོག་ཏུ་བསྟེན་གྱིས་གཞན་དུ་ན། །དྲི་མ་རབ་ལྡན་མི་མོ་མིན། །ཞེས་བྱ་བས་ངེས་པའི་དོན་གྱི་སྡོམ་པ་བསྟན་ཏོ། །དེ་ནས་ཡུལ་དང་ཡུལ་ཅན་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དང་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཐམས་ཅད་ཕན་ཚུན་འདུས་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་གསུངས་པ་ལ། རྣལ་འབྱོར་མ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡུལ་དང་ཡུལ་ཅན་རྣམ་པ་ཉིད་མ་འཚལ་ནས་བཅོམ་ལྡན་འདས་ལ་ཞུས་པ། ཡུལ་དེ་རྣམས་ཀྱང་ཅི་ལགས་ཞེས་པ་ནས། འདི་རྣམས་ཀྱི་རང་བཞིན་ཅི་ལགས་ཞེས་པས་བསྟན་ལ། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། ཡུལ་དྲུག་ནི། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་དང༌། །ཆོས་ཀྱི་ཁམས་ཀྱི་རང་བཞིན་ཉིད། །འདི་རྣམས་ཡུལ་ནི་དྲུག་ཏུ་བརྗོད། །ཅེས་བྱ་བ་སྨོས་ཏེ། ཡུལ་གཟུགས་ལས་ཨུ་ཞེས་པ་སྟེ་མཆུ་ལས་འབྱུང་བ་དང༌། སྒྲ་ལ་ཨཿ་ཞེས་པ་སྟེ་གྲེ་བ་ལས་འབྱུང་བ་དང༌། དྲི་ལ་ཨ་ལ་ཞེས་པ་སྟེ་སོ་ལས་འབྱུང་བ་དང༌། རོ་ལ་ཨ་ར་ཞེས་པ་སྟེ་སྤྱི་པོ་ནས་འབྱུང་བ་དང༌། རེག་པ་ཨེ་ཞེས་པ་སྟེ་རྐན་ལས་འབྱུང་བ་དང༌། ཆོས་ཀྱི་ཁམས་ལས་ཨཱ་ཞེས་པ་སྟེ་གྲེ་བ་ལས་འབྱུང་བ་དང་དྲུག་པོ་རྣམས་ཡུལ་དྲུག་གི་རང་བཞིན་ཡིན་ཏེ། ཨ་ཨི་རྀ་ཨུ་ལྀ་ཨཾ་ཞེས་པ་དྲུག་ནི་མཚན་ཉིད་ཅན་དང༌། དེ་བཞིན་དུ་ཨ་ཨི་རྀ་ཨུ་ལྀ་ཨཿ་ཞེས་པ་རྣམས་ཐབས་དང་ཤེས་རབ་ཀྱི་ཚུལ་ཅན་དག་ནི་ཕྱི་དང་ལུས་དང་གཞན་ཐམས་ཅད་ལ་གྲུབ་པའི་ཕྱིར་དབང་པོ་དྲུག་དང༌། ཁམས་དྲུག་དང༌། ཕུང་པོ་དྲུག་པོ་ལ་སོགས་པ་གང་དུ་བསྟན་པ་རྣམས་ནི་རང་བཞིན་དེ་ལྟ་བུ་ཡིན་ཏེ། དེ་ལྟར་ཡང་ཡུལ་དྲུག་དང་དབང་པོ་དྲུག་ནི་སྐྱེ་མཆེད་བཅུ་གཉིས་སུ་འགྱུར་ཞིང༌། དེ་བཞིན་དུ་ཁམས་ཀྱི་ཕྱེ་བས་ནི་


DTG002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བཅོ་བརྒྱད་དུ་རྣམ་པར་གཞག་གོ །དེ་ལྟར་བསྟན་པ་རྣམས་ནི་རྣལ་འབྱོར་མ་ཁྱེད་རྣམས་ཀྱིས་གོ་བར་བྱ་བའི་ཆེད་དུ་ཀུན་རྫོབ་ཀྱི་དངོས་པོར་བསྟན་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་རང་བཞིན་ཇི་ལྟར་ཡིན་ཞེ་ན། རང་བཞིན་གདོད་ནས་མ་སྐྱེས་པ། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཟླ་ལྟ་བུར་ནི། །གདོད་ནས་རྣལ་འབྱོར་མས་ཤེས་ཀྱིས། །ཞེས་བྱ་བ་ལ་འདི་ལྟར་ཡུལ་དང་དབང་པོ་ལ་སོགས་པ་དེ་རྣམས་ཐོག་མ་ནི་ཇི་ལྟར་སུ་ཡིས་གང་ནས་བསྐྱེད། མཐའ་མར་ནི་སུ་ཡིས་ཇི་ལྟར་གང་དུ་བརླག་ཅེ་ན་འདི་ལྟར་སྐྱེད་པར་བྱེད་པ་དང༌། རླག་པར་བྱེད་པ་དག་ནི་ཡོད་པ་མ་ཡིན་ཏེ། གདོད་ནས་རང་བཞིན་གྱིས་དག་པའི་ཕྱིར། ཁྱེད་ཀྱིས་ཀྱང་དེ་ལྟར་ཤེས་པར་གྱིས་ཤིག་ཅེས་པའི་ཐ་ཚིག་གོ །འདི་ལྟ་སྟེ་དཔེར་ན། གཙུབ་ཤིང་དང་གཙུབ་སྟན་དང་སྐྱེས་བུའི་ལག་པའི་རྩོལ་བ་ལས་གློ་བུར་དུ་མེ་འབྱུང་བར་འགྱུར་ཏེ། མེ་དེ་ནི་གཙུབ་ཤིང་ལ་ཡང་མི་གནས། གཙུབ་སྟན་ལ་ཡང་མི་གནས། སྐྱེས་བུའི་ལག་པ་ལ་ཡང་མི་གནས་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ལ་མི་གནས་པའི་ཕྱིར། མེ་དེ་བདེན་པ་ཡང་མ་ཡིན། བརྫུན་པ་ཡང་མ་ཡིན་པ་དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མ་རྣམས་ཀྱིས་ཡིད་ལ་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་ན་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། ཡུལ་རྣམས་ཀྱང་མ་ཡིན་ལ་དེ་ལས་གཞན་དུ་ཡང་བཙལ་བར་མི་བྱ་ཞེས་པའི་དོན་ཏོ། །དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་བདུད་རྩི་ལྔ་ཐོགས་ཤིང༌། དམ་ཚིག་གི་རྫས་ཐོགས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་ཀུན་དུ་རུའི་སྦྱོར་བས་རྗེས་སུ་ཆགས་པར་བྱེད། བདུད་རྩི་ལྔའི་རོ་ཡང་འཐུང་བར་བྱེད་དོ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དངོས་པོ་རྣམས་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་ཚིག་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་ནས། བཅོམ་ལྡན་འདས་ལ་ཡུལ་རྣམས་ཀྱིས་མཆོད་ཅིང་བདག་ཅག་རྣམས་ཀྱང་ཡུལ་རྣམ་པ་ཟ་བར་བྱེད་ཅེས་བྱ་བའི་དོན་ཏོ།


DTG002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་དགྱེས་ནས་རང་བྱིན་གྱིས་བརླབས་པ་བསྟན་པ། ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱིས་ཕྱག་མཛད་མ། །དེ་ཉིད་བདག་གིས་གསང་མཛད་པ། །རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས། །བཤད་ཀྱིས་འདོད་པས་རབ་ཏུ་ཉོན། །ཞེས་བྱ་བ་ནི། དེ་ལྟར་བདེན་པ་གཉིས་ཀྱིས་ཆོས་ཀྱི་ཚུལ་ཟབ་མོ་འདི་རྣལ་འབྱོར་མ་རྣམས་ལ་བསྟན་པ་ཁོང་དུ་ཆུད་པས། བཅོམ་ལྡན་འདས་དགྱེས་ཏེ་སླར་བཞིན་སྤྱོད་པའི་ཁྱད་པར་བསྟན་པར་བཞེད་ནས་ཚིག་དེ་དག་གསུངས་ཞེས་བྱ་བའི་དོན་ཏོ། །སྤྱོད་པའི་ཁྱད་པར་ཡང་འདི་ལྟ་སྟེ། །བཟའ་བཏུང་ཇི་ལྟར་རྙེད་པ་དང༌། །འགྲོ་དང་འགྲོ་མིན་མི་སྤང་ཞིང༌། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །གྲོང་གི་ཆོས་ནི་རབ་ཏུ་སྤང༌། །བློ་ལྡན་སྔགས་ནི་མི་བཟླ་ཞིང༌། །བསམ་གཏན་ཉིད་ནི་དམིགས་མི་བྱ། །ཞེས་བྱ་བ་ནས། བྱང་ཆུབ་སེམས་ཀྱིས་རབ་ཏུ་བཟའ། །ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏེ། རྟོག་པ་ལས་དེ་བཞིན་ཉིད་མི་སྐྱེ་བས། རྟོག་པ་ཐམས་ཅད་རབ་ཏུ་སྤངས་ལག་ཅི་དགར་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཉེ་བར་དམིགས་པ་དེ་ཐམས་ཅད་རང་བཞིན་གྱིས་དག་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སེམས་དང་ལྡན་པ་ལ་མི་བཟའ་བ་དང༌། མི་བཏུང་བ་དང༌། མི་དཔྱད་པ་དང༌། མི་ལྟ་བ་དང༌། མི་མྱང་བ་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། རང་བྱུང་མེ་ཏོག་རྙེད་ནས་ནི། །པདྨའི་སྣོད་དུ་བཞག་པ་དང༌། །ཞེས་བྱ་བ་བུད་མེད་ཀྱི་སྐྱེ་གནས་ལས་བྱུང་བའི་ཁྲག་ཐོད་པའི་ནང་དུ་བཟུང་ལ། ལུད་པ་དང་ནི་སྣབས་དག་གིས། །བསྲེས་ནས་བརྟུལ་ཞུགས་ཅན་གྱིས་བཏུང༌། །ཞེས་བྱ་བ་ནི་འཇིག་རྟེན་པས་སྨད་པའི་ལུད་པ་དང་སྣབས་ལ་སོགས་པ་གོང་གི་ཁྲག་དང་བསྲེས་ལ་བྱིས་པའི་སྐྱེ་བོ་དམ་ཚིག་ཅན་རྣམས་ལ་ཡང་བཟའ་རུ་གཞུག་སྟེ། སྐྲ་དཀར་དང་གཉེར་མ་ལ་སོགས་པ་ཡང་སེལ་བར་བྱེད་དོ། །དེས་ནི་རྣལ་འབྱོར་པ་བྱིས་པའི་རང་བཞིན་ཅན་རྣམས་འདྲེན་པར་འགྱུར་ལ། གཞན་ཡུལ་དང་ཡུལ་ཅན་གཅིག་ཏུ་གྱུར་པ་ལས་ཁམས་རྣམས་ཕྱིར་མི་འབྱུང་ཞིང་ཉི་མའི་ཆ་འོག་ཏུ་འགྲོ་བ་ནི་ངེས་པའི་དོན་ཏོ། །སྨད་གཡོགས་ཁ་དོག་སྣ་ཚོགས་


DTG002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཞེས་བྱ་བ་ལ་སོགས་པའི་ཚིག་དག་ནི་སྤྱོད་པའི་ལེའུ་དག་ཏུ་རྒྱས་པར་བསྟན་ཏོ། །གཞན་ཡང་དབང་པོ་དྲུག་གི་གྲངས་གང་གི་རིགས་གང་ཡིན་པ་མ་བསྟན་ཅིང་རྣམ་པར་དག་པ་མེད་པས། ཐམས་ཅད་ཡུལ་གྱི་རྣམ་དག་པས། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། །ངེས་པར་དབང་པོ་དྲུག་གི་གྲངས། །རྣམ་པར་དག་པར་མ་མཛད་པ། །ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོས་ཞུས་པ་ལ་སླར་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་ནི། མིག་ལ་གཏི་མུག་རྡོ་རྗེ་མ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་འདི་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། མིག་ལ་གཏི་མུག་རྡོ་རྗེ་མ། །ཡི་གེ་ཨ་ར་ནི་རབ་ཏུ་བསྟན། །རྣ་བར་ཞེ་སྡང་རྡོ་རྗེ་མ། །ཡི་གེ་ཨཾ་གིས་རབ་ཏུ་བསྟན། །སྣ་ལ་སེར་སྣ་མ་ཞེས་བཤད། །ཡི་གེ་ཨེ་ཡིས་རབ་ཏུ་བསྟན། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ཡི་གེ་ཨུ་ཡིས་རབ་ཏུ་བསྟན། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡི་གེ་ལྀ་ཡིས་རབ་ཏུ་བསྟན། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ཡི་གེ་ཨ་ཡིས་རབ་ཏུ་བསྟན། །དབང་བོ་རྣམས་ནི་དག་པའི་ཕྱིར། །འདིས་ནི་གོ་ཆ་སེམས་དཔའ་ཆེ། །ཞེས་བྱ་བ་གསུངས་པས་རྟོགས་པར་བྱའོ། །རྡོ་རྗེ་སྙིང་པོས་གསོལ་པ། དགོངས་པའི་སྐད་ནི་ཅི་ཞེས་བགྱི། །རྣལ་འབྱོར་མ་ཡི་དམ་ཚིག་ཆེ། །ཉན་ཐོས་ལ་སོགས་མི་ཤེས་པ། །ཞེས་བྱ་བ་ལ། ཀྱེ་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉན་ཐོས་དང་རང་རྒྱལ་དང༌། མུ་སྟེགས་ལ་སོགས་པའི་བྱིས་པའི་སྐྱེ་བོ་རྣམས་ཀྱི་ནང་དུ་མཆིས་པའི་ཚེ། གསང་བའི་བརྗོད་པ་ལ་སོགས་པ་ཇི་ལྟར་བགྱི་ཞེས་ཞུས་པའོ། །དེ་བཞིན་དུ། དགོད་དང་ལྟ་བ་དག་དང་ནི། །འཁྱུད་པ་དེ་བཞིན་གཉིས་གཉིས་དང༌། །རྒྱུད་ཀྱང་དེ་བཞིན་རྣམ་པ་བཞིར། །དགོངས་པའི་སྐད་ནི་མ་བསྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །ཞེས་བྱ་བ་ཡང༌། དེ་བཞིན་དུ་གང་དུ་འདོད་ཆགས་ཀྱི་གནས་དེར་དགོད་པའི་བདེ་བ་དང༌། ལྟ་བའི་བདེ་བ་དང༌། འཁྱུད་པའི་བདེ་བ་དང༌། གཉིས་ཀྱིས་གཉིས་སྤྲོད་པ་ལ་སོགས་པའི་བདེ་བའི་བརྡ་དག་ཀྱང་བཤད་དུ་གསོལ་ཞེས་བའི་དོན་ཏོ། །ལན་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །ཅེས་


DTG002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་བརྡ་འདི་དག་གསུངས་སོ། །དེ་ཡང་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱའོ། །མ་དན་ཆང་བ་ལ་ཤ །ཕྱི་དང་ནང་གི་བྱེ་བྲག་གིས། །ཚིག་འདི་ཀུན་ལ་རབ་ཏུ་སྦྱར། །ཁུ་བའི་བདེ་བ་མྱོས་བྱེད་ཆང༌། །སྔོན་དུ་བཤད་པའི་དབང་པོ་རྣམས། །ཕྱི་རུ་མི་འགྲོ་ཤ་རུ་བརྗོད། །འདུ་བ་མ་ལ་ཡ་ཛ་ར་བརྗོད། །རིགས་དང་རིགས་མིན་ལས་བྱུང་བ། །འཁོར་ལོ་བཞི་ཡི་བདག་ཉིད་ཅན། །རང་རང་གནས་སུ་འདུ་བའི་ཕྱིར། །མ་ལ་ཡ་ཛ་ཞེས་སུ་བརྗོད། །འགྲོ་བ་ཁེ་ཊ་རོ་ཞེས་པ། །དུས་ཀྱི་མེ་ཡིས་གནས་གང་ནས། །མུན་པའི་གནས་སུ་འགྲོ་བ་སྟེ། །འོད་ཟེར་གློག་སྟོང་འཁྱུག་པ་འདྲ། །དེ་ལ་ཁེ་ཊ་རོ་ཞེས་ཟེར། །རུས་པའི་རྒྱན་ནི་ནི་རཾ་ཤུ། །ཆ་ཤས་མེད་ཅིང་བརྗོད་པ་སྤངས། །ཚིག་གི་ཡུལ་ལས་རྣམ་པར་འདས། །ཁུ་བའི་བདེ་བ་གང་ཡིན་པ། །དེ་ལ་ནི་རཾ་ཤུ་ཞེས་གྲགས། །འོང་བ་ཕྲེཾ་ཁ་ཎ་རུ་བརྗོད། །ཟླ་བའི་ལམ་ནི་གཡོན་ཕྱོགས་ནས། །གང་གིས་བསྐུལ་ཏེ་འོང་བ་སྟེ། །ལྷ་དང་མི་སོགས་སྨིན་པར་མཛད། །ཕྲེ་ཁ་ཎ་ཞེས་དེ་ལ་གྲགས། །ཅང་ཏེའུ་ཀྲྀ་པའི་ཏ་རུ་བརྗོད། །སྲོག་གི་རླུང་ནི་ཅང་ཏེའུའི་སྒྲ། །མི་ཤིགས་ལམ་ལ་རབ་ཏུ་གནས། །རྣལ་འབྱོར་གང་གིས་ཐོས་འགྱུ་བབ། །ཀྲྀ་བཱི་ཏ་ཞེས་རྣམ་པར་བཤད། །སྐལ་མེད་དུ་དུ་ར་ཞེས་བརྗོད། །རྣལ་འབྱོར་བརྩེ་བ་རབ་དམན་པ། །བཅུ་དྲུག་ཆ་གང་འཕྲོ་བར་བྱེད། །དེ་ནི་སྙིང་རྗེས་དམན་པ་སྟེ། །དུ་དུ་ར་ཞེས་བརྗོད་པར་བྱ། །སྐལ་ལྡན་ཀཱ་ལི་ཉྫར་ར་བརྗོད། །བདག་གི་ཐོད་པའི་བདེ་བ་གང༌། །ཚངས་དབང་ཁྱབ་འཇུག་འདོད་ལྷས་ཀྱང༌། །ཀུན་དུ་འཕྲོག་པར་མི་འགྱུར་ལ། །དམ་པར་འཛིན་ཏེ་ཀཱ་ལི་ཉྫཱ། །རེག་མིན་ཌི་ཎྜི་མ་ཞེས་བརྗོད། །བདག་མེད་མ་སོགས་རྣལ་འབྱོར་མའི། །རང་བཞིན་ཆ་ཤས་བཅུ་དྲུག་ཅན། །བདག་ཏུ་མི་འཛིན་བསྡིགས་པར་བྱེད། །ཌི་ཎྜི་མ་ཞེས་རབ་ཏུ་བསྒྲོགས། །ཐོད་པ་པདྨ་བྷ་ཛ་ནཾ། །གང་གིས་རྒྱུན་གྱིས་ལུས་སྐྱོང་བྱེད། །དེ་མེད་དེ་ནི་ཡོད་མི་འགྱུར། །འཇིག་རྟེན་གསུམ་གྱི་མངའ་བདག་གང༌། །དེ་ནི་པདྨ་བྷ་ཛ་ནཾ། །བཟང་བ་ཏྲྀ་པྟི་ཀ་ཞེས་བྱ། །སྔར་བཤད་ཡུལ་གྱི་དངོས་པོ་རྣམས། །ལྕེ་ཡིས་མ་ཡིན་ཀུན་དུ་ཟ། །བསམ་གཏན་ཟས་ཀྱི་རོ་མཆོག་ནི། །ཏྲྀ་པྟི་ཀ་ཞེས་ཀུན་དུ་གྲགས། །ཚོད་མ་ལ་ནི་ཏཱི་ནྡྷི་ནི། །ཉི་མ་ཟླ་བ་སྒྲ་གཅན་དང༌། །ལུག་དང་སེར་སྐྱ་ཀུན་སྤངས་མ། །ལམ་འདིས་གྲུབ་པ་རབ་ཏུ་གསལ། །ཏཱི་ནྡྷི་ནཾ་ཞེས་ཀུན་དུ་གྲགས། །


DTG002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཤང་བ་ཙ་ཏུ་སྶ་མར་བརྗོད། །ཉི་ཟླ་སྒྲ་གཅན་དུས་ཀྱི་མེ། །གང་དུ་མཉམ་པར་ཚོགས་པ་ན། །བསམ་གཏན་བཞི་ནི་མཉམ་པའི་ཕྱིར། །བཞི་མཉམ་ཞེས་ནི་རབ་ཏུ་དྲན། །གཅི་བ་ཁ་སྟུ་རི་ཞེས་བརྗོད། །ལུས་ལ་གྲུབ་པའི་སྐྱེས་བུ་ལྟར། །གང་ལ་བརྟེན་ཏེ་རི་དགས་ཀྱི། །ལྟེ་བའི་དྲི་དང་མཚུངས་པ་ནི། །ཁ་སྟུ་རི་ཞེས་བརྗོད་པར་བྱ། །རང་བྱུང་སི་ཧླར་ཤེས་པར་བྱ། །མི་མོ་གང་གི་སྐྱེ་གནས་ཁྲག །རྣལ་འབྱོར་མཁས་པ་བློ་ལྡན་པས། །ཙནྡན་དང་ནི་སི་ཧླ་ལྟར། །སྐྱེད་བྱེད་སི་ཧླ་ཡིན་པར་ཤེས། །ཁུ་བ་ཀ་རྤཱུ་ར་ཞེས་བརྗོད། །ཤེས་རབ་མེ་ཆེན་གང་གིས་སུ། །གྲོང་ཁྱེར་རྣམས་ནི་རབ་དཀྲུགས་ནས། །ག་བུར་ཁ་དོག་དྲི་སྟོན་པ། །དེ་བཞིན་ཀ་རྤཱུ་ར་ཞེས་བརྗོད། །ཤ་ཆེན་སཱ་ལི་ཛཾ་ཞེས་བརྗོད། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །རྡོ་རྗེ་ལྟ་བུའི་ལུས་ལྡན་ཞིང༌། །འོན་ཏེ་གཞན་དག་འདོད་མོས་ནས། །མཁའ་སྤྱོད་ལྟེར་བ་སཱ་ལི་ཛཾ། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །གཙང་མའི་གནས་ན་དབང་ཕྱུག་ཆེ། །བསྲེག་བྱ་ཞེས་པས་སྤྱན་དྲངས་པས། །དེ་གཉིས་མཉམ་པར་འབྱོར་པ་ལ། །ཀུན་དུ་རུ་ཞེས་དེ་ལ་བརྗོད། །རྡོ་རྗེ་བོ་ལླ་ཞེས་བཤད་དེ། །དེ་ལ་བརྟེན་པའི་ཏིང་འཛིན་ཆུས། །ཡེ་ཤེས་སྐུ་ནི་རབ་སྐྱེ་ཞིང༌། །སྟོབས་དང་གཟི་བརྗིད་མཚུངས་མེད་ཆེ། །བོ་ལླ་ཞེས་སུ་རྣམ་པར་བཤད། །པདྨ་ཀ་ཀྐོ་ལ་ཞེས་ཟེར། །པདྨ་ལ་བརྟེན་འཇིག་རྟེན་གསུམ། །བདེ་བའི་དང་ཚུལ་རབ་ཏུ་ལྡན། །རྡོ་རྗེའི་སྐུ་ལུས་ཐོབ་མཛད་ཕྱིར། །ཀ་ཀྐོ་ལ་ཞེས་རབ་ཏུ་བསྒྲགས། །ཞེས་གསུངས་པས་འདིའི་དོན་རྟོགས་པར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་བསྡུས་པའི་རྒྱུད་ལ་ཇི་ལྟར་གནས་པའི་ཐ་སྙད་ཀྱིས་བརྡ་རྣམས་ཇི་ལྟ་བ་བཞིན་དུ་བློ་ལ་གནས་པར་བྱ་སྟེ། །དོན་གྱི་སྐབས་ཀྱིས་ཕན་ཚུན་དུ་བརྗོད་པར་བྱ་བ་ཡིན་ལ། ངེས་པའི་དོན་གོང་དུ་བརྗོད་པ་དག་ནི་བློ་ཡིས་ཤེས་པར་བྱ་བ་ཙམ་དུ་ཟད་ཀྱི་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །ཁ་དོག་དབྱེ་བས་ཕྱེ་བ་ལས། །རིགས་ནི་རྣམ་པ་ལྔ་རུ་བཤད། །འདི་ནི་གསང་བའི་སྐད་ཡིན་ནོ། །ཞེས་བྱ་བ་ནི་དེ་ལྟར་བསྟན་པའི་དགོངས་པའི་སྐད་དོན་ཆེན་པོ་དང་ལྡན་པ་ཀུན་རྫོབ་དང་དོན་དམ་དུ་ཕྱེ་བ་ལས་ཡི་གེ་ལྔའི་དགོངས་པ་ལས་མེད་ཅེས་པའི་དོན་ཏེ། །དེའི་ཕྱིར་ན། ཕྱག་རྒྱ་ལྔ་ནི་བསྡུས་པ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །རིགས་དེ་རྣམས་ཀྱང་འདི་ལྟ་སྟེ། གཡུང་


DTG002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྡོ་རྗེའི་རིགས་སུ་བཤད། །མི་བསྐྱོད་པ་ཞེས་ནམ་མཁའི་ཁམས། །གར་མ་དེ་བཞིན་པདྨའི་རིགས། །འོད་དཔག་མེད་དེ་མེ་ཡི་ཁམས། །རང་འཚེད་མ་ནི་རིན་ཆེན་རིགས། །རིན་ཆེན་འབྱུང་ལྡན་ཆུ་ཡི་ཁམས། །སྐྱེ་གཉིས་དེ་བཞིན་གཤེགས་པར་བརྗོད། །རྣམ་སྣང་མཛད་ཆེན་ས་ཡི་ཁམས། །ཚོས་མ་ལས་ཀྱི་རིགས་ཉིད་དེ། །དོན་ཡོད་གྲུབ་པ་རླུང་གི་ཁམས། །འདི་རྣམས་ཕྱག་རྒྱའི་དངོས་གྲུབ་སྟེར། །འདི་རྣམས་ཁུ་བ་རྡོ་རྗེར་འགྱུར། །བརྟུལ་ཞུགས་ཅན་གྱིས་མཆོད་ནས་བཏུང༌། །ཞེས་བྱ་བ་ལ་དྲང་བ་དང་ངེས་པའི་བྱེ་བྲག་གིས་རིགས་འདི་རྣམས་ལས་བྱུང་བའི་བུ་མོ་རྣམས་ཡོངས་སུ་ཤེས་པར་བྱ་སྟེ། ལེགས་པར་སྦྱངས་ལ་བདེ་བའི་ཀུན་དུ་སྤྱོད་པས་བྱང་ཆུབ་ཀྱི་སེམས་ཕྱུང་ལ་བཏུང་བ་ལ་སོགས་པ་བྱས་པས་ལུས་རྡོ་རྗེ་ལྟར་སྲ་བར་འགྱུར་རོ། །ངེས་པའི་དོན་དུ་ཕྱི་དང་ནང་གི་རིགས་གང་ཡང་རུང་སྟེ། ས་བོན་མི་འབོད་པའི་ཏིང་ངེ་འཛིན་གྱི་བརྟུལ་བ་དྲག་པོས་ནི་ལུས་རྡོ་རྗེ་ལྟར་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །གསང་བའི་སྐད་ནི་ངོ་མཚར་ཅན། །ང་ཡིས་ཁྱོད་ལ་གང་བཤད་བ། །དེ་རྣམས་ཐམས་ཅད་གུས་པས་གཟུང༌། །ཞེས་བྱ་བ་ནི་ནན་ཏན་བསྒྲགས་པའི་ཚུལ་དུ་གསུངས་ནས། གཞན་ཡང་ལ་དོར་བའི་གསུང་འདི་དག་བཀའ་སྩལ་ཏེ། འདི་ལྟ་སྟེ། ཀྱེ་ཡི་རྡོ་རྗེ་དབང་བསྐུར་གང༌། །གསང་བའི་སྐད་ཀྱིས་མི་སྨྲ་ན། །དེ་ཡི་དམ་ཚིག་ཉམས་པར་ནི། །འགྱུར་པ་འདི་ལ་ཐེ་ཚོམ་མེད། །དེ་བཞིན་དུ་དམ་ཚིག་ཉམས་པའི་རྟགས་སུ་ཇི་ལྟར་འབྱུང་ཞེ་ན། འཆེ་བ་དང་ནི་རྐུན་མ་དང༌། །གདོན་དང་རིམས་དང་དུག་དག་གིས། །གལ་ཏེ་སངས་རྒྱས་གསང་བའི་སྐད། །མི་གསུང་ན་ཡང་འགྲོངས་པར་འགྱུར། །ཞེས་བྱ་བ་ནི་དེ་བཞིན་དུ་ལས་དང་པོ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐད་འདི་བསྒྲགས་པར་ངེས་སོ། །རང་གི་དམ་ཚིག་རིགས་རྙེད་ན། །གལ་ཏེ་ཚིག་འདི་མི་སྨྲ་བ། །གནས་བཞི་ལས་འཁྲུངས་རྣལ་འབྱོར་མ། །དེ་ཡི་ཚེ་ན་ཁྲོ་བར་བྱེད། །ཅེས་བྱ་བ་ནི་དྲང་བ་དང་ངེས་པའི་དོན་དུ་རིག་པར་བྱའོ། །ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུའི་རྒྱ་ཆེར་བཤད་པ་སྟེ་གསུམ་པའོ།། །།

བཞི་པ། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་སྐྱེས་


DTG002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྨྲ་བའི་རྒྱལ། །སྨྲ་བའི་སེང་གེ་ཚུགས་པ་མེད། །མུ་སྟེགས་ཅན་རྣམས་སྐྲག་མཛད་པ། །བཅོམ་ལྡན་ཀྱེ་ལ་བདག་ཕྱག་འཚལ། །ཕྱག་རྒྱ་བསྡུས་པའི་རྒྱ་ཆེར་འགྲེལ། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །སྒྲོན་མས་གསལ་བར་བྱ་བའི་ཕྱིར། །རྒྱ་ཆེར་འགྲེལ་པ་བདག་གིས་བྲིས། །དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་མཁའ་འགྲོ་མ་རྣམས་ཐེ་ཚོམ་དུ་གྱུར་ཞེས་བྱ་བ་ལ་སོགས་པ་ལ་གང་སྤྱོད་པའི་ལེའུ་ལས་གླུ་གར་རྣལ་འབྱོར་པས་བྱས་པས་དངོས་གྲུབ་སྟེར་བའི་གླུ་གར་དང༌། ལྷའི་ལེའུ་ལས་བཤད་པའི་ཞེ་སྡང་ལ་སོགས་པའི་ཕྱག་རྒྱས་གང་ལ་གང་གིས་ཇི་ལྟར་གདབ་པ་དང༌། བདག་མེད་མའི་འཁོར་ལོར་གསུངས་པའི་སྔགས་ཀྱི་ཡི་གེ་ལ་སོགས་པ་གང་ལགས་པ་དང༌། རིགས་ཀྱི་ལེའུ་ལས་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་སུ་གསུངས་པའི་དགོངས་པ་རྣམས་ལ། བཅོམ་ལྡན་བདག་ནི་འཁྲུལ་གྱུར་པས། །དེ་རྣམས་རྣམ་དག་བཤད་དུ་གསོལ། །ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོ་ལླ་ཨི་རི་ཊྛི་ཞེས་བྱ་བ་ལ་སོགས་པའི་གླུ་གསུངས་ཏེ། དེ་ལ་དོན་འདིར་རྟོགས་པར་བྱ་སྟེ། །ཀོ་ལླ་ཨི་རི་ཊྛི་ཨ་བོ་ལཱ། །ཞེས་པས་ནི་གནས་དང་ཉེ་བའི་གནས་སུ་བསྟན་ཏོ། །མུ་མྨུ་ཎི་རེ་ཀ་ཀྐོ་ལཱ། །ཞེས་པ་ནི་ཞིང་དང་ཉེ་བའི་ཞིང་དུ་བསྟན་ཏོ། །གྷ་ཎེ་ཀྲྀ་པི་ཊ་ཧོ་བཱ་ཛྫ་ཨི་ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ་ཞེས་པས་ནི། ཚ་ནྡོ་དག་ཏུ་རབ་ཏུ་བསྟན་ཏོ། །ཏ་ཧིཾ་བ་ལ་ཁཱ་ཛྫ་ཨི་གཱ་ཌྷེཾ་མ་ཨ་ཎཱ་བི་ཛྫ་ཨ་ཨི་ཞེས་ཉེ་བའི་ཚ་ནྡོར་བསྟན་ཏོ། །ཧ་ལེ་ཀཱ་ལི་ཉྫར་པ་ཎི་ཨ་ཨི་དུ་ནྡུར་བཱ་ཛྫི་ཨ་ཨི་ཞེས་པས་ནི་འདུ་བའི་ས་བསྟན་ཏོ། །ཙ་ཨུ་ས་མ་ཀ་ཙྪུ་རཱི་སི་ཧླ་ཀཱ་སྤུར་ལཱ་ཨི་ཨ་ཨི་ཞེས་པས་ནི། ཉེ་བའི་འདུ་བའི་ས་བསྟན་ཏོ། །མཱ་ལ་ཨི་ནྡྷ་ཎ་སཱ་ལི་ཉྫ་ཏ་ཧི་བྷ་རུ་ཁཱ་ཨི་ཨ་ཨི་ཞེས་པས་དུར་ཁྲོད་བསྟན་ཏོ། །ནི་རཾ་སུ་ཨཾ་ག་ཙཱ་ཌ་ཝི་ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི་ཞེས་པས་ནི་ཉེ་བའི་དུར་ཁྲོད་བསྟན་ཏོ། །པྲེཾ་ཁ་ཎ་ཁེ་ཊ་ཀ་ར་ནྟེ་ཤུ་དྡྷཱ་ཤུ་དྡྷ་ན་མུ་ཎི་ཨ་ཨི་ཞེས་པས་ནི་པཱི་ལ་བ་བསྟན་པའོ། །མ་ལ་ཡ་ཇོ་ཀུནྡུ་རུ་པཱ་ཊ་ཨི་ཌི་ཎྜི་མ་ཏ་ཧི་ནྣ་བཱ་ཛྫི་ཨ་ཨི་ཞེས་པས་ནི་ཉེ་བའི་པཱི་ལ་བ་བསྟན་ཏོ། །དེ་ལྟར་བརྗོད་པའི་རིམ་པས། འདི་དག་ས་ནི་བཅུ་རུ་བསྟན། །འདི་ལྟར་ཤེས་བཞིན་གླུ་ལེན་གང༌། །དེ་ནི་དངོས་གྲུབ་རྒྱས་འགྱུར་ཏེ། །ཧེ་རུ་


DTG002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནི་ཇི་བཞིན་ནོ། །ཞེས་རྩ་བའི་རྒྱུད་ལས་གསུངས་པས་དོན་རྟོགས་པར་བྱའོ། །ད་ནི་གར་བསྟན་པར་བྱ་བའི་ཕྱིར། །དྲན་པ་མི་འཕྲོགས་རྣལ་འབྱོར་པས། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གར། །ཆགས་བྲལ་མི་གོས་སེམས་ཀྱིས་ནི། །འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །ཅེས་བྱ་བ་ཆགས་པའི་བདེ་བ་ལ་སེམས་གཞན་དུ་མི་འཕྲོགས་ཤིང་སྙིང་རྗེ་ཆེན་པོ་གཡོ་བ་ནི་གར་ཡིན་ཏེ། དེ་ཡང་ཇི་སྐད་དུ། ཧེ་ནི་རྒྱུ་སོགས་རྣམ་སྤངས་པ། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པ། །ཧེ་རུ་ཀ་ཞེས་རབ་ཏུ་གྲགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཆགས་པ་དང་བྲལ་བའི་སྐྱོན་གྱིས་མི་གོས་པར་བདག་གཞན་གྱི་དོན་དུ་སྙིང་རྗེ་ཆེན་པོ་གཡོ་བར་བྱ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཆོས་དང་སངས་རྒྱས་དང༌། །ཞེས་བྱ་བ་ལ་རྡོ་རྗེ་ཆོས་ནི་གསུང་གི་རང་བཞིན་ནོ། །སངས་རྒྱས་ནི་སྐུའི་རང་བཞིན་ཏེ། དེའི་ཤུགས་ཀྱིས་ཐུགས་ཀྱང་ཤེས་པར་བྱའོ། །དེ་ནི་སྐུ་གསུང་ཐུགས་གཅིག་ཏུ་བྱ་བ་བསྟན་ཏོ། །རྣལ་འབྱོར་མ་མོ་རྣམས་ཀྱིས་ནི། །གླུ་དང་གར་ནི་འདི་དག་གིས། །ལེགས་པར་གླུ་བླངས་གར་ཡང་བྱ། །འདི་ཉིད་ཀྱིས་ནི་དམ་ཚིག་བསྲུང༌། །དེ་བཞིན་བདག་ཀྱང་བསྲུང་བ་ཉིད། །འདིས་ནི་འཇིག་རྟེན་དབང་དུ་བྱེད། །ཅེས་བྱ་བ་ལ། དེ་ལྟར་བརྗོད་པའི་གླུ་དང་གར་དེ་དག་གིས་ནི་ཕྱི་དང་ནང་གི་དམ་ཚིག་དང་དངོས་གྲུབ་རྒྱས་པ་ཐམས་ཅད་ཀྱང་གསལ་བར་བསྟན་པ་ཡིན་ཏེ། འདི་དག་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པས་འཇིག་རྟེན་གསུམ་ཡང་དབང་དུ་བྱེད་ལ་སྔགས་ཀྱི་བཟླས་པ་ཡང་འདི་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གང་དུ་གུས་པས་གླུ་ལེན་དང༌། །གང་དུ་གུས་པས་གར་བྱེད་པ། །ཚོགས་ཀྱི་བདག་པོས་སྔར་བྱས་ནས། །ཞེས་བྱ་བའམ། རྒྱལ་པོའི་བཀའ་ཐོབ་པའི་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཡང་རུང་ཚོགས་ཀྱི་འཁོར་ལོ་ཐ་མལ་པ་ཡང་རུང༌། དེ་དག་ལས་གཞན་པའི་དཔའ་བོའི་སྟོན་མོའི་དུས་ཀྱང་རུང་སྟེ། དང་པོར་ཚོགས་ཀྱི་གཙོ་བོས་གླུ་བླངས་ལ་དེའི་རྗེས་སུ་གཞན་དག་གིས་ཅི་བདེར་བླང་ཞེས་བྱ་བའི་དོན་ཏོ། །ཚོགས་དང་དཔའ་བོའི་སྟོན་མོ་དེ་དག་གི་དུས་སུ་གླུ་དང་གར་གྱི་བྱིན་རླབས་ཀྱིས་མཚན་མ་དང་པོར་རྣམ་པ་གསུམ་སྒོག་པའི་དྲི་ལྟ་བུ་དང༌།


DTG002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བྱ་རྒོད་ཀྱི་དྲི་ལྟ་བུ་དང༌། ཐ་མ་ག་པུར་གྱི་དྲི་ལྟ་བུ་འབྱུང་བར་འགྱུར་ཏེ། རྡོ་རྗེ་སློབ་དཔོན་གྱིས་མཚོན་པར་བྱའོ། །དེ་བཞིན་དུ་གླུའི་མཚན་ཉིད་ཀྱིས་ངག་གི་གདངས་ཐོག་མ་དང་ཐ་མ་གཉིས་སུ་ངང་པའི་རྒྱལ་པོ་དང༌། བུང་བའི་རྒྱལ་པོ་ལྟ་བུའི་སྒྲས་སྣ་དྲང་ཞིང་མཐའ་བརྟེན་ཏོ། །བར་དུ་ནི་ཁྱུ་མཆོག་ལྟ་བུའི་སྒྲ་སྟེ། རའི་སྒྲ་ལྟ་བུའི་རྒྱས་པར་བྱ་བའི་དོན་ཏེ་སྐད་ཅིག་དེ་ཉིད་ལ་དཀྱིལ་འཁོར་བའི་ཉེ་འཁོར་དུ་ཡང་རྟགས་དེ་དག་འབྱུང་བར་འགྱུར་རོ། །དེ་ལྟ་བས་ན། ངང་པ་དང་ནི་བུང་བའི་སྒྲ། །བ་ལང་གཙེ་ཡི་སྒྲ་ལྟ་བུ། །གླུ་ཡི་མཐའ་ནས་མཉན་པར་བྱ། །གླུ་ཡི་བྱིན་རླབས་མཚན་ཉིད་ཀྱིས། །ཕྱི་རོལ་མཚལ་དུའང་མཚོན་པར་འགྱུར། །ཞེས་གསུངས་སོ། །ད་ནི་ཕྱག་རྒྱའི་མཚན་ཉིད་བརྗོད་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྟགས་དང་རིགས་དང་རྒྱུད་དང་ཆོ་འབྲང་རྣམས་ཡོངས་སུ་དག་པར་མ་བྱས་པས། འཇིག་རྟེན་པའི་བག་མའི་བྱ་བ་ལ་སོགས་པ་མི་བྱེད་པའི་ཕྱིར་ཏེ། གལ་ཏེ་ཡོངས་སུ་མ་སྦྱངས་པར་འཇིག་རྟེན་པའི་བྱ་བ་ལ་འཇུག་པ་དེ་ལྟ་ན་ནི་འཇིག་རྟེན་པའི་ཐ་སྙད་ཀྱང་མེད་དེ་ཀླ་ཀློ་ཡོངས་སུ་དར་བར་འགྱུར་རོ། །དེ་ལྟ་བས་ན་རྒྱུད་དེ་དང་དེ་ལས་ཀྱང༌། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་གསུངས་པའི་ཕྱིར་རོ། །དེ་བས། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། །འདི་ཡི་རིགས་ནི་མཚོན་པར་བྱ། །རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། །སྒྲུབ་པ་པོ་ལ་དངོས་གྲུབ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་རིགས་གང་ཡིན་པ་དེ་དང་དེའི་རིགས་ཀྱི་ཕྱག་རྒྱས་གདབ་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །འདིའི་དོན་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། ཞེ་སྡང་ཕྱག་རྒྱས་བདག་མེད་མ། །མགོན་པོ་མི་བསྐྱོད་ཞེ་སྡང་རིགས། །གཏི་མུག་ཕྱག་རྒྱས་རྡོ་རྗེ་མ། །མགོན་པོ་སྣང་མཛད་གཏི་མུག་རིགས། །སེར་སྣའི་ཕྱག་རྒྱས་དཀར་མོ་ཉིད། །སེར་སྣ་མགོན་པོ་རིན་ཆེན་འབྱུང༌། །ཆགས་པས་ཆུ་མ་ཕྱག་རྒྱས་གདབ། །ཆགས་པའི་མགོན་པོ་དཔག་མེད་རིགས། །ཕྲག་དོག་ཕྱག་རྒྱས་མཁའ་འགྲོ་མ། །ཕྲག་དོག་དོན་ཡོད་གྲུབ་པའི་རིགས། །དེ་བཞིན་མཚམས་སོགས་ལྷ་མོ་ཡང༌། །ས་དང་ཆུ་དང་མེ་རླུང་ཕྱིར། །རིམ་པ་བཞིན་དུ་ཕྱག་རྒྱས་གདབ། །ཅེས་གསུངས་པས་དོན་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་


DTG002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ཡང་ནི་དཀར་མོ་ཞེ་སྡང་གིས། །ཞེས་པ་ནས། འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་མ། །འདོད་པས་ཕྱག་རྒྱ་ཤེས་པར་བྱ། །ཞེས་བྱ་བ་ཡན་ཆད་ཀྱང་གོང་བཞིན་རྟོགས་པར་བྱ་སྟེ། ཡུལ་དང་ཡུལ་ཅན་གྱིས་ཕྱེ་བ་ཙམ་དུ་ཟད་དོ། །ད་ནི་བདག་མེད་མ་ལ་སོགས་པ་ལྷ་མོ་བཅོ་ལྔའི་ས་བོན་བསྟན་པར་བྱ་བའི་ཕྱིར། ཨཱ་ལི་དང་པོ་བདག་མེད་མ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་མེད་མའི་ས་བོན་ནི་ཨའོ། །ཨཱ་ལི་གཉིས་པོ་རྡོ་རྗེ་མའི་ས་བོན་ནི་ཨཱའོ། །ཨ་ལི་གསུམ་པ་དཀར་མོའི་ས་བོན་ནི་ཨི། བཞི་པ་བཅུའི་རྣལ་འབྱོར་མའི་ས་བོན་ནི་ཨཱི། ལྔ་པ་རྡོ་རྗེ་མཁའ་འགྲོ་མའི་ས་བོན་ནི་ཨུ། དེ་ནི་ནང་གི་འཕར་མའོ། །ཕྱིའི་འཕར་མ་བཤད་པར་བྱ་སྟེ། དྲུག་པ་པུ་ཀྐ་སཱིའི་ས་བོན་ནི་ཨཱུ། བདུན་པ་རི་ཁྲོད་ལོ་མའི་ས་བོན་ནི་རྀ། བརྒྱད་པ་སྨེ་ཤ་ཅན་གྱི་ས་བོན་ནི་རཱྀ། དགུ་པ་གཡུང་མོའི་ས་བོན་ནི་ལྀ། །ཡང་ནི་ལྔ་གཉིས་དཀར་མོ་ཉིད། །ཅེས་གསུངས་སོ། །བཅུ་པ་དཀར་མོའི་ས་བོན་ནི་ལཱྀ། བཅུ་གཅིག་པ་ཆོམ་རྐུན་མའི་ས་བོན་ནི་ཨེ། བཅུ་གཉིས་པ་རོ་ལངས་མའི་ས་བོན་ནི་ཨཻ། བཅུ་གསུམ་པ་གྷ་སྨ་རཱིའི་ས་བོན་ནི་ཨོ། །བཅུ་བཞི་པས་སྤྱོད་མའི་ས་བོན་ནི་ཨཽ། །བཅོ་ལྔ་པ་མཁའ་སྤྱོད་མའི་ས་བོན་ནི་ཨཾ་ངོ༌། །རྣལ་འབྱོར་མ་ཡི་ས་བོན་ཉིད། །ཅེས་བྱ་བ་ནི་དེ་ལྟར་བརྗོད་པའི་ས་བོན་རྣམས་བདག་མེད་མ་ལ་སོགས་པའི་ལྷ་མོ་བཅོ་ལྔའི་ས་བོན་ཡིན་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་ལེའུ་ལས་རྩ་རྣམས་གང༌། །བཅུ་དྲུག་གཉིས་ཀྱིས་བདག་ཉིད་གསུངས། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེ་རྣམ་པ་གསུམ་དུ་བརྗོད། །ཅེས་གསུངས་ཏེ། འདི་ལྟར་རྩ་གསུམ་ཅུ་རྩ་གཉིས་ཀྱིས་རིགས་ཀྱི་ལེའུ་ར་བསྟན་པ་གང་ཡིན་པ་དེ་ནི་སྲོག་དང་སེམས་མཉམ་དུ་རྒྱུ་བའི་ཕྱིར། ཐབས་དང་ཤེས་རབ་ཀྱི་དབྱེ་བས་རྩ་གཉིས་གཉིས་ཤིང་རྣལ་འབྱོར་མ་རེ་རེ་སྟེ་ལྷ་མོ་བཅོ་ལྔའི་བདག་ཉིད་ཡིན་ལ། །བརྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར་སུམ་ཅུ་རྩ་གཉིས་པ་ནི་ཕྱི་དང་ནང་ཀུན་དུ་བྱ་བས་ཡོངས་སུ་གཏོང་བ་ཡིན་པའི་ཕྱིར་ཀུན་དུ་སྤང་བར་བྱ་སྟེ། བདག་མེད་མ་ལ་དབུལ་བར་བྱའོ། །དེ་ཡང༌། གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་


DTG002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་གྱི་ལྷག་མ་སྤང༌། །ཞེས་གསུངས་ཏེ། ཚེས་བཅུ་དྲུག་པ་མེད་པའི་ཕྱིར། དེ་སྐད་ཅེས་བྱ་བ་ལ། གང་ཡང་བཅུ་དྲུག་ཅེས་གྲགས་པ་ནི་མར་ངོའི་ཚེས་གཅིག་ཡིན་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་བྱ་བས་གསལ་བར་རབ་ཏུ་བསྟན་པ་ཡིན་ནོ། །དེ་ཡང་བསྡུས་པའི་རྒྱུད་འདི་ཉིད་ལས། །ཆ་ཤས་བཅོ་ལྔའི་བདག་ཉིད་ཅན། །བྱང་ཆུབ་སེམས་རྣམས་ཟླ་བར་འགྱུར། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །ཞེས་གསུངས་སོ། །དེ་བཞིན་དུ། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པའི་དུས་སུ་ཡི་གེ་ལྔ་པོའི་དབྱིབས་ལྟ་བུར་གནས་པ་ཐིག་ལེ་དང་རྣམ་པར་གཅད་པར་བྱ་བ་དག་གིས་ཀུན་དུ་མཛེས་པར་འགྱུར་བའི་ཕྱིར་རོ། །རྣལ་འབྱོར་བྱིས་པའི་བློ་ཅན་དག་འདི་སྐད་ཅེས་ཅི་སྟེ། ཨཱ་ལི་ཡང་བཅུ་དྲུག་ཏུ་གསུངས་ལ་ཐིག་ལེ་དང་དགའ་བ་འཕོ་བ་ཡང་བཅུ་དྲུག་ཏུ་གསུངས་པ་མ་ཡིན་ནམ། དེ་ཅིའི་ཕྱིར་ཞེ་ན། བཅུ་དྲུག་པ་དང་སུམ་ཅུ་རྩ་གཉིས་པ་སྤང་ཞེས་སེམས་པ་དེ་ནི་མ་ཡིན་ཏེ། འདི་ལྟར་དེ་བཞིན་གཤེགས་པས་བྱིས་པའི་སྐྱེ་བོ་རྣམས་ལ་དགོངས་ནས། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་སྟེ། ངོ་བོ་ཉིད་དང༌། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ། སྐུ་བཞི་རྣམས་ལ་དགོངས་ནས་དགའ་བ་བཅུ་དྲུག་ཏུ་གསུངས་སོ། །དེ་བཞིན་དུ་ཨཱ་ལི་བཅུ་དྲུག་དང༌། ཐིག་ལེ་བཅུ་དྲུག་དག་ནི་དངོས་སུ་ཡོད་པ་མ་ཡིན་ཏེ། ཆ་གཉིས་གསལ་བར་བྱེད་པའི་ཕྱིར་སྒྲ་གཅན་ནམ། མ་ནིང་ལྟ་བུ་ཡིན་ནོ། །དེ་བས་ན་སུམ་ཅུ་རྩ་གཉིས་དང༌། བཅུ་དྲུག་པའི་འཁྲུལ་པ་སྤང་སྟེ། གཞན་དུ་ན་དོགས་པ་མི་བྱའོ། །རྡོ་རྗེ་སྙིང་པོས་གསོལ་བ། རྣལ་འབྱོར་མ་ཀུན་ལས་བྱུང་བ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ག་པུར་ངེས་པར་ཅིས་མི་སྤང༌། །ཞེས་བྱ་བ་གསོལ་ཏེ། །དེ་ལྟ་བས་ན་རྣལ་འབྱོར་མ་བཅོ་ལྔའི་བདག་ཉིད་ཅན་གྱི་ཁུ་བ་བྱང་ཆུབ་ཀྱི་སེམས་བཏུང་བའི་མཆོག་ནམ་མཁའ་ལྟ་བུའི་བདེ་བ་རྒྱུན་མི་འཆད་པ་ལུས་ངག་ཡིད་གསུམ་བསིལ་བར་བྱེད་པའི་སླད་དུ་ག་བུར་ལྟ་བུ་འདི་ཅིས་ཀྱང་མི་སྤང་བར་བསྒྲུབ་པར་བགྱིའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཚུལ་དང་མཐུན་པའི་ལན་གྱིས་


DTG002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་སྨྲས་པ་དེ་བཞིན་ནོ་ཞེས་གསུངས་སོ། །རྡོ་རྗེ་སྙིང་པོས་གསོལ་པ། ཐབས་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ཞེས་བྱ་བ་ནི་འདི་ལྟ་བུའི་བྱང་ཆུབ་ཀྱི་ལམ་ལ་འཇུག་པའི་གོ་རིམས་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབ་པའི་རིམ་པས་ཀྱང༌། །ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་བྱ་བ་སླར་གསུངས་པ། སྔོན་དུ་ཐུན་མོང་གི་སྡོམ་པ་གཟུང་བ་དང༌། རྡུལ་ཚོན་གྱི་ནང་དུ་དྲང་བ་དང་། བླ་མས་རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་བྱ་བ་རྣམ་པ་བདུན་གྱིས་བྱིན་གྱིས་བརླབས་ལ་གདོད་ཀུན་རྫོབ་དཀར་པོ་དང༌། དེ་ལས་འབྱུང་བའི་བདེ་བས་སེམས་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར། ཀུན་རྫོབ་ཀུ་ནྡ་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་བྱ་བ་ལ་རེ་ཞིག་ཀུན་རྫོབ་ཉིད་དུ་ཁུ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ལ་བརྟེན་པའི་བདེ་བ་དོན་དམ་པ་ཞེས་སུ་ཐ་སྙད་གདགས་སོ། །ཕྱི་ནས་འཆོར་བ་མེད་པའི་བདེ་བ་ལས་བྱུང་བའི་དེ་ཁོ་ན་ཉིད་ལ་དོན་དམ་པའི་གཟུགས་ཅན་ཏེ། ངེས་པའི་དོན་ཏོ། །བུད་མེད་ཀོ་ལ་བདེ་བ་ཅན། །ཨེ་ཝཾ་རྣམ་པའི་རང་བཞིན་དུ། །བདེ་བ་བསྲུངས་པ་ཁོ་ན་ལས། །བདེ་བ་ཅན་ཞེས་རབ་ཏུ་བསྒྲགས། །ཞེས་བྱ་བ་ལ་ཀུན་རྫོབ་ཏུ་མི་མོའི་ཆུ་སྐྱེས་དང་སྐྱེས་བུའི་ལིངྒ་དག་ཕན་ཚུན་དུ་གཙུབས་པ་ལས། བདེ་བ་འབྱུང་བའི་ཕྱིར་བདེ་བ་ཅན་ཞེས་བསྒྲགས་པར་བྱའོ། །བདེ་བ་དེ་ཉིད་དེ་ཁོ་ན་ཉིད་ཀྱི་ལྕགས་སྒྲོག་གིས་བསྡམས་པ་ལས་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པ་ནི་ངེས་པའི་དོན་ཏོ། །བསྡུས་པའི་རྒྱུད་འདི་ཉིད་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་ཏེ། གོང་དུ་བརྗོད་པའི་ཀུ་དྣ་ལྟ་བུ་ཁྱེའུ་དང་བུ་མོའི་རྟེན་བསྐྱེད་པས་ནི། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམ་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །ཞེས་བྱ་བ་ཡིན་ལ། ཀུ་ནྡ་ལྟ་བུ་


DTG002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་དང་བུ་མོའི་རྟེན་རབ་ཏུ་བཅད་དེ། བསྲུངས་པ་ལས། འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་བྱ་བ་མིན་ཞིང༌། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་པ་ནི་ངེས་པའི་དོན་ཉིད་དོ། །དེ་བས་ན་དེའི་ཕྱིར། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །ཅེས་བྱ་བ་རྨོངས་པ་རྣམས་ལ་དུས་ཀྱི་ཕོ་ཉ་མོས་འཛིན་པའི་ཕྱིར་དང༌། དུས་ཀྱི་མེ་འབར་བས་ཀུ་ནྡ་ལྟ་བུ་ཁ་ཐུར་དུ་བལྟས་པས་གསོད་པར་བྱེད་པ་ཉིད་དོ། །རྨོངས་མེད་འཁོར་བ་དག་བས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་ལ། གང་ཀུ་ནྡ་ལྟ་བུ་སྟེ་རྒྱུ་བ་འགགས་པ་ནི་རྨོངས་པ་མེད་པ་སྟེ། ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བ་རྣམས་སུ་རྟེན་འབྲེལ་ལུགས་ལས་བཟློག་སྟེ། གནས་དང་གནས་སུ་ཐིམ་པ་ན། །འཁོར་བ་མྱ་ངན་ལས་འདས་པ། །ཞེས་བརྗོད་དོ། །དེའི་ཕྱིར་ན་ཡང༌། བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་གསུངས་སོ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །སྔོ་བསངས་དལ་ལ་རིགས་བཟངས་མ། །སི་ཧླ་ག་པུར་འབྱུང་བའི་གནས། །རང་གིས་དབང་བསྐུར་ཀྱེའི་རྡོ་རྗེ། །ཞེས་བྱ་བ་ལ་སོགས་པ་ནི། ཀུན་རྫོབ་ཀྱི་ཚུལ་ཅན་མ་བདེ་བ་རྟོགས་པར་བྱེད་པའི་ཕྱག་རྒྱ་ཞེས་ཐ་སྙད་གདགས་ཏེ་སྔོན་དུ་རྒྱས་བར་བསྟན་ཏོ། །དེ་བཞིན་དུ་དེའི་ཆང་ནི་ལྷན་ཅིག་སྐྱེས་པ་སྟེ། བདག་དང་གཞན་གྱི་དོན་དུ་བཏུང་བར་བྱ་བ་ཉིད་དེ་མདོར་བསྟན་པའོ། །བཏུང་བ་ནི་དྲང་བ་དང་ངེས་པའི་དོན་གྱི་དབྱངས་རྣམ་པ་གཉིས་ཏེ། དྲང་བའི་དོན་དུ་ནི་དངོས་སུ་རོ་ལྡན་གྱིས་བླང་བ་ཡིན་ལ། ངེས་པའི་དོན་དུ་ནི་ལིངྒའི་རོ་ལྡན་གྱིས་བླང་བ་ནི་ངེས་པའོ། །དེའི་ཕྱིར། བོ་ལ་ཀ་ཀྐོ་ལ་ར་བཀོད་ནས། །ཀུན་དུ་རུ་བྱ་བརྟུལ་ཞུགས་ཅན། །དེ་རུ་སྦྱོར་བ་ལས་བྱུང་བ། །ག་བུར་མཁས་པས་མི་སྤང་སྟེ། །དེ་ཕྱིར་ལག་ཏུ་མི་བླང་ཞིང༌། །ཉ་ཕྱིས་དུང་ཆོས་ཉིད་དུ་མིན། །ངེས་པར་བློ་དང་སྟོབས་ཀྱི་ཕྱིར། །འཆི་མེད་ལྕེ་ཡིས་བླང་བར་བྱ། །ཞེས་བསྟན་ཏོ། །ག་བུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ་ཐིག་ལེའི་ག་བུར་བཅོ་ལྔ་པོ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་བདག་མེད་མའི་མཐའ་རྟོགས་པའི་ཕྱིར།


DTG002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མ་ཞེས་གདགས་སོ། །ལུས་ཅན་རྣམས་ཀྱི་ལྟེ་བའི་དཀྱིལ་འཁོར་ན་དབྱངས་ཀྱི་ཡི་གེ་དང་པོ་ཉིད་ཨའི་ཚུལ་དུ་གནས་ལ། དེ་ལས་སྦྱོར་བ་གང་གི་དུས་སུ་དུས་ཀྱི་མེ་འབར་བར་བྱེད་ཅིང་ཁམས་གསུམ་པོ་ཐམས་ཅད་སྲེག་པར་བྱེད་དེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་བསྲེགས་ནས། རང་གི་གནས་སུ་འོང་བར་བྱེད་པ་འདི་ནི་ཐམས་ཅད་ཀྱི་རྒྱུ་ཅན་ནོ། །དེའི་ཕྱིར་ན་ཡང༌། ལྟེ་བའི་དཀྱིལ་འཁོར་དག་ཏུ་གནས། །དབྱངས་ཡིག་དང་པོའི་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །ཞེས་བྱ་བ་གསུངས་ལ། རྩ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། ལུས་ཅན་ཐམས་ཅད་འཁྲིག་པ་ན། །འགྲོ་དང་འོང་བའི་བྱེད་པ་དང༌། །བདེ་དང་སྡུག་བསྔལ་མ་ལུས་པ། །འདི་ཉིད་ཀྱིས་ནི་བྱེད་པར་བརྗོད། །ཅེས་གསུངས་ཏེ་ཐུན་མོང་གི་ཆོས་སོ། །དེ་ལས་བློ་ཞེས་པ་ནི་ཤེས་རབ་ཀྱི་མིང་གི་ཁྱད་པར་ཡིན་ལ། དེས་སོ་སོར་འབིགས་ཤིང་གཅོད་པའི་ལས་བྱེད་པའི་ཕྱིར། ཤེས་རབ་ཅེས་སངས་རྒྱས་རྣམས་ཀྱིས་གསུངས་སོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། །ཞེས་བྱ་བ་ལ་གང་དུ་འཇིག་རྟེན་ལྟ་བུ་ལས་འདས་ཏེ། ཡིད་ནང་དུ་ཆུད་པའི་དུས་དེ་ན་འཕོ་བ་མེད་པའི་གནས་ཏེ། དེ་ནས་འབར་ཏེ་མཚན་མར་རྟོགས་པ་ཐམས་ཅད་སྲེག་པར་བྱེད་དོ། །དེ་ནི་ཇི་སྐད་དུ། ཤེས་རབ་ངེས་འབིགས་ཞེས་བྱ་བ། །ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། །དེས་ནི་ཕྱག་རྒྱ་འགྲུབ་འགྱུར་བས། །བསྒོམས་ན་མྱུར་དུ་འགྲུབ་པོ་ཞེས། །བཅོམ་ལྡན་ཤེས་རབ་མཆོག་གིས་གསུངས། །ཞེས་གསུངས་པ་དང༌། དེ་ལྟར་ན་ཐོག་མ་དང༌། ཐ་མ་དང༌། དབུས་རྣམས་སུ་མཚན་མའི་སྤྲོས་པ་ལས་གྲོལ་བ་ནི་བདག་མེད་མ་ཡིན་ཏེ། དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱ་ངན་འདས། །ལྷན་ཅིག་སྐྱེས་དགའི་བྱེད་པ་ཅན། །ཞེས་སྨོས་ཏེ། དེ་ནི་ཞེས་བྱ་བ། དང་པོའི་དབྱངས་ཡིག་རང་བཞིན་ཏེ། །ཞེས་བྱ་བ་དང་སྦྱར་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ཞེས་པའི་ཐ་ཚིག་གོ །དེ་བཞིན་དུ་རང་བཞིན་དང་སྐྱེས་བུ་ལ་སོགས་པ་དུ་མར་རྟོགས་པའི་བྱེད་པ་པོ་ཡང་ཡིན་ཏེ།


DTG002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་མུ་སྟེགས་ཤེས་རབ་འཆལ་པ་ཅན་རྣམས་ཇི་སྐད་དུ། ས་ཆུ་མེ་རླུང་ནམ་མཁའ་དང༌། །དུས་དང་ཕྱོགས་དང་བདག་དང་ཡིད། །རྫས་ནི་དགུ་ཡི་བདག་ཉིད་དེ། །དངོས་ཀུན་འདི་ཡི་རང་བཞིན་ཡིན། །ཞེས་པ་དང༌། དེ་བཞིན་དུ། རྫས་དང་ཡོན་ཏན་ལས་དང་ནི། །སྤྱི་དང་ཁྱད་པར་ཆ་ཤས་རྣམས་།ཚིག་གི་དོན་ནི་དྲུག་ཡིན་ཏེ། །དེ་དག་ལས་ནི་འདི་འབྱུང་ངོ༌། །ཞེས་ཐ་སྙད་དུ་མར་འདོགས་སོ། །དེ་ལས་སྐྱེས་པའི་རྣལ་འབྱོར་མ། །དེ་ཡི་བདེ་བ་ཟ་བ་ཉིད། །དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ། །བདེ་བ་སྟེར་བའི་དངོས་གྲུབ་འགྱུར། །ཞེས་བྱ་བ་ལ་དང་པོའི་དབྱངས་ཡིག་གིས་བསྐྱེད་པའི་བདེ་བ་ཟ་བའི་ཕྱིར་དང༌། དབྱངས་ཡིག་དེ་དང་དེ་ལས་འབྱུང་བའི་བདེ་བ་ཕྱག་རྒྱ་ཆེན་པོ་རྟོགས་ཤིང་དེའི་ཚུལ་གཞན་ལ་ཡང་སྟེར་བའི་ཕྱིར་འདི་སྐད་ཅེས་བྱའོ། །ཇི་ལྟར་སྦྱིན་པར་བྱ་ཞེ་ན། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང༌། །ཤེས་རབ་ཉིད་ཀྱིས་དཔྱད་པར་བྱ། །ཞེས་པས་བྱིན་ཏེ། ཕྱི་དང་ནང་གི་དབྱེ་བས་ཕྱེ་ལ་ཕྱིར་ནི་མི་མོའི་བདེ་བར་བསྡུ་བའི་ཚུལ་དུ་སྦྱིན་ནོ། །ནང་དུ་ཨཱ་ལི་ཀཱ་ལི་འབྱོར་བའི་བདག་ཉིད་ཀྱིས་སྦྱིན་པར་བྱའོ། །དེ་ཡང་འདི་ཉིད་ལས། ཇི་སྐད་དུ། ཨཱ་ལི་ཀཱ་ལི་སྦྱོར་བ་ལས། །ཕྱི་རོལ་གྱིས་ནི་གཉིས་གཉིས་བཀག །ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་པོའི་རྣལ་འབྱོར་མ། །ཞེས་བྱ་བ་ལ་སོགས་པ་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་དུ་ཐ་སྙད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་དང་མོ་ཐབ་དང་ཕྱག་རྒྱ་བཅིང་བ་ལ་སོགས་པ་ཐམས་ཅད་ཀྱང་ལྷ་དང༌། ལྷ་མ་ཡིན་དང༌། ཡི་དགས་དང༌། དམྱལ་བ་དང༌། འབུ་སྲིན་དང༌། ཕྱེ་མ་ལེབ་ལ་སོགས་པ་ཐམས་ཅད་ཀྱི་གཞི་གང་དེ་ཉིད་ཡིན་ཞེས་པའི་དོན་ཏོ། །ད་ནི་ཕྱི་དང་ནང་གི་སྡོམ་པ་དག་ལས་ཕྱིའི་སྡོམ་པ་རྣམས་སྔོན་དུ་རྒྱས་པར་བསྟན་ནས། ནང་གི་བདེ་བའི་སྡོམ་པ་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། །རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འཁོར་ལོ་བསྒོམ་པའི་ལམ་དང༌། ཕྱི་ནང་གི་ལྷ་ཐམས་ཅད་ཇི་ལྟར་འབྱུང་བ་ཐམས་ཅད་ཁོང་དུ་ཆུད་དེ། སྡོམ་པའང་


DTG002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བཤད་དུ་གསོལ། །ཞེས་ནང་གི་བདེ་བའི་སྡོམ་པ་ཕྱི་རོལ་གྱི་ཁྲིམས་ཀྱི་བྱ་བ་ཡོངས་སུ་གཏང་བར་ཞུས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་མ་ཡི་ལུས་དབུས་ན། །སྡོམ་པ་ཨ་ཡི་རྣམ་པར་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །སྡོམ་པ་དེ་ཉིད་རབ་ཏུ་བསྟན། །ཞེས་གསུངས་སོ། །དེ་ལ་འདིའི་དོན་ནི་འདི་ཡིན་ཏེ་ཕྱི་རོལ་གྱི་རས་དང༌། ཤན་ལ་སོགས་པ་སྙིགས་མ་ཅན་གྱི་ཚོས་ཀྱིས་ལེགས་པར་བསྒྱུར་ཏེ་ལུས་ལ་བཅང་བ་དང༌། དེ་བཞིན་དུ་ཕས་ཕམ་པ་བཞི་དང༌། དགེ་འདུན་ལ་རག་ལུས་པའི་ཚིག་ཅན་གྱི་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་ཞེས་བྱ་བ་ལ་སོགས་པ་ཇི་སྙེད་ཅིག་བསྟན་པ་དེ་དག་ནི་བྱིས་པའི་སྐྱེ་བོ་རྣམས་དྲང་བའི་ཕྱིར་གསུངས་སོ། །དེ་ལས་གཞན་པ་གསང་སྔགས་ཀྱི་ལམ་ཉིད་དུ་སྤྱད་པ་སྤྱོད་པ་ཉིད་ལ་ཡང་དྲང་བ་དང་ངེས་པའི་དོན་རྒྱ་ཆེར་བསྟན་ཏེ། དེ་ལས། གང་ཕྱིར་སྤྲུལ་པ་གནས་བརྟན་ཉིད། །ཅེས་པ་ནས། སྐྱེ་གནས་འདོད་ཆགས་བྲལ་འགྱུར་དང༌། །མངལ་གྱི་ཕྲུ་མ་ཆོས་གོས་ཉིད། །ཅེས་པ་ལ་སོགས་པ་དང༌། གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །ཅེས་པ་ལ་སོགས་པ་རྣམས་ཕྱི་རོལ་ཉན་ཐོས་བྱེད་པའི་ཁྲིམས་ཀྱི་བྱ་བ་ལས། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་ལས་ཀྱི་དང་པོར་གཏོགས་པ། རྣལ་འབྱོར་པ་བྱིས་པའི་བློ་ཅན་རྣམས་ལ་ངེས་པའི་དོན་དུ་བསྟན་ཏོ། །དེ་ཡང་རྣལ་འབྱོར་པ་མཁས་པ་བློ་དང་ལྡན་པ་རྣམས་ལ། གང་ཕྱིར་སྤྲུལ་པ་གནས་བརྟན་པ། །ཞེས་པ་ལ་སོགས་པ་དྲང་བའི་དོན་དུ་བསྟན་ལ། རྣལ་འབྱོར་མ་ཡི་ལུས་དབུས་ན། །སྡོམ་པ་ཨཱ་ཡི་རྣམ་པར་གནས། །ཞེས་བྱ་བ་ལ་སོགས་པ་ནི་ངེས་པའི་དོན་དུ་བསྟན་ཏོ། །དེ་ཡང་ཕྱི་རོལ་དུ་ནི་ཕས་ཕམ་པ་ལ་སོགས་པའི་ཆོས་མི་བྱེད་པ་སྡོམ་པ་ཡིན་ལ། ནང་དུ་བདེ་བའི་སྡོམ་པ་གང་ལ་གནས་ཏེ་བྱང་ཆུབ་སེམས་ཀྱི་སྲོག་མི་གཅོད་པའི་ཕྱིར། སྲོག་མི་གཅོད་པའི་སྡོམ་པ་དང༌། དེ་ལྟར་བདེ་བ་ཕྱིར་མ་ཤོར་བས་མི་ཚངས་པར་སྤྱོད་པ་ལས་ལོག་པའི་སྡོམ་པ་ལ་སོགས་པ་བསྲུང་བ་ངེས་པའི་དོན་དུ་བསྟན་ཏེ། མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། དཀའ་ཐུབ་མཐར་ཕྱིན་


DTG002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་ཆེ། །གཙང་གནས་ནམ་པ་གཽ་ཏམ། །ཞེས་པ་དང༌། དེ་བཞིན་དུ། ཚུལ་ཁྲིམས་ཆེན་པོ་འཆང་བ་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་པ་ལ་སོགས་པ་ངེས་པའི་དོན་གྱི་སྡོམ་པ་རྒྱས་པར་བསྟན་ཏོ། །དེ་ལྟར་ན། བོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད། །ཅེས་བྱ་བ་ལ། ཉི་ཟླའི་ལམ་མི་ཤིགས་པའི་ལམ་དུ་གཏོགས་པའི་དུས་ན། ཕྱིའི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱལ་སོགས་པ་དག་རྣམ་པར་སྤངས་པའི་ཕྱིར་བདེ་བའི་སྡོམ་པ་པོ་ལ་རབ་ཏུ་རྒྱས་པར་བྱེད་པ་རྩ་ཐམས་ཅད་རྡོ་རྗེ་ལྟར་འགྱུར་བ་འདི་ནི་གསང་བའི་སྙོམས་པར་འཇུག་པའི་བདག་ཉིད་དོ། །དེ་བས་ན། གསང་བའི་སྙོམས་པར་འཇུག་པ་འདིས། །ཕྱི་རོལ་གྱིས་ནི་གཉིས་གཉིས་བཀག །ཞེས་གསུངས་སོ། །གཞན་ཡང་བྱིས་པ་ཕལ་ཆེར་སྐུ་གསུམ་ཞེས་བྱ་བ་གཞན་དུ་འདོད་པ་དགག་པའི་ཕྱིར། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱི་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་ན། ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་གཟུགས་ཅན་རྩ་གསུམ་གྱིས་ཀུན་དུ་ཁྱབ་པ་ཡོངས་སུ་ཤེས་པ་སྐུ་གསུམ་དུ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ལ་ལ་ནཱ་ནི་སྐུ་ཞེས་བྱ། །རོ་ལྡན་མ་ནི་གསུང་ཡིན་ཏེ། །ཨ་ཝ་དྷཱུ་ཏཱི་དབུས་གནས་ན། །གཟུང་འཛིན་བྲལ་བ་ཆོས་ཀྱི་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་ཕྱིར་རོ། །གཞན་ཡང༌། མ་ལུས་པ་ཡི་སེམས་ཅན་གྱིས། །སྐྱེ་བ་གང་ནས་རྗོད་བྱེད་པ། །གང་ཕྱིར་སྤྲུལ་པ་གནས་བརྟན་པ། །དེ་ཕྱིར་སྤྲུལ་པའི་སྐུ་ཉིད་ཡིན། །ཞེས་བྱ་བ་ལ་འདི་ལྟར་སྐྱེ་བོ་ཐམས་ཅད་ཀྱི་ལུས་ཆགས་པ་ན་ལྟེ་བ་ནས་སྔོན་དུ་ཆགས་པ་དང༌། སྲོག་གི་རླུང་ལ་སོགས་པ་ཡང་དེ་ནས་སྤྲུལ་པའི་ཕྱིར། གནས་བརྟན་པ་དང༌། ལྟེ་བ་སྤྲུལ་པའི་འཁོར་ལོའོ། །ཅིའི་ཕྱིར་ཞེ་ན། གང་གིས་སྐྱེད་དང་སྤྲུལ་བྱེད་པའི། །སྐུ་ནི་སྤྲུལ་པ་ཅན་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །སེམས་ཀྱི་རང་བཞིན་ཆོས་ཡིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་གར་ཡིན། །ཞེས་བྱ་བ་ནི། བདེ་སྡུག་ཐམས་ཅད་འཛིན་པ་དང༌། །མཚན་ལས་


DTG002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མེད་པར་འགྱུར། །མཚན་མེད་འདུས་མ་བྱས་པ་ཡི། །ཆོས་སྐུ་སྙིང་གའི་གནས་ན་བཞུགས། །ཞེས་གསུངས་པའི་དོན་ཁོང་དུ་ཆུད་པར་བྱའོ། །རོ་རྣམས་དྲུག་གི་གཟུགས་ཅན་གྱི། །བཟའ་བ་ངེས་པར་ལོངས་སྤྱོད་བརྗོད། །ཅེས་བྱ་བ་ལ། རོ་དྲུག་ལ་སོགས་པའི་བཟའ་བ་དང་བཏུང་བ་ཕུན་སུམ་ཚོགས་པའི་ལམ་དང༌། རོ་ལ་སོགས་པ་འཛིན་པར་བྱེད་པའི་རྩ་མགྲིན་པར་གནས་པའི་ཕྱིར་རོ། །དེའི་ཕྱིར་ན། མགྲིན་པར་ལོངས་སྤྱོད་འཁོར་ལོ་དང༌། །ཞེས་གསུངས་སོ། །སྤྱི་བོར་བདེ་བ་ཆེན་པོ་གནས། །ཞེས་པ་ནི་བདེ་བའི་གཞི་ལ་གནས་པའི་ཕྱིར་རོ། །ད་ནི་འབྲས་བུ་བརྗོད་པའི་ཕྱིར། །ཨེ་ཝཾ་རྣམ་པ་རྒྱུ་མཐུན་ཉིད། །ཇི་ལྟར་བྱས་པ་དེ་བཞིན་སྤྱོད། །རྒྱུ་མཐུན་ཞེས་ནི་རབ་ཏུ་བསྒྲགས། །ཞེས་པ་ནི་ལྟེ་བའི་དཀྱིལ་འཁོར་ཨེ་ཝཾ་གྱི་གནས་སུ་དུས་ཀྱི་མེ་འབར་བ་གཡས་ཀྱི་ལམ་ནས་བདེ་བའི་གནས་སུ་སོན་པ་དང༌། གང་གི་རྒྱུན་བཀུག་སྟེ་དེ་ཉིད་ཀྱི་གནས་སུ་སྤྱོད་པའི་ཕྱིར་རོ། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལས། །ལས་ཆུང་འབྲས་བུ་ཆེ་བའི་ཕྱིར། །རྣམ་པར་སྨིན་པ་དེ་ལས་བཟློག །ཅེས་པ་སྟེ་མེས་སྨིན་པར་བྱ་བའི་འབྲས་བུ་ཆུའི་ལམ་ནས་འོང་བའི་ཕྱིར་རོ། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཉིད། །བསྐྱེད་པས་སྐྱེས་བུ་བྱེད་པའོ། །ཞེས་པ་ནི་དེ་ལྟ་བུའི་རྒྱུ་དང་འབྲས་བུའི་བྱེད་པ་ཅན་ཡང༌། སྐྱེས་བུའི་རྩོལ་བ་ལ་རག་ལས་པའི་ཕྱིར། །བདེ་ཆེན་འཁོར་ལོ་དྲི་མེད་ཉིད། །རྣལ་འབྱོར་དག་ཅིང་དྲི་མ་མེད། །ཅེས་པ་ནི་གང་གིས། རྒྱུན་གྱིས་དྲི་མ་མེད་པའི་གནས། །ཞེས་བྱ་བར་བྱིན་པའི་ཕྱིར་རོ། །དེའི་ཕྱིར་ན། རྒྱུ་མཐུན་སོགས་པས་རབ་ཕྱེ་བའི། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལས་ལ་བཅོམ་ལྡན་ཤེས་རབ་སྤྱོད། །ཅེས་བྱ་བ་ལ་ལྟེ་བའི་དཀྱིལ་འཁོར་ན་རང་བཞིན་གྱིས་གནས་པའི་ལས་ཀྱི་རླུང་ལ་ཤེས་རབ་མ་ཞེས་བརྗོད་དེ། ལས་ཀྱི་རླུང་དེས་ནི་དུས་ཀྱི་མེ་སྤོར་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་སྲེག་པར་བྱེད་པ་ཡིན་ནོ། །ད་ནི་སྡེ་པ་ཆེན་པོ་བཞིའི་ངེས་པའི་ཚིག་བསྟན་པར་བྱ་སྟེ། གང་ཕྱིར་སྤྲུལ་པ་གནས་བརྟན་ཉིད། །ཅེས་པ་ནི། གང་དུ་གནས་ནས་སྲོག་འགྲོ་བ་དང༌། འོང་བའི་གཞི་བརྟན་པར་བྱེད་པའི་ཕྱིར་རོ། །ཆོས་ནི་སྨྲ་བ་འབྱུང་བའི་ཕྱིར།


DTG002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོད། །ཅེས་བྱ་བ་ནི་སྙིང་གའི་སྲོག་རླུང་གི་སྒྲས་བརྗོད་པ་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་རོ། །གང་ཕྱིར་མགྲིན་པར་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོ་ཀུན་གྱིས་བཀུར། །ཞེས་བྱ་བ་ལས་རྩ་ཐམས་ཅད་རྒྱས་པར་བྱེད་པའི་བཟའ་བ་དང༌། བཏུང་བའི་རོ་ཐམས་ཅད་མགྲིན་པ་ནས་རྒྱུ་ལ། །དེའི་ཕྱིར་རྩ་ཐམས་ཅད་ཀྱིས་བཀུར་བའི་ཕྱིར་དེ་སྐད་ཅེས་བྱའོ། །གང་ཕྱིར་བདེ་ཆེན་མགོར་གནས་པ། །བདེ་བའི་འཁོར་ལོར་དགེ་འདུན་ཆེ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀུ་ནྡ་ལྟ་བུ་ཕལ་ཆེར་བདེ་བའི་འཁོར་ལོ་ན་གནས་པའི་ཕྱིར་རོ། །སྡེ་བ་ཞེས་བྱ་ལུས་སུ་བརྗོད། །ལྟོ་བ་གནས་སུ་བརྗོད་པར་བྱ། །ཞེས་བྱ་བ་ལ། སྡེ་བ་བཅོ་བརྒྱད་ནི་ཐུན་མོང་དུ་ལུས་སྤྱི་ལ་བརྗོད་དོ། །མའི་ལྟོ་བ་ནི་གཙུག་ལག་ཁང་དུ་བརྗོད་དོ། །དེ་བཞིན་དུ། སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ཡང་རྣམ་པ་ཧཾ། །ཞེས་བྱ་བ་ལ་ལྟེ་བའི་འཁོར་ལོ་ནས་ཨཾ་ཞེས་པའི་སྲོག་གི་རླུང་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོའི་ཧཾ་ལ་གཏུགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེའི་ཕྱིར་ཨ་ཧཾ་ཞེས་པ་གཟོད་མ་ནས་བདེ་བ་ཆེན་པོའི་སྐུའི་རང་བཞིན་དེ་ཡིན་ནོ་ཞེས་པའི་དོན་ཏོ། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་བྱ་བ་ལ། དྲང་བ་དང་ངེས་པའི་དོན་གྱི་རྩ་བ་དང་ཡན་ལག་གི་རླུང་བཅུ་པོ་བག་ལ་ཞ་བ་ནི་ངེས་པའི་དོན་གྱིས་བཅུའོ། །དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ཅེས་པ་ནས་ས་ལ་འགྱེལ་བ་དང་འདར་བར་གྱུར་ཏོ་ཞེས་པ་ཡན་ཆད་ཀྱིས་ནི་འདི་ལྟར་སེམས་ཅན་ཐམས་ཅད་གཟོད་མ་ནས་ས་བཅུའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་སྐུ་ཅན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཅིའི་ཕྱིར་སེམས་ཅན་རྣམས་ཉོན་མོངས་པ་ཉམ་ང་བའི་གནས་སུ་གློ་བུར་དུ་ལྷུང་བ་ནི་མ་ལ་ཅི་ཞིག་ལྟར་སྐྱེ་སྟེ་ཞེས་བརྒྱལ་བའི་དོན་ཏོ། །ཡང་རྡོ་རྗེ་ཅན་གྱིས་ལྷ་མོ་དེ་དག་གཟིགས་ནས་བསླང་བའི་ཕྱིར་ཞེས་པ་ནས། དེ་ཉིད་ང་ཡིས་སྤྲོ་ཡིས་ཉོན། །ཞེས་པ་ཡན་ཆད་ནི། ལྷ་མོ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་སྤྲོ་བ་བསྐྱེད་པའི་དབྱངས་


DTG002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ང་རོ་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱི་གསུང་རྨི་ལམ་ལྟ་བུར་ཉེ་བར་ཐོས་ནས་ལྷ་མོ་དེ་རྣམས་ཐམས་ཅད་སྲོག་རྙེད་པར་གྱུར་ཏོ་ཞེས་པའི་ཐ་ཚིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་པ་ནི་གཟོད་མ་ནས་སེམས་ཅན་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་སོ། །གློ་བུར་གྱི་དྲི་མ་ནི་འཛག་པ་ཡིན་ལ་དེའི་རྒྱུ་བ་ཆད་པ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །ལྷ་མོ་རྣམས་ཀྱིས་གསོལ་པ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ། བདེན་པ་མ་མཆིས་ཤིང་བརྫུན་པ་མ་མཆིས་སོ་ཞེས་བྱ་བ་ནི་འཛག་པ་དྲི་མ་ཡིན་ལ། མི་འཛག་པ་སངས་རྒྱས་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་དག་ནི། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་དཔེ་འདི་ལྟར་གསུངས་ཏེ། གང་ཞིག་མི་ཤེས་འཇིག་རྟེན་པ། །བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །རྨོངས་སྤངས་དེ་ཉིད་ཡིད་ཀྱིས་ནི། །དེ་ཡི་དེ་ཉིད་ཡོངས་སུ་གཅོད། །ཅེས་བྱ་བ་གསུངས་ཏེ། དཔེར་ན་སྐྱེས་བུ་རྨོངས་པ་འགའ་ཞིག་དུག་ལོག་པར་འགྱུར་བའི་ཐབས་གྱིས་དམན་པས་དུག་ཟ་བ་གང་ཡིན་པ་དེ་ནི་ཚེའི་དུས་བྱེད་པར་འགྱུར་རོ། །འོན་ཏེ་དུག་གི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་ཟ་བཞིན་པ་ནི་དུག་བདུད་རྩི་དད་མཚུངས་པར་འགྱུར་རོ། །དཔེ་དེ་ལྟར་ན། དེ་བཞིན་ཞི་བའི་ཐབས་ཤེས་ཤིང༌། །ཀྱེ་ཡི་རྡོ་རྗེར་དབུགས་བཏོན་ན། །མ་རིག་སོགས་པས་མི་འཛིན་ཅིང༌། །གཏི་མུག་ལ་སོགས་ཀྱིས་མི་འཆིང༌། །ཞེས་བྱ་བ་སྲོག་གི་ཀུན་དུ་སྤྱོད་པའི་རླུང་འགྲོ་བ་དང་འོང་བ་ལས་རྣམ་པར་གྲོལ་ཞིང་ཀུ་ནྡ་ལྟ་བུའི་ཐིག་ལེ་འབྱུང་བ་དང༌། འཇུག་པ་ཡོངས་སུ་མནན་པ་ན་ཀྱེའི་རྡོ་རྗེར་དབུགས་བཏོན་པ་ཡིན་ཞིང༌། མ་རིག་པ་ལ་སོགས་པའི་ཉོན་མོངས་པ་མཐའ་དག་གིས་རྣམ་པར་འཆིང་བར་མི་འགྱུར་རོ་ཞེས་པ་ནི་ངེས་པའི་དོན་ཏོ། །རང་དང་རང་གི་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དགས་བྱོལ་སོང་


DTG002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །རྟག་ཏུ་བདེ་བའི་རང་བཞིན་ཅན། །ཞེས་བྱ་བ་ལ་སྲོག་ཆགས་ཐམས་ཅད་ཀྱི་བདེ་བ་ཐུན་མོང་པ་ཀ་རྐ་ཊ་དང་ཆུ་སྲིན་ཞེས་བྱ་བ་སྲོག་གི་ཀུན་དུ་སྤྱོད་པ་ལ་བརྟེན་པའི་ཐིག་ལེའི་བདེ་བར་རང་རང་གི་ཇི་ལྟ་བ་བཞིན་དུ་རྟོགས་པ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཉིད་ང་ཡིན་གྱི། གཞན་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལྷ་དང་ལྷ་མ་ཡིན་གྱི་ཡང༌། །བདེ་བ་གང་ཕྱིར་མི་ཤེས་པས། །ཞེས་བྱ་བ་ནི། མི་ཤེས་པ་དེའི་ཕྱིར་འཁོར་བར་བཅིངས་ཞེས་སྦྱར་རོ། །རྟག་ཏུ་རང་བཞིན་བདེ་བ་ཅན། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །གཞན་དུ་སངས་རྒྱས་རྙེད་མི་འགྱུར། །ཞེས་པ་ནི་རང་རིག་པའི་བདེ་བ་བོར་ནས་གཞན་དུ་སངས་རྒྱས་མི་རྙེད་ཅེས་སྦྱར་རོ། །དོན་བསྡུས་པའི་ཚུལ་གྱིས་གསུངས་པ་ནི། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ཅེས་པ་ནས། གསོད་པ་དོན་དུ་གཉེར་བ་རྣམས། །ཀྱེ་ཡི་རྡོ་རྗེ་དེ་ཤེས་ནས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་ལ་སོགས་པ་སྟེ། རང་གིས་རང་གི་སེམས་རིག་པ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཀྱི་ཀྱེའི་རྡོ་རྗེ་ཤེས་ན་འགྲུབ་པར་འགྱུར་བ་ནི་ངེས་པའོ། །བྱིས་པ་མི་ཤེས་པས་བསྒྲིབས་པས། །འདི་ཡི་འགྲོ་བ་མི་ཤེས་པ། །ཞེས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདེ་བ་ལས་བབས་པས་བདེ་བའི་འགྲོ་བ་འདི་མི་ཤེས་ཏེ་འགྲོ་བ་དྲུག་ཅེས་བྱ་བ། ཆུ་སྲིན་ནམ་ཀ་རྐ་ཊའི་འགྲོ་བ་དྲུག་གི་མཐར་འཁོར་བར་འགྱུར་ཏེ། རྨོངས་པར་འགྱུར་རོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཀྱི་ཡི་རྡོ་རྗེའི་ཐབས་རྙེད་ནས། །གང་ཞིག་ཡུལ་རྣམས་རྣམ་སྦྱོང་བ། །དེས་ནི་བླ་མེད་རྙེད་པར་འགྱུར། །ཞེས་བྱ་བ་ནི་བླ་མའི་ལུང་ཕོག་པ་ཐོབ་པའི་སྟོབས་ལས་ཐབས་རྙེད་དེ་བླ་མའི་ལུང་ལྟར་ཡུལ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱངས་ན་བླ་ན་མེད་པ་རྙེད་པར་འགྱུར་ཏེ། འདི་ལྟར་སྲོག་ཉི་ཁྲི་ཚིག་སྟོང་དྲུག་བརྒྱ་འཁོར་ལོ་བཞིའི་གནས་སུ་ལྔ་སྟོང་བཞི་བརྒྱ་ལྔ་སྟོང་བཞི་བརྒྱ་གསད་པ་ལས། ལུགས་དང་ལུགས་སུ་འབྱུང་བའི་རིམ་པར་དགའ་བ་དང༌། མཆོག་དགའ་དང༌། ཁྱད་པར་དང༌། ལྷན་ཅིག་སྐྱེས་པ་རྣམས་རིམ་པ་བཞིན་བརྩི་བར་བྱའོ། །དེ་བཞིན་དུ་དྲུག་ཅུ་རྩ་བཞིའི་གནས་ཉིད་དུ་རླུང་


DTG002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་རྩ་བཞི་དང་རྐང་པ་རེ་རེ་གསད་པར་བྱའོ། །དེ་ལས་ཀྱང་རྩ་བཅུ་དྲུག་བཅུ་དྲུག་གི་རླུང་གསད་པ་ན་དགའ་བ་བཞི་བཞིར་སླར་བཞིན་སྦྱར་རོ། །དེ་བཞིན་དུ་ཆོས་ཀྱི་གནས་སུ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་གསད་པར་བྱའོ། །དེ་ལས་རྩ་གཉིས་གཉིས་ཀྱིས་སྟོང་སུམ་བརྒྱ་ལྔ་བཅུ་སྟོང་སུམ་བརྒྱ་ལྔ་བཅུ་གསང་པ་ན་དགའ་བ་བཞི་བཞིར་སྦྱར་རོ། །དེ་བཞིན་དུ་ལོངས་སྤྱོད་ཀྱི་གནས་སུ་སུམ་ཅུ་སོ་བདུན་གྱིས་ལྷག་པའི་རྐང་པ་དང་བཅས་པ་སུམ་བརྒྱ་གསད་པར་བྱའོ། །དེ་ལས་ཆ་བཞི་བཞི་གསད་པ་ན་གོང་མ་ལྟར་དགའ་བ་བཞི་བཞི་དང་སྦྱར་བར་བྱའོ། །དེ་ནས་སུམ་ཅུ་རྩ་གཉིས་ཀྱི་གནས་སུ་དྲུག་ཅུ་རྩ་བརྒྱད་ཀྱིས་ལྷག་པའི་རྐང་པ་དང་བཅས་པའི་བརྒྱ་ཕྲག་རེ་རེ་གསད་པར་བྱའོ། །དེ་ལས་ཆ་བཞི་བཞི་གསད་པ་ན་གོང་བཞིན་དུ་དགའ་བ་བཞི་བཞི་དང་སྦྱར་རོ། །དེ་ལྟར་བརྗོད་པ་དེ་རྣམས་ནི་བླ་མའི་ལུང་ལྟར་སྦྱངས་པའོ། །ད་ནི་གང་གི་ཕྱག་རྒྱས་གང་ལ་གདབ་པའི་རིགས་པ་བཤད་པར་བྱ་སྟེ། རྡོ་རྗེ་སྙིང་པོས་གསོལ་བ། ས་ནི་པུ་ཀྐ་སཱིར་བཤད་པ། །གང་ཡང་གཏི་མུག་སྲབ་པའི་ཕྱིར། །སྐུ་ནི་རྣམ་སྣང་ཉིད་གསུངས་ན། །ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས། །ཞེས་པ་ལ་སོགས་པའི་ཐེ་ཚོམ་རྣམས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ལན་འདི་སྐད་གསུངས་སོ། །ལུས་སྤངས་ནས་ནི་སེམས་ཀྱིས་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །དེ་ཕྱིར་སེམས་ཀྱི་རྣམ་སྣང་མཛད། །སྐུ་ལ་ཐུགས་ཀྱི་ཕྱག་རྒྱས་གདབ། །ཅེས་བྱ་བ་གསུངས་ཏེ། ཐབས་དང་མི་ལྡན་པའི་ཤེས་རབ་དང༌། ཤེས་རབ་དང་མི་ལྡན་པའི་ཐབས་དག་གིས་ཀྱང་བྱ་བ་ཡོངས་སུ་མི་རྫོགས་པ་ལྟར། སྐུ་དང་ཐུགས་ཐ་དད་པའི་སྐུ་ཡིས་བྱ་བ་ཡོངས་སུ་མི་རྫོགས་པའི་ཕྱིར། །སྐུ་ལ་ཐུགས་ཀྱི་ཕྱག་རྒྱས་གདབ་བོ། །དེ་བཞིན་དུ། ཆུ་ཁམས་རི་ཁྲོད་མར་བཤད་དོ། །མི་བསྐྱོད་ཁུ་བའི་གཟུགས་ཅན་ཉིད། །གཙོ་བོ་མི་བསྐྱོད་ཕྱག་རྒྱས་ནི། །རི་ཁྲོད་མ་ལ་གདབ་པའི་རིགས། །ཞེས་བྱ་བ་ནི། ཆུའི་ཁམས་ལ་ཐབས་ཆུའི་ཁམས་མི་བསྐྱོད་པས་རྒྱས་གདབ་པར་རིགས་པ་མ་འགགས་སམ་ཞེས་ཞུས་པ་དང༌། སླར་བཅོམ་ལྡན་འདས་ཀྱིས་གསུངས་པ། སེམས་སྤངས་ནས་ནི་ལུས་ཀྱི་ནི། །གནས་


DTG002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་དུ་མཐོང་མི་འགྱུར། །དེ་སྟེ་སེམས་ནི་གཏི་མུག་འགྱུར། །ཞེས་པ་ལ། གོང་བཞིན་དུ་ཕན་ཚུན་དུ་འགལ་བའི་སྐྱོན་གྱིས་འདིར་ཡང་རྟོགས་པར་བྱ་སྟེ། དེའི་ཕྱིར་ཐུགས་ཀྱི་རིགས་ལ་སྐུའི་རིགས་ཀྱིས་རྒྱས་བཏབ་ན་མཛེས་པར་འགྱུར་ཞེས་པའི་དོན་ཏོ། །དེ་བཞིན་དུ། མེ་ནི་གདོལ་བ་མོང་བཤད་པ། །འདོད་ཆགས་ཕྱག་རྒྱས་གདོལ་བ་མོ། །རིགས་དེ་ཕྱག་རྒྱ་གཞན་མིན་ན། །ཇི་ལྟར་རིན་ཆེན་ཕྱག་རྒྱ་ལགས། །ཞེས་བྱ་བ་ནི་མེའི་ཁམས་གདོལ་བ་མོ་ལ་འདོད་ཆགས་ཀྱི་ཕྱག་རྒྱ་དཔག་མེད་འོད་ཀྱིས་གདབ་པར་རིགས་པ་མ་ལགས་སམ། ཅིའི་སླད་དུ། རིན་ཆེན་འབྱུང་ལྡན་གྱིས་མེའི་རིགས་ལ་ཕྱག་རྒྱས་གདབ་ཅེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །གང་ཕྱིར་འདོད་ཆགས་ཁྲག་བཤད་པ། །ཁྲག་ནི་རིན་ཆེན་འབྱུང་ལྡན་ཉིད། །དྲོད་ནི་ཁྲག་གི་རང་བཞིན་ཕྱིར། །འདོད་ཆགས་སེར་སྣའི་ཕྱག་རྒྱས་གདབ། །ཅེས་བྱ་བ་གསུངས་ཏེ། འདི་ལྟར་དྲོད་མེའི་རང་བཞིན་ནི་ཁྲག་གི་ཡོན་ཏན་ཡིན་ལ། ཁྲག་མ་གཏོགས་པར་དྲོད་མི་འབྱུང་སྟེ་དེ་བས་ན། སེར་སྣའི་རིགས་ནི་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ་པར་གསུངས་སོ། །གཞན་ཡང༌། གང་ཕྱིར་གཡུང་མོ་རླུང་ཉིད་དེ། །དོན་ཡོད་རླུང་གི་གཟུགས་ཅན་ཉིད། །དོན་ཡོད་ཕྱག་རྒྱས་གཡུང་མོ་ལ། །གཙོ་མོ་ཕྱག་རྒྱས་རིགས་པར་འགྱུར། །ཞེས་པ་ནི། གཡུང་མོ་རླུང་དུ་བཤད་པ་ལ། །དོན་ཡོད་གྲུབ་པ་རླུང་ཉིད་ཀྱི། །ཕྱག་རྒྱ་རིགས་པ་མ་ལགས་སམ། །ཅིའི་སླད་དུ། འདོད་ཆགས་ཀྱི་རིགས་འོད་དཔག་མེད་ཀྱིས་རྒྱས་བཏབ་ཅེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །འདོད་ཆགས་མ་གཏོགས་ཕྲག་དོག་ནི། །གཞན་དུ་འབྱུང་བ་མ་ཡིན་ཏེ། །དེ་ཕྱིར་འདོད་ཆགས་ཕྱག་རྒྱ་ཡིས། །མཁས་པས་གཡུང་མོ་ཕྱག་རྒྱས་གདབ། །ཅེས་བྱ་བ་གསུངས་སོ། །འདི་ལྟར་ཕྲག་དོག་ཐམས་ཅད་ནི་འདོད་ཆགས་ལས་འབྱུང་ལ། འདོད་པའི་འདོད་ཆགས་ལས་གཞན་དུ། ཕྲག་དོག་མ་མཐོང་བ་དེའི་ཕྱིར། །དཔག་མེད་འོད་འདོད་ཆགས་ཀྱིས་རླུང་གི་རིགས་ལ་རྒྱས་གདབ་ཅེས་བྱ་བ་གསུངས་སོ། །དེ་ལྟར་བརྗོད་པའི་རིགས་པ་རྣམས་ནི་འབྱུང་བ་བཞིའི་ལྷ་མོ་


DTG002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རྒྱས་གདབ་པའི་རིགས་པ་ཡིན་ལ། ཕྱོགས་ཀྱི་ལྷ་མོ་ཕུང་པོའི་རང་བཞིན་རྣམས་ཀྱང་དོན་དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་ཏེ། དེའི་ཕྱིར་ན། གང་ཕྱིར་གཟུགས་ནི་སྲ་བ་ཉིད། །ཅེས་པ་ནས། མ་ལོག་པ་ལས་ཕྱག་རྒྱའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པས་རིམ་པ་བཞིན་ཤེས་པར་བྱའོ། །ད་ནི་གཏོར་མའི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། ཀྱེ་ཡི་རྡོ་རྗེ་རྡོ་རྗེ་འཛིན། །སྙོམས་འཇུག་པ་ཡི་ལྷ་ཉིད་ལ། །སེམས་ཅན་དོན་ཕྱིར་གཏོར་མ་ཆེ། །དེ་ལ་བདག་མེད་མས་ཞུས་པ། །ཞེས་པ་ལ་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་བདེ་བ་ལ་བཞུགས་པའི་བཅོམ་ལྡན་འདས་ལ། ཕྱི་དང་ནང་གི་གཏོར་མ་དེ་ཁོ་ན་ཉིད་བདག་མེད་མས་ཞུས་པ་ཞེས་པའི་དོན་ཏོ། །ཨེ་ཝཾ་རྣམ་པར་བཞུགས་ནས་ནི། །བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཞེས་བྱ་བ་ལ་དེ་ལྟར་བདག་མེད་མས་ཞུས་པའི་རྗེས་ལ། ཕྱི་ནང་གི་འབྱུང་བོ་ཐམས་ཅད་ལ་ཕན་གདགས་པར་དགོངས་ནས། གཏོར་མའི་དེ་ཁོ་ན་ཉིད་འདི་སྐད་གསུངས་ཞེས་སྦྱར་བར་བྱའོ། །དེ་ལ་ཨོཾ་ཨིནད། ཡ་མ། ཛ་ལ། ཛ་ཁྑ། བྷཱུ་ཏ། བ་ཧི། བཱ་ཡུ། རཱ་ཀྵ། ཙ་ནྡ། སུ་ཛྫ། མཱ་ཏ། བ་བྦ། ཏཱ་ལ། པཱ་ཏཱ་ལཾ། ཨ་ཊ། ས་བྦ་སྭཱ་ཧཱ། ཞེས་པ་ལ་སོགས་པ་གསུངས་ཏེ། འདིའི་དོན་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། བདག་དང་རྣལ་འབྱོར་གནས་བསྲུང་བ། །དཀྱིལ་འཁོར་ཁང་བ་དང་བཅས་པ། །ཀྱེ་ཡི་རྡོ་རྗེར་བདག་བསྐྱེད་ལ། །གཏོར་མའི་ཆོ་ག་བྱ་བ་ཉིད། །དེ་བཞིན་གཞལ་ཡས་ཁང་ལ་སོགས། །གོ་རིམས་ཇི་བཞིན་བསྐྱེད་པ་ལ། །དབུས་ཀྱི་གྲུ་གསུམ་ནམ་མཁའ་ལ། །ཀྱེ་རྡོར་རང་བཞིན་འབྱུང་པོ་དགོད། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཕྱིར། །ཨོཾ་དང་ཨཱཿ་དང་ཧཱུཾ་ལས་ནི། །མགྲོན་རྣམས་ཀུན་ཡང་བསམ་བྱས་ལ། །སྐུ་གསུང་ཐུགས་སུ་དམིགས་པར་བྱ། །དེ་ལ་རིགས་པར་གོ་ཀུ་སོགས། །སྦྱང་སྤེལ་སྤར་དང་བདུད་རྩི་ཡིས། །ཡི་གེ་བཞི་དང་ལྡན་བྱས་ལ། །དེ་དག་ཚོགས་ལ་དབུལ་བར་བྱ། །ཞེས་གསུངས་པའི་དོན་ཁོང་དུ་ཆུད་པར་བྱས་ལ་བདག་དང་གཞན་གྱི་སྲོག་བསྲུང་བར་བྱའོ། །དེ་བཞིན་དུ་ངེས་པའི་དོན་ཡང༌། །འབྱུང་པོ་རང་རང་གི་སྙིང་


DTG002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གའི་རྩ་འདབ་བརྒྱད་པོ་བརྒྱ་བྱིན་ལ་སོགས་པ་ཐུན་བརྒྱད་ཡིན་ལ། སྟེང་གི་སྒྲ་གཅན་དང་འོག་གི་དུས་ཀྱི་མེ་ནི་ཉི་མ་དང་ཟླ་བ་ཡིན་ནོ། །ཏཱ་ལ་པཱ་ཏཱ་ལཾ་ནི་ལྟེ་བའི་སྟེང་དང་འོག་གོ །དེ་རྣམས་ཚིམ་པར་བྱིན་གྱིས་བརླབས་པའི་སྔགས་ཨ་ཀཱ་རོ་མུ་ཁཾ་ཞེས་པ་ལ་སོགས་པ་སྟེ། ངེས་པའི་དོན་དུ་ན་ཨཱི་ཡི་གེ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་པས་བྱིན་གྱིས་བརླབས་པའོ། །འདི་ལྟར་ཨ་ཞེས་པ་ནི་ཚིག་གི་བརྗོད་པ་ཀུན་ལས་འདས་པ། མི་ཤིགས་པའི་སྒྲར་གནས་པ་ལ་བྱའོ། །འདི་ལྟར་མི་ཤིགས་པའི་སྒྲར་གནས་པ་འདི་ནི་སྲོག་ཆེན་པོ་སྟེ། གཏོར་མ་འདིས་སྲོག་བསྲུང་བ་ནི་ངེས་པ་ཡིན་ལ། ཚུལ་གཞན་དུ་བསྐལ་བ་དཔག་ཏུ་མེད་པར་གཏོར་མ་སྦྱིན་ཡང་སྲོག་བསྲུངས་པར་མི་འགྱུར་རོ་ཞེས་པ་ནི། དེ་བཞིན་གཤེགས་པའི་བཀའ་ལུང་ངོ༌། །ངེས་པའི་དོན་གཞན་ནི་སྔགས་ཀྱི་ལེའུའི་རྒྱ་ཆེར་བཤད་པར་ལེགས་པར་གཏན་ལ་ཕབ་པའི་ཕྱིར། །འདིར་གསལ་བར་མ་བསྟན་ཏོ། །གལ་ཏེ་གཏོར་མ་འདིས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན། རྣལ་འབྱོར་བ་རྣམས་ལེགས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་དྲང་བ་དང་ངེས་པའི་དོན་གྱིས་དབྱེ་སྟེ། དེ་ལ་གང་དྲང་བའི་དོན་དེ་ནི་ཕྱི་རོལ་དུ་ཇི་ལྟར་བསྟན་པ་རྣམས་ཡིན་ལ། ངེས་པ་ནི་འདི་ལྟ་སྟེ། ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཅེས་པ་ལ་མི་ཤིགས་པར་གཏོགས་པའི་སྲོག་གི་རླུང་གང་གིས་འཛག་པ་མེད་པའི་བདེ་བ་དེ་ནི་བདེ་བ་དྲི་མ་མེད་པའོ། །དེ་བཞིན་དུ་དུས་མཐའི་མེའི་ཉི་མའི་རྩའི་ཆ་རྣམས་བསྲེག་པའི་ཕྱིར། ལྷ་མོ་རྣམས་དང་འགྲོ་བར་རབ་ཏུ་འབྱོར་བ་རྣམས་དགའ་བར་འགྱུར་རོ་ཞེས་པའི་དོན་ཏོ། །གལ་ཏེ་འདིར་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་གཏོར་མ་སྟེར་ན་ཞེས་བྱ་བ་ལ་མི་ཤིགས་པའི་སྲོག་གི་རླུང་གིས་གཏོར་མ་བྱིན་ན་ཞེས་བྱ་བའི་ཐ་ཚིག་གོ །བདེ་བ་དབང་དུ་བསྡུས་པས་དབང་ངོ༌། །འཛག་པའི་ཉོན་མོངས་པ་འཇིག་པའི་ཕྱིར་མངོན་སྤྱོད་དང་དགྲའི་སྡེ་འཇིག་པ་དང༌། བསྐྲད་པ་དང༌། གསད་པ་ཞེས་པའི་དོན་ཏོ། །བདེ་བ་འགུགས་ཤིང་དེས་ཉོན་མོངས་པའི་གདུང་བ་ཞི་ཞིང་བདེ་བའི་ཡེ་ཤེས་རྒྱས་པར་བྱེད་པའི་ཕྱིར་ཞི་བ་དང་རྒྱས་པར་འགྱུར་བའོ། །ད་ནི་སྐུ་གསུང་ཐུགས་


DTG002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་རྒྱ་ལས་རྒྱས་གདབ་པའི་རིགས་པ་བསྟན་པར་བྱའོ། །རྡོ་རྗེ་སྙིང་པོས་གསོལ་བ། ཕྱག་རྒྱ་གང་གིས་མཁའ་སྤྱོད་མ། །གང་གི་ཕྱག་རྒྱས་ས་སྤྱོད་མ། །གཙོ་བོ་བདག་གིས་སྔར་མ་འཚལ། །ཞེས་བྱ་བ་ལ་མཁའ་སྤྱོད་མ་དང་ས་སྤྱོད་མ་དག་ལ། ཕྱག་རྒྱ་གང་གིས་གདབ་པར་བགྱི་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱེའི་རྡོ་རྗེས་སླར་གསུངས་པ། གསང་གསུམ་འཁོར་ལོའི་དབུས་སུ་ནི། །སྐུ་གསུང་ཐུགས་སུ་དབྱེ་བ་ལས། །སྟེང་དང་འོག་དང་དབུས་གནས་ཀྱི། །འཁོར་ལོའི་དབུས་སུ་རྣམ་པར་གནས། །ཞེས་བྱ་བ་ལ། གསང་བ་གསུམ་གྱི་འཁོར་ལོ་ནི། །ས་འོག་ས་སྟེང་ས་བླ་རྣམས། །རྣམ་པ་གསུམ་དུ་ཕྱེ་བ་སྟེ། །བདེ་མཆོག་འཁོར་ལོར་རབ་ཏུ་བསྒྲགས། །ས་སྤྱོད་སྐུ་ཡི་ཕྱག་རྒྱ་ཅན། །སྟེང་ཞལ་སྐུ་ཡི་ཕྱག་རྒྱ་མ། །གཏི་མུག་སྐུ་ཡི་རིགས་ཅན་ཏེ། །རྣམ་སྣང་མཛད་དུ་རབ་ཏུ་བསྒྲགས། །མཁའ་སྤྱོད་འདོད་ཆགས་ཕྱག་རྒྱ་ཅན། །འོག་ཞལ་གསུང་གི་རྡོ་རྗེ་མ། །འདོད་ཆགས་གསུང་གི་རིགས་ཅན་ཏེ། །དཔག་མེད་འོད་དུ་རབ་ཏུ་བསྒྲགས། །ཐུགས་ཀྱི་རྡོ་རྗེ་བདག་མེད་མ། སེམས་ནི་དཔག་མེད་ཚུལ་ཅན་ཉིད། །སེམས་ནི་དབུས་ཀྱི་གནས་སུ་སྟེ། །དེ་ཕྱིར་བདག་མེད་དབུས་སུ་འཁྲུངས། །སེམས་ནི་ནམ་མཁའི་རིགས་ཅན་ཉིད། །མགོན་པོ་མི་བསྐྱོད་སེམས་སུ་བསྒྲགས། །འདི་གསུམ་དབུས་ཀྱི་རྩ་ཡི་གཟུགས། །ལོ་གསུམ་ཟླ་བ་ཕྱེད་དང་གཉིས། །འདི་ཡི་ཆོས་སུ་རབ་བསྟན་ཏེ། །འདུས་པ་ལ་སོགས་རྒྱུད་ཆེན་རྣམས། །འདི་ཉིད་ལས་ནི་འབྱུང་བར་བཤད། །དེ་བས་སྐུ་གསུང་ཐུགས་ཀྱི་རིགས། །ཞལ་གསུམ་པར་ནི་རབ་ཏུ་བརྗོད། །རྒྱས་པར་རབ་ཏུ་ཕྱེ་བ་ལས། །རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའི་ཁམས་དག་དང༌། །ཡེ་ཤེས་ཁམས་དང་དྲུག་ཏུ་བརྗོད། །རྣམ་གསུམ་ཉི་མ་ཟླ་བ་མེ། །རྣམ་ལྔ་མུན་ཅན་སྒྲ་གཅན་འཛིན། །གསུམ་ལ་གཉིས་ཀྱིས་བསྣན་པས་ལྔ། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །འཇམ་པའི་རྡོ་རྗེ་ཞལ་ལྔ་པ། །ཞེས་བྱ་བའི་དོན་ཏོ། །གཞན་ཡང་རྣལ་འབྱོར་གྱི་རྒྱུད་དུ། ཕྱིའི་སྐྱེ་བོ་རྣམས་འཇུག་པར་བྱ་བའི་ཕྱིར་བཤད་པ་འདི་


DTG002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟེ། མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༌། །དཔག་མེད་ཕྲག་དོག་རྡོ་རྗེ་སེམས། །རིགས་ནི་རྣམ་པ་དྲུག་བཤད་པ། །ཉོན་མོངས་རྣམ་དྲུག་རྣམ་པར་སྦྱོང༌། །ཞེ་སྡང་གཏི་མུག་སེར་སྣ་དང༌། །འདོད་ཆགས་ཕྲག་དོག་བདེ་བ་དག །ཉོན་མོངས་དྲུག་ཏུ་རབ་ཏུ་བསྒྲགས། །འདིས་ནི་རིམ་པར་བསྒོམ་པ་ཉིད། །རྡོ་རྗེ་སེམས་དཔའ་སྤངས་ནས་ནི། །ཕྱི་ནས་རིགས་ནི་རྣམ་པ་ལྔ། །ཞེས་བྱ་བས་ནི་འཁྲིགས་པའི་འདོད་ཆགས་སྤངས་ནས་རིགས་རྣམ་པ་ལྔར་འགྱུར་ཏེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྤངས་ནས་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་རིགས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར་རོ། །དེ་བཞིན་དུ་རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱི་དབྱེ་བའམ། །ཉི་ཟླ་སྒྲ་གཅན་འཛིན་གྱི་དབྱེ་བས། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྡོ་རྗེ་རྣམ་པ་གསུམ་དུ་འགྱུར། །ཞེས་བྱ་བའི་དོན་ཏོ། དེ་བཞིན་དུ་རྣམ་པར་ཤེས་པ་ནམ་མཁའི་ཁམས་འདི་ཡིན་ཏེ། རིགས་ཐམས་ཅད་པའམ། རིགས་གཅིག་ཉིད་ཀྱི་ངོ་བོ་ཉིད་ཡིན་ཏེ། ནམ་མཁའ་གཅིག་གིས་གཟུགས་ཐ་མི་དད་པའི་གཟུགས་ཀྱིས་གནས་པའི་ཕྱིར། མི་བསྐྱོད་ཞེ་སྡང་གཟུགས་ཅན་གྱི། །ཐུགས་ཀྱི་བདག་པོའི་རོ་གཅིག་ཉིད། །ཅེས་བྱ་བ་གསུངས་སོ། །དེ་བས་ན་ཐུགས་ཀྱི་རིགས་འདི་ཉིད་ལས་རིགས་ལྔ་དང་རིགས་དྲུག་ལ་སོགས་པ་ནས། དཔག་ཏུ་མེད་པའི་རིགས་རྣམས་འབྱུང་བའི་ཕྱིར། །ཞེ་སྡང་རྡོ་རྗེའི་བྱིན་བརླབས་འདི། །རིགས་ནི་ལྔ་དང་དྲུག་ཏུ་བརྗོད། །ཅེས་གསུངས་པ་ཡིན་ནོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་རྒྱ་ཆེར་བཤད་པ་སྟེ་ལེའུ་བཞི་པའོ།། །།

ལྔ་པ། ཀྱེའི་རྡོ་རྗེའི་མངོན་པར་འབྱུང་བའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ། །དཔའ་བོ་ཐོད་ཕྲེང་ཅན་བཏུད་ནས། །ཀྱེའི་རྡོར་མངོན་པར་འབྱུང་བ་ཡི། །རྒྱས་བཤད་རྡོ་རྗེ་སྙིང་པོས་བྲི། །ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་དང་འཇིགས་པ་པོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །བདག་མེད་མས་ནི་སྐུ་ལ་འཁྱུད། །ཅེས་བྱ་བ་གསུངས་ཏེ། སྟོང་པ་བཅུ་དྲུག་གིས་མཚན་པའི་ཕྱག་བཅུ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་དག་པ་ཞལ་བརྒྱད་དང༌། དོན་མཐུན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་དག་པའི་ཞབས་བཞི་


DTG002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ངང་གིས་ཁྲོ་བ་དང༌། ཤུགས་ཀྱིས་ཁྲོ་བ་དང༌། ཁྲོ་བར་བཅས་པ་དང༌། ཁྲོ་བར་བཅོས་པ་ལ་སོགས་པ་ཁྲོ་བོའི་མཚན་མ་དང་ལྡན་པ་དང༌། རྗོད་བྱེད་ལྔ་བཅུ་དག་པའི་མགོ་བོའི་ཕྲེང་བའི་དོ་ཤལ་འཛིན་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཡུམ་ཆེན་མོས་ལ་ཁྱུད་པའི་སྐུ་ཅན། ཡི་གེ་ལྔ་དག་པའི་ཕྱག་རྒྱ་ལྔ་འཛིན་པའི་བཅོམ་ལྡན་འདས་ཧེ་རུ་ཀ་ལ་བདག་མེད་མས་ཞུས་པ། བཅོ་ལྔས་ཡོངས་སུ་བསྐོར་བ་ཉིད། །བདག་གི་འཁོར་ལོ་ཁྱོད་བཤད་ན། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །གཙོ་བོ་བདག་གིས་སྔར་མ་འཚལ། །ཞེས་བྱ་བ་ཞུས་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཆ་ཤས་བཅོ་ལྔའི་བདག་ཉིད་ཅན། མངོན་པར་རྫོགས་པ་རྣམ་པ་ལྔ་དང༌། རྣམ་པ་ཉི་ཤུས་བྱང་ཆུབ་པའི་མཚན་ཉིད་ཅན། བདག་གི་དཀྱིལ་འཁོར་ལྷ་མོ་ལྔ་གསུམ་གྱི་བདག་ཉིད་ལེགས་པར་གསུངས་ལགས་ན། གཙོ་བོ་ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། སྔར་མ་གསུངས་པ་གསུང་བར་རིགས་སོ་ཞེས་པའི་དོན་ཏོ། །བདག་མེད་མ་ལའོ་མཛད་ནས། །རྡོ་རྗེ་ཐོད་པར་སྩལ་ནས་ནི། །ལྷ་མོའི་ནུ་མ་མཉེ་མཛད་དེ། །དཀྱིལ་འཁོར་ཡང་དག་རབ་ཏུ་བསྟན། །ཞེས་བྱ་བ་ནི་བདག་མེད་མ་ལ་ཉིད་ཀྱི་དཀྱིལ་འཁོར་བསྟན་བར་མཛད་བའི་ཆེད་དུ། སྔོན་དུ་འདོད་ཆགས་ཀྱི་ཆོས་རབ་ཏུ་བསྟན་པར་མཛད་ནས། བཤད་པར་ཞལ་གྱིས་བཞེས་པའོ། །འཁོར་ལོ་ཇི་ལྟར་སྔར་བརྗོད་པ། །ཞེས་པ་ནས། རྡོ་རྗེ་ཐིག་གིས་ཡང་དག་བརྒྱན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་ཁང་བུའི་མཚན་ཉིད་ཕྱི་ནང་དུ་ཕྱེ་བ་ལས། བསྐྱེད་པའི་རང་བཞིན་ནི་ཁྱོད་ཉིད་ཀྱི་ཁང་བུ་བརྩེགས་པ་དང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །ཁྱོད་དང་ལྷན་ཅིག་བཞིན་བཟངས་མ། །དེ་ལ་དབུས་སུ་ང་ཡོད་དེ། །ཞེས་བྱ་བ་ལ། ཀྱེ་ལྷ་མོ་ཁྱོད་ཀྱི་དཀྱིལ་འཁོར་ནི། །ཁྱོད་ཉིད་དང་པོར་བྱས་པའི་བཅོ་ལྔའི་བདག་ཉིད་ཡིན་ལ། འདིར་ནི་བཅོ་ལྔ་ཡོངས་སུ་སྤངས་པའི་བདག་ཉིད་ཁྱོད་དང་ང་གཉིས་ཡོངས་སུ་འཁྲིགས་པ་ལས། ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་ཁྱོད་ཀྱི་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་


DTG002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བའོ་ཞེས་པའི་དོན་ཏོ། །ཞལ་བརྒྱད་པ་ལ་ཞེས་པ་ནས། སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། །ཞེས་པ་དང༌། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །ཞེས་པ་ཡན་ཆད་ཀྱིས་ནི། བཅོམ་ལྡན་འདས་གཙོ་བོ་ཆེན་པོ་ཉིད་ཀྱི་སྐུ་བརྩེ་བའི་རང་བཞིན་བདག་མེད་མ་ལ་གསལ་བར་ཡོངས་སུ་བསྟན་པ་སྟེ། བྱིས་པའི་སྐྱེ་བོ་རྣམས་གཞུག་པའི་ཕྱིར། སྐུ་མཚན་ཕུན་སུམ་ཚོགས་པ་ཡོན་ཏན་ཐམས་ཅད་ཀྱིས་རབ་ཏུ་སྤྲས་པ་བརྗིད་བག་ཐམས་ཅད་དང་ལྡན་པ་བསྟན་པར་མཛད་པའི་དོན་ཏོ། །གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །དགའ་བས་ཤིན་ཏུ་རོལ་པ་ལས། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཁང་བུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན། དཔེ་མེད་པའི་ཡུལ་གྱི་ཡོན་ཏན་གྱིས་སྤྲས་པའི་ནང་དུ། ལྷན་ཅིག་སྐྱེས་པའི་དགའ་བས་རོལ་ཅིང་གནས་སོ་ཞེས་བྱ་བའི་དོན་ཏོ། །དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །ཞེས་པ་ནས། རླུང་གི་ཕྱོགས་སུ་གཡུང་མོ་ཉིད། །ཅེས་བྱ་བ་ལ་སོགས་པ་ཡན་ཆད་ཀྱིས་ནི། དེ་ལྟར་ལྷན་ཅིག་སྐྱེས་པའི་བདེ་བའི་རོལ་པ་ལས། ལྷ་མོ་བརྒྱད་འབྱུང་བར་སྟོན་པའི་རྡོ་རྗེའི་ཚིག་གོ །དེས་ནི་འཇིག་རྟེན་པའི་སྲིད་པའི་སྐྱེད་པར་བྱེད་པའི་ཆོས་ཕ་དང་མ་ཡིས་བུ་ཚ་བསྐྱེད་པའི་བྱ་བ་བསྟན་ཏོ། །དེ་ཉིད་ལུས་ཅན་རྣམས་ཀྱི་སྲོག་འགྲོ་བ་དང་འོང་བའི་ཁྱད་པར་གྱིས། །གཡས་ཀྱི་སྲོག་བཞི་དང༌། གཡོན་གྱི་སྲོག་བཞི་དང༌། ཐུན་ཚོད་དང་ཐུན་མཚམས་བཞི་བཞི་སྟེ་བརྒྱད་ཀྱིས་བཅུ་དྲུག་ཕྱེད་ཀྱི་ཁུ་བའི་ཐིག་ལེ་འཁྲིད་པར་བྱེད་དེ། ཉིན་མཚན་གྱི་ཆོས་རབ་ཏུ་བསྟན་ལ། གང་བདག་མེད་མ་དང༌། གཙོ་བོ་ཉིད་ཀྱིས་ནི་མཚམས་ཀྱི་མེའི་རི་མོ་ཅན་དུ་འཇུག་པའི་རླུང་བསྟན་ཏོ། །དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་པ་ཁུ་བར་གྱུར། །ཞེས་པ་ནི་ཕ་དང་མའི་བྱ་བ་ཡོངས་སུ་རྫོགས་ནས། འཁོགས་པར་ཡོངས་སུ་བསྟན་ལ། གཞན་དུ་ན་སྲོག་གི་རྩ་ལ་བརྟེན་པའི་ཁམས་ཐམས་ཅད་ནང་དུ་ཐིམ་སྟེ་རྒྱུ་བ་མེད་པར་བསྟན་ཏོ། །དེ་བཞིན་དུ་བསྐུལ་བའི་ས་ལ་བཞེངས་པ་དང༌། ལམ་གཉིས་ཀྱིས་བྱང་ཆུབ་བདག་པ་སྟོན་ཏེ་ཞེས་པའི་ཐ་ཚིག་གོ །སྣ་ཚོགས་གླུ་ཡི་མཆོད་པ་ལས། །དེ་ནས་


DTG002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་རྣམས་ཀྱིས་བསྐུལ། །རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཞེས་པ་ནས། ཐུགས་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་པ་ལ་སོགས་པའི་རྡོ་རྗེའི་གླུའི་ཚིག་རྣམས་ཀྱི་ནི། འདི་ལྟར་འཇིག་རྟེན་ན་ཕ་མ་དག་ཡོངས་སུ་འཁོགས་ཏེ། འཇིག་རྟེན་ཕ་རོལ་དུ་སོང་བ་ལ་བུ་དང་བུ་མོ་ལ་སོགས་པ་སྨྲེ་སྔགས་འདོན་ཅིང་ཆོ་ངེས་འདེབས་ལ། འདི་སྐད་ཅེས་མགོན་པོ་ཁོ་བོ་ཅག་ལ་མགོན་དང་སྐྱབས་མ་མཆིས་ཀྱིས། ཀྱི་ཧུད་ཀྱི་ཧུད་བསྐྱབ་ཏུ་གསོལ་ཞེས་ཟེར་ཞིང་མཚུན་ལ་འཐོར་བར་བྱེད་དོ། །དེ་བཞིན་དུ་ཉན་ཐོས་ཀྱི་སྐྱེ་པོ་རྣམས་ལ་གྲོང་ཁྱེར་རྩྭ་མཆོག་གི་ཕྱོགས་སུ་མྱ་ངན་ལས་འདའ་བ་ཉེ་བར་སྟོན་ཅིང༌། ཉན་ཐོས་ཆེན་པོ་རྣམས་སྨྲེ་སྔགས་འདོན་ཅིང་ཆོ་ངེས་འདེབས་ཏེ། ཀླུའི་རྒྱལ་པོ་རྣམས་ཀྱང་མྱ་ངན་བྱེད་ཅེའོ། །དེ་ཉིད་གཞན་གྱི་སྲོག་གི་རླུང་ཐམས་ཅད་ནང་དུ་ཞུགས་ཏེ། བདེ་བ་ཆེན་པོའི་ཁམས་ལ་གནས་པ་ལས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་ཁམས་ཀྱིས་སད་པར་བྱས་ཏེ། འགྲོ་བའི་དོན་ལ་འཇུག་པ་ནི་ངེས་པའི་དོན་ཏོ། །གློང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་པོ་ལ། །གླང་པོ་ལ་སོགས་རིམ་ཤེས་བྱ། །ཞེས་བྱ་བ་ནི་གཡས་པའི་ཕྱག་གི་མཚན་མ་བརྒྱད་སྟོན་པའོ། །དེ་བཞིན་དུ། ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་ནོར་འཛིན་ཏེ། །གཡོན་པའི་ཐོད་བ་བརྒྱད་ནའོ། །ཞེས་པ་ནི། ཕྱག་གཡོན་གྱི་མཚན་མ་བརྒྱད་དེ། །འདི་རྣམས་ཀྱི་དག་པ་ནི་གློ་དང་དབུགས་དང་ཞེས་པ་ནས། ཕྱུག་པོ་ཐམས་ཅད་རབ་བསྒྲུབ་པའོ། །ཞེས་གསུངས་པས་རྟོགས་པར་བྱའོ། །དེ་བཞིན་དུ་གཙོ་བོ་ཆེན་པོ་གར་གྱི་རོ་དགུ་དང་ལྡན་པར་སྟོན་ཏོ། །འདི་ལྟར་རིན་ཆེན་སྣ་བདུན་ཏེ། །དེ་ལ་དམག་དཔོན་རིན་ཆེན་ཞེས། །བདེ་བར་གཤེགས་པས་རབ་གསུངས་པ། །ཚུལ་དགུ་རབ་ལྡན་དམག་དཔོན་ཡིན། །སྒེག་པས་འགྲོ་བ་ཤེས་རབ་བསྐྱེད། །མཛད་སྤྱོད་ཉམ་ང་མེད་པའོ། །གདུག་རྩུབ་རབ་ལྡན་འཇིགས་པ་པོ། །ལོག་ལྟ་ཞེ་གཅོད་གཤེ་བའི་ཚུལ། །རྡོ་རྗེ་སེམས་དཔའ་བཏེག་པ་ལ། །དབའ་ལ་དཔའ་བོའི་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པ་སྙིང་རྗེ་ལ། །


DTG002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་ལ་འཇིག་རྟེན་དབང་ཕྱུག་མཆོག །རྡོ་རྗེ་ཉི་མ་ཁྲོ་བ་ཆེ། །རྡོ་རྗེ་དྲག་པོ་འཇིགས་པ་ལ། །ཤཱཀྱ་ཐུབ་པ་མི་སྡུག་ལ། །ངོ་མཚར་ལ་ནི་ཨ་ར་ལླི། །རྨད་བྱུང་ཆོས་སྒྲོགས་བཞད་པར་སྣང༌། །གདུལ་དཀའ་ཁྲོ་བ་སྙིང་རྗེར་སྟོན། །ཉོན་མོངས་གྲུབ་མཛད་ངོ་མཚར་ཚུལ། །ཁྲོ་དྲག་མི་གཡོ་ཞི་བའི་ཚུལ། །ཞེས་པ་ལ་སོགས་པ་ནི་གར་སྟབས་དགུའི་དོན་ཏོ། །དེ་ལྟ་བུའི་གར་སྟབས་དགུ་དང་ལྡན་པའི་དཔའ་བོ་བཞེངས་པ་ནི། ཨོཾ་དང་ཧཱུཾ་གིས་རྡོ་རྗེ་ཆེ། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞབས་རྣམས་ས་ལ་བརྡེགས་པ་དང༌། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །ཅེས་བྱ་བ་ནི། སྔོན་གྱི་ས་བོན་གྱི་གཟུགས་ལས། ཡི་གེ་ཨཾ་ཧཱུཾ་གཉིས་ལས་ཐོད་པ་གྲི་གུག་ལྟ་བུར་གྱུར་ཅིང༌། དེ་ལས་གཟུགས་བཞེངས་པའི་དོན་ཏོ། །བདག་མེད་མ་དང་གཙོ་བོའི་སྐུ་ཡོངས་སུ་རྫོགས་པ་སྟེ། བཅུ་དྲུག་དང་བཅུ་གཉིས་ཉི་མ་དང་ཟླ་བར་རབ་ཏུ་གསལ་ཞིང་དྲི་མ་མེད་པར་གྱུར་པའི་དོན་ཏོ། །དེས་འགྲོ་བའི་དོན་བྱེད་པ་ནི་ངེས་པའི་དོན་ཏོ། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་པ་ནི་ཐིག་ལེའི་གཟུགས་ཅན་མིང་གི་དང་པོའི་ཡི་གེ་བརྒྱད་དོ། །འདི་ཡིས་ས་བོན་དབྱུང་བ་དང༌། །ཞེས་པ་ནི་ལྷ་མོ་བརྒྱད་བསྐྱེད་པའི་དུས་སུ་སྦྱར་བར་བྱའོ། །དེ་བཞིན་དུ། བདག་པོ་ཡི་ནི་ས་བོན་དག །ཨཾ་ཧཱུཾ་སྔོན་པོ་འབར་འཇིགས་པས། །ཞེས་པ་ནས། གཙོ་བོ་འདི་ལྟར་བསྒོམ་པ་ཉིད། །ཅེས་པ་ཡན་ཆད་ཀྱིས་ནི། གཙོ་བོ་བསྐྱེད་པའི་རང་བཞིན་གསལ་བར་བསྟན་ཏེ། གོང་དུ་བསྟན་པ་ཉིད་དོ། །ད་ནི་ལྷ་མོ་བརྒྱད་ཀྱི་ཕྱག་གཡས་གཡོན་གྱི་ཕྱག་མཚན་རྣམས་བསྟན་པའི་ཕྱིར། དཀར་མོའི་གཡས་ན་གྲི་གུག་སྟེ། །ཞེས་བྱ་བ་ནས། གཡོན་ནས་སྡིགས་མཛུབ་དེ་བཞིན་ནོ། །ཞེས་པ་ཡན་ཆད་ཀྱིས་བསྟན་ཏེ། འདི་ལྟར་རང་རང་གི་གདན་གྱི་སྟེང་དུ་ཉི་ཟླ་ཁ་སྦྱར་བའི་ནང་ན། སྔོན་གྱི་ཡི་གེ་རྣམས་གནས་པར་བསམ་ཞིང༌། དེ་དག་ཡོངས་སུ་གྱུར་པ་ལས། གཡས་པའི་ཕྱག་མཚན་བརྒྱད་དུ་བསམས་པ་དང༌། དེ་ཡོངས་སུ་གྱུར་པ་ལས་ཀྱང་ལྷ་མོ་བརྒྱད་ཡོངས་སུ་རྫོགས་པར་བྱའོ། །ཅིའི་ཕྱིར་གཡས་པའི་མཚན་མ་ལས་ཡོངས་སུ་རྫོགས་པར་བྱ་ཞེ་ན། རྩ་བའི་རྒྱུད་ལས་ཇི་སྐད་དུ། །ལུས་ཅན་ལག་པ་གཡས་པ་ཡིས། །བྱ་བ་ཐམས་


DTG002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྫོགས་པར་བྱེད། །སྟོང་ཉིད་ཤེས་རབ་གཡས་པ་ནི། །དེ་བཞིན་བྱ་བ་ཐམས་ཅད་བྱེད། །སེམས་ཅན་དོན་ལ་བརྩོན་པ་ལས། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ནི། །གཽ་རཱི་ལ་སོགས་ལྷ་མོ་རྣམས། །ཀུན་དུ་ལེགས་པར་གནས་པར་འདོད། །ཅེས་གསུངས་སོ། །དེ་བཞིན་དུ་ཉོན་མོངས་པ་གཅོད་པར་མཛད་པ་དང༌། སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པ་དང༌། མི་གཡོ་བའི་བདེ་བ་དང༌། ཞེ་སྡང་ལ་སོགས་པ་དེ་ཁོ་ན་ཉིད་ཀྱིས་རྒྱན་དུ་བཅིང་བ། བྱ་བ་ཐམས་ཅད་ལ་ཐེ་ཚོམ་མེད་པར་བྱ་བ་དང༌། དགྲ་བཅོམ་པ་བརྟེན་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཉོན་མོངས་པ་གཞོམ་པའི་ཕྱིར། གཡས་ན་གྲི་གུག་ལ་སོགས་པའི་ཕྱག་མཚན་བརྒྱད་རིམ་པ་བཞིན་སྦྱར་རོ། །དེ་བཞིན་དུ་གཡོན་པའི་བརྒྱད་ནི། འདི་ལྟར་རེག་ན་བདེ་བ་དང༌། གཏི་མུག་སད་པར་བྱ་བ་དང༌། བདེ་བ་བསྐྱང་བ་དང༌། ཡེ་ཤེས་བླངས་པ་དང༌། ཉོན་མོངས་པ་ཚར་གཅོད་པ་དང༌། བདེ་བ་མཚོན་པ་དང༌། ཉོན་མོངས་པ་མེད་པ་དང༌། དྲི་མ་མེད་པའི་གནས་མཚོན་པ་སྟེ། རིམ་པ་བཞིན་དུ་སྦྱར་བར་བྱའོ། །དཀར་མོ་ལ་སོགས་ཕྱག་གཉིས་བརྗོད། །སྤྱན་གསུམ་དབུ་སྐྲ་གྱེན་དུ་བརྗེས། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །ཞེས་པ་ལ་སོགས་པ་ནི་ལྷ་མོ་ཐམས་ཅད་སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པ་དང༌། སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་དང༌། བདེ་བའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང༌། ནམ་མཁའ་ལ་སོགས་པའི་ཕྱག་རྒྱ་ལྔ་དང་ལྡན་པར་མཚུངས་པར་སྟོན་པའོ། །གཽ་རཱི་ཁ་དོག་ནག་མོར་འགྱུར། །ཞེས་པ་ནས། གཡུང་མོ་སྣ་ཚོགས་མ་ཞེས་བརྗོད། །ཅེས་པ་ཡན་ཆད་ཀྱིས་ནི། ས་དང༌། ཆུ་དང༌། མེ་དང༌། རླུང་ལ་སོགས་པ་རྣམས་ཀྱི་རང་བཞིན་གྱི་ཡོན་ཏན་གྱི་དབང་གིས། ཕྱོགས་མཚམས་ཀྱི་ལྷ་མོ་བརྒྱད་ཀྱི་སྐུ་མདོག་རིམ་པ་བཞིན་རྟོགས་པར་བྱའོ་ཞེས་པའི་དོན་ཏོ། །དེ་བཞིན་དུ། གཤིན་རྗེ་དང་ནི་ནོར་བདག་དང༌། །བདེན་བྲལ་དང་ནི་ཐགས་བཟངས་རིས། །ཚངས་པ་དབང་པོ་ཉེ་དབང་དྲག །གཽ་རཱི་ལ་སོགས་པ་ཡི་གདན། །ཞེས་བྱ་བ་རྣམས་ནི་ཕྱོགས་སྐྱོང་བརྒྱད་པོ་རང་བཞིན་ཡོན་ཏན་གྱི་དབང་གི་རིམ་པ་བཞིན་གདན་དུ་བསམས་ལ། གཞན་ཡང་འཇིག་རྟེན་པའི་ལྷ་


DTG002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་ཅན་རྣམ་པ་བརྒྱད་གན་རྐྱལ་དུ་བསྒྱེལ་ཏེ་བཏུལ་ནས། གཏོགས་འདོད་མ་ལ་སོགས་པ་དབང་བསྐུར་ཞིང་མིང་སྨོས་ཏེ། འཇིག་རྟེན་པའི་དཀྱིལ་འཁོར་དུ་བཀོད་ཅེས་པའི་དོན་ཏོ། །དེ་དག་ཀྱང་འདི་ལྟ་སྟེ། དཀའ་ཐུབ་ཟློག་མ་ནི། ཁྲོ་མོ་རྡོ་རྗེ་མ་དང༌། གསེར་ལྡན་མ་ནི་རྡོ་རྗེ་གསེར་མ་ཞེས་བྱ་བ་དང༌། ཤིར་ཤྱ་ནི་རྡོ་རྗེ་གཞོན་ནུ་མ་ཞེས་བྱ་བར་མིང་བཏགས་སོ། །ཚངས་མ་ནི་རྡོ་རྗེ་ཞི་བ་མོར་མིང་བཏགས་སོ། །དབང་མོ་ནི་རྡོ་རྗེ་ཁུ་ཚུར་མར་མིང་བཏགས་སོ། །དེ་རྣམས་ནི་རྡོ་རྗེ་རྒྱལ་མོར་དབང་བསྐུར་རོ། །དེ་ནས་བར་སྣང་ལ་སྤྱོད་པའི་བཙུན་མོ་ཐམས་ཅད་ལ་བྱིན་པ་ནི་འདི་ལྟ་སྟེ། མི་འཆི་བ་ནི་རྡོ་རྗེ་མི་འཆི་བར་མིང་བཏགས་སོ། །རོ་ཧི་ན་ནི་རྡོ་རྗེ་མདངས་མར་མིང་བཏགས་སོ། །དབྱུག་འཛིན་མ་ནི་རྡོ་རྗེ་དབྱུག་མཆོག་མར་མིང་བཏགས་སོ། །སྐྱེ་བོ་འཕྲོག་མ་ནི་རྡོ་རྗེ་རྐེད་བཅིངས་མར་མིང་བཏགས་ཏེ། །དེ་ལ་སོགས་པ་ཁྲོ་མོའི་རྡོ་རྗེར་དབང་བསྐུར་རོ། །དེ་ནས་ནམ་མཁའ་ལ་སྤྱོད་པའི་བཙུན་མོ་ཐམས་ཅད་ལ་བྱིན་པ་ནི་འདི་ལྟ་སྟེ། གསོད་མ་ནི་རྡོ་རྗེ་འཇུ་མར་མིང་བཏགས་སོ། །ཟ་བ་ནི་རྡོ་རྗེ་ཟ་བ་མོར་མིང་བཏགས་སོ། །གོ་བ་ནི་རྡོ་རྗེ་གོ་བ་མོར་མིང་བཏགས་སོ། །དགའ་བ་ནི་རྡོ་རྗེ་དགའ་བ་མོར་མིང་བཏགས་སོ། །དེ་ལ་སོགས་པ་རྡོ་རྗེ་ཕོ་ཉ་མོར་དབང་བསྐུར་རོ། །དེ་ནས་ས་ལ་སྤྱོད་པའི་བཙུན་མོ་ཐམས་ཅད་ལ་བྱིན་པ་འདི་ལྟ་སྟེ། ཞི་བ་མོ་ནི་རྡོ་རྗེ་ཕོ་ཉ་མོར་མིང་བཏགས་སོ། །རླུང་ནི་རྡོ་རྗེ་མགྱོགས་མར་མིང་བཏགས་སོ། །མེ་ནི་རྡོ་རྗེ་འབར་མར་མིང་བཏགས་སོ། །ཀུ་བེ་ར་མ་ནི་རྡོ་རྗེ་འཁོར་མར་མིང་བཏགས་སོ། །དེ་ལ་སོགས་པ་ནི་རྡོ་རྗེ་ཕོ་ཉ་མོར་དབང་བསྐུར་རོ། །དེ་ནས་ས་འོག་ན་གནས་པའི་བཙུན་མོ་ཐམས་ཅད་ལ་བྱིན་པ་འདི་ལྟ་སྟེ། ཕག་མོ་ནི་རྡོ་རྗེ་ཁར་མིང་བཏགས་སོ། །ཙ་མུ་ཎྜཱི་ནི་རྡོ་རྗེ་དུས་མར་མིང་བཏགས་སོ། །སྣ་ཆད་མ་ནི་རྡོ་རྗེ་རུལ་མར་མིང་བཏགས་སོ། །ཆུ་ལྷ་མ་ནི་རྡོ་རྗེ་ཆུ་སྲིན་མར་མིང་བཏགས་སོ། །རྡོ་རྗེ་བྲན་མོར་དབང་བསྐུར་རོ། །དེ་བཞིན་དུ་འདི་ལྟ་སྟེ། དབང་ཕྱུག་ཆེན་མོ་ནི་རྡོ་རྗེ་ཁྲོ་མོར་མིང་བཏགས་སོ། །མཐུ་བོ་ཆེ་ནི་སྒྱུ་མའི་རྡོ་རྗེར་མིང་བཏགས་སོ། །སྒྲ་གཞོན་ནུ་ནི་རྡོ་རྗེ་དྲིལ་བུར་མིང་བཏགས་སོ། །ཚངས་པ་ནི་ཐུབ་པའི་རྡོ་རྗེར་


DTG002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བཏགས་སོ། །དབང་མོ་ནི་རྡོ་རྗེ་མཚོན་ཆར་མིང་བཏགས་སོ། །རིག་པའི་རྒྱལ་པོ་རྣམས་སུ་དབང་བསྐུར་པའོ། །དེ་ནས་བར་སྣང་ལ་སྤྱོད་པ་རྣམས་ལ་བྱིན་པ་འདི་ལྟ་སྟེ། ཉི་མ་ནི་འདུད་རྩི་འཁྱིལ་པར་མིང་བཏགས་སོ། །ཟླ་བ་ནི་རྡོ་རྗེ་འོད་དུ་མིང་བཏགས་སོ། །དབྱིག་པ་ཆེན་པོ་ནི་རྡོ་རྗེ་དབྱིག་པར་མིང་བཏགས་སོ། །སེར་སྨུག་ནི་རྡོ་རྗེ་སེར་སྨུག་ཏུ་མིང་བཏགས་ཏེ། དེ་ལ་སོགས་པ་རྡོ་རྗེ་ཁྲོ་བོར་དབང་བསྐུར་རོ། །དེ་ནས་ནམ་མཁའ་ལ་སྤྱོད་པའི་ལྷ་ཐམས་ཅད་ལ་བྱིན་པ་ནི་འདི་ལྟ་སྟེ། སྦྲང་རྩི་མྱོས་པ་ནི་རྡོ་རྗེ་གླང་པོ་སྣར་མིང་བཏགས་སོ། །སྦྲང་རྩི་བྱེད་པ་ནི་རྡོ་རྗེ་ཕྲེང་བར་མིང་བཏགས་སོ། །རྒྱལ་བ་ནི་རྡོ་རྗེ་དབང་དུ་མིང་བཏགས་སོ། །རྒྱལ་བར་བྱེད་པ་ནི་རྡོ་རྗེ་རྣམ་པར་རྒྱལ་བའི་རྡོ་རྗེར་མིང་བཏགས་ཏོ། །དེ་ལ་སོགས་པ་ཚོགས་ཀྱི་གཙོ་བོར་དབང་བསྐུར་རོ། །དེ་ནས་ས་བླའི་དབང་པོ་ཐམས་ཅད་ལ་བྱིན་པ་འདི་ལྟ་སྟེ། མཛོད་སྐྱོང་ནི་རྡོ་རྗེ་ཐོ་བར་མིང་བཏགས་སོ། །མེ་ནི་རྡོ་རྗེ་མེར་མིང་བཏགས་སོ། །རླུང་ནི་རྡོ་རྗེ་རླུང་དུ་མིང་བཏགས་སོ། །ཀུ་བེ་ར་ནི་རྡོ་རྗེ་འཇིགས་པར་མིང་དུ་བཏགས་ཏེ། དེ་ལ་སོགས་པ་ནི་རྡོ་རྗེ་ཕོ་ཉར་དབང་བསྐུར་རོ། །དེ་ནས་ས་འོག་གི་དབང་པོའི་ལྷ་ཐམས་ཅད་ལ་བྱིན་པ་ནི་འདི་ལྟ་སྟེ། ཕག་ནི་རྡོ་རྗེ་ལྕགས་ཀྱུར་མིང་བཏགས་སོ། །གཤིན་རྗེ་ནི་རྡོ་རྗེ་དུས་སུ་མིང་བཏགས་སོ། །གཙུག་ཕུད་ས་ནི་རྡོ་རྗེ་བགེགས་ཀྱི་གཙོ་བོར་མིང་བཏགས་སོ། །བ་རུ་ཎ་ནི་ཀླུ་རྡོ་རྗེར་མིང་བཏགས་ཏེ། དེ་ལ་སོགས་པ་ནི་རྡོ་རྗེ་བྲན་ཞེས་བྱ་བར་དབང་བསྐུར་རོ། །དེ་ལ་སོགས་པ་འཇིག་རྟེན་གྱི་ང་རྒྱལ་ཅན་ཐམས་ཅད་བཏུལ་བའི་དོན་ཏོ། །བོ་ལ་གཞིབས་པར་མཛད་ནས་ནི། །དམ་དུ་འཁྱུད་ཅིང་འོ་མཛད་ནས། །བཅོམ་ལྡན་གུས་པར་མཆོད་ནས་ནི། །བདག་མེད་མ་ཡིས་སྔགས་ཞུས་སོ། །ཞེས་བྱ་བ་ལ་བདག་མེད་མས་བདེ་བའི་རོས། བདག་པོ་ཡོངས་སུ་མཆོད་དེ། ཀྱེའི་རྡོ་རྗེའི་སྔགས་ཞུས་ཞེས་པའི་དོན་ཏོ། །དེ་བཞིན་དུ། །དེ་བཞིན་དུ། བུད་མེད་རྣམས་ཀྱི་དབང་བྱེད་སྔགས། །དེ་བཞིན་གདུག་བ་བསྡིགས་པ་དང༌། །ཀླུ་རྣམས་བསྡིགས་པར་བྱེད་པ་དང༌། །ལྷ་དང་ལྷ་མིན་བསྣུན་པ་ནི། །དེ་ནིང་ཡིས་བཤད་བྱ་ཡིས། །ལྷ་མོ་བདེ་བ་སྦྱིན་པ་ཉོན། །


DTG002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རྩ་བའི་སྔགས་ཀྱི་ཡོན་ཏན་ཏེ། འདི་ལྟར་སྔགས་གང་གི་ཡོན་ཏན་ནི། གང་ཞིག་བཟླས་པ་ཙམ་གྱིས་མི་མོ་རྣམས་དབང་དུ་འགྱུར་བ་དང༌། གདུག་པ་ཚར་གཅད་པ་དང༌། ཀླུ་རྣམས་དབང་དུ་བྱ་བ་དང༌། ལྷ་དང་ལྷ་མ་ཡིན་རྣམས་འདུལ་བར་འགྱུར་བ་དེ་བཤད་པར་བྱའོ་ཞེས་པའི་དོན་ཏོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །བདག་གིས་གཞན་དུ་མ་བསྟན་ཏོ། །འདི་ཡི་སྔགས་ཀྱིས་གང་འབྱུང་ཞིང༌། །རྡོ་རྗེ་སེམས་དཔའ་གང་མཛད་པ། །ལྷ་མོ་ཤིན་ཏུ་འཇིགས་པ་སྟེ། །ངོ་མི་ཆོགས་པས་ཁྱོད་ལ་བཤད། །ཅེས་བྱ་བ་ནི་སྔགས་གང་གི་ཡོན་ཏན་བསྐལ་པ་བགྲངས་པ་ལས་འདས་པས་ཀྱང༌། ཡོན་ཏན་བརྗོད་པར་མི་ནུས་པ་ཉན་ཐོས་དང༌། རང་རྒྱལ་བ་རྣམས་དང༌། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ཡང༌། གསང་བ་ཁྱོད་ཀྱི་ངོར་བཤད་དོ། །ཞེས་བྱ་བའི་དོན་ཏོ། །འབར་བའི་ཕྲེང་བས་འཁྲུགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་སུ། །རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར། །ཐིག་ལེ་མཆོག་མ་དགུག་པར་བྱ། །ཞེས་བྱ་བ་ནི། །ཀྱེའི་རྡོ་རྗེའི་དཀྱིལ་འཁོར་འཇིགས་པ་རྣམས་ཀྱང༌། ཆེར་འཇིགས་པར་བྱེད་པ་བཞེངས་ཏེ། རྡོ་རྗེ་བླ་མ་ལས་དཀྱིལ་འཁོར་གྱི་དེ་ཉིད་ཤེས་པར་བྱ་སྟེ། ཡི་གེའི་གྲངས་ཀྱིས་འབུམ་བཟླས་ནས། །སྦྱིན་སྲེག་བཅུ་ཆས་སྦྱིན་སྲེག་བྱ་སྟེ། སྔོན་དུ་བསྙེན་ཏེ་བཟླས་པ་ཁྲི་ཡིས་ལས་ལ་སྦྱར་ན། ལྷ་མོ་ཐིག་ལེ་མཆོག་མ་ལྟ་བུའང༌། །འགུགས་པར་བྱེད་ན། མི་མོ་ཕྲན་ཚེགས་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏེ་སྔགས་ཀྱི་ཡོན་ཏན་ནོ། །གཞན་དུ་ན་བདེ་བ་ཆེན་པོའི་འཁོར་ལོ་ནས། ཐིག་ལེའི་མཆོག་སྲོག་གི་རླུང་གང་གསད་པས་འགུགས་པ་ནི་ངེས་པའི་དོན་ཏོ། །དེ་ཉིད་རྡོ་རྗེ་སྙིང་པོའི་དབང་ཡང་ཡིན་ནོ། །སྒྲ་རིང་བ་དང་བཟང་བ་ཡིས། །ཀྱེ་ཡི་རྡོ་རྗེ་སྦྱོར་ལྡན་པས། །བཙུན་མོ་ཐམས་ཅད་དགུག་པར་བྱ། །དོགས་པ་མེད་པའི་སེམས་ཀྱིས་ནི། །བཟླས་པ་འབུམ་གྱིས་རྣལ་འབྱོར་བདག །ཀྱེ་ཡི་རྡོ་རྗེའི་རྣལ་འབྱོར་གྱིས། །འདི་ཡི་ལས་རྣམས་ཐམས་ཅད་བྱེད། །ཅེས་བྱ་བ་ལ་ངེས་པའི་དོན་དུ་སྟོང་པ་ཉིད་དང༌། སྙིང་རྗེའི་བདག་ཉིད་ཀྱི་རང་བཞིན་འབྱོར་པ་ལས་སྲོག་གི་རླུང་འབུམ་ཕྲག་གཅིག་བཀག་


DTG002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ན། ལས་ཐམས་ཅད་བྱེད་པར་འགྱུར་བ་ནི་ངེས་པའོ། །དེ་ལ། རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ཟླ་ཕྱེད་ཐིག་ལེས་རྣམ་པར་བརྒྱན། །ཞེས་བྱ་བ་ལ་རིག་བྱེད་ཀྱི་དང་པོ་ནི་ཨ་ལ། ཟླ་ཕྱེད་ནི་ཟླ་བ་ཚེས་པ་ལྟ་བུ་སྟེ། ཨའི་ཀླད་པ་ལ་བརྒྱན་པར་བྱའོ། །དེའི་སྟེང་དུ་སླར་ཞིང་ཐིག་ལེས་བརྒྱན་ཞེས་པའི་དོན་ཏོ། །ཨོཾ་ཨ་ཥྚཱ་ན་ནཱ་ཡ། པིཾ་ག་ལོ་རྡྷྭ་ཀེ་ཤ་བ་རྟྨ་ནེ། ཙ་ཏུ་རྦིཾ་ཤ་ཏི་ནཻ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀ་ཥྞ་ཛཱི་མཱུ་ཏ་ལྦ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཾ་དྷཱ་རི་ཎེ། ཨ་དྷྨ་ཏ་ཀྲཱུར་ཙི་ཏྟཱ་ཡ། ཨ་དྡྷེ་ནྡུ་བཾ་ཥྚཱི་ཎི། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། ག་རྫ་ཡ་ག་རྫ་ཡ། ཏ་རྫ་ཡ་ཏ་རྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ས་པྟ་སཱ་ག་རཱ་ན། བ་ནྡྷ་བ་ནྡྣ། ནཱ་གཱ་ཥྚ་ཀཱ་ན། གྲྀ་ཧྞ་གྲྀ་ཧྞ། ས་རྦ་ཥ་ཐཱུ་ན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧོ་ཧཾ་ཧཿ་ཕཊ་སྭཱ་ཧཱ། ཞེས་བྱ་བ་རྣམས་ནི་རྩ་བའི་སྔགས་ཆེན་པོ་ཡོན་ཏན་ཐམས་ཅད་འབྱུང་བའི་སྔགས་ཀྱི་རྐང་པ་རྣམས་སོ། །དེ་ནས་ལྷ་མོ་དེ་དགྱེས་ནས། །བསྲུབས་དང་བསྲུབ་པའི་སྦྱོར་བ་ལས། །ཞེས་པ་ནས། ཉིད་ཀྱི་དཀྱིལ་འཁོར་བྲི་བར་མཛད། །ཅེས་པ་ཡན་ཆད་ཀྱིས་ནི། བདག་མེད་མས་བཅོམ་ལྡན་འདས་ལ་དཀྱིལ་འཁོར་ཞུས་པ་དང༌། བཅོམ་ལྡན་འདས་ཉིད་ཀྱིས་དཀྱིལ་འཁོར་གསུངས་པའོ་ཞེས་པའི་དོན་ཏོ། །འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་པ་ནས། རེ་ཁཱ་ལྔ་དང་ཡང་དག་ལྡན། །ཞེས་པ་ཡན་ཆད་ཀྱིས་ནི། རྔུལ་ཚོན་གྱི་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པར་ཤེས་པར་བྱའོ། །དེ་བཞིན་དུ། དེ་ནས་བུམ་པ་བརྒྱད་པོ་བྲི། །ཞེས་པ་ནི་སྒོ་དང་མཚམས་སུ་བྲི་བའོ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྲས་སོགས་ཕྱེ་མ་ཡིས། །མིན་ན་དུར་ཁྲོད་སོ་ཕག་གམ། །དེ་བཞིན་དུར་ཁྲོད་སོལ་བ་ཡིས། །ཞེས་པ་ལ་སོགས་པ་ནི། །གང་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བར་འདོད་པ་དེས། རྙེད་ན་གསེར་དང་དངུལ་ལ་སོགས་པའི་ཕྱེ་མས་བྲིས་པའམ། དེ་མ་འབྱོར་ན་འབྲས་ཀྱི་ཕྱེ་མ་ཡུང་བ་ལ་སོགས་པས་ཁ་དོག་བསྒྱུར་བས་ཀྱང་བྲིས་ལ། མིན་ན་དུར་ཁྲོད་ཀྱི་སོ་ཕག་གིས་རྡུལ་ཚོན་དམར་པོ་དང༌། དེ་ཉིད་ཀྱི་སོལ་བས་ནག་པོ་དང༌། མི་རུས་ཀྱིས་དཀར་པོ་བྱས་ལ་བྲི་བ་ནི་ངེས་པའོ། །དེ་དབུས་པདྨ་འདབ་


DTG002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི། །བརྒྱད་པ་ཟེ་འབྲུ་བཅས་པ་བྲི། །དབུས་སུ་སྐྱེས་བུ་ཐོད་པ་ཉིད། །མདོག་དཀར་ཆ་ནི་གསུམ་པ་བྲི། །ཞེས་བྱ་བ་ལ། པདྨ་འདབ་མ་བརྒྱད་ལ་ཟེ་འབྲུ་དང་གེ་སར་དུ་བཅས་པའི་དབུས་སུ་སྐྱེས་བུའི་ཐོད་པ་དུམ་བུ་གསུམ་པ་བྲི་བའི་དོན་ཡིན་ལ། དེ་བཞིན་དུ། དབང་ལྡན་དུ་ནི་ཤ་ར་བྷ། །ཞེས་པ་ནས། སཱ་ལུ་སྐྱེས་པས་ཡོངས་བཀང་གཞག །ཅེས་པ་ལ་སོགས་པ་གཡས་ཀྱི་མཚན་མ་བརྒྱད་པོ་བྲི་བར་བྱ་སྟེ། སྔོན་དུ་བརྗོད་པས་ཁོང་དུ་ཆུད་པར་བྱའོ། །དེ་དག་ཀྱང་རང་བཞིན་ཡོན་ཏན་གྱི་དབང་གིས་སོ་སོའི་མཚན་མ་རྣམས་ལྷ་མོའི་ཁ་དོག་དང་མཚུངས་པར་བྲི་བར་བྱའོ། །གཞན་ཡང་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྣམས་སཾ་གྲ་ཧ་ཞེས་པའི་རྒྱུད་ཆེན་པོ་ལས་ཁོང་དུ་ཆུད་པར་བྱ་སྟེ། འདིར་ནི་གནད་ཀྱི་གནས་ཙམ་ཞིག་བསྟན་པར་བྱས་ཞེས་པའི་དོན་ཏོ། །འདི་ལྟར་འདིར་མང་སྨོས་པས་ཅི་ཞིག་བྱ། ཇི་ལྟར་དེ་ཉིད་བསྡུས་པ་ཡིས། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་བྱ་བས་བསྟན་པ་ཡིན་ནོ། །དེ་བཞིན་དུ་བདེ་བ་ཆེན་པོའི་རིག་མའི་ལོའི་ཚད་གསུངས་པ་འདི་ལྟ་སྟེ། བཅུ་གཉིས་བརྒྱད་གཉིས་ལོན་པ་ཡི། །རིག་མ་བདེ་ཆེན་བརྒྱད་པོ་ཉིད། །དོ་ཤལ་རྐང་གདུབ་ཀྱིས་བརྒྱན་ནས། །དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག །ཅེས་བྱ་བ་ནི། བཅུ་གཉིས་ལོ་ནི་རྣམ་དག་པས། །རྡོ་རྗེ་ཉི་མ་སྣང་བ་ཆེ། །བཅུ་དྲུག་ལོ་ནི་རྣམ་དག་པས། །ཟླ་བ་བཅུ་དྲུག་པ་ཡི་ཆ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །བཅུ་དྲུག་ཕྱེད་ཕྱེད་རིགས་པ་འདིས། །རིག་མ་བརྒྱད་དུ་རྣམ་པར་བཤད། །བདེ་བའི་ཐིག་ལེས་རབ་བརྒྱན་པས། །དོ་ཤལ་རྐང་གདུབ་རྣམས་སུ་གྲགས། །མ་དང་སྲིང་མོ་ཉིད་དང་ཡང༌། །ཞེས་བྱ་བ་ནས། དེ་བཞིན་ཕ་ཡི་སྲིང་མོ་ཉིད། །རིག་མ་བརྒྱད་དུ་རྣམ་པར་གྲགས། །ཞེས་པ་ལ་ཐུག་པ་རྣམས་ནི། རྣལ་འབྱོར་མ་རྣམ་པ་བརྒྱད་ཕྱི་དང་ནང་དུ་ཕྱེ་ནས་བསྟན་པ་སྟེ། ཕྱིའི་སྐྱེ་བོ་རྣམས་ཀྱི་བདག་ཏུ་འཛིན་པའི་རྟོག་པ་སྤང་བའི་ཕྱིར། རྒྱུད་དུ་ཇི་ལྟར་གསུངས་པ་རྣམས་དངོས་སུ་ཉམས་སུ་བླང་ཞེས་བསྟན་པ། ངེས་པའི་དོན་དུ་ན་སྙིང་གའི་ཐིག་ལེ་རིག་མ་བརྒྱད་ཀྱི་རང་བཞིན་ཁ་གྱེན་དུ་བལྟས་པའི་ཐིག་ལེ་


DTG002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ནི་ངེས་པའོ། །དམ་དུ་འཁྱུད་དང་འོ་བྱས་པས། །འདི་རྣམས་རྣལ་འབྱོར་པ་ཡིས་མཆོད། །དེ་ནས་ག་བུར་བཏུང་བ་ཉིད། །དེས་ནི་དཀྱིལ་འཁོར་བསང་གཏོར་བྱ། །དེ་ནས་རྣལ་འབྱོར་བ་ཡིས་བཏུང༌། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་རིག་མ་རྣམས་དཀྱིལ་འཁོར་དུ་བཅུག་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་གིས་ཕྱེ་ནས་བྱང་ཆུབ་ཀྱི་སེམས་བཏུང་བས་རྣལ་འབྱོར་བ་བདག་ཅག་ཚིམ་པར་བྱ་བ་དང༌། དེས་དཀྱིལ་འཁོར་བསང་གཏོར་བྱས་པས། ཐུན་མོང་གི་དངོས་གྲུབ་ཐོབ་པ་ནི་དྲང་བའི་དོན་ཡིན་ལ། ངེས་པའི་དོན་དུ་ན། སྲོག་གི་རླུང་བརྒྱད་པོས་གཡས་ཀྱི་ལམ་ནས་བགྲོད་དེ། ཡེ་ཤེས་ཀྱི་བདུད་རྩི་བཀུག་པས་ལུས་ཀྱི་དཀྱིལ་འཁོར་བསང་གཏོར་བྱ་བར་ངེས་པ་ནི། ངེས་པ་ཁོ་ནར་དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་གདམས་དག་གོ །དེ་ལ་ཡང་ཆང་ནི་བཏུང་བ་སྦྱིན་པ་དང༌། །ཤ་དང་སཱ་ལུ་སྐྱེས་པ་བཟའ། །ཞེས་བྱ་བ་ནི་སློབ་དཔོན་གྱི་སྔོན་དུ་ལས་སུ་བྱ་བའི་ཆོ་ག་ཡིན་ནོ། །དེ་བཞིན་དུ། དེ་ཡང་གོས་དང་བྲལ་བྱས་ནས། །ཞེས་བྱ་བ་ལ་སོགས་པ་དང༌། དེ་ལ་རྩེད་མོ་རྩེ་བར་བྱ། །ཞེས་བྱ་བ་ལ་ཐུག་པས་ནི། འདོད་ཆགས་ཀྱི་དབང་དུ་གྱུར་པའི་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། །བུ་ལེའི་བསྟན་བཅོས་ལས་བརྗོད་པ་ལྟར། ན་ཁ་དང་ད་ནྟ་དང་དཀར་འཛིན་ལ་སོགས་པ་ལ་རྩེ་བ་ལྟ་བུ་འཁྲིག་ཐབས་ཀྱི་རོ་དཔག་ཏུ་མེད་པའི་སྦྱོར་བ་ཉམས་སུ་མྱང་བར་བྱ་ཞེས་པའི་དོན་ཏོ། །དེ་ནས་ཐུན་ཚོད་གཉིས་པ་ལ། གོས་ཀྱིས་མིག་ནི་བཀབ་ནས་སུ། །དེར་ནི་སློབ་མ་གཞུག་པ་ཉིད། །ཅེས་བྱ་བ་ཐུན་ཚོད་དྲུག་ལུས་པའི་རྗེས་སུ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་མི་བཟད་པ་ཆོས་ཀྱི་འབྱུང་གནས་ཀྱི་རང་བཞིན་བདེ་བ་ཐམས་ཅད་བསྐྱེད་པ་མཚོན་པར་བྱེད་པའི་དཀྱིལ་འཁོར་དུ་བཅུག་ལ། རང་གི་ལྷག་པའི་ལྷ་ཡང་བསྟན་པར་བྱ། །ཞེས་པའི་དོན་ཏོ། །གོ་རིམས་ནི་འདི་ལྟ་སྟེ། མཚན་མོ་སྐྱེ་བོ་མེད་ཁྱིམ་དུ། །སློབ་དཔོན་ལ་སོགས་རབ་ཕྱེ་བས། །དབང་ནི་ཇི་ལྟར་གསུངས་པ་ཉིད། །དེ་ལ་མངོན་པར་དབང་བསྐུར་བྱ། །ཞེས་བྱ་བ་ལ། རྡོ་རྗེ་སློབ་དཔོན་བློ་དང་ལྡན་པས། །དབང་ལ་འཆོལ་བའི་སྐྱོན་


DTG002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ལ། དབང་བཞི་གོ་རིམས་བཞིན་བསྐྱུར་བར་བྱ་སྟེ། འདི་ལྟར། སློབ་དཔོན་ལ་སོགས་རབ་ཕྱེ་བས། །ཞེས་སྨོས་པའི་ཤུགས་ཀྱིས་བཞི་རུ་ངེས་ཏེ། རྒྱུད་འདི་ཉིད་ལས་ཀྱང༌། དེ་ལྟར་ཐམས་ཅད་བཞི་བཞིའོ། །ཞེས་གསུངས་པའི་ཕྱིར་དང༌། འདི་ཉིད་ཀྱི་བཤད་པའི་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང་ཇི་སྐད་དུ། །དང་པོ་རུ་ནི་བུམ་པའི་དབང༌། །གཉིས་པ་གསང་བ་ཞེས་སུ་བརྗོད། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་སླར་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་གྱི་དབང་ནི་དྲང་བའི་དོན་དུ་བུམ་པ་ཡིན་ལ། ངེས་པའི་དོན་དུ་ནི་བཞི་པ་ལ་སོགས་པ་ཡོངས་སུ་རྫོགས་པ་ཁོ་ན་སློབ་དཔོན་ཞེས་བརྗོད་ཀྱིས། བུམ་པ་ཙམ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སློབ་དཔོན་གྱི་ངེས་ཚིག་དང་མི་ལྡན་པའི་ཕྱིར་རོ། །དེ་བས་ན། གཉིས་དང་གཉིས་ཀྱིས་ཕྱེ་བ་ཡིས། །བུམ་སོགས་དང་པོ་བཞི་མཐའ་ཅན། །འཇིག་རྟེན་འཇིག་རྟེན་འདས་དབྱེ་བས། །དབང་བསྐུར་རྫོགས་པར་ཤེས་པར་བྱ། །ཞེས་བྱ་བའི་ཐ་ཚིག་སྟེ། རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་དང༌། །རྒྱུད་འབུམ་པའི་མངོན་པར་བརྗོད་པ་ཞེས་བྱ་བ་དང༌། དང་པོའི་སངས་རྒྱས་ཞེས་བྱ་བ་རྩ་བའི་རྒྱུད་ཆེན་པོ་རྣམས་ལས་རྒྱས་པར་ཁོང་དུ་ཆུད་པར་བྱའི། འདིར་ནི་མདོར་བསྡུས་ཏེ་བསྟན་པ་ཙམ་མོ། །ཇི་ལྟར་མཆོད་དང་བསྟོད་བཤད་པ། །སློབ་མ་བཟང་པོས་སྔར་ཤེས་བྱ། །ཞེས་བྱ་བས་སློབ་མ་བློ་དང་ལྡན་པས་སྔོན་དུ་བླ་མ་མཆོད་ལ་རྒྱུད་ནས་ཇི་ལྟར་གསུངས་པའི་བསྟོད་པ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཅེས་པ་ལ་སོགས་པས་བསྟོད་པ་བྱ་ཞེས་པའི་དོན་ཏོ། །དེ་ཉིད་དེ་ལ་བསྟན་པ་ནི། །དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཐམས་ཅད་རྒྱུད་དུ་སྦས་པ་སྟེ། །མཐའ་ཡི་མཐའ་ཡིས་ཕྱ་བ་ཉིད། །ཅེས་བྱ་བ་ལ་གནས་སྔ་མ་སྔ་མའི་དབང་གིས་བྱིས་པ་རྣམས་ཀྱིས་རེ་ཞིག་རྟོགས་པར་བྱ་བའི་ཕྱིར། མར་ངོའི་ཐོག་མར་ཡར་ངོའི་མཐའ་མ་ཅན་གང་ཞིག་རྒྱུད་ཐམས་ཅད་དུ་སྦས་པ། དེ་སློབ་མའི་སྐྱེ་བོ་མཆོག་ལ་བསྟན་པར་བྱ་ཞེས་པའི་དོན་ཏོ། །དེ་ནི་ཇི་སྐད་དུ་སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་པ་དང༌། དེ་བཞིན་དུ་དང་པོའི་མཆོག་གི་སངས་རྒྱས་


DTG002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། །ཕྱོགས་གཉིས་པོ་ཡི་བག་ཆགས་ཀྱི། །ཡོངས་སུ་གང་བ་མ་འདྲེས་པ། །ཞེས་གསུངས་པའི་ཕྱིར། དེ་ཁོ་ན་ཉིད་དེ་རྒྱུད་ཐམས་ཅད་དང་མི་འགལ་བར་བསྟན་པར་བྱ་ཞེས་པའི་ཐ་ཚིག་གོ །རྡོ་རྗེ་མཆོད་པར་རབ་སྦྱར་ནས། །དེ་ལ་ལྷ་མོ་དེས་ཞུས་པ། །ལྷ་དེའི་སྐད་ཅིག་ཇི་ལྟར་ལགས། །གཙོ་བོ་ཆེན་པོས་བཤད་དུ་གསོལ། །ཞེས་བྱ་བ་ནི། བདག་མེད་མས་བཅོམ་ལྡན་འདས་ལ་ལྷ་བདེ་བའི་སྐད་ཅིག་གང་གིས་གནས་པར་བགྱི་ཞིང་ཇི་ལྟར་རྟོགས་པར་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མིན་མྱ་ངན་འདས་མིན་པ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མིན་གཞན་ཡང་མིན་པ་ཉིད། །ཅེས་བྱ་བ་གསུངས་ཏེ། ལྷ་མོ་དེའི་སྐད་ཅིག་ནི་སྲིད་པ་སྟེ། སུམ་ཅུ་རྩ་གཉིས་ཀྱི་གནས་ནས་འཕོས་པ་དང༌། མྱ་ངན་འདས་མིན་ཏེ་གང་གི་སྒོ་ནས་མ་འདས་པ་ཉིད། །ཐོག་མ་ཐ་མ་དབུས་མིན་ཞེས་པ་ཡང་ཡིན་ལ། བདག་མིན་གཞན་ཡང་མིན་པ་ཉིད། །ཅེས་བྱ་བ་ཡང་ཡིན་ལ། མཚན་ཉིད་དང་བྲལ་བའི་སྐད་ཅིག་ཀྱང་ཡིན་ཞེས་པའི་དོན་ཏོ། །དེ་ནི་ཇི་སྐད་དུ། སངས་རྒྱས་ཐམས་ཅད་མཉམ་པར་འདུས་པའི་རྒྱུད་ལས་ཀྱང༌། ཐོག་མ་ཐ་མ་མེད་ཞི་བ། གཙོ་བོ་དངོས་དང་དངོས་མི་མངའ། །སྟོང་པ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བས་ན་རྡོ་རྗེའི་ཚིག་འདིའི་དོན་ནི། འདི་ལྟར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལས། །རང་ལག་གཡས་དང་གཡོན་པ་ཡིས། །མཐེ་བོང་དང་ནི་སྲིན་ལག་གིས། །ད་ནི་རྣལ་འབྱོར་བ་ཡིས་བཙིར། །ཞེས་བྱ་བ་ལ་རྡོ་རྗེ་སློབ་དཔོན་མཁས་པ་གང་གིས་རང་གི་རྒྱལ་མཚན་གྱི་ངོས་གཉིས་ན་གནས་པའི་ཆུ་བོ་འབབ་པའི་རྒྱུན་གྱི་སློབ་མ་ལ་གསང་བས་གསང་བར་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་ཏིང་ངེ་འཛིན་གང་གི་རྩལ་གྱིས་བཙིར་བར་གྱུར་པ་དེས་ན་གཡས་ནས་འགྲོ་ཞིང༌། གཡོན་ནས་འོང་བ་ཞེས་བྱ་བའི་དོན་དང༌། དེ་བཞིན་དུ་རྣམ་པར་


DTG002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པས་ཀུན་ནས་བཅིངས་པའི་སྐྱེ་བོ་འགའ་ལ་དངོས་སུ་ལོངས་སྤྱོད་རྫོགས་པའི་འཁོར་གནས་ཀྱི་གཡས་གཡོན་དུ་སློབ་དཔོན་གྱི་ལག་པ་གཡས་གཡོན་གྱིས་བཙིར་བར་གྱུར་ན། དེ་ལས་ཡེ་ཤེས་སྐྱེ་འགྱུར་ཏེ། །དེ་ལ་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟར་བའམ། །ལྐུགས་པའི་རྨི་ལམ་ལྟ་བུའོ། །ཞེས་བྱ་བ་ལ། དེ་ལྟ་བུའི་གནས་སྐབས་གསུམ་གྱི་ཁྱད་པར་གྱིས། །ཁྱད་པར་དུ་བྱས་པ་ན་བརྗོད་པའི་ཡུལ་ལས་ཐ་དད་པ་དཔེར་ན་དགེ་སློང་གང་གིས་བསམ་གཏན་བཞི་པའི་རྩེ་མོའི་ཏིང་ངེ་འཛིན་ཐོབ་པའི་བདེ་བ་ལས་ཀྱང་ཁྱད་པར་དུ་འཕགས་པ་འབྱུང་ཞེས་པའི་ཐ་ཚིག་གོ །དོན་འདི་ནི་མཆོག་གི་དང་པོ་ཞེས་བྱ་བའི་རྩ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། །ལང་ཚོ་ཡིས་ནི་བདེ་ཐོབ་པ། །བདེ་ཆེན་རང་གི་རིག་པ་སྟེ། །དེ་བཞིན་ཏིང་འཛིན་བྲལ་བ་ཡིས། །བདེ་བ་སྨྲ་བར་མི་ནུས་སོ། །ཞེས་གསུངས་པས། དོན་ནི་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །མཆོག་ནི་མཐའ་དང་དགའ་བྲལ་དབུས། །ཞེས་བྱ་བ་ནི་གོང་དུ་རྒྱས་པར་བསྟན་ལ། སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་བྱ་བ་ནི། །རྟོགས་པར་འགྱུར་ཞེས་ཐ་ཚིག་རྣམ་པར་སྦྱར་བར་བྱས་ལ། སྟོང་པ་ནི་གང་གི་སྒོ་ནས་བརྒལ་བ་དང༌། སྟོང་མིན་ནི་སྲིད་པ་སྟེ། སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་མི་གནས་པ་ཞེས་བྱ་བའི་དོན་ཏོ། །ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། ཀྱིའི་རྡོ་རྗེ་མངོན་པར་འབྱུང་བའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་ལྔ་པའོ།། །།

དྲུག་པ། བུ་དོན་བྲི་བའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །རྨད་འབྱུང་ངོ་མཚར་གཟུགས་ཅན་ལ། །ཕྱག་འཚལ་ནས་ནི་བུ་ལོན་གྱི། །རིམ་པ་རྡོ་རྗེ་སྙིང་པོས་བྲི། །ད་ནི་བྱིས་པའི་སྐྱེ་བོ་རྣམས་གཞུག་པར་བྱ་བའི་ཕྱིར། ཇི་བཞིན་པའི་དཀྱིལ་འཁོར་ལས། རས་ལ་སོགས་པ་ལ་བཅོས་མའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། །སྔོན་དུ་ལྷ་མོ་ལ་ནི་དམ་འཁྱུད་ཅིང༌། །མཉམ་སྦྱར་བདེ་བ་མྱོང་མཛད་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གར་ཐབས་ཀྱི་བསྟན་བཅོས་དཔག་ཏུ་མེད་པ་ཚར་བྱུང་བར་མཛད་ནས་ཆོ་ག་གསུངས་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ལ་རེ་ཞིག་སྤྱོད་པའི་ལེའུ་ལས་གསུངས་པའི་ཕྱག་རྒྱ་ལྔའི་དོན་སྤྱོད་པའི་རྣལ་


DTG002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལ་གནས་པ་རྣམས་ཀྱིས། ཕྱི་དང་ནང་དུ་ཕྱེ་ལ་བཅང་བར་བྱའོ་ཞེས་སྐབས་དེ་ཉིད་དུ་ལེགས་པར་བསྟན་པ། །བུ་ལོན་བྲི་བའི་སྐབས་འདིར་ནི་རང་གི་དམ་ཚིག་རྣམ་པ་ལྔ་ལས་སློབ་དཔོན་མི་སྨད་ཅིང༌། ཀུན་ནས་ཀུན་དུ་བསྟེན་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། །དང་པོར་ཕྱག་རྒྱ་ལྔ་ནི་རབ་ཕྱེ་བས། །བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་གསུངས། །ཞེས་པ་ནས། །ཕྱག་རྒྱ་བསྟེན་ཕྱིར་སྐ་རགས་ཉིད། །ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། ཕྱི་དང་ནང་དུ་ཕྱེ་བ་ལས། །ཕྱི་ནི་སྒྲ་ཇི་བཞིན་པ་རྒྱུད་ནས་གསུངས་པ་ཁོ་ན་ཡིན་ལ། ངེས་པའི་དོན་ནི་རྩ་བའི་རྒྱུད་ཉིད་ལས་ཇི་སྐད་གསུངས་ཏེ། བླ་མ་སློབ་དཔོན་འདོད་ལྷ་ཞེས་པ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ན་ཡོན་ཏན་ལྕི་བའི་འབྱུང་གནས་རབ་ཏུ་གནས་པ་རྟོགས་པར་བྱ་བ་ལ་བཏུད་པའི་དོན་དུ་འཁོར་ལོས་མཚན་ཏོ། །དེ་ཉིད་ལ་སྐྱེ་བོ་མ་རུངས་པ་དག་སྨོད་པ་སླར་གཞུག་པར་བྱ་ཞིང་། རང་གནས་དེ་ལས་མི་ཉམས་པར་བྱ་བའི་ཕྱིར་རྣ་ཆས་མཚན་ཏོ། །སྲོག་གི་རླུང་མི་ཤིགས་པར་གནས་པ་ལ་འབད་པའི་ཕྱིར་མགུལ་རྒྱན་གྱིས་མཚན་ཏོ། །བྱང་ཆུབ་སེམས་ཀྱི་སྲོག་མི་གཅད་པའི་ཕྱིར་ལག་གདུབ་ཀྱིས་མཚན་ཏོ། །བདེ་བའི་གཞི་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ལས་མི་འདའ་བའི་ཕྱིར་སྐ་རགས་ཀྱིས་མཚན་ཏོ་ཞེས་སོ། །དེ་བས་ནི། །སངས་རྒྱས་ལྔ་ཡི་ཕྱག་རྒྱས་ནི། །རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། །ཅེས་གསུངས་ཏེ། དོན་དུ་ན་ལུས་ཅན་ཐམས་ཅད་ཀྱི་སྲོག་གི་རླུང་གནས་ལྔ་རུ་བག་ལ་ཞ་བ་གང་ཡིན་པ་དེ། རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། །ཅེས་སུ་རྟོགས་པར་བྱའོ། །དེ་ནས་རབ་ཏུ་བཞད་མཛད་ནས། །ཞེས་པ་ནས། ཀྱེ་ཡི་རྡོ་རྗེའི་བྲིས་སྐུ་ཉིད། །བགྱི་ལུགས་བདེ་བ་ཆེན་པོས་གསུངས། །ཞེས་པ་ལ་སོགས་པས་ནི། །བུ་དོན་ཇི་ལྟར་བྲི་བའི་ལུགས། །བདག་མེད་མས་ཞུས་ཞེས་སྦྱར་རོ། །ལན་གསུངས་པ་ནི། །འདི་ནི་འབྲི་མཁན་དམ་ཚིག་ཅན། །སྒྲུབ་པ་པོ་ཡང་དམ་ཚིག་ཅན་གྱིས་ནི། །བྲིས་སྐུ་ཡང་ནི་འཇིགས་པ་བྲི་བ་ཉིད། །ཅེས་པ་ལ་སོགས་པས་བསྟན་ཏེ། འདི་ལྟར་སྒྲུབ་པ་པོ་དང་འབྲི་མཁན་ལ་སོགས་པ་དང༌། རི་མོའི་དོན་ལ་འཇུག་པ་གང་དང་གང་ཡིན་པ་དེ་དང་དེ་ཐམས་ཅད་སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པའི་ལམ་ལ་ཕལ་ཆེར་


DTG002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་གསང་སྔགས་ཀྱི་ཚུལ་ལ་མཆོག་ཏུ་དད་པ་རྣམས་ཀྱིས་བྱ་ཞེས་སྦྱར་རོ། །ཡན་ལག་གི་དོན་བསྟན་པ། སྐྱེས་པའི་ཐོད་གནས་ཁ་དོག་ལྔ། །རོ་ཡི་སྐྲ་ཡི་པིར་ཉིད་ཀྱིས། །བྲིས་སྐུ་བླ་མེད་བྲི་བ་ཉིད། །ཅེས་པ་སྟེ་ཚོན་སྣ་ལྔ་སྐྱེས་བུའི་ཐོད་པའི་སྣོད་དུ་སྦྱར་ལ་མི་ཤི་བའི་སྐྲས་བིར་བྱ་སྟེ་ཚོན་ལྔ་པོ་རང་བཞིན་ཡོན་ཏན་གྱི་དབང་ལས་སྐྱེས་བུ་དེ་དང་དེའི་ཐོད་པར་གཞག་ཅེས་པའི་དོན་ཏོ། །དེ་བཞིན་དུ། དམ་ཚིག་བྱིན་བརླབས་རྣལ་འབྱོར་ལས། །ཟླ་བ་ཟླ་བའི་མར་ངོ་ཡི། །བཅུ་བཞི་པ་ལ་ཁྱིམ་དབེན་པར། །ཕྱེད་ནས་མ་རུངས་སེམས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཉེ་བར་དགོས་པ་གང་དང་གང་དུ་སྒྲུབ་པ་པོའི་དབང་ཕྱུག་གིས་བླ་མའི་མན་ངག་ལྟར་བྱིན་གྱིས་བརླབས་ལ་སྦྱར་བར་བྱ་ཞིང༌། ཟླ་བ་འོང་ངོ་ཅོག་གི་ནག་པོའི་བཅུ་བཞི་པ་ལ་གནས་དབེན་པར་ཚོགས་ཀྱིས་ལོངས་སྤྱད་པར་བྱ་ཞིང་རི་མོ་མཁན་དང་སྒྲུབ་པ་པོ་བདག་ཉིད་ཀྱི་ལུས་གཅེར་བུར་བྱུང་ཞིང་རུས་པས་བརྒྱན་ལ་འབགས་པ་དང༌། མི་གཙང་བའི་དམ་ཚིག་རྣམས་ཟ་བཞིན་དུ་བྲི་བར་བྱ་སྟེ། །དེ་བཞིན་དུ་གཞན་ཡང༌། བཞིན་བཟངས་སྙིང་རྗེར་ལྡན་པ་དང༌། གཟུགས་དང་ལང་ཚོས་སྐལ་བཟངས་མ། །མེ་ཏོག་བཅས་ཤིང་སྒྲུབ་པོ་དགའ། །རང་གི་ཕྱག་རྒྱ་གཡོན་དུ་བཞག །ཅེས་བྱ་བ་སྒྲུབ་པ་པོའམ་རི་མོ་མཁན་གྱིས་རང་དང་མཚུངས་པའི་བཙུན་མོ་བདག་མེད་མ་ལྟ་བུ་གཡོན་དུ་བཞག་ལ། མི་ཕྱེད་པའི་ལམ་ལ་གནས་བཞིན་པས་བུ་དོན་བྲི་བ་ནི་རྡོ་རྗེ་འཛིན་པའི་ངེས་པའོ། །ཀྱེ་ཡི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། བུ་དོན་བྲི་བའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་དྲུག་པའོ།། །།

བདུན་པ། གླེགས་བམ་བྲི་བ་དང་ཚོགས་ཀྱི་བཟའ་བའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རགས་དང་ཕྲ་མོ་དངོས་སྟོན་པ། །ཀྱེ་ཡི་རྡོ་རྗེ་ལ་ཕྱག་འཚལ། །གླེགས་བམ་ཚོགས་དང་ལེགས་འདུལ་གྱིས། །རྒྱས་བཤད་རྡོ་རྗེ་སྙིང་པོས་བྲི། །ད་ནི་ཀྱེའི་རྡོ་རྗེ་གླེགས་བམ་བྲི་བའི་རིམ་པ་དང༌། དབང་བསྐུར་བའི་ལེའུ་རུ་བསྟན་པའི་ཚོགས་ཀྱི་སྟོན་མོ་དང༌། བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཐེག་པའི་རིམ་པའི་ཚུལ་བསྟན་པར་བྱ་བའི་ཕྱིར། །དེ་ནས་དེ་ལ་ལྷ་མོས་ཞུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུ་དོན་གྱི་བསྟན་བཅོས་ཀྱི་རྗེས་སུ་ཚིམ་པར་མཛད་ནས། གླེགས་བམ་ང་ཡིས་བཤད་བྱ་ཡིས། །ལྷ་མོ་


DTG002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་པ་ཆེན་མོ་ཉོན། །ཞེས་གསུངས་པ་སྟེ། ཀྱེ་ལྷ་མོ་ཆེན་མོ་སྦྲང་ཆེན་གྱི་སྣག་ཚ་དང་མི་རུས་ཀྱི་སྨྱུ་གུས་གྲོ་ག་ལ་འབྲི་མཁན་དམ་ཚིག་ཅན་གྱིས་གླེགས་བམ་སོར་བཅུ་གཉིས་པར་བྲི་ཞེས་པའི་དོན་ཏེ། འདི་ལྟར་ཉི་མ་དང་ཟླ་བ་རྣམ་པར་སྦྱངས་པའི་རོས་སྣག་ཚ་ལ་བསྲེས་པ་དང༌། རྟེན་འབྲེལ་བཅུ་གཉིས་དག་པའི་གླེགས་བམ་སོར་བཅུ་གཉིས་སུ་བསྒྲུབས་པས་བྱས་པ་རྣམས་དགའ་བའི་དངོས་གྲུབ་རང་བཞིན་ཡོན་ཏན་གྱི་དབང་གིས་སྟེར་བ་ནི་ངེས་པའོ། །གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་མེད་ཀྱིས་མཐོང་ན། །སྐྱེ་བ་འདིར་ཡང་སྒྲུབ་མེད་ལ། །འཇིག་རྟེན་གཞན་དུའང་སྤྱོད་ཡུལ་མིན། །ཞེས་བྱ་བ་དེ་ལྟར་བླ་མའི་ཞལ་གྱི་ལུང་དང་བདག་གི་བྱིན་གྱི་རླབས་ཀྱིས་ཁ་ན་མ་ཐོ་བ་མེད་པར་བསྒྲུབས་པའི་གླེགས་བམ་དང་རས་རིས་སྐལ་བ་མེད་པའི་བྱེས་པའི་སྐྱེ་བོ་ལ་ལན་ཅིག་ཙམ་བསྟན་ཡང་གྲུབ་པ་རྣམ་པ་གཉིས་ཉམས་པར་འགྱུར་ཏེ། དེ་བས་དེའི་ཕྱིར། འབད་པས་ཀུན་དུ་བསྲུང་བར་བྱ། །ཞེས་པའི་དོན་ཏོ། །ཡང་དག་དང་དང་ལྡན་པ་ལ། །རེས་འགའ་ཙམ་ཞིག་བསྟན་པ་ཉིད། །ཅེས་བྱ་བ་ནི་དད་ཅིང་མོས་པ་དང་ལྡན་པའི་སྐྱེས་བུ་ལ་སྐད་ཅིག་ཙམ་བསྟན་པར་བྱ་བ་སྟེ། མཆོད་པ་དང་གུས་པ་ལ་སོགས་པ་སྔོན་དུ་འགྲོ་བས་བསྟན་པ་ལ་སྐྱོན་གྱི་དྲི་མས་མི་གོས་ཞེས་པའི་དོན་ཏོ། །གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཆན་ཁུང་གཉིས་སུ་སྦ། །ཞེས་བྱ་བ་ནི་ལམ་དང་ཡུལ་གཞན་དུ་བགྲོད་པའི་དུས་སུ་གླེགས་བམ་ནི་སྐྲའི་གསེབ་ཏུ་སྦ་བར་བྱས་ལ། རི་མོ་གང་ཡིན་པ་དེ་ནི་འོད་མའི་སྡོང་དུ་འཇམ་ཞིང་མཛེས་པའི་ནང་དུ་བཅུག་སྟེ། མཆན་ཁུང་གཡོན་པར་བཅང་ཞེས་པའི་དོན་ཏོ། །ད་ནི་ཚོགས་ཀྱི་མཆོད་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། །བྷ་གར་ལིངྒ་རབ་བཀོད་ནས། ཡང་དང་ཡང་དུའོ་མཛད་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་མཐུ་ཡིས་ཡམས་དང་སྐྲ་དཀར་གཉེར་མ་ལ་སོགས་པ་འཇོམས་པར་བྱེད་ཅིང༌། བྱིས་པའི་སྐྱེ་བོ་རྣམས་དགའ་བར་བྱེད་ལ་ཤ་དང་ཁྲག་གིས་གཟི་མདངས་སྐྱེད་པར་བྱེད་པ་དེ་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེའི་ཕྱིར། ཚོགས་ཀྱི་འཁོར་ལོའི་བཟའ་བ་ནི། །ཉོན་ཅིག་


DTG002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་མིག་ཡངས་མ། །གང་དུ་ཟོས་པས་འདོད་དོན་ཀུན། །སྒྲུབ་པ་ཅན་གྱི་དངོས་གྲུབ་འགྱུར། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་ཚིག་འདིའི་དོན་ཡང་ངེས་པ་དང་དྲང་བའི་དོན་གཉིས་སུ་གོ་བར་བྱའོ། །དེ་ལ་རེ་ཞིག་ཕྱིའི་ཚོགས་ཀྱི་བཟའ་བའི་གནས་སུ། དུར་ཁྲོད་རི་ཡི་བྱ་སྐྱིབས་དང་། །དེ་བཞིན་མི་མེད་གྲོང་ཁྱེར་དང༌། །ཡང་ན་དབེན་པའམ་རྒྱ་མཚོའི་མཐར། །ཞེས་བྱ་བས་བསྟན་ཏེ། གནས་གང་གི་ཕྱི་རོལ་དུ་མུ་སྟེགས་བྱེད་པ་ལ་སོགས་པ་དང༌། བྱིས་པའི་སྐྱེ་བོ་མ་རུངས་པ་གང་དག་ཡོང་ཡེ་མི་གནས་པ་དེར་བརྩམ་ཞེས་པའི་དོན་ཏོ། །རེ་ཞིག་ཕྱི་རོལ་གྱི་གནས་འདི་རྣམས་སུ་ཆང་དང་གོ་ལ་སོགས་པའི་ཤ་བཟའ་བ་དང༌། བུད་མེད་ཀྱི་སྐྱེ་གནས་ལ་འཁྲིགས་ཐབས་སྦྱར་བས་འདོད་པའི་དངོས་གྲུབ་འགྲུབ་པ་ནི་མེད་དེ། དེ་ལྟར་གང་དེ་རྣམས་ཀྱི་འདོད་པའི་དངོས་གྲུབ་ཏུ་འགྱུར་བ་དེ་ལྟ་ན་ནི། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་དོན་མེད་པར་འགྱུར་ལ། རྣལ་འབྱོར་པའི་འབད་པ་ཕུན་སུམ་ཚོགས་པ་འཇིག་པར་འགྱུར་རོ། །དེ་བས་ན་དེའི་ཕྱིར་བཟའ་བ་དང་བཏུང་བ་ལ་སོགས་པའི་ཚོགས་ཀྱིས་མཆོད་པས་འདོད་པའི་དངོས་གྲུབ་ཐོབ་ཅེས་གསུངས་པ་ནི། བྱིས་པའི་སྐྱེ་བོ་རྣམས་དྲང་བར་ཟད་དོ། །ངེས་པའི་དོན་དུ་ཀུན་དུ་རྟོག་པས་ཀུན་ནས་མི་གོས་པའི་གནས་འགའ་ཞིག་ལ་བརྟེན་ཏེ། སྲོག་གི་མེས་བསྲེག་ཅིང་བཅོས་པའི་བཅུད་གང་ཡིན་པ་དེས་མྱོས་པར་བྱ་བ་དང༌། ཚིམ་པར་ཟོས་ཏེ་གནས་པ་ཚེ་འཕེལ་བར་བྱེད་པས་རྡོ་རྗེ་འཆང་གི་གཟི་མདངས་ལྟ་བུ་སྟེར་བར་འགྱུར་ཏེ་ངེས་པའི་དོན་ཏོ། །བཟའ་བ་འདི་ནི་རབ་ཏུ་བཟའ། །དེ་ལ་གདན་དུ་བརྟག་པ་ནི། །རོ་ཡི་གཟུགས་ཅན་དགུ་དང་ནི། །ཡང་ན་སྟག་གི་བགས་པ་དང༌། །དུར་ཁྲོད་རས་ནི་དེ་བཞིན་ནོ། །ཞེས་བྱ་བ་ལ། གང་ཞིག་ཚོགས་ཀྱི་འཁོར་ལོ་འདི་བྱེད་པར་འདོད་པས། དགེ་སློང་དང་དགེ་སློང་མ་དང་ཁྱིམ་པའི་རྣལ་འབྱོར་པ་རྒན་རབས་ལ་སོགས་པ་རྣམས། །རང་རང་གི་གྲལ་ཐ་དད་པར་བྱ་ཞིང་མི་སྲུན་པའི་སྐྱེ་བོ་འབད་པས་བསྲུང་བར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་གཽ་རཱི་ལ་སོགས་པའི་རིགས་ཅན་མ་སྤྱན་དྲངས་ལ། གཅིག་ནི་གཙོ་བོའི་གཡོན་དུ་བཞག་ལ། ལྷག་མ་བརྒྱད་པོ་འདབ་མའི་ཕྱོགས་དང་ཕྱོགས་བྲལ་ལ་རིམ་པ་བཞིན་


DTG002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་སུ་གསོལ་ལོ། །དེ་རྣམས་ལ་མི་ལྤགས་ཁུ་རེ་ལ་རང་རང་གི་གཟུགས་བྲིས་ལ་གདན་དུ་དབུལ་བར་བྱའོ། །གཙོ་བོ་ལ་སྟག་གམ། གླང་པོ་ཆེའམ། བ་ལང་གི་པགས་པས་གདན་དུ་དབུལ་ལོ། །ཡང་ན་ཐམས་ཅད་ལ་མི་ལྤགས་འབའ་ཞིག་གམ། །སྟག་གི་པགས་པ་འབའ་ཞིག་གམ། །གླང་པོའི་པགས་པ་འབའ་ཞིག་གམ། བ་གླང་གི་པགས་པ་འབའ་ཞིག་གམ། དུར་ཁྲོད་ཀྱི་རས་འབའ་ཞིག་ཀུན་ལ་ཇི་ལྟར་རྙེད་པ་དེ་ལྟར་དབུལ་བར་བྱའོ། །དེའི་ཕྱིར། །དབུས་སུ་ཀྱེ་ཡི་རྡོ་རྗེའི་གཟུགས། །ཇི་ལྟར་སྔར་བཞིན་གནས་ཤེས་ནས། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཡང༌། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །ཅེས་རྒྱས་པར་གསུངས་པ་ཡིན་ནོ། །དེ་བཞིན་དུ་བཟའ་བ་ཐམས་ཅད་ཀྱང་སྟག་ལ་སོགས་པའི་པགས་པའི་སྟེང་དུ་བཟའ་བ་ཇི་ལྟ་བ་རྣམས་དྲང་བར་བྱའོ། །དེ་བཞིན་དུ། དེར་ནི་ཡང་ཡང་ཟོས་ནས་ཀྱང༌། །དེ་རུ་མ་མོ་མཆོད་པར་བྱ། །ཞེས་གསུངས་ཏེ། ཕྱིའི་བཟའ་བ་དང་བཏུང་བ་རྣམས་སྦྱང་བ་དང་རྟོགས་པ་དང༌། སྦྱར་བ་དང་བདུད་རྩིར་བྱས་ཏེ་ཟོས་ལ། ལྷ་མོ་རྣམས་དང་ཡང་དང་ཡང་དུ་མེ་ཐུ་ནའི་སྦྱོར་བས་བདེ་བ་རྟོགས་པར་བྱའོ། །རྣལ་འབྱོར་མ་རྣམས་ཀྱང་ས་དང༌། ཆུ་དང༌། མེ་དང༌། རླུང་ལ་སོགས་པ་དགེ་བས་སྲིང་མོ་དང༌། བུ་མོ་དང༌། སྒྱུག་མོ་དང༌། ཚ་མོ་དང༌། ཆུང་མ་ལ་སོགས་པ་སྔོན་དུ་ལེགས་པར་སྦྱངས་ལ་མཆོད་པ་བྱ་བ་ནི་ངེས་པའོ། །དེ་བཞིན་དུ། དེ་རྣམས་རྟག་ཏུ་ལེགས་མཆོད་ནས། །ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །ཞེས་གསུངས་པ་ལེགས་པར་མཆོད་པ་ནི། ཕྱི་རོལ་གྱི་སྐྱེ་བོ་རྣམས་ཀྱིས་མ་མཐོང་མ་རིག་པར་མ་སྲིང་ལ་སོགས་པ་རྣམས་ལ། བར་བྱའོ། ཕྱིར་མོ་འབྱུང་བའི་བྱང་ཆུབ་སེམས་ཀྱིས་མཆོད་ན། ལེགས་པར་མཆོད་པ་ཡིན་ཞིང༌། ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་བ་ནི་ངས་པའོ། །དེ་བཞིན་དུ་བཏུང་བའི་སྣོད་རྣམས་སྐྱེས་བུའི་ཐོད་པའི་དུམ་བུ་གཅིག་པར་རྒུན་ཆང་ལ་སོགས་པ་རྣམས་བཀང་སྟེ་དྲང་བར་བྱའོ། །བླ་མ་ལ་དབུལ་སྐལ་ཆེན་མ། །ཕྱག་འཚལ་ནས་ནི་རང་ཡང་བཏུང༌། །པདྨའི་ལག་པས་བླངས་པ་དང༌། །དེ་ཉིད་ཀྱིས་ནི་ལག་པས་དབུལ། །ཡང་ནས་ཡང་དུ་རབ་འདུད་པ། །དེར་


DTG002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྒྲུབ་པ་པོ་ཡིས་བྱ། །ཞེས་བྱ་བ་རྣལ་འབྱོར་མ་རྣམས་དང༌། གཙོ་བོ་དང་བཅས་པའི་རྣལ་འབྱོར་པ་རྣམས་ཀྱིས་ལེགས་པར་ལོངས་སྤྱད་པར་བྱ་བ་འདི་ལྟ་སྟེ། ཀུན་གྱིས་སྤྱི་བོར་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་སློབ་དཔོན་ལ་ཕྱག་འཚལ་ཏེ། པདྨའི་ལག་པས་ཕུལ་ལ་གདོད་ཅི་བདེར་ལོངས་སྤྱད་པར་བྱའོ། །དེ་བཞིན་དུ་འཁོར་ལོ་ཀུན་དུ་པདྨའི་ལག་པས་དྲང་བར་བྱ་ཞིང་སླར་ཡང་དེ་ཉིད་ཀྱིས་བླང་ངོ༌། །ངེས་པའི་དོན་དུ་ན་བདུད་རྩི་ལྟ་བུའི་བཏུང་བ་བདེ་བའི་འཁོར་ལོ་ནས། རྒྱལ་མཚན་གྱི་རྩེ་མོར་རྒྱུན་དྲང་ཞིང༌། སླར་དེ་ཉིད་ཀྱི་གནས་སུ་འཕང་བའི་ཚུལ་གྱིས་དྲང་ཞིང་། བླང་བས་ཚིམ་པར་བྱ་བ་སྟེ། དེ་བཞིན་གཤེགས་པའི་བཀའ་ལུང་ངོ༌། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། གླེགས་བམ་བྲི་བ་དང༌། ཚོགས་ཀྱི་བཟའ་བའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་བདུན་པའོ།། །།

བརྒྱད་པ། འདུལ་བའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྣལ་འབྱོར་མས་ཞུས་པ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །བདེ་བ་ལ་སོགས་བཤད་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱིས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་གསོལ་པ་ནི་ཀྱེའི་རྡོ་རྗེ་ལ་ཞུས་པ་སྟེ། འདི་ལྟར་ཀྱེའི་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོའི་རང་གི་ངོ་བོ་ནི་གང་ལ་འང་མི་གནས་པ། བརྗོད་དུ་མ་མཆིས་པ། བརྟེན་པ་མ་མཆིས་པ། དམིགས་པ་མ་མཆིས་པ། །གང་ལའང་མི་གནས་པ། །ལེགས་པར་ནི་སོམ་ཉི་མ་མཆིས་ན། བདག་དང་བདག་གི་དྲི་མས་གཡོགས་པ་རྣམས་ཀྱིས་ཚུལ་ཇི་ལྟར་རྟོགས་པར་བགྱི་ཞེས་ཞུས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། ཤིན་ཏུ་རིང་མིན་ཐུང་བ་མིན། །གནས་པ་མ་ཡིན་དཀར་བ་མིན། །པདྨའི་འདབ་མའི་རྣམ་འདྲ། །ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་རིགས་བཞི་ལས་འབྱུང་བའི་བཙུན་མོ་སྐྱེ་བའི་ལོ་བཅུ་གཉིས་ནས་ཉི་ཤུ་ལ་ཐུག་པ་དག་ལ་བརྟེན་ཏེ། མཚོན་པར་འགྱུར་གྱིས་གཞན་དུ་མ་ཡིན་ཞེས་བྱ་བའི་དོན་དང༌། དེ་བཞིན་དུ་བཙུན་མོ་དེ་དག་གི་མཚན་ཉིད་ནི་འདི་ལྟ་སྟེ། གཟུགས་ཤིན་ཏུ་རིང་བའང་མ་ཡིན་པ་དང༌། ཧ་ཅང་ཐུང་བའང་མ་ཡིན་པ་དང༌། མིག་སྨན་ལྟར་ཆེར་གནག་པ་མ་ཡིན་པ་དང༌།


DTG002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ཐལ་ལྟར་ཧ་ཅང་དཀར་བ་མ་ཡིན་པ་ནི་མདོག་གི་ཁྱད་པར་ཏེ། །དེ་དག་གི་ཁ་དོག་གི་ཁྱད་པར་རྣམས་སྤང་བར་བྱ་བའོ། །འོ་ན་ཇི་ལྟ་ཞེ་ན། ཅུང་ཟད་སྔོ་བ་སངས་སུ་གནས་པ་གཟུང་ཞེས་བྱ་བ་དང༌། དེ་བཞིན་དུ་མིག་པདྨའི་འདབ་མ་ལྟར་དཀར་དམར་འབྱེས་པ་ཅུང་ཟད་རིང་བ་དང་ཁའི་དབུགས་མཆོག་ཏུ་དྲི་ཞིམ་པ་དང༌། ཟླ་མཚན་གྱི་ཁྲག་གླ་རྩི་ལྟར་དྲི་ཞིམ་པ་དང༌། སྐྱེ་གནས་ཀྱི་པདྨ་ལ་དུས་དུས་སུ་ས་རྫ་ར་ཛ་ལྟ་བུའི་དྲི་འབྱུང་ཞིང་རེས་འགའ་པདྨ་ལྟ་བུའི་དྲི་འབྱུང་བ་དང༌། དུས་དུས་སུ་ཨུཏྤལའི་དྲི་དང༌། ཨ་ཀ་རུ་ནག་པོའི་དྲི་དང་མཚུངས་པ་འབྱུང་བ་རྣམས་ནི་མཁས་པས་དྲི་བཟང་པོར་མཚོན་པར་བྱས་ལ་གཟུང་བར་བྱ་བ་དང༌། དེ་བཞིན་དུ་རང་བཞིན་དུ་གནས་པའི་མཚན་མ་འདི་ལྟ་སྟེ། སྤྱོད་ལམ་དལ་ཞིང་རྩ་བ་ཧྲལ་མེད་པ་ཉིད་དང༌། སྨྲ་བ་ཉན་ཅིང་གསོང་པོར་སྨྲ་ལ་དལ་གྱིས་སྨྲ་བ་དང༌། སྒྲ་གནག་ཅིང་འཇམ་ལ་མཚམས་སྟུག་ཅིང་རིང་བ་དང༌། དཔྲལ་བའི་དབུས་ན་རང་བཞིན་དུ་གནས་པའི་རི་མོ་གསུམ་ཡོད་པ་གང་ཡིན་པ་དེ་ལྟ་བུ་ནི་བདེ་བར་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པ་ཡིན་ཏེ། ཡན་ལག་གསང་མ་ཞེས་ཀྱང་གསུངས་པས། །དེ་ལ་འབད་པ་ཀུན་གྱིས་བླ་མའི་བཀའ་ལྟར་བསྒྲུབས་ན། གདོན་མི་ཟ་བར་ཕྱག་རྒྱ་ཆེན་པོའི་གྲུབ་པ་འཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ལ། གཞན་ཡང་དེ་ལྟ་བུའི་བཙུན་མོ་ལ། འཇིག་རྟེན་པ་ཕལ་བས་མི་ཤེས་པ་གང་དག་གིས་མི་མོའི་སྐྱེ་གནས་ཕལ་བ་ཅན་དུ་རྟོགས་པར་བྱེད་དེ། །དེ་ནི་དེ་ལྟ་བུ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ། །ཞེས་གསུངས་སོ། །དེ་རྙེད་ནས་ནི་དངོས་གྲུབ་འགྱུར། །ཞེས་བྱ་བ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་ལྟ་བུའི་བཙུན་མོ་རྙེད་ན། བཙུན་མོ་དེ་ལ་བརྟེན་ཏེ་བླ་མའི་ལུང་ལྟར་བསྒྲུབས་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པ་སྟེ། བཙུན་མོ་དེ་ལྟ་བུ་ནི་ཀུན་རྫོབ་ཀྱི་གཟུགས་ཅན་གྱི་ཕྱག་རྒྱ་ཆེན་པོ་ཞེས་བཤད་དོ་ཞེས་པའི་དོན་ཏོ། །དེ་ནས་རྣལ་འབྱོར་མ་བདག་མེད་མས་གསོལ་བ། བཅོམ་ལྡན་འདས་སྨོན་ལམ་ཇི་ལྟར་གདབ་པར་བགྱི་ཞེས་བྱ་བ་ལ། །བདག་མེད་མས་འདི་སྐད་ཅེས། ཀྱེ་བཅོམ་ལྡན་འདས་ཀྱེའི་


DTG002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གསང་ཆེན་འདི་ལ་གནས་པ་རྣམས་ཀྱིས་སྨོན་ལམ་གྱི་ཚུལ་ཇི་ལྟར་གདབ་པར་བགྱི་ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་སླར་འདི་སྐད་ཅེས་གསུངས་སོ། །སྨྱོ་མེད་རགས་སུ་སྐྱེ་བ་དང༌། །དམ་ལྡན་ཀྱེ་ཡི་རྡོ་རྗེ་སྟོན། །སྙིང་རྗེར་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་སྒྲོགས་ཤིང༌། །ཟབ་མོའི་ཆོས་ནི་སྟོན་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །ཟ་བའི་སྐྱེ་བར་འགྱུར་བར་ཤོག །ཅེས་གསུངས་ཏེ་འཛག་པའི་བདེ་བའི་ཆང་གིས་མྱོས་པ་ནི་སྨྱོན་པ་ཡིན་ལ། །དེ་བས་འཛག་པ་མེད་པའི་བཏུང་བའི་བདེ་བ་ཅན་ནི་སྨྱོ་བ་དང་འབྲལ་བ་ཡིན་ནོ། །དེ་བས་ན་དེའི་ཕྱིར་སྨྱོ་བ་མེད་པའི་དམ་ཚིག་གི་བདུད་རྩི་འཐུང་བའི་རིགས་ཅན་དུ་སྐྱེ་བར་གྱུར་ཅིག་ཅེས་བྱ་བ་དང༌། སྙིང་རྗེ་བཅུ་དྲུག་གི་དམ་ཚིག་དང་མི་འབྲལ་བར་དེ་ཉིད་ཀྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་ཀྱེའི་ཞེས་བྱ་བ་དང༌། རྡོ་རྗེ་ཞེས་བྱ་བའི་བརྡ་ཡིས་ཆོས་སྟོན་པར་གྱུར་ཅིག་ཅེས་བྱ་བ་དང༌། སེམས་ཅན་ཐམས་ཅད་ལ་མི་ཕྱེད་པའི་སྙིང་རྗེ་དང༌། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང་དམིགས་པ་མེད་པ་ཞེས་བྱ་བ་ཡར་ངོའི་ཆོས་ཅན་གང་ཡིན་པ་དེ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བ་དང༌། རྡོ་རྗེ་འཆང་ཆེན་པོའི་གནས་ཐོབ་པར་བྱེད་པའི་རྒྱུ་བླ་མ་རྗེ་བཙུན་གྱི་ཞལ་གྱི་བུམ་པ་ལས་འབྱུང་བའི་ཕྱིར་དུས་རྟག་པར་བླ་མ་ལས་གུས་པ་བྱེད་པར་གྱུར་ཅིག་ཅེས་བྱ་བ་དང༌། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་ཉི་ཟླའི་ལམ་གཅིག་ཏུ་རྣམ་པར་དག་པའི་ཆོས་ཅན་རྡོ་རྗེ་དང་དྲིལ་བུ་ལག་ཏུ་བཟུང་སྟེ་འཁྲོལ་བར་གྱུར་ཅིག་ཅེས་བྱ་བ་དང༌། དེ་ཉིད་ཀྱི་དོན་སྟོན་པར་བྱེད་པ་ཀྱེའི་རྡོ་རྗེའི་གླེགས་བམ་ཉིད་དུས་རྟག་པར་ཀློག་པ་དང་ལྡན་ཏེ། ཨཱ་ལི་དང་ཀཱ་ལིའི་སྒོ་ཡིས་སྲོག་གི་རླུང་གི་བཟླས་པ་ནི་ཟབ་མོའི་ཆོས་ཀློག་པ་ཡིན་པས། །དེ་ལྟ་བུའི་ཆོས་ཀློག་པར་གྱུར་ཅིག་ཅེས་པ་དང༌། ཡུལ་ལ་སོགས་པའི་བཙུན་མོ་གཟུགས་རྡོ་རྗེ་མ་དང༌། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བ་ལ་སོགས་པའི་བཙུན་མོ་རྣམས་ཀྱི་བདེ་བའི་ཁུ་བའི་དངོས་པོ་རྣམས་ཀུན་ནས་མཉམ་པར་བྱེད་པ། སྐྱེ་བ་ནས་སྐྱེ་བའི་མཐར་ཟ་བར་གྱུར་ཅིག་ཅེས་བྱ་བས་སྨོན་ལམ་


DTG002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ལྷ་མོ་དེ་དགྱེས་ནས། །ཚག་ནི་འདི་ཉིད་ཡང་ཞུས་པ། །སྐལ་མེད་སེམས་ཅན་གདུལ་དཀའ་རྣམས། །གང་གིས་འདུལ་བར་གྱུར་བ་ལགས། །ཞེས་བྱ་བ་སླར་ཞིང་བདག་མེད་མས། །བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་སླད་མའི་དུས་རྩོད་པ་རབ་ཏུ་རྒྱས་པ་ན། གདུལ་བར་དཀའ་བའི་སྐྱེ་བོ་མ་རུངས་པ་རྣམས་ཐབས་གང་གིས་ཀྱེའི་རྡོ་རྗེར་གཞུག་པར་བགྱི་ལགས་ཞེས་པ་དང༌། སླར་བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་བྱ་བ་གསུངས་ཏེ། སྐྱེ་བོ་གདུལ་བར་དཀའ་བ་ཀྱེའི་རྡོ་རྗེ་ལ་དགོད་པ་ན་སྔོན་དུ་གསོ་སྦྱོང་ལེགས་པར་བསྟན་ཅིང་བསླབས་ལ། དགེ་བ་བཅུ་དང་དུ་ལེན་པར་བསྒོམ་ཞིང་མི་དགེ་བ་བཅུ་ཡོངས་སུ་བཅད་དེ། གནས་པའི་སྐྱེ་བོ་དེ་ལ། དེའི་རྗེས་སུ་གྲུབ་པའི་མཐའ་སོ་སོའི་ཆོས་བསྟན་པར་བྱ་སྟེ། འདི་ལྟར་ནམ་མཁའ་དང༌། སོ་སོར་བརྟགས་པ་དང༌། བརྟགས་པ་མ་ཡིན་པའི་འགོག་པ་སྟེ་གསུམ་ནི་འདུས་མ་བྱས་ཡིན་ལ། དེ་ལས་གཞན་པ་ཇི་སྙེད་པ་རྣམས་སྐད་ཅིག་མའི་རང་བཞིན་ཅན་ཏེ། ངོ་བོ་ཉིད་ཀྱིས་སྟོང་གིས་བྱེད་པ་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །རྣམ་པ་མེད་པའི་དབང་པོ་ལ་བརྟེན་པའི་བློས་རྡུལ་ཕྲ་རབ་བསགས་པ་འདི་རྣམས་མངོན་སུམ་དུ་རིག་པར་འགྱུར་རོ་ཞེས་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ་ཞེས་བསྟན་པར་བྱའོ། །དེ་བཞིན་དུ་བྱེ་བྲག་ཏུ་སྨྲ་བ་ལྟར་རྣམ་པ་དང་བཅས་པའི་ཤེས་པ་སྐྱེ་བར་འདོད་པ་ནི་སྣང་བ་རྣམས་དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་གམ། མོ་གཤམ་གྱི་བུ་དང་མཚུངས་ལ། འགོག་པ་རྣམས་ནི་ནམ་མཁའ་ལྟ་བུ་ཡིན་ནོ། །དུས་གསུམ་པོ་ཡང་རྗེས་སུ་རྒྱུག་པ་མེད་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའི་གཟུགས་ཀྱང་ཡོད་པ་མ་ཡིན་ཞེས་བྱ་བ་མདོ་སྡེ་བར་སྨྲ་བ་རྣམས་འདོད་ཞེས་བསྟན་པར་བྱའོ། །དེ་བཞིན་དུ་རྡུལ་ཕྲ་རབ་ཚོགས་པའི་ཡན་ལག་ཅན་གྱི་རྫས་ནི་མེད་དོ། །རྡུལ་ཕྲ་རབ་མེད་པའི་སོ་སོར་སྣང་བ་


DTG002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་མེད་དེ། དཔེར་ན་རྨི་ལམ་ཉམས་སུ་མྱོང་བ་དང་མཚུངས་སོ། །གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བ་ཤེལ་སྒོང་དག་པ་ལྟ་བུའི་རྣམ་པར་ཤེས་པ་རང་རིག་པ་དོན་དམ་པར་ཡོད་པ་རྣལ་འབྱོར་སྤྱོད་པ་རྣམས་སྨྲའོ་ཞེས་བསྟན་པར་བྱའོ། །རྣམ་པར་ཤེས་པ་དོན་དམ་པར་ཡོད་དོ་ཞེས་མཁས་པ་རྣམས་མི་འདོད་དེ། གཅིག་དང་དུ་མའི་རང་བཞིན་གྱི་གཏན་ཚིགས་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་དང་མཚུངས་ཏེ། འདི་ལྟར་བློ་དང་སྒྲ་འདི་དག་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་མེད་གཉིས་ལས་འདས་པ་ལ་སོགས་པའི་མུ་བཞི་ལས་རྣམ་པར་གྲོལ་བའི་དེ་ཁོ་ན་ཉིད་རྣལ་འབྱོར་ཆེན་པོ་དབུ་མ་པར་སྨྲ་བ་རྣམས་བཞེད་པ་ཡིན་ནོ་ཞེས་གྲུབ་པའི་མཐའ་ཐམས་ཅད་བསྟན་ནས། དེའི་རྗེས་སུ་ཀྱེའི་རྡོ་རྗེར་བཅུག་པར་གྱུར་ན་ངེས་པར་འགྲུབ་པོ་ཞེས་པའི་དོན་ཏོ། །སློབ་མས་གུས་པར་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་ཏེ་སྐལ་བ་མེད་པའི་སེམས་ཅན་རྣམས་རིམ་པ་དེ་ལྟར་འཇུག་པར་བྱའི་གཞན་དུ་མ་ཡིན་ཞེས་པའི་དོན་ཏོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་ཇི་སྐད་དུ། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས། སོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། འདུལ་བའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་བརྒྱད་པའོ།། །།

དགུ་པ། སྔགས་བཏུ་བའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་རྒྱལ། །མངའ་བདག་ཆེ་ལ་ཕྱག་འཚལ་ནས། །སྔགས་བཏུ་བ་ཡི་རྒྱས་བཤད་ནི། །རྡོ་རྗེ་སྙིང་པོས་བྲི་བར་བྱ། །དེ་ནས་ཁ་སྦྱར་འབྱེད་པ་ཡི། །མཚན་ཉིད་ཡང་དག་རབ་ཏུ་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཱ་ལི་དང་ཀཱ་ལིའི་སྔགས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་པའི་དངོས་གྲུབ་ཐམས་ཅད་ལག་མཐིལ་ན་ཡོད་པར་འགྱུར་རོ། །དེ་ལ་གང་གི་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོ་དངོས་གྲུབ་ཐོབ་འགྱུར་བ། །བསྒྲུབ་བྱའི་ལྟེ་བའི་རྩ་བ་ལ། །བརྟུལ་ཞུགས་ཅན་གྱི་ལག་པས་གདོན། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་དང༌། སངས་རྒྱས་དང་བླ་མ་ལ་སོགས་པའི་གཟུགས་


DTG002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་གང་ཡིན་པ་དེ། བླ་མ་ཐུབ་པ་ལ་ཞུས་ཏེ། སྙིང་རྗེ་ཆེན་པོས་གསང་བར་བྱ་བ་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་དངོས་གྲུབ་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་གྱི་དབུས་ན། ལྷན་ཅིག་སྐྱེས་པའི་ལྷ་སྒྲུབ་པ་པོའི་ཏིང་ངེ་འཛིན་གྱི་ལག་བས་གཤེགས་སུ་གསོལ་ལ་སྒྲུབ་པ་བོ་བདག་ཉིད། ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས། །ནང་གི་མ་རུངས་སེམས་ཀྱིས་ནི། །ཞེས་བྱ་བ་ལ་ཧེ་རུ་ཀའི་དཀྱིལ་འཁོར་བདག་མེད་མ་དང་བཅས་པ། ལས་ཀྱི་བྱེ་བྲག་ལས་ཁ་དོག་བྱེ་བྲག་ཏུ་བྱ་སྟེ་ཞེས་པའི་རྡོ་རྗེའི་ཚིག་གིས་དཀྱིལ་འཁོར་བ་ཐམས་ཅད་ཁ་དོག་ནག་པོ་ཞེ་སྡང་གི་རིགས་སུ་བསྐྱེད་དེ་གསད་པར་བྱས་ན་སངས་རྒྱས་ཉིད་ཀྱང་གདོན་མི་ཟ་བར་འཇིག་པར་འགྱུར་རོ། །ཇི་ལྟར་ཕྱུགས་ཀྱི་གཟུགས་མཐོང་ནས། །ཁྲག་ནི་སྐྱུག་པ་ཉིད་དང་ཡང༌། །འདར་ཞིང་མགོ་སྐྱེས་གྲོལ་བ་དང༌། །ཁ་ནི་འོག་ཏུ་རྣམ་པར་བསྒོམ། །ཞེས་བྱ་བ་ལ་སྐྱེ་བོ་ཕྱུགས་ཀྱི་གཟུགས་དང་འདྲ་བ་མཐོང་ནས། །ཁ་ནས་ཁྲག་སྐྱུག་ཅིང་ལུས་པོ་འདར་བཞིན་དུ་སྒྲ་གྲོལ་ཏེ་སྤྱིའུ་ཚུགས་སུ་བདག་གི་མདུན་དུ་འདུག་པར་བསམ་ཞིང༌། དེ་བཞིན་དུ་དེའི་འོག་གི་སྒོ་ནས་ཁབ་མེ་ལྟར་འབར་བའི་གཟུགས་ཅན་དུ་མ་འཇུག་པ་དང༌། དེའི་སྙིང་གར་མེའི་དཀྱིལ་འཁོར་ཡི་གེ་རབ་བསམས་ན། ངེས་པ་ཁོ་ནར་སྐད་ཅིག་དེ་ལ་འཇིག་པར་འགྱུར་ཞེས་གསུངས་སོ། །འདིའི་ངེས་པའི་དོན་ནི་རྩ་བའི་རྒྱུད་ལས་ཇི་སྐད་དུ། བྱིན་ཟ་མེ་ལྷ་རླུང་གིས་བསྐྱོད། །བྱང་སེམས་ཧཾ་ཁ་ཐུར་དུ་བལྟས། །གང་ཞིག་བདེ་བས་མྱོས་པ་ན། །འདར་ཞིང་ཁ་ནི་ཐུར་དུ་ལྟ། །ཞེས་གསུངས་པས་དོན་ཁོང་དུ་ཆུད་པར་བྱའོ། །རྒྱུད་འདི་ལ་ནི་སྲེག་བླུགས་མེད། །ཕྱག་རྒྱ་བཅིང་དང་བྱ་བ་མེད། །རྒྱུད་ཆེན་བཀླགས་པས་འགྲུབ་པ་ཉིད། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་འདི་ལྟར་ཕྱིའི་སྲེག་བླུགས་དང་ལག་པའི་ཕྱག་རྒྱ་བཅིང་བ་དང༌། ཚིག་གི་རྒྱུད་བཀླག་པ་དང༌། ལྷའི་རྣལ་འབྱོར་ཙམ་གྱིས་འགྲུབ་པ་མ་ཡིན་གྱི། འདི་ནི་ཁྲོ་བ་མེད་པའི་མེ་ལ་སེང་གེ་རྣམ་པར་རྩེ་བའི་ཕྱག་རྒྱ་བཅིངས་ཏེ། རང་གི་རྒྱུད་སྲོག་གི་རླུང་གིས་འདོན་ཟློས་བྱེད་ཅིང་ནམ་མཁའ་ལྟ་བུའི་བསམ་གཏན་གྱིས་འགྲུབ་པར་འགྱུར་ཞེས་བསྟན་ཏོ། །རྟོག་མེད་


DTG002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྟེར་བ་པོ། །སྲིད་པ་སྦྱོར་བ་ཉམས་དགའ་བ། གསང་བ་མཆོག་གི་བཤད་བྱ་ཡིས། །ཉོན་ཅིག་ལྷ་མོ་བཞིན་བཟངས་མ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་སྲིད་པ་ཉིང་ཤིན་ཏུ་དག་པར་བྱེད་པའི་ཐབས་སངས་རྒྱས་ཀུན་གྱི་གསང་ཆེན་ལྷ་མོ་ཁྱོད་ལ་བཤད་པར་བྱ་ཞེས་པའི་དོན་ཏོ། །རིན་ཆེན་གཟི་བརྗིད་འབར་བ་ཡི། །ཕྲེང་བ་འཁྲུག་པ་ལྷ་མོ་ལྟོས། །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྟེར་བ་པོ། །ཞེས་བྱ་བ་ནི་དཔེ་གསུངས་པ་སྟེ། དཔེར་ན་རིན་པོ་ཆེའི་ཕྲེང་བ་རབ་ཏུ་འོད་འབར་བ་ཉམས་དགའ་བ་ཕྲེང་བ་མ་བརྒྱུས་པས་ནི་བྱ་བ་མི་བྱེད་ལ། ཕྲེང་བར་བརྒྱུས་ན་བྱ་བ་ཐམས་ཅད་རྫོགས་པར་བྱེད་པ་ལྟར། དེ་ལྟར་འཁོར་བ་འདོད་པ་ཡིས། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་བྱ་བ་གསུངས་ཏེ། །འཁོར་བའི་རང་བཞིན་རྣམས་ནི་དག་པའང་མ་ཡིན། །མ་དག་པའང་མ་ཡིན་ཏེ། སྒྲུབ་པ་པོ་རྣམས་ཀྱིས་བསམ་པའི་ཁྱད་པར་གྱིས། དུག་དང་བདུད་རྩི་ལྟ་བུར་གནས་ཏེ། དེ་ལྟ་བས་ན་འཁོར་བ་དུག་ལྟ་བུ་ཉིད་བླ་མའི་བཀའ་ལུང་གིས་བདུད་རྩི་ལྟ་བུར་མོས་པ་བྱས་ན། འཁོར་བའི་རྣམ་པ་ཧེ་རུ་ཀ །འགྲོ་བ་སྒྲོལ་བའི་གཙོ་བོ་ཉིད། །གང་གིས་གཟུགས་ཀྱིས་གྱུར་པ་ཉིད། །ཅེས་བྱ་བ་གསུངས་ཏེ། སྲིད་པ་ཉིད་མྱ་ངན་ལས་འདས་པའི་རྒྱུ་ཡིན་ཞེས་པའི་དོན་ཏོ། །གཞན་ཡང་འདི་ལྟར་མོས་པར་བྱ་སྟེ། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལས་ཡན་ལག་གནག །ཅེས་བྱ་བ་ལ་སོགས་པའི་རྟགས་རྣམས་རྣལ་འབྱོར་བས་མོས་པར་བྱ་ཞིང་གཞན་དག་ལའང་བསྟན་པར་བྱ་ཞེས་བྱ་བ་ཡིན་ཏེ། འདི་ལྟར། རུས་པ་བདེན་པ་བཞི་པོ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ་ཐུག་པས་བསྟན་པ་ཡིན་ཏེ། རང་བཞིན་ཡོན་ཏན་གྱི་དབང་ལས་ཕ་དང་མའི་ཕྱོགས་ཀྱིས་བསྡུས་པ་ཡིན་པར་དྲང་བ་དང་ངེས་པའི་དོན་དུ་རིག་པར་བྱའོ། །ད་ནི་སྔགས་བཏུ་བའི་ལུགས་ཇི་ལྟ་བ་རིམ་པར་བདག་མེད་མས་ཀྱེའི་རྡོ་རྗེ་ལ་ཞུས་པ། སྔགས་བཏུ་བ་ནི་ཇི་ལྟར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། །སྔགས་ནི་ཁྱོད་


DTG002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངས་བཤད་ཀྱིས། །ལྷ་མོ་ཤེས་རབ་ཆེན་མོ་ཉོན། །ཞེས་བྱ་བ་ལ་འདིའི་དོན་རྒྱས་པ་ནི། རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་ཉིད་དུ་རྒྱས་པར་བསྟན་པས། དེ་ལས་འཇུག་པར་བྱའོ། །སྔགས་རྣམས་ཇི་བཞིན་ཤེས་འདོད་པས། །སློབ་དཔོན་ལ་ནི་ཕྱག་བྱས་ལ། །མཆོག་ཏུ་དད་པས་གུས་བཏུད་དེ། །སྔགས་ཀྱི་དེ་ཉིད་གནང་ཞེས་ཞུ། །དེ་ལ་བླ་མ་སྐལ་ཆེན་པོས། །ཕྱི་རོལ་སྐྱེ་བོ་མེད་པའི་སར། །ལྕི་བ་གཙང་མས་ལེགས་བྱུགས་ལ། །འདབ་བརྒྱད་དང་ལྡན་གེ་སར་བཅས། །སྒོ་བཞི་རྟ་བབས་བཞིས་བརྒྱན་པ། །ཀ་བ་བརྒྱད་དང་ཡང་དག་ལྡན། །ཀྱེ་ཡི་རྡོ་རྗེ་དཀྱིལ་འཁོར་མཆོག །རྡོ་རྒྱུས་ཀྱིས་ནི་ལེགས་བྲིས་ལ། །དེ་རྗེས་སྡེ་ཚན་གཉིས་པོ་དགོད། །དབུས་སུ་ཀྱེ་རྡོར་བདག་མེད་ལྡན། །ཐོད་པ་གྲི་གུག་གཟུགས་སུ་བྲི། །དེ་ཡི་འདབ་མ་དང་པོ་ལ། །ཨཱ་ལི་བཅུ་དྲུག་མཁས་པས་བྲི། །འདབ་མ་གཉིས་པར་ཀ་སོགས་ལྔ། །གསུམ་པར་ཙ་སོགས་བློ་ལྡན་པས། །བཞི་པར་ཊ་ལ་སོགས་ལྔ་བྲི། དེ་བཞིན་ལྔ་པར་ཏ་སྡེ་ལྔ། །འདབ་མ་དྲུག་པར་ཆུ་ཡི་ཚོགས། །བདུན་པར་མཐར་གནས་བྲི་བྱ་ཞིང༌། །བརྒྱད་པར་དྲོ་བའི་སྡེ་པ་བྲི། །སྒོ་བཞི་པོ་རུ་ལྕགས་ཀྱུ་སོགས། །ཞགས་པ་ལ་སོགས་བྲི་བར་བྱ། །ལྷ་མོ་བརྒྱད་དུ་ལེགས་བསམ་ཞིང༌། །སློབ་དཔོན་རིག་མ་གཡོན་དུ་གཞག །མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས། །ལེགས་བར་མཆོད་ལ་གསང་སྔགས་བཏུ། །དེ་ནས་སློབ་མའི་སྐྱེ་བོ་མཆོག །ཤིན་ཏུ་གུས་པས་ལེན་དུ་གཞུག །གཞན་དུ་རང་དགས་ལེན་པ་གང༌། །འབྲས་བུ་མེད་ཅིང་དེ་བརླག་འགྱུར། །དང་པོར་རྣམ་པར་སྣང་མཛད་སྦྱིན། །ཞེས་བྱ་བ་ནི་ཨོཾ་མོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ཞེས་པ་ནི་ཧའོ། །པུ་ཀྐ་སཱི་ས་བརྒྱན་ཞེས་པ་ནི་ཨུ་ཡིས་བརྒྱན་པའོ། །སྟོང་པས་མནན་ཞེས་པ་ནི་དེའི་སྤྱི་བོར་ཐིག་ལེས་བརྒྱན་པའོ། །མདོག་དཀར་མཐར་ནི་སྭཱ་ཧཱ་སྦྱར། །འདིས་ནི་བཟླས་པ་འབུམ་གྱིས་ནི། །འགྲོ་བ་རྟག་ཏུ་རེངས་པར་བྱེད། །ཅེས་བྱ་བ་ནི་སྔོན་དུ་བཟླས་པ་ཡི་གེ་གྲངས་ཀྱི་འབུམ། །བླ་མའི་མན་ངག་ལྟར་བཟླས་ལ་སྦྱིན་སྲེག་བཅུ་ཆས་སྔོན་དུ་བསྙེན་པ་བྱས་ན། འཇིག་རྟེན་གསུམ་པོ་རེངས་པར་བྱེད་དོ། །དང་པོར་ཡི་


DTG002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་བདག་པོ་གཞག །ཅེས་པ་ནི་ཨོཾ་མོ། །དེ་རྗེས་མཁའ་སྤྱོད་མ་ཞེས་པ་ནི་ཨོཾ་ངོ༌། །མཐར་ནི་སྭཱ་ཧཱ་སྦྱར་བྱས་ནས། །སངས་རྒྱས་རྣམས་ཀྱང་དབང་དུ་བྱེད། །ཅེས་པ་ནི་མན་ངག་གོང་ལྟར་བཟླས་པས། སངས་རྒྱས་ཀྱང་དབང་དུ་བྱེད་ན། །སྐྱེ་འགྲོ་ཕྲ་མོ་རྣམས་ལྟ་ཅི་སྨོས་ཞེས་བྱའོ། །རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ཞེས་བྱ་བ་ནི་ཨོཾ་མོ། །དང་པོ་ཡི་ནི་གཉིས་པ་ཞེས་པ་ནི་ཁའོ། །སྟོང་བཅས་ཞེས་པ་ནི་ཐིག་ལེས་བརྒྱན་པའོ། །མཐར་ནི་སྭཱ་ཧཱ་དང་སྦྱར་བ། །སངས་རྒྱས་ཀྱང་སྐྲོད་ཤེས་རབ་ཅན། །ཞེས་པ་ནི་སྐྲོད་པར་བྱེད་པའི་སྔགས་བཏུ་བ་སྟེ་སྔ་མ་བཞིན་ནོ། །དང་པོར་རྣམ་པར་སྣང་མཛད་སྦྱིན། །ཞེས་བྱ་བ་ནི་ཨོཾ་མོ། །གཉིས་པ་ཡི་ནི་གསུམ་པ་ལ། །ཞེས་པ་ནི་ཛའོ། །ར་དང་ལྡན་ཞིང་ཞེས་པ་ནི་ཛ་ལ་ར་ཡིས་བརྒྱན་པའོ། །ཆུ་མས་བརྒྱན་པ་ཞེས་པ་ནི་ཨི་ཡིས་བརྒྱན་པའོ། །སྟོང་བཅས་ཞེས་པ་ནི་དེའི་སྟེང་དུ་ཐིག་ལེས་བརྒྱན་པའོ། །སྭཱ་ཧཱ་ར་ཡང་དག་ལྡན། མི་རྣམས་ཀུན་ལ་སྡང་བར་བྱེད། །ཅེས་པ་ནི་སྡང་བར་བྱེད་པའི་སྔགས་བཏུ་བའོ། །དང་པོར་ཡི་གེའི་དབང་ཕྱུག་བཞག །ཅེས་པ་ནི་ཨོཾ་མོ། །ལྔ་པ་ཉིད་ཀྱི་གསུམ་པ་ཞེས་པ་ནི་བའོ། །སྟོང་བཅས་ཞེས་པ་ནི་དེ་ལ་ཐིག་ལེས་བརྒྱན་པའོ། །མཁའ་འགྲོ་མ་དང་ལྡན་ཞེས་པ་ནི་དེའི་མཐར་ཨུ་བཏགས་པའོ། །མཐར་ནི་སྭཱ་ཧཱ་མངོན་སྤྱོད་ཆེས། །ཞེས་པ་ནི་མངོན་སྤྱོད་ཀྱི་ཡི་གེའི་བཏུ་བའོ། །ཡང་ནི་ཡི་གེའི་ཐུ་བོ་སྦྱིན། །ཞེས་པ་ནི་ཨོཾ་མོ། །ཧཱུཾ་ནི་ཁྲག་དང་འདྲ་བ་ཡི། །ཞེས་པ་ནི་དེའི་རྗེས་སུ་ཧཱུཾ་གཞག་པའོ། །མཐར་ནི་སྭཱ་ཧཱ་ཞེས་པ་ནི། དེའི་རྗེས་སུ་སྭཱ་ཧཱ་སྦྱར་བར་བྱ་སྟེ་བཟླས་ན་ཐིག་ལེ་མཆོག །དགའ་བཟངས་མ་སོགས་རྟག་ཏུ་འགུགས། །ཞེས་གསུངས་ཏེ་འགུགས་བྱེད་ཀྱི་ཡི་གེ་བཏུ་བ་སྟེ། དེ་ཆོ་ག་བཞིན་དུ་བཟླས་ན། ལྷའི་བུ་མོ་ཐིག་ལེ་མཆོག་མ་ལྟ་བུའང་འགུགས་པར་བྱེད་ན་མི་མོ་གཞན་ལྟ་སྨོས་ཀྱང་ཅི་དགོས། །གཏི་མུག་རིགས་ནི་དང་པོར་སྦྱིན། ཞེས་པ་ནི་ཨོཾ་མོ། །གྷུཿ་ནི་ཡང་དག་རབ་ཏུ་སྦྱར། །ཞེས་པ་ནི་ཨོཾ་གྱི་རྗེས་སུ་གྷུཿ་གཞག་པའོ། །མཐར་ནི་སྭཱ་ཧཱ་ཡང་དག་ལྡན། །ལྷ་དང་མི་རྣམས་གསོད་པར་བྱེད། །ཅེས་པ་ནི་གྷུའི་མཐར་སྭཱ་ཧཱ་དང་ལྡན་པར་བྱས་པ་ནི་གསོད་


DTG002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཡི་གེ་བཏུ་བ་སྟེ། ཆོ་ག་བཞིན་བཟླས་ན་སངས་རྒྱས་ལྟ་བུ་ཡང་བཀྲོངས་པར་ནུས་ན། གྗིག་རྟེན་གསུམ་གྱི་ལྷ་དང་མི་ཕྲན་ཚེགས་གསོད་པར་འགྱུར་བལྟ་སྨོས་ཀྱང་ཅི་དགོས། །དང་པོར་རྣམ་པར་སྣང་མཛད་གཞག །ཅེས་པ་ནི་ཨོཾ་མོ། །དང་པོ་ཉིད་ཀྱི་དང་པོ་ཞེས་པ་ནི་ཀའོ། །རྡོ་རྗེ་མཁའ་འགྲོ་མ་དང་སྦྱར། །ཞེས་པ་ནི་ཀ་དེ་ལ་འོག་ཏུ་ཨུ་བཏགས་པའོ། །མཐར་གནས་པ་ཡི་གཉིས་པ་ལ། །ཞེས་པ་ནི་རའོ། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །ཞེས་པ་ནི་ར་དེ་ལ་ཨུ་བཏགས་པའོ། །ཡང་ནི་དང་པོའི་རྩེ་མོ་ལ། །ཞེས་པ་ནི་ཀའོ། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །ཞེས་པ་ནི་དེ་ལ་ཨུ་ཡིག་གདགས་པའོ། །མཐར་གནས་པ་ཡི་གསུམ་པ་ལ། །ཞེས་པ་ནི་ལའོ། །ཡང་ནི་དེ་ཉིད་ཡང་དག་ལྡན། །ཞེས་པ་ནི་དེ་ལ་དེ་ཉིད་སླར་གདགས་པའོ། །སྟེང་དུ་ཆོམ་རྐུན་མ་ཡིས་བརྒྱན། །ཞེས་པ་ནི་དེ་ལ་ཨེ་ས་སྟེང་དུ་བརྒྱན་པར་བྱ་བའོ། །དེ་རྗེས་ཧྲཱིཿ་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་སྔགས་དེ་རྣམས་ཀྱི་མཐར་ཧྲཱི་གཞག་པའོ། །མཐར་ཡང་སྭཱ་ཧཱ་སྤྱད་པ་ཉིད། །ཅེས་པ་ནི་ཀུ་རུ་ཀུ་ལླེའི་སྔགས་བཏུ་བའོ། །ཨོཾ་ནི་དང་པོ་བཞི་པ་ཡི། གསུམ་པ་ཞེས་བྱ་བ་ནི་དའོ། །ཆོམ་རྐུན་མ་ཡིས་བརྒྱན་ཞེས་པ་ནི་དེ་ལ་ཨེ་ཡིས་བརྒྱན་པའོ། །མཐར་གནས་པ་ཡི་བཞི་པ་ལ། །ཞེས་པ་ནི་ཝའོ། །བི་ཙུ་བཛྲ་སྦྱར་བར་བྱ། །ཞེས་པ་ནི་ཝའི་རྗེས་སུ་པི་ཙུ་བཛྲ་གདགས་པའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ལ། །ཞེས་པ་ནི་ཧའོ། །པུ་ཀྐ་སཱི་ས་ནི་རྣམ་པར་བརྒྱན། །ཞེས་པ་ནི་ཧ་དེ་ལ་ཨུ་ཡིས་བརྒྱན་པར་བྱ་བའོ། །སྟོང་པས་མནན་ཅིང་སུམ་འགྱུར་ཉིད། །ཅེས་པ་ནི་ཧ་དེའི་ཀླད་ལ་ཐིག་ལེས་བརྒྱན་ལ་དེ་ལྟར་བརྒྱན་པའི་ཧཱུཾ་དེ་ཉིད་སུམ་འགྱུར་དུ་དགོད་པའོ། །ལྔ་པ་ཡི་ནི་གཉིས་པ་དང༌། །ཞེས་པ་ནི་ཕའོ། །གསུམ་པའི་དང་པོ་ནི་ཊའོ། །མཐར་སྭཱ་ཧཱ་ཞེས་པ་ནི་སྔགས་ཀྱི་རྐང་པ་དེ་རྣམས་ཀྱི་མཐར་སྭཱ་ཧཱ་སྦྱར་བར་བྱ་ཞེས་པ་སྟེ་ཀྱེའི་རྡོ་རྗེའི་སྙིང་པོའི་སྔགས་བཏུ་བའོ། །སྣང་མཛད་དང་པོར་ཛྭ་ལ་གཉིས། །ཞེས་བྱ་བ་ནི་དང་པོར་ཨོཾ་བཀོད་ལ་དེའི་རྗེས་སུ་ཛྭ་ལ་གཉིས་སྦྱར་བར་བྱ་བའོ། །ལྔ་པའི་བཞི་པ་ལ་ཞེས་པ་ནི་བྷའོ། །མཐར་གནས་རྣམས་ཀྱི་དང་པོས་ལྡན། ཞེས་པ་ནི་བྷ་དེ་ལ་ཡ་གདགས་པའོ། །བྷ་སྨ་རཱི་ཡིས་རྣམས་


DTG002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྒྱན། །ཞེས་པ་ནི་དེ་ཉིད་ལ་ཨོས་བརྒྱན་པར་བྱའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ལ། །ཞེས་པ་ནི་ཧའོ། །རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །ཞེས་པ་ནི། ཨུ་ཥྨའི་ཞབས་སུ་གདགས་པའོ། །སྟོང་པས་མནན་ཅིང་ཞེས་པ་ནི། །དེའི་སྟེང་དུ་ཐིག་ལེས་མནན་པའོ། །སུམ་འགྱུར་ཉིད་ཅེས་བྱ་བ་ནི། །ཡི་གེ་དེ་ཉིད་གསུམ་དུ་དགོད་པའོ། །ལྔ་པ་ཡི་ནི་གཉིས་པ་དང༌། །ཞེས་པ་ནི་ཕའོ། །གསུམ་པའི་དང་པོ་ཞེས་པ་ནི་ཊའོ། །མཐར་སྭཱ་ཧཱ་ཞེས་པ་ནི། དེ་ལྟར་བརྗོད་པའི་སྔགས་ཀྱི་རྐང་པ་དེ་རྣམས་ཀྱི་མཐར་སྭཱ་ཧཱ་སྦྱར་བར་བྱ་བ་སྟེ། ཕྱག་བཞི་པའི་སྔགས་བཏུ་བའོ། །དང་པོ་རྣམ་སྣང་ཞེས་པ་ནི་ཨོཾ་མོ། །དང་པོའི་དང་པོ་ཞེས་པ་ནི་ཀའོ། །ནང་གི་དཀར་མོས་བརྒྱན་ཞེས་པ་ནི་ཨི་ཡིས་བརྒྱན་པའོ། །གསུམ་པ་ཡི་ནི་དང་པོ་ལ། །ཞེས་པ་ནི་ཊ་ཡིན་ལ། ནང་གི་དཀར་མོས་རྣམ་པར་བརྒྱན། །ཞེས་པ་ནི་ཨི་ཡིས་དེ་ལ་བརྒྱན་པའོ། །ཉིས་འགྱུར་ཞེས་པ་ནི་དེ་ལྟ་བུ་ཉིད་ལན་གཉིས་སུ་བཟླས་པའོ། །ལྔ་པ་ཡི་ནི་གསུམ་པ་དང༌། །ཞེས་པ་ནི་བའོ། །གཉིས་པ་ཡི་ནི་གསུམ་པ་ཞེས་པ་ནི་ཛའོ། །མེ་ཡིས་བརྒྱན་པ་ཞེས་པ་ནི་ཛ་དེ་ལ་ར་གདགས་པའོ། །ཧཱུཾ་ནི་རྣམ་པ་གསུམ་སྦྱར་ནས། །ཞེས་པ་ནི་སྔགས་ཀྱི་རྐང་པ་དེ་དག་གི་འོག་ཏུ་ཧཱུཾ་རྣམ་པ་གསུམ་སྦྱར་བར་བྱ་བའོ། །ལྔ་པ་ཉིད་ཀྱི་གཉིས་པ་དང༌། །ཞེས་པ་ནི་ཕའོ། །གསུམ་པའི་དང་པོ་ཞེས་པ་ནི་ཊའོ། །མཐར་སྭཱ་ཧཱ་ཞེས་པ་ནི་སྔགས་ཀྱི་ཚིག་དེ་དག་གི་མཐར་སྭཱ་ཧཱ་སྦྱར་བར་བྱ་བ་སྟེ། ཕྱག་དྲུག་པའི་སྔགས་བཏུ་བའོ། །དང་པོར་རྣམ་སྣང་ཞེས་པ་ནི། ཨོཾ་མོ། །བཞི་པའི་དང་པོ་ཞེས་བྱ་བ་ནི་ཏའོ། །བྱིན་ཟ་ཡང་དག་ལྡན་ཞེས་པ་ནི་ཏ་དེ་ལ་ར་ཡིས་གདགས་པའོ། །རོ་ལངས་མ་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་ཏ་དེ་ཉིད་ཀྱི་སྟེང་དུ་ཨེ་ཡིས་བརྒྱན་པར་བྱའོ། །མཐར་གནས་རྣམས་ཀྱི་གསུམ་པ་ལ། །ཞེས་པ་ནི་ལའོ། །གྷ་སྨ་རཱི་ཡིས་རྣམ་པར་བརྒྱན། །ཞེས་པ་ནི། དེ་ཡི་རྩེ་མོར་ཨོ་ཡིས་བརྒྱན་པའོ། །དང་པོ་ཡི་ནི་དང་པོ་ལ། །ཞེས་པ་ནི་ཀའོ། །མཐར་གནས་པ་ཡི་དང་པོ་དང༌། །ཞེས་པ་ནི་ཀ་ལ་ཡ་གདགས་པའོ། །རྡོ་རྗེ་མ་ཡིས་རྣམ་བརྒྱན་ལ། །ཞེས་པ་ནི་དེ་ལ་ཨ་གདགས་པའོ། །ཀྵ་ནི་ཆོམ་རྐུན་མ་ཡིས་བརྒྱན། །ཞེས་


DTG002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཡི་གེ་དེ་ལ་ཨེས་བརྒྱན་པའོ། །ལྔ་པ་ཉིད་ཀྱི་དང་པོ་དང༌། །ཞེས་པ་ནི་པའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ལ། །ཞེས་པ་ནི་ཧའོ། །རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །ཞེས་པ་ནི་ཧ་ལ་ཨུ་གདགས་པའོ། །སྟོང་པས་མནན་ཅིང་ཞེས་པ་ནི། །དེ་ལ་སྟེང་དུ་ཐིག་ལེས་བརྒྱན་པའོ། །སུམ་འགྱུར་དེ་ཞེས་པ་ནི་ཡི་གེ་དེ་ཉིད་གསུམ་དུ་དགོད་པའོ། །ཕཊ་དང་མཐར་ནི་སྭཱ་ཧཱ་ཉིད། །ཅེས་པ་ནི་སྔགས་རྐང་དེ་དག་གི་མཐར་ཕཊ་དང་སྭཱ་ཧཱ་སྦྱར་བར་བྱ་བ་སྟེ། ཕྱག་གཉིས་པའི་སྔགས་བཏུ་བའོ། །བདག་མེད་མ་ཞེས་པ་ནི་ཨའོ། །དང་པོའི་དང་པོ་ཞེས་པ་ནི་ཀའོ། །གཉིས་པ་ཉིད་ཀྱི་དང་པོ་དང༌། །ཞེས་པ་ནི་ཙའོ། །གསུམ་པ་ཉིད་ཀྱི་དང་པོ་དང༌། །ཞེས་པ་ནི་ཊའོ། །བཞི་པ་ཡིན་ནི་དང་པོ་དང༌། །ཞེས་པ་ནི་ཏའོ། །ལྔ་པ་ཡི་ནི་དང་པོ་དང༌། །ཞེས་པ་ནི་པའོ། །མཐར་གནས་རྣམས་ཀྱི་དང་པོ་དང༌། །ཞེས་པ་ནི་ཡའོ། །ཨུ་ཥྨ་རྣམས་ཀྱི་དང་པོ་ཉིད། །ཅེས་པ་ནི་ཤའོ། །དང་པོ་རྣམ་སྣང་མཐར་སྭཱ་ཧཱ། །ཞེས་པ་ནི་སྔགས་ཀྱི་རྐང་པ་དེ་དག་གི་དང་པོར་ཨོཾ་སྦྱིན་པ་དང༌། མཐར་སྭཱ་ཧཱ་སྦྱར་ཏེ་ཡི་གེའི་གྲངས་ཀྱིས་འབུམ་བཟླས་ཤིང༌། སྦྱིན་སྲེག་དེ་ལ་བཅུར་དགོས་པའི་ཆས་བསྲེགས་ཏེ། སྔོན་དུ་སྙེན་པ་བྱས་ན། སྟུག་པོ་བཀོད་པའི་གྲོང་ཁྱེར་སངས་རྒྱས་རྣམས་ཀྱི་བཞུགས་གནས་ལྟ་བུའང་འཁྲུག་པར་བྱེད་ན། འཇིག་རྟེན་གསུམ་གྱི་སྐྱེ་བོ་ཕལ་པ་རྣམས་ཀྱི་གྲོང་ཁྱེར་འཁྲུག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། མཐར་གནས་རྣམས་ཀྱི་གཉིས་པ་དང༌། །ཞེས་པ་ནི་རའོ། །ཀྵ་ཡེ་རྐང་པ་ཉིས་འགྱུར་ཉིད། །ཅེས་པ་ནི་ཡི་གེ་དེ་ཉིད་གཉིས་སུ་དགོད་པའོ། །ཧཱུཾ་གི་རྣམ་པ་གསུམ་དང་ལྡན། །ཞེས་པ་ནི་དེའི་རྗེས་སུ་ཧཱུཾ་གསུམ་སྦྱར་བར་བྱའོ། །དང་པོར་རྣམ་སྣང་ཕཊ་ཉིད་ཀྱི། །རྣམ་པར་ནང་བཅུག་མཐར་སྭཱ་ཧཱ། །ཞེས་བྱ་བ་ནི་གོང་གི་སྔགས་ཀྱི་རྐང་པ་དེ་དག་གི་དང་པོར་ཨོཾ་སྦྱིན་ཞིང་མཐའ་མར་སྭཱ་ཧཱ་སྦྱར་ལ། །དེའི་འོག་ཏུ་ཕཊ་ཀྱིས་ལྡན་པས་ནི་ས་སྦྱང་བའི་སྔགས་བཏུ་བའོ། །དང་པོར་རྣམ་སྣང་ཞེས་པ་ནི་ཨོཾ་མོ། །དེ་རྗེས་སུ་རྡོ་རྗེ་མའི་ཞེས་པ་ནི་ཨཱཿའོ། །མཐའ་རུ་ཧཱུཾ་ཞེས་པ་ནི་དེའི་རྗེས་སུ་ཧཱུཾ་ཉིད་སྦྱར་བའོ། །བཟའ་བཏུང་བྱིན་གྱིས་བརླབ་པའི་ཞེས་


DTG002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱིས་བཟའ་བ་དང་བཏུང་བ་ལ་བྱིན་གྱིས་བརླབ་པར་བྱ་བ་སྟེ། དྲང་བ་དང་ངེས་པའི་དོན་གཉིས་སུ་གོ་བར་བྱའོ། །དང་པོར་རྣམ་པར་སྣང་མཛད་ཉིད། །ཅེས་པ་ནི་དང་པོ་ཨོཾ་དགོད་པའོ། །དེ་རྗེས་ཨ་ཀཱ་རོ་མུ་ཁཾ་ཞེས་པ་ནི་དེ་རྣམས་དེའི་རྗེས་སུ་སྦྱར་བར་བྱའོ། །ཨུ་ཥྨ་རྣམས་ཀྱི་གསུམ་པ་དང༌། །ཞེས་པ་ནི་སའོ། །མཐར་གནས་རྣམས་ཀྱི་བཞི་པ་ནི། །ཞེས་པ་ནི་ཝའོ། །སྟེང་དུ་མེ་ཡི་རྣམ་པར་བརྒྱན། །ཞེས་པ་ནི། དེའི་སྟེང་དུ་ར་ཡིས་མནན་པའོ། །དྷརྨཱ་ཎམ་རྗེས་རྡོ་རྗེ་མ། །བྱིན་ལ་ཞེས་པ་ནི་དེའི་རྗེས་སུ་དྷརྨཱ་ཎཱཾ་སྦྱར་ལ། དེ་ནས་ཨཱ་སྦྱིན་ཞིང་དྱ་ནུ་ཏྤན་ན་ཏྭཱ་ཏ་ཅེས་པ་ནི་ཡང་ཡི་གེ་དེ་རྣམས་བྱིན་ལ། དེའི་རྗེས་སུ་ཡང་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་བཏུ་བའོ་།དེ་ལྟར་ན་ཆོ་ག་དེ་ལྟ་བུ་དང་ལྡན་པས་སྔགས་བཏུས་ཏེ་བཟླས་པ་བྱས་ན། རྒྱུད་ལས་གསུངས་བཞིན་དངོས་གྲུབ་ཐོབ་པར་འགྱུར་གྱི་གཞན་དུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། སྔགས་བཏུ་བའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་དགུ་པའོ།། །།

བཅུ་པ། བཟླས་པའི་ཡུལ་གྱི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་མཚོན་ཆ་དང་མཚུངས་པའི། །རྡོ་རྗེ་ཅན་ལ་གུས་བཏུད་ནས། །སེམས་ཅན་རྣམས་ཀྱི་ལམ་བླང་ཕྱིར། །བགྲང་ཕྲེང་དབྱེ་བ་རྒྱས་པར་བསྟན། །དེ་ནས་ཆོས་ཀུན་སྡོམ་གཅིག་པ། །རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས། །བདག་མེད་མ་ལ་ཞལ་སྦྱར་ནས། །བཟླས་པའི་ཡུལ་ནི་རབ་ཏུ་ཕྱེ། །ཞེས་བྱ་བ་ལ་ཀུན་རྫོབ་ཏུ་རང་བཞིན་ནི་ཡོན་ཏན་གྱི་དབང་གིས་རྡོ་དང་ལྕགས་འཐབ་པའམ། ཤིང་གིས་ཤིང་ལ་འདྲུད་པའམ། ཆུ་ཤེལ་ཟླ་བའི་འོད་ལ་བསྟན་པའམ། མེ་ཤེལ་ཉི་མའི་འོད་ལ་བསྟན་པས། མེ་འབྱུང་བ་ལ་སོགས་པ་ལྟར་འཇིག་རྟེན་ལྟ་བུའི་གྲུབ་པ་རྣམས་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་འབྱུང་ངོ་ཞེས་གསུངས་པས། འདིར་ཡང་རྒྱུད་དེ་ལྟར་ཤེས་པར་བྱའོ། །ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །དབང་ལ་ཙནྡན་ན་དམར་པོ་ཉིད། །ལུང་ཏང་གིས་ནི་མངོན་སྤྱོད་དང༌། །ནི་རཾ་སུས་ནི་སྡང་བ་ལ། །ཞེས་བྱ་བ་གསུངས་ཏེ། སྐྱེས་བུ་གང་ཞིག་གིས་རེངས་པའི་ལས་བསྒྲུབ་པར་འདོད་པ་དེས་ཤེལ་གྱི་བགྲང་ཕང་གིས་བཟླ་བར་


DTG002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང་ལྟེ་བའི་དཀྱིལ་འཁོར་དུ་ཟད་པར་ས་བསྒོམས་པ་རྣམས་ཀྱིས་འགྲུབ་པར་འགྱུར་རོ། །སྐྱེས་བུ་གང་ཞིག་དབང་དུ་བྱེད་པར་འདོད་པའི་རྣལ་འབྱོར་ལ་བརྩོན་པ་དས། ཙནྡན་དམར་པོའི་བགྲང་ཕྲེང་གིས་བཟླ་བར་བྱ་ཞིང་མགྲིན་པའི་དཀྱིལ་འཁོར་དུ་ཟད་པར་མེའི་ཏིང་ངེ་འཛིན་དང་ལྡན་པ་རྣམས་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་མངོན་སྤྱོད་ཀྱི་ལས་ལ་བརྩོན་པར་འདོད་པས་ལུང་ཏང་གིས་བཟླ་བར་བྱ་ཞིང༌། ཟ་པར་ས་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །སྡང་བའི་སྦྱོར་བ་ལ་བརྩོན་པའི་རྣལ་འབྱོར་པས་མི་རུས་ཀྱི་ཕྲེང་བས་བཟླ་བར་བྱ་ཞིང༌། དེ་བཞིན་དུ་ཟད་པར་ས་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །སྐྲོད་པའི་སྦྱོར་བ་ལ་བརྩོན་པར་འདོད་པས་རྟའི་རུས་པས་བཟླ་བར་བྱ་ཞིང༌། སྙིང་གའི་གནས་སུ་ཟད་པར་རླུང་གི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །དགུག་པའི་སྦྱོར་བ་ལ་བརྩོན་པར་འདོད་པས་བྲམ་ཟེའི་རུས་པས་བཟླས་པར་བྱ་ཞིང༌། དཔྲལ་བར་ཟད་པར་ཆུའི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །ཆར་དབབ་པའི་སྦྱོར་བ་ལ་བརྩོན་པར་འདོད་པས་གླང་པོའི་རུས་པས་བཟླ་བར་བྱ་ཞིང༌། དཔྲལ་བར་ཟད་པར་ཆུའི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །གསོད་པའི་སྦྱོར་བ་ལ་བརྩོན་པར་འདོད་པས་མ་ཧེའི་རུས་པས་བཟླ་བར་བྱ་ཞིང༌། གཙུག་ཏོར་གྱི་གནས་སུ་ཟད་པར་ནམ་མཁའི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །དེ་བཞིན་དུ་རེངས་པའི་སྦྱོར་བ་ལ་ལུས་མཁྲང་བ་ཉིད་ཀྱི་ཕྱིར་འོ་མས་སྤྱད་པར་བྱའོ། །དབང་ལ་རང་གི་འདུན་པས་སྤྱད། །ཅེས་གཟུགས་སོ། །འོ་མ་ལ་སོགས་པ་གང་ཅི་ཡང་རུང་བ་དང༌། ཇི་ལྟར་འདོད་པ་བཞིན་དུ་སྤྱད་པར་བྱའོ། །གསད་པ་ལ་ནི་སི་ཧླ་ཉིད། །ཅེས་གསུངས་ཏེ། གསད་པའི་སྦྱོར་བ་ལ་སི་ཧླ་འམ་ཁྲག་སྤྱད་པར་བྱའོ། །དེ་བཞིན་དུ་དགུག་པ་ལ་བཞི་མཉམ་ཞེས་བྱ་བ་དང༌། །དེ་བཞིན་དུ་སྡང་བ་ལ་སཱ་ལི་ཛ་ཞེས་བྱ་བ་དང༌། བསྐྲད་པ་ལ་རི་དགས་ཀྱི་ལྟེ་བ་ཞེས་སྤྱད་པར་བྱའོ། །ཡང་ན་མཐའི་ཤ་ཞེས་བྱ་བ་རྟའི་ཤ་དང༌། དང་པོའི་ཤ་ཞེས་བྱ་བ་ཁྱི་ཤ་དང༌། ན་དང་པོ་དང་ཞེས་བྱ་བ་མི་ཤ་དང༌། ག་དང་པོ་དང་ཞེས་བྱ་བ་ལང་གི་ཤ་དང༌། ཧ་དང་པོ་ཉིད་ཀྱང་ཞེས་བྱ་བ་གླང་པོ་ཆེའི་ཤ་ལ་སོགས་པ་ཅི་རིགས་པར་སྤྱད་ཅེས་པའི་དོན་ཏོ། །ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བཤད་བ་ལས་


DTG002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་ཡུལ་གྱི་ལེའུའི་རྒྱ་ཆེར་བཤད་པ་སྟེ་བཅུ་པའོ།། །།

བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་ལེའུའི་རྒྱ་ཆེར་བཤད་པ།


DTG002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཕན་པའི་ཕྱིར། །སངས་རྒྱས་དོན་ལ་སྦྱོར་མཛད་ན། །ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ནས། །ལྷན་ཅིག་སྐྱེས་སྦྱོར་རྒྱས་བཤད་བྲི། །ཀྱེ་རྡོ་རྗེ་ལ་དམ་འཁྱུད་ཅིང༌། །ཚེམས་ཀྱིས་མ་མཆུ་བཅིར་ནས་ནི། །ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས། །དེ་ལ་བདག་མེད་མས་ཞུས་པས། །ཞེས་བྱ་བ་ལ་སོགས་པ་ལ་བདག་མེད་མས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ། བདེ་བ་ཆེན་པོའི་ཕུལ་དུ་ཕྱིན་པའི་མཆོད་པས་ལེགས་པར་མཆོད་དེ། ཀུན་རྫོབ་ཏུ་རང་བཞིན་ཡོན་ཏན་གྱི་དབང་གིས། ལུས་ཅན་རྣམས་ཀྱི་རིགས་ཀྱི་མཚན་མ་ཇི་ལྟར་མཚོན་པར་བགྱི་ཞེས་ཞུས་པའི་དོན་ཏེ། དེ་ལ་སླར་ཞིང་བདག་མེད་མ་ལ་བཀའ་སྩལ་པ། བྷ་གར་ལིངྒ་བཞག་ནས་ནི། །འཁོར་ལོའི་གཙོ་བོས་འདི་སྐད་གསུངས། །ཞེས་བྱ་བ་སོགས་པ་གསུངས་ཏེ། འདི་ལྟར་ལུས་ཅན་རང་གི་རིགས་བཤད་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ཏུ་རང་བཞིན་དང་ཡོན་ཏན་གྱི་དབང་གིས། གང་གི་རིགས་ཀྱི་མཚན་མ་གང་ཡིན་པ་དེ། ལྷ་མོ་ཁྱོད་ལ་བཤད་ཀྱིས། ཀྱེ་ལྷ་མོ་གུས་པས་ལེགས་པར་ཉོན་ཅིག་ཅེས་པའི་དོན་ཏོ། །བུད་མེད་དམ་ནི་སྐྱེས་པ་ཡི། །གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་འགྱུར་བ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །ཅེས་བྱ་བ་ལ་སྐྱེས་བུའམ་བུད་མེད་གང་གི་སྲིན་ལག་གི་རྩ་བའི་ཚིགས་ན་རེ་ཁཱ་གནས་པ་ནི་རྡོ་རྗེ་རྩེ་དགུ་པ་ལྟ་བུ་ཡོད་པ་ནི་མི་བསྐྱོད་པའི་རིགས་སུ་བྱིན་གྱིས་བརླབ་སྟེ། རང་བཞིན་ཡོན་ཏན་གྱི་དབང་གིས་མི་དེའི་མདོག་ཀྱང་ནག་པོར་གནས་པ་སྟེ། གསད་པ་འགྲུབ་བོ། །རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར། །ཞེས་བྱ་བ་ནི་དེ་བཞིན་དུ་གང་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟ་བུའི་རེ་ཁཱ་གནས་པ་ནི། རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་པ་སྟེ། རང་བཞིན་གྱི་ཡོན་ཏན་དབང་གིས་མི་དེའི་མདོག་ཀྱང་དཀར་པོར་གནས་པ་སྟེ། ཞི་བ་འགྲུབ་བོ། དཔག་མེད་འོད་ཀྱི་འདོམ་སྐྱེས་ཉིད། །ཅེས་བྱ་བ་ནི་དེ་བཞིན་དུ་གང་ལ་པདྨ་དམར་པོ་འདབ་མ་བརྒྱད་པ་ལྟ་བུའི་རེ་ཁཱ་གནས་པ་ནི་འོད་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པ་སྟེ། རང་བཞིན་


DTG002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དབང་གིས་མི་དེའི་མདོག་ཀྱང་དཀར་དམར་དུ་གནས་ཏེ་འགུགས་པ་འགྲུབ་པོ། །རིན་ཆེན་འབྱུང་གི་རིན་ཆེན་ཉིད། །ཅེས་པ་ནི་དེ་བཞིན་དུ་གང་ལ་རིན་པོ་ཆེ་ཟུར་བརྒྱད་པ་སེར་པོའི་རེ་ཁཱ་ལྟ་བུར་གནས་པ་ནི། རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པ་སྟེ། རང་བཞིན་ཡོན་ཏན་དབང་གིས་མི་དེའི་མདོག་སེར་པོར་གནས་ཏེ། རེངས་པ་ལ་སོགས་པའི་ལས་འགྲུབ་པོ། །ལས་ཀྱི་རིགས་ཀྱི་རལ་གྲི་ཉིད། །ཅེས་པ་ནི་དེ་བཞིན་དུ་གང་ལ་རལ་གྲི་ལྟ་བུའི་རེ་ཁཱ་སྔོ་བསངས་གནས་པ་ནི། དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པ་སྟེ། རང་བཞིན་ཡོན་ཏན་དབང་གིས་མི་དེའི་མདོག་ཀྱང་སྔོ་བསངས་སུ་གནས་ཏེ། བསྐྲད་པ་ལ་སོགས་པའི་ལས་གྲུབ་པོ། །རྣལ་འབྱོར་པ་གང་དཀར་དང་སེར། །དེ་ནི་སེམས་དཔའི་རིགས་སུ་འགྱུར། །ཞེས་བྱ་བ་ནི་དེ་བཞིན་དུ་གང་ལ་མདོག་དཀར་སེར་ནི་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་སྟེ། ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སྐྱེ་བོ་རྣལ་འབྱོར་མཐར་ཕྱིན་པས། །ང་རྒྱལ་མི་བཅག་མཐོ་མི་བཙམས། །ཀུན་རྫོབ་གཟུགས་སུ་གནས་ནས་ནི། །དེ་རྣམས་བདེ་གཤེགས་རིགས་སུ་འགྱུར། །ཞེས་བྱ་བ་ནི་ཚུལ་དེ་ལྟར་ན་སྐྱེས་བུ་དང་མི་མོ་འདི་དག་ཐམས་ཅད་ཀྱང་རྒྱལ་བ་རིགས་ལྔ་དང་དྲུག་ལ་སོགས་པས་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར། ཕན་ཚུན་དུ་ཞེ་འགྲས་པ་དང༌། སྡང་པར་མི་བྱ་སྟེ། ཐམས་ཅད་དཔའ་བོ་རྣམས་ཀྱི་རང་བཞིན་གྱི་ཡོན་ཏན་དང་ལྡན་པར་ཐེ་ཚོམ་མེད་པའོ། །བསྡུས་པའི་རྒྱུད་འདི་ཉིད་ལས་ཀྱང་ཇི་སྐད་དུ། སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་ཐོབ་མི་འགྱུར། །ཞེས་བྱ་བ་གསུངས་སོ། །གཞན་ཡང་།རྡོ་རྗེའི་རིགས་ནི་གཙུག་ཏོར་རོ། །དཔག་མེད་རིགས་ནི་དཔྲལ་བར་རོ། །རིན་ཆེན་རིགས་ནི་མགྲིན་པར་རོ། །དོན་ཡོད་རིགས་ནི་སྙིང་གའོ། །རྣམ་སྣང་རིགས་ནི་ལྟེ་བའོ། །སེམས་དཔའི་རིགས་ནི་གསང་བའོ། །དེ་བཞིན་དུ་སྙིང་གའི་པདྨ་འདབ་མ་བརྒྱད་ལས། །ཤར་ནི་དོན་ཡོད་རིགས་སོ། །ལྷོར་ནི་རིན་ཆེན་རིགས་སོ། །ནུབ་ཏུ་ནི་རྣམ་སྣང་རིགས་སོ། །བྱང་དུ་ནི་དཔག་མེད་རིགས་སོ། །དབུས་སུ་ནི་མི་བསྐྱོད་རིགས་སོ། །དེ་བཞིན་དུ་ཨ་ནི་དབུས་སུའོ། །ཨི་ནི་ཤར་དུའོ། །རྀ་ནི་ལྷོར་རོ། །ལྀ་ནི་ནུབ་ཏུའོ། །


DTG002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ནི་བྱང་དུའོ། །གཞན་ཡང་རླུང་ནི་ཤར་དུའོ། །མེ་ནི་ལྷོའོ། །ས་ནི་ནུབ་བོ། །ཆུ་ནི་བྱང་ངོ༌། །ནམ་མཁའི་དབུས་སུ་རིག་པར་བྱའོ། །བུད་མེད་རྣམས་ཀྱི་མཚན་ཉིད་འདི། །ཇི་ལྟར་སྐྱེས་པ་དེ་བཞིན་ནོ། །ཞེས་བྱ་བ་ལ། ཇི་ལྟར་སྐྱེས་པ་རྣམས་ལ་ལྟོས་ནས་དཔའ་བོ་རྣམས་ཀྱི་མཚན་མ་དང་ཁ་དོག་ཇི་ལྟ་བ་དེ་ལྟ་བུར་བུད་མེད་རྣམས་ལ་བསྟན་པར་བྱའོ། །དེ་བས་དེའི་ཕྱིར་སྐྱེས་པའམ་བུད་མེད་གང་ལ་ལས་ཀྱི་ཕྱག་རྒྱ་དངོས་གྲུབ་འདོད་པ་རྣམ་པ་དང་རྟགས་དང་མཚན་མ་གང་བསྟན་པ་དེ་དག་རིག་པར་བྱ་ལ་གཟུང་བར་བྱ་བ་ནི་དེ་བཞིན་གཤེགས་པའི་གདམས་དག་གོ །ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །དེ་ཡི་རིགས་སུ་འང་དེ་འགྱུར་རོ། །ཞེས་པ་ནི་ཀུན་རྫོབ་ཏུ་རང་བཞིན་དང་ཡོན་ཏན་གྱི་དབང་གིས་གང་དང་གང་ལ་དེ་དང་དེའི་རིགས་གཟུང་བས་འགྲུབ་པ་འགྱུར་རོ། །བྷ་གར་ལིངྒའོ་མཛད་ནས། །དེ་ལ་རྡོ་རྗེ་ཆེ་མཉེས་ནས། །བདག་མེད་མ་ཡིས་གོ་མཛད་པ། །ལྷ་མོ་རབ་ཏུ་མཆོད་པ་ཉོན། །ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཕན་ཚུན་གྱི་རིགས་དེ་འདྲ་བ་གཅིག་གིས་གཅིག་རྟོགས་པར་བྱས་ལ་ཕྱག་རྒྱ་ཆེན་པོའི་གནས་མཆོག་བཙལ་བར་བྱ་བ་བསྟན་པར་བྱའི་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །ལྷ་མོ་འདོད་པའི་དངོས་གྲུབ་ཐམས་ཅད་བྷ་ག་དང་ལིངྒ་མཉམ་པར་སྦྱར་བའི་ཆོ་ག་ལས་འབྱུང་བས་བྷ་ག་དང་ལིངྒའི་ཐབས་ཀྱིས་སྦྱོར་བ་ལ་མཁས་པར་བྱའོ་ཞེས་རྩ་བའི་རྒྱུད་ལས་ཀྱང་གསུངས་སོ། །གཞན་ཡང་དེ་ཉིད་ལས་ཇི་སྐད་དུ། སེམས་ཅན་རྣམས་ཀྱི་རང་བཞིན་ནི། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ལ་སོགས་རྣམ་དག་བྱ། །ཞེས་པ་དང་གཞན་ཡང༌། སེམས་ཅན་རྣམས་ལ་ཕན་ཕྱིར་དང༌། །སངས་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར། །སེམས་ཅན་ཐམས་ཅད་གསང་ཀྱང་ནི། །སྡིག་གིས་གོས་པར་མི་འགྱུར་རོ། །ཞེས་པ་དང༌། འདོད་ཆགས་འདྲ་བའི་བདེ་བ་མེད། །རྒྱལ་བ་ལ་ནི་དེ་ཕུལ་ལ། །གཞན་གྱི་ཆུང་མ་སེམས་ཅན་ཕྱིར། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་རིགས་དང་ལྡན་པའི་བཙུན་མོ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཙལ་བར་བྱ་བའི་ཕྱིར་འཁྲིགས་ཐབས་ཀྱི་སྦྱོར་བ་རྣམས་ཀྱང་བྱ་སྟེ། ཚལ་


DTG002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱེ་བོ་མི་གནས་དང༌། །བདག་གི་ཁྱིམ་གྱི་ནང་དུ་ཡང༌། །གཅེར་བུ་ཕྱག་རྒྱ་ཆེ་བྱས་ནས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཅེས་བྱ་བ་སྟེ་གནས་འདི་རྣམས་སུ་བསྟེན་ལ། ནམ་ཡེ་ཤེས་མ་སྐྱེས་པ་དེ་སྲིད་དུ་བསྟེན་པར་བྱ་སྟེ་སྤྲོས་པ་དང་བཅས་པའི་སྤྱོད་པས་སོ། །གཞན་དུ་ན། དྲི་མ་དང་ལྡན་རྒྱ་སྤངས་ལ། །ཟས་དང་གོས་སོགས་ལྟོས་མེད་པར། །རང་གི་ཁྱིམ་མམ་གཞན་པ་རུ། །ཡེ་ཤེས་འདི་ནི་རྟག་པར་དམིགས། །ཞེས་བྱ་བ་རྩ་བའི་རྒྱུད་ལས་གསུངས་པ་དོན་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་། ཆགས་པའི་བསྟན་བཅོས་ཀྱི་མཚན་ཉིད། །འོ་དང་འཁྱུད་པར་བྱས་ནས་ནི། །ཞེས་པ་ནས། སྟེང་དང་འོག་ཏུ་བལྟ་བ་ཉིད། །ཅེས་ཕ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱི་དོན་རྒྱས་པ་འདོད་པའི་བསྟན་བཅོས་བུ་ལེའི་ཚུལ་དུ་བྱ་བ་ཡིན་ལ། །མཐར་ཐུག་པ་མེད་པས་འདིར་མ་སྤྲོས་སོ། །དཔའ་བོ་དཔའ་མོའི་དབང་ཕྱུག་མ་རྣམས་ལ་བཟོད་པར་གསོལ་ལོ། །དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །དེ་རུ་ག་བུར་བཏུང་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་ལ་སོགས་པའི་བཙུན་མོ་གང་ཡིན་པ་དེ་རྣམས་ལ་བརྟེན་པས་དྲི་མ་མེད་པའི་ག་བུར་བཏུང་བར་བྱའི། །དྲི་མ་དང་བཅས་པས་མ་ཡིན་ཏེ། དེས་དངོས་གྲུབ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་བྱ་བ་ནི་དྲི་མ་མེད་པའི་ག་བུར་ཀུན་དུ་བསྐྱེད་པར་བྱ་བའི་ཕྱིར་ཤ་ཐམས་ཅད་དང༌། ཆང་ཐམས་ཅད་དང༌། སྦྱང་བ་དང༌། རྟོགས་པར་བྱ་བ་དང༌། སྦར་བ་དང༌། བདུད་རྩིར་བྱས་ལ་སྤྱད་དེ། དེས་ག་བུར་རྒྱས་པར་འགྱུར་ཞེས་པའི་དོན་ཏོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། །ལྷན་ཅིག་སྐྱེས་པའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་བཅུ་གཅིག་པའོ།། །།ཡོད་མིན་མེད་མིན་ཡོད་མེད་མིན། །མུ་བཞི་ལས་གྲོལ་བདག་ཕྱག་འཚལ། །བཞི་པོའི་རྒྱས་པར་བཤད་པ་ནི། །རྡོ་རྗེ་སྙིང་པོས་འབད་དེ་བྲི། །དེ་ནས་རྡོ་རྗེ་ཅན་གྱི་དབང༌། །བཞི་ཡི་དོན་ཉིད་བཀའ་སྩལ་པ། །ཞེས་བྱ་བ་ལ་


DTG002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་ཏེ། དོན་འདི་ཡང་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་ཉིད་ན་གསལ་བས་དེ་ལ་འཇུག་པར་བྱའོ། །འཇིག་རྟེན་འཇིག་རྟེན་འདས་དབྱེ་བས། །དབང་ནི་རྣམ་པ་གཉིས་སུ་བརྗོད། །འདོད་པའི་འབྲས་བུ་རྣམ་པ་གཉིས། །གཞི་འདི་ལས་ནི་འབྱུང་བར་བཤད། སྐུ་གསུང་ཐུགས་སུ་ཕྱེ་བ་ལས། །བུམ་པ་གསང་བ་ཞེས་བྱ་དང༌། །ཤེས་རབ་ཡེ་ཤེས་ཞེས་བྱ་བ། །མངོན་པར་དབང་བསྐུར་གསུམ་དུ་བསྟན། །སྐུ་གསུང་ཐུགས་དང་ཡེ་ཤེས་ཕྱིར། །མངོན་པར་དབང་བསྐུར་རྣམ་པ་བཞི། །བུམ་པ་གསང་བ་ཤེས་རབ་དང༌། །ཡེ་ཤེས་དབང་དང་བཞི་རུ་བཤད། །ཅེས་གསུངས་སོ། །དེ་བས་ན། བདུན་དང་བཅུ་དང་བཅུ་གཅིག་སོགས། །དང་པོའི་སངས་རྒྱས་རྒྱུད་ཆེན་དང༌། །འབུམ་ཕྲག་ལྔ་སོགས་རྒྱུད་ཆེན་རྣམས། །གང་ཡིན་དེར་བསྟན་འདིར་བསྡུས་ཙམ། །དེ་བས་ན་དབང་བཞི་དང་བཅུ་གཅིག་ལ་སོགས་པའི་གོ་རིམས་དང་དགོས་པ་དང་རྣམ་པར་དག་པ་རྣམས་རྒྱུད་ཆེན་པོ་དེ་དག་གསལ་ལ། འདིར་ནི་དོན་མདོར་བསྡུས་ཏེ་བསྟན་པ་ཙམ་ཡིན་པས་དེ་དག་རྟོགས་པར་བྱའོ། །དེ་ལ་བཞི་པ་ཞེས་བྱ་བ་ནི་དྲང་བ་དང་ངེས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་ཡོན་ལ། གསུང་འདི་ནི་ངེས་པའི་དོན་འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་ལ་བཞི་པ་ཞེས་གསུངས་ཏེ། རྒྱུད་འདི་ཉིད་ལས་དེ་ལྟར་ཐམས་ཅད་བཞི་བཞིའོ་ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེད་ད་དྲིལ་བུ་ཆེན་པོ་ཟུང༌། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་བྱ་བ་ནི་རྩ་བའི་རྒྱུད་ན་གསལ་བས་དེ་ལ་འཇུག་པར་བྱའོ། །ཇི་སྐད་དུ། སྟོང་ཉིད་སྙིང་རྗེར་ཁྱོད་བྱིན་བརླབས། །སྟོང་པ་སྙིང་རྗེ་རྒྱུན་མི་འཆང༌། །རྡོ་རྗེ་དྲིལ་བུ་མཚན་མར་ཟུང༌། །ཇི་ལྟར་དེ་ལྟར་གཞན་ལ་སྟོན། །ཁྱོད་ནི་ཡོངས་རྫོགས་སློབ་དཔོན་ཏེ། །གནས་བརྟན་རྒན་པོའང་ཁྱོད་ཉིད་ཡིན། །ཁྱོད་ནི་བསིལ་འགྱུར་རྙོག་པ་མེད། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འཛག་པའི་འདོད་ཆགས་རབ་སྤངས་པས། །ཁྱོད་ཀྱིས་ཟུག་རྔུ་མ་ལུས་བཏོན། །གཞན་ལ་པན་པའི་གང་ཟག་མཆོག །ཁྱོད་ནི་མངོན་སུམ་སངས་རྒྱས་སྲས། །ཞེས་


DTG002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལས། དོན་རྟོགས་པར་བྱའོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་ཆེན་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུན་དབང་བསྐུར་རོ། །ཞེས་བྱ་བ་ནི། ཇི་ལྟར་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ། སངས་རྒྱས་ཀྱི་གསང་ཆེན་བཞི་པས་དབང་བསྐུར་བ་ལྟར། བུ་ཁྱོད་ཀྱི་སེམས་ཀྱི་རྒྱུད་རྡོ་རྗེ་ལྟ་བུར་དབང་བསྐུར་རོ་ཞེས་བྱ་བའི་དོན་ཏོ། །ལྷ་མོ་དགའ་སྟེར་གནས་སྟེང་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་བྱོས། །ཞེས་བྱ་བ་ལ་དགའ་སྟེར་གནས་སྟེར་ནི་རང་གི་རིག་པའི་སྟོང་པ་ཉིད་དོ། །སྣ་ཚོགས་ནི་སྟོང་པ་ཉིད་ཀྱི་རྡོ་རྗེའི་ལམ་འདི་ལ་གནས་ནས་གཟུགས་སྣ་ཚོགས་དང༌། སྒྲ་སྐད་སྣ་ཚོགས་པ་ཡིད་དུ་འོང་བས་ཆོས་སྟོན་པས་སོ། །ཁྱེར་ཅིག་ཅེས་པ་ནི་དེ་ཡིད་ལ་ཟུང་ཤིག་པའོ། །མཆོད་པ་གྱིས་ཞེས་པ་ནི་དེའི་དབང་གིས་བདག་མེད་རིགས་ལྡན་མ་དྲི་ཆེན་དྲི་ཆུ་ལ་སོགས་པ་འབྱུང་བ་མེད་པས་མཆོད་པའོ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞེས་པ་ནི་བྱིས་པའི་སྐྱེ་བོ་དབང་པོ་གཉིས་ཀྱི་བདེ་བ་འབའ་ཞིག་ལ་ཆགས་པ་རྣམས་ཀྱིས་རྟོགས་པར་དཀའ་སྟེ། དཔེར་ན། རྡོ་རྗེ་ནམ་མཁའི་དཀྱིལ་དང་མཚུངས། །ཞེས་བྱ་བ་ནམ་མཁའ་དབྱིབས་དང་རྫས་དང་བྲལ་བ་རྟོགས་པར་དཀའ་བ་བཞིན་ནོ། །འཛག་པ་ལ་སོགས་པའི་ཉོན་མོངས་པའི་དྲི་མའི་རྡུལ་བསལ་ཏེ་ཞི་བའི་གོ་འཕང་སྩོལ་བས། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད་དོ། །རང་གིས་རང་གི་སེམས་སོ་སོར་རྟོགས་པའི་མཐའ་ལས་བྱུང་བས་ན། ཁྱོད་ཉིད་ཀྱང་ནི་དེ་ཡི་ཕ། །ཞེས་བྱའོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་ནི། ཐ་མལ་བའི་བྷ་ག་དང་ལིངྒ་དག་མི་ཤིགས་པའི་རང་བཞིན་དུ་བྱིན་གྱིས་བརླབ་པ་སྟེ། རྐྱང་མ་དང་རོ་མ་དག་མི་ཤིགས་པ་ཀུན་སྤངས་པའི་ལམ་དུ་བྱིན་གྱིས་བརླབ་པའོ། །ཨོཾ་ནི་དབུགས་སྡུད་པའོ། །པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁ་ད་ཎྟ། ཞེས་པ་ནི་འཛག་པའི་རང་བཞིན་གྱིས་མི་གོས་པ་སྟེར་བའི་ཕྱིར་རོ། ཙ་ཏུ་ར་ཨཱ་ན་ནྡ་


DTG002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བཱ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀཱ་ཪྻཾ་ཀུ་རུ་ཥ་མེ། དྲི་མ་མེད་པའི་དགའ་བ་བཞིའི་དབང་གིས་འགྲོ་བ་ཐམས་ཅད་ལ་རག་སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་སྟོན་ནུས་པའི་ཕྱིར་རོ། །ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་ར་ཨཱ་ན་ནྡ་དཱ་ཡ་ཀ་ཞེས་པ་ནི། ཐ་མལ་པའི་ཞེ་སྡང་བཅོམ་ནས་ཞེ་སྡང་རྡོ་རྗེ་ཆེན་པོར་དགའ་བ་བཞིའི་དོན་སྟོན་པས་སོ། །ཁ་ག་མུ་ཁཻ་ཀཱ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀཱ་ཪྻཾ་ཀུ་རུ་ཥ་མེ་ཞེས་པ་ནི། གང་བ་ཐམས་ཅད་ཀྱི་དགའ་བ་ནམ་མཁའ་ལ་འགྲོ་བའི་གདོང་ཅན་འདུས་ཤིང་རོ་གཅིག་པས། སྲིད་པ་གསུམ་གྱི་མགོན་དང་སྐྱབས་སུ་འགྱུར་བའི་ཕྱིར། བདག་ལ་བྱ་བ་མཛོད་ཅེས་བྱ་བའི་ཕྱིར་རོ། །སྤྱི་བོར་ཨོཾ་གྱི་རྣམ་པ་ཞེས་པ་ནི། སྐུའི་རྡོ་རྗེ་སྟེ་ཟླ་བ་རྒྱུ་བའི་རྩའོ། །སྙིང་གར་ཧཱུཾ་གི་རྣམ་པ་ཞེས་པ་ནི། ཐུགས་ཀྱི་རྡོ་རྗེ་སྟེ་སྒྲ་གཅན་འཛིན་རྒྱུ་བའི་རྩའོ། །ཟེ་འབྲུ་ལ་ཨཿའི་རྣམ་པ་ཞེས་པ་ནི། གསུང་གི་རྡོ་རྗེ་ནི་མ་རྒྱུ་བའི་རྩའོ་།དེ་ལྟར་ཐམས་ཅད་སྐུ་གསུང་ཐུགས་སུ་བསྡུས་བའི་ཕྱིར་གཞན་པ་ལས་དོན་བཙལ་བར་མི་བྱེད་པར་སྟོན་པའོ། །རིག་བྱེད་ཆུ་དང་མེ་ཏོག་དཱུར་བའི་རྩ། །བྲམ་ཟེས་སྤྱི་བླུགས་སངས་རྒྱས་པས་མི་གཟུང༌། །དབང་བསྐུར་སྔགས་སོགས་ཉམས་ཀྱིས་འཇིག་དོགས་པས། །གནས་ངན་ལ་སོགས་རིགས་ལའང་བཏུང་མི་བྱ། །ཀྱེའི་རྡོར་འབུམ་ལྔའི་བདག་ཉིད་དང༌། །མཆོག་གི་དང་པོ་རྒྱུད་ཆེན་དང༌། །རྒྱུད་འབུམ་མངོན་བརྗོད་ལ་སོགས་པའི། །དོན་བཤད་རྡོ་རྗེ་སྙིང་པོས་བྲི། །འདིར་བཤད་ཕལ་ཆེར་རྩ་བ་ཡི། །སོ་སོར་བཤད་པས་རྒྱུད་འདི་ཡང༌། །རྟག་པར་གང་དང་གང་བསྟན་པ། །དེ་དང་དེ་ཡིས་གསལ་བར་བསྟན། །ཉམ་ཐོས་སྐྱེ་བོ་རྣམས་ལ་ངས་འདི་ཡོངས་མ་བསྟན། །དེ་བཞིན་རང་རྒྱལ་ཕྱིར་མིན་མུ་སྟེགས་ཅན་ལའང་མིན། །མ་རུངས་རྒྱལ་པོ་ངན་དང་གསང་ཆེན་སྨོད་ལའང་མིན། །རྒྱལ་སྲས་བླ་མ་སྨོད་ལ་འདི་མ་བསྟན། །གསང་བ་མཆོག་ལ་རབ་མོས་ཤིང༌། །མངའ་བདག་བླ་མ་ལ་གུས་ལ། །རང་གི་དེ་ཉིད་སྦས་ཤེས་ན། །གང་ཡིན་དེ་ལ་བདག་གིས་བསྟན། །ས་བཅུ་པ་ཡི་དབང་ཕྱུག་མཆོག །དཔལ་ལྡན་རྡོ་རྗེ་སྙིང་པོ་ང༌། །དཔའ་བོ་དཔའ་མོས་ལེགས་བསྐུལ་ནས། །རྣལ་འབྱོར་ལམ་བླང་ཕྱིར་འདི་བཤད། །རྙེད་དཀའ་དཔལ་ལྡན་ཀྱེ་ཡི་རྡོ་རྗེ་རིན་པོ་ཆེ། །


DTG002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་ལྔ་པ་རྩ་རྒྱུད་ལས་འདི་ལེགས་པར་བསྡུས། །དེ་འབྲེལ་ངེས་དོན་རྒྱ་ཆེར་བཤད་པ་ཞེས་བྱ་བ། །ལེགས་བྲིས་དགེ་བ་དྲི་མེད་གང་ཐོབ་དེ་ཡིས་ནི། །ཀྱེ་རྡོར་གསང་བ་ལེགས་རྟོགས་དམ་ཚིག་ཡོངས་ལྡན་ཞིང༌། །འདི་སྟོན་བླ་མའི་རྗེས་འབྲངས་རྡོ་རྗེ་སྤུན་ལ་སོགས། །ཕན་ཚུན་ལེགས་པར་སྨྲ་ཞིང་ཁོན་དུ་མི་འཛིན་དང༌། །དམ་ཚིག་རྡོ་རྗེས་གླེང་སློང་དལ་གྱིས་གནས་པར་ཤོག །མ་རུངས་དམ་འདྲལ་ངན་པའི་ལས་བྱེད་ཅིང༌། །རྣལ་འབྱོར་ཆེད་དུ་མི་གཉེར་སྐྱེ་བོ་གང༌། །དེ་དག་མི་འགྲོགས་དེ་ཡིས་མི་མཐོང་དང༌། །རང་སྡུག་བླ་མ་རྡོ་རྗེ་མཆོད་པར་ཤོག །རྩོད་ལྡན་དུས་སུ་གསང་ཆེན་སྟོན་བྱེད་དང༌། །མུ་སྟེགས་སྐྱེ་བོ་ངན་པའི་ལྟ་འཇོམས་ཤིང༌། །གང་དེའི་ལྟ་བ་ཕྱི་ནས་འདོན་བྱེད་པའི། །དེ་དག་འདུལ་བའི་དེད་དཔོན་དེས་བྱེད་ཤོག །རྣམ་པར་བཤད་པ་འདི་ལས་གཞན་པའི་བཤད་པ་དེ་ཁོ་ན་མ་མཐོང་བའི་སྐྱེ་བོ་འདོད་རྒྱལ་རྣམས་ཀྱིས་བྱས་པ་ལ་ཡིད་བརྟན་པར་མི་བྱའི་འདི་དང་འདི་ལྟ་བུའི་འགྲེལ་པ་རྩ་བའི་རྒྱུད་མཐའ་དག་གི་ངེས་པ་དང༌། དྲང་བ་ལེགས་པར་གཏན་ལ་འབེབས་པ་ལ་ཡིད་བརྟན་ཏེ་གནས་པར་བྱའོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ས་བཅུའི་དབང་ཕྱུག་ཆེན་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་ཆེན་པོ་མཻ་ཏྲི་ཞབས་ལ། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་པས་མང་དུ་གསོལ་བ་བཏབ་ནས། ལེགས་པར་མཉན་ཏེ་བསྒྱུར་བའོ།། །།ཀྱེའི་རྡོ་རྗེའི་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ། རྙེད་པར་དཀའ་བ་འདི་སྔོན་དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་ཆད་ཀྱི་འགྲེལ་པ་ལས་མ་འགྱུར་བ་ལས། སླད་ཀྱི་བལ་པོའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་རོལ་པ་ཞེས་བྱ་བ་ནས། འབྲོ་དགེ་སློང་ལོ་ཙཱ་བས། པ་ཎྜི་ཏ་མཻ་ཏྲི་ཞབས་ལས་རྙེད་དེ། བོད་ཡུལ་དུ་དཔེ་སྤྱན་དྲངས་ནས། དགེ་སློང་རྣལ་འབྱོར་སྤྱོད་པ་དབང་ཕྱུག་གྲགས་པས་གསོལ་བ་བཏབ་སྟེ་བསྒྱུར་བའོ།། །།


previousརྡོ་རྗེ་སྙིང་པོའི་འགྲེལ་པ། རྡོ་རྗེ་སྙིང་པོ།next