Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གསུམ་པ།


  collapse section
  expand section
  collapse section
བརྟག་པ་གཉིས་པའི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
  expand section


 
previousབརྟག་པ་གཉིས་པའི་འགྲེལ་པ།next

བརྟག་པ་གཉིས་པའི་འགྲེལ་པ།

དང་པོ། རབ་གནས་ཀྱི་ལེའུའི་འགྲེལ་པ།


DTG003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རས་རིས་ལ་སོགས་པ་ལྷ་རྣམས་ངེས་པར་གནས་པ་ནི་རབ་གནས་སོ། །འདིར་ནི་དེའི་ཆོ་ག་ལ་རབ་གནས་ཞེས་བྱའོ། །དེའི་མཚན་ཉིད་ནི་རང་གི་ངོ་བོའོ། །རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སོ། །དེ་ཉིད་ནི་སྙིང་པོ་སྟེ་དེའི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྦྱིན་སྲེག་ཅེས་བྱ་བ་ནི་བགེགས་གཞིག་པར་བྱ་བའི་ཕྱིར་རོ། །སྲོད་ལ་ཞེས་བྱ་བ་ནི་མཚན་མོ་རྩོམ་པའི་དུས་སུའོ། །སྟ་གོན་ལ་སོགས་བྱས་ནས་ནི། །ཞེས་བྱ་བ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་སྟ་གོན་བྱས་ནས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་ཞེས་བྱ་བ་ནི་རབ་ཏུ་གནས་པར་བྱ་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་སྔགས་བསྟན་པའོ། །སྣ་ཚོགས་ཞེས་བྱ་བའི་རྣམ་པ་སྣ་ཚོགས་པའོ། །གོང་མའི་རྒྱུད་ཀྱི་ལུགས་རིམ་པའི་དགྱེས་པའི་རྡོ་རྗེའི་རྒྱུད་རྒྱས་པའི་ཆོ་གའི་རིམ་པས་སོ། །སྐབས་ལ་བབ་པའི་སྦྱིན་སྲེག་ཐམས་ཅད་བསྟན་པའི་ཕྱིར་ཞི་བའི་ཐབ་ཁུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ལ་ནི་ཞེས་བྱ་བ་ནི་གསུམ་པོ་འདི་ཉིད་ལ་ཅི་ལྟར་རིགས་པར་ཏིལ་ལ་སོགས་པས་སྦྱིན་སྲེག་བྱ་བའོ། །ལྷ་མོ་ཁྱེད་ནི་ཞེས་


DTG003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་ནི་ས་གཟུང་བའི་སྐབས་སུ་སྟེ། འདི་ནི་སྔགས་བརྗོད་པའི་སྐབས་ཡིན་པར་བསྟན་ཏོ། །མཐར་ནི་ཨརྒྷ་ལ་སོགས་པའི་སྔགས་ཏེ་མེ་ལ་དབུལ་བའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་དང་པོ་རབ་གནས་ཀྱི་ལེའུའི་འགྲེལ་པའོ།། །།

གཉིས་པ། དངོས་གྲུབ་གཏན་ལ་དབབ་པའི་ལེའུའི་འགྲེལ་པ།


DTG003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ནི་ཞུས་པའོ། །ནམ་མཁའ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་དགེ་བ་མ་ཡིན་པའི་ཆོས་ཐོག་མ་མེད་པའི་དུས་ནས་བརྩམས་པ་ནི་ནམ་མཁའ་ལྟ་བུའོ། །དེ་དག་གི་གཉེན་པོའི་ཕྱོགས་སུ་གྱུར་པ་ནི་རང་འདོད་པའི་ལྷ་བསྒོམ་པའོ། །དེ་ལྟ་བས་ན་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་ནི་རྒྱ་མཚོ་ལྟ་བུ་ཡིན་ལ། གཉེན་པོའི་ཕྱོགས་ནི་ཀུ་བ་ལྟ་བུར་གནས་པས། མི་དགེ་བའི་རྒྱ་མཚོ་ལས་རྒལ་བར་ནུས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟར་ན་སེམས་ཅན་རྣམས་དེ་བསྒོམས་པས་གྲོལ་བར་ཅི་ལྟར་འགྱུར་ཞེས་བྱ་བ་ནི་ཞུས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །བདག་མེད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ་དེ་དང་ལྡན་པའི་བདག་ཉིད་དམ། །ཡང་ན་དཔལ་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའི་བདག་ཉིད་ནི་རྣལ་འབྱོར་གྱི་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་མ་ལུས་པར་སྤོངས་ནས་ངེས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའོ། །གལ་ཏེ་རྒྱ་མཚོ་ལྟ་བུའི་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་ལས་ལྷའི་རྣལ་འབྱོར་ཙམ་གྱིས་ཇི་ལྟར་རྒལ་བར་འགྱུར་ཞེ་ན། རྒལ་བར་འགྱུར་བ་ཉིད་ཡིན་ཏེ་ཇི་ལྟར་རིའི་ཕུག་གི་ནང་གི་མུན་པའི་ཕུང་པོ་ཡུན་རིང་པོར་བསགས་པ་ནི་འབར་མ་ཐག་པའི་མེ་སྒྲོན་གྱིས་སྐད་ཅིག་གིས་མི་སྣང་བར་བྱེད་དོ། །དེ་བཞིན་དུ་འདིར་ཡང་བདག་མེད་མ་དང་དགྱེས་པའི་རྡོ་རྗེ་བསྒོམ་པའི་ཁྱད་པར་གྱིས་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་དེ་ལྟར་ན་ཡང་གཉེན་པོའི་ཕྱོགས་སྐད་ཅིག་ཙམ་བསྒོམས་པས་མི་མཐུན་པ་ཉམས་པར་འགྱུར་བ་ཞིག་ཡིན་ན། དེ་ལྟ་ན་ནི་ཅིའི་ཕྱིར་དངོས་གྲུབ་འགྲུབ་པར་མི་འགྱུར་ཞེ་ན། དེ་ནི་བདེན་ནི་དེ་ལྟ་ན་མི་མཐུན་པའི་ཕྱོགས་ཉམས་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པ་ནི་མ་


DTG003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འོན་ཀྱང་ཚོགས་གཉིས་རྫོགས་པ་དེས་ནི་འཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །ཞེས་བྱ་བ་གསུངས་ཏེ། གཞན་པའི་སེམས་ཞེས་བྱ་བ་ནི་ཞི་གནས་ཀྱི་མཚན་ཉིད་ཅན་གྱི་བསྒོམ་པའི་ཁྱད་པར་ལས་སོ། །དེ་ཡང་རིམ་གྱིས་གོམས་པས་འཐོབ་པར་བྱ་བ་ཡིན་པས་ན། དེའི་ཕྱིར། དང་པོར་གོམས་པར་བྱེད་དུས་ཀྱིས། །ཞེས་བྱ་བ་ལ་སོགས་གསུངས་ཏེ། མཚན་དུས་སུ་ཞེས་བྱ་བ་ནི་མཚན་མོ་ཉིད་ཀྱི་དུས་སུ་སྟེ། དུས་གཞན་ན་མི་མཐུན་པའི་ས་ཕྱོགས་འབྱུང་བར་འགྱུར་བས་སོ། །བདག་ཉིད་འགྲུབ་པའི་ཞེས་པ་ནི་མོས་པའི་ཁྱད་པར་ཏེ། མཚན་མོ་མཉམ་པར་གཞག་པའི་རྣལ་འབྱོར་བྱའོ་ཞེས་བྱ་བ་གསུངས་པའོ། །དེ་ལས་གཞན་པའི་དུས་སུ་རྒྱུན་མི་འཆད་པར་བྱ་བའི་ཕྱིར། རྐང་པ་འཁྲུད་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བསྟེན་པ་དང་ཞེས་བྱ་བ་ནི་བསྙེན་པར་བྱ་བའོ། །གང་ལ་བསྙེན་པར་བྱ་ཞེ་ན། རྣལ་འབྱོར་མ་སྟེ་བདག་མེད་མ་ལའོ། །གཞན་གྱི་གཟུགས་ཀྱིས་ཞེས་བྱ་བ་ནི་བདག་མེད་མ་མ་ཡིན་པའི་གཟུགས་ཀྱིས་སོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་ཉེ་བར་སྡུད་པའོ། །ཉོན་མོངས་པ་ཞེས་བྱ་བ་ནི་སྐྱོན་ནོ། །བརྟན་པ་ཉིད་བསྐྱེད་པར་བྱ་བའི་ཕྱིར་རོ། །བརྩེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་ཕྱེད་ཅེས་བྱ་བ་ནི་ཟླ་བ་ཕྱེད་དོ། །ཉི་མ་གཅིག་ཏུ་ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་གཞག་པའི་ཚུལ་གྱིས་སོ། །ལན་ཅིག་ཅེས་བྱ་བ་ནི་རྟག་ཏུ་ཐུན་རེ་གོམས་པར་བྱེད་པའོ། །འཇིག་ཞེས་བྱ་བ་ལ་སོགས་པ་ནི་ཡིད་ཆེས་པ་སྟོན་པར་བྱེད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ངེས་པར་ཤེས་ནས་ཞེས་བྱ་བ་ནི་ངེས་པར་སྤྱོད་པའི་ངང་ཚུལ་ཅན་ནོ། །ཕན་པའི་འབྲས་བུ་འབྱུང་བར་འགྱུར་ཞིང་མི་ཕན་པ་སྟེ་དགེ་བ་མ་ཡིན་པ་ནི་ཟད་པར་འགྱུར་བའོ། །དུ་འབོད་ཅེས་བྱ་བ་ལ་འཇིག་རྟེན་གྱི་སྤྱོད་པ་ནི་དམྱལ་བའི་རྒྱུ་ཡིན་ནོ། །གལ་ཏེ་དེ་ལྟ་བུར་གནས་པར་གྱུར་ཀྱང་སྡིག་པ་ཅན་ལ་སོགས་པ་རྣམས་ཀྱིས་ཕྱག་རྒྱ་ཆན་པོའི་དངོས་གྲུབ་འཐོབ་པའི་སྐབས་ག་ལ་ཡོད་ཅེ་ན། མཚམས་མེད་ལྔ་ནི་བྱེད་པ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་མ་ཚང་བ་ནི་ཡན་ལག་ཉམས་པའོ། །བསམས་


DTG003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཞེས་བྱ་བ་ནི་བདག་མེད་མ་བསྒོམས་པས་སོ། །གལ་ཏེ་དེ་ལྟར་ན་ཆོས་དང་ལྡན་པ་རྣམས་ཀྱིས་ནི་དེ་འགྲུབ་པར་མི་འགྱུར་ཞེ་ན། དགེ་བ་བཅུ་ལ་གོམས་པ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་ཏུ་གོམས་པའི་ཞེས་བྱ་བ་ལ་སོགས་པ་ལ་དངོས་གྲུབ་ཐོབ་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་མཉམ་པར་གཞག་པས་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཟླ་བ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། གསང་ལ་ཞེས་བྱ་བ་ནི་སྦས་པའི་བརྟུལ་ཞུགས་ལས་ཏེ་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ནས་རྣལ་འབྱོར་མ་རྣམས་གནང་བ་ཉེ་བར་སྟོན་པར་འགྱུར་རོ། །བྱང་ཆུབ་སེམས་ཀྱིས་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའོ། །ལྷའི་གཟུགས་ཀྱིས་སེམས་ནི་ལྷའི་རྣལ་འབྱོར་ཉིད་དོ། །དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་ལ་སོགས་པའོ། །སེམས་ཀྱང་གཅིག་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་རོ། །སྐལ་ལྡན་པར་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་རོ། །རྟོག་པ་ནི་རྣམ་པར་རྟོག་པའོ། །བཀུག་ལ་ཞེས་བྱ་བ་ནི་ཀུན་དགུག་པའོ། །དེ་ཡང་ཞེས་བྱ་བ་ནི་མཆོག་ཐོབ་པའམ་དགུག་པ་དེའོ། །བརྟན་པ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བརྟན་པར་རབ་ཏུ་བསྒྲུབ་པའི་ཕྱིར་རོ། །དེ་ནས་ལོངས་སྤྱོད་ཕྱིར་ནི་སྤྱད་མ་གསུངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱད་པར་བཤད་ཅེས་བྱ་བ་སྔར་བརྟུལ་ཞུགས་ཀྱི་ལེའུའི་ནང་དུའོ། །འཇིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་དཀའ་བ་དང་བཅས་པས་འཇུག་བ་ཉིད་དོ། །རྡོ་རྗེ་སྙིང་པོས་གསོལ་ཞེས་བྱ་བ་ལ་དོན་ཅི་ཞིག་ཞུས་ཤེ་ན། བདག་མེད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་སྟེ། ཅིའི་ཕྱིར་ཚོལ་བར་བྱེད་ཅེས་བྱ་བར་དགོངས་པའོ། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཞེས་བྱ་བ་ལ་གཉིག་ཕྱག་རྒྱར་གྱུར་པས་ཕྱག་རྒྱའི་དངོས་གྲུབ་ཅེས་བྱ་བའོ། །བུད་མེད་གཟུགས་ཞེས་བྱ་བ་ནི་བདག་མེད་མའི་གཟུགས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ། །ནུ་མ་སྤངས་པ་ཞེས་བྱ་བ་ནི་ནུ་མ་གཉིས་སྤངས་པར་འགྱུར་བས་རྡོ་རྗེར་འགྱུར་བར་བྱའོ་ཞེས་བྱ་བའི་དོན་ཏོ།


DTG003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། འགྲམ་གཉིས་པོ་ཉིད་དྲིལ་བུ་ཞེས་བྱ་བ་འབྲས་བུར་རོ། །ཟེའུ་འབྲུ་ཞེས་བྱ་བ་ནི་སྣང་སྟེ་རྡོ་རྗེར་བྱའོ། །དགའ་ཆེན་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་རང་བཞིན་ནོ། །ཕྱག་རྒྱའི་དངོས་གྲུབ་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་རིམ་པ་དེ་གཉིས་ཀྱིས་སོ། །གསལ་དང་མི་གསལ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་སྒོམ་པ་དང་ལྡན་པའིའོ། །གལ་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པས་ལྷའི་གཟུགས་གཉིས་ཐོབ་པར་གྱུར་པ་དེའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་ཡང་ཇི་ལྟར་གཞལ་ཡས་ཁང་ན་སྤྱོད་པའི་ཚངས་པ་ལ་སོགས་པའི་ལུས་འཆགས་པ་དང་འཇིགས་པ་དག་གིས་བསྐྱེད་ཅིང་འཇིགས་པར་འགྱུར་བ་བཞིན་དུ་ཡིན་ནམ་ཞེ་ན། འབྱུང་དང་འཇིགས་པ་དག་གིས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་དང་འཇིག་པ་དག་གིས་ཀྱང་གནོད་པར་མི་འགྱུར་རོ། །ཅིའི་ཕྱིར་གནོད་པར་མི་འགྱུར་ཞེ་ན། ཐབས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་ཉིད་ཅེས་བྱ་བ་ནི་རྟག་ཏུ་འབྱུང་བར་འགྱུར་ཏེ། ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་རྟག་པས་རྟག་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཐབས་ཏེ་དེའི་འབྲས་བུ་བསྒོམ་པ་རྫོགས་པར་འགྱུར་བ་ཉིད་ཇི་ལྟར་འཇིག་པར་འགྱུར། འཇིག་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མི་དམིགས་པའོ། །དེ་ཉིད་ནི་ཤེས་རབ་སྟེ་འདི་ཉིད་ཀྱིས་སྲིད་མཐར་བྱེད་ཅེས་བྱ་བ་ལུས་ལ་མངོན་པར་ཞེན་པ་མཐར་བྱེད་པའོ། །དེ་དག་རོ་གཅིག་པར་འགྱུར་བ་རྨི་ལམ་དང་མིག་འཕྲུལ་དང་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་ནམ་མཁའ་ཇི་སྲིད་ཀྱི་བར་དུ་གནས་པའི་སྐུ་གཉིས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །གང་གི་ཕྱིར་དེ་ལྟ་བུའི་རྣམ་པས་འབྱུང་བ་དང་འཇིག་པ་ཡོད་པ་མ་ཡིན་ཏེ། གཞན་ཡང་དེ་ཁོ་ན་ཉིད་དུ་གང་ཡང་འཇིག་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ལ་ལ་དངོས་པོའི་ངོ་བོ་ཞིག་ཏུ་གྱུར་ན་ནི་སྐྱེ་ཞིང་འཇིག་པར་ཡང་འགྱུར་ན། ཇི་སྲིད་མི་གནས་བའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་འདུས་མ་བྱས་ཀྱི་མཚན་ཉིད་ཅན་ཡིན་པ་དེའི་ཕྱིར་གང་ཞིག་འཇིག་པར་འགྱུར་བ་དེ་མེད་པས་ཟད་པ་ཡང་མེད་དོ། །དེ་ལྟ་བས་ན་དེ་ལྟར་ཕྱག་རྒྱ་


DTG003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དངོས་གྲུབ་ཐོབ་པ་ལ་འབྱུང་བ་དང་འཇིག་པ་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་གནས་པ་ཡིན་ནོ། །དེ་ཡང་བསྒོམས་པས་ཐོབ་པར་བྱ་བ་ཉིད་ཡིན་པས་ཅི་ལྟ་བུ་ཞིག་བསྒོམས་པར་བྱ་ཞེ་ན། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲོས་པ་ཞེས་བྱ་བ་ནི་རྟེན་དང་བརྟེན་པའི་མཚན་ཉིད་ཅན་དེ་རྣམ་པ་སྣ་ཚོགས་པའོ། །རྨི་ལམ་ལྟར་བྱས་ན་ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་ན་སེམས་ཉིད་རྣམ་པ་སྣ་ཚོགས་པར་སྣང་བ་དེ་ལྟར་བྱས་པ་ཉིད་དོ། །སྤྲོས་བ་ཞེས་བྱ་བ་ལ་སོགས་པ་ལ་དག་གི་རྣམ་པར་རྟོག་པས་སྤྲོས་པར་མི་བྱེད་ཅིང་རྣམ་པར་རྟོག་པར་མི་བྱེད་པའོ། །རིམ་པ་འདི་ལྟར་གོམས་པར་བྱས་པས་ཅིར་འགྱུར་ཞེ་ན། ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་ན་སེང་གེའི་ཟླ་བའི་གྲོང་ཁྱེར་རོ། །དེ་བཞིན་འདོད་ཅེས་བྱ་བ་ནི་དེ་ལྟ་བུར་གསལ་པོ་ཉིད་དུ་གྱུར་བ་ཞེས་བྱ་བའི་དོན་ཏོ། །ད་ནི་རིམ་པའི་བདག་ཉིད་ཅན་གྱི་བདེ་བ་ཆེན་པོ་དེ་ཉིད་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ་པར་བྱའོ་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར་ཕྱག་རྒྱ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱའི་དབང་བསྐུར་བ་ནི་ཤེས་རབ་ཀྱི་དབང་བསྐུར་བ་སྟེ་བཞི་པོ་དེ་དག་གོ ། ཅི་ལྟར་ཤེས་པའི་ཞེས་བྱ་བའི་བླ་མའི་མན་ངག་ཉིད་ལས་ཇི་ལྟར་རིག་པའོ། །དེ་ཅི་ཞིག་ཅེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ནི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་མཚན་ཉིད་ཅན་ཏེ། དེ་ཉིད་ལས་བྱུང་བར་གྱུར་པ་ནི་དཀྱིལ་འཁོར་འདི་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱིན་རླབས་ཞེས་བྱ་བ་ནི་དེའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་དང་བདག་མེད་མའི་དཀྱིལ་འཁོར་རོ། །གཞན་ལས་འབྱུང་བ་མེད་ཅེས་བྱ་བ་ནི་གཞན་ལས་འབྱུང་བར་འགྱུར་བ་མ་ཡིན་པའོ། །གལ་ཏེ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་དབང་བསྐུར་བ་ནི་སྤྲོས་པ་མེད་པའི་མཚན་ཉིད་ཀྱི་བདེ་བ་ཙམ་ཉེ་བར་དམིགས་པ་ཡིན་ན། དེས་ཇི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དཀྱིལ་འཁོར་འབྱུང་བར་འགྱུར། འདྲ་བར་འགྱུར་བ་ལས་འདྲ་བར་འབྱུང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། །འདྲ་བ་ལས་འདྲ་བར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙེད་ཙམ་དུ་ཡིན་ཏེ།


DTG003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀུན་གཞི་རྣམ་པར་ཤེས་པ་ནི་འགྲོ་བ་རྣམས་ཀྱི་ས་བོན་འཛིན་པ་ཡིན་ནོ་ཞེས་སྨྲ་བ་ལྟར། དེ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་རྟོགས་པར་བྱས་པ་བདེ་བ་ཆེན་པོའོ། །མཚན་ཉིད་ཅན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་ཡང་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཉིད་ཡིན་ནོ་ཞེས་ཐེག་པ་ཆེན་པོའི་གསང་སྔགས་ལས་སྔགས་པར་བྱེད་དོ། །དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར། བདེ་བ་གནག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སྦྱོར་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱིས་སྙོམས་པར་འཇུག་པའོ། །དངོས་ནི་སངས་རྒྱས་ལྡའི་རང་བཞིན་ནོ། །དངོས་མེད་ནི་དེ་དག་ཉིད་ཀྱིས་སྤྲོས་པ་མེད་པ་ཉིད་དོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱི་དཔལ་དགྱེས་པའི་རྡོ་རྗེ་འདི་དཀྱིལ་འཁོར་དུ་ནི་ཇི་ལྟར་བདེ་བའི་ངོ་བོར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དག་ཉི་མ་དང་ཟླ་བ་ཡང་དག་པར་འབྱོར་པ་ལས་འབྱུང་བའི་ས་བོན་ལས་འབྱུང་བའི་ཕྱག་མཚན་གྱི་རྡོ་རྗེ་དང༌། དེའི་དཀྱིལ་ན་གནས་པའི་ས་བོན་ནི་སེམས་དཔའ་སྟེ། རྡོ་རྗེ་དང་བཅས་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེ་ཉིད་བདེ་བ་ཞེས་བྱ་བར་བརྗོད་དོ། །རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ལ་དོན་ཅི་ཞིག་གིས་གསོལ་ཞེ་ན། བསྐྱེད་པའི་རིམ་པའི་དེ་ཉིད་བཅོམ་ལྡན་འདས་ཀྱིས་བདེ་བའི་ངོ་བོ་ཉིད་དུ་བསྔགས་པའི་ཕྱིར། རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པ་ཞེས་བྱ་བ་ནི་ལྷ་ཉིད་བསྒོམ་པའོ། །མེད་པའི་ད་སྐྱེད་པ་ཡིས་ནི་ཅི་ཞིག་དགོས། །ཞེས་བྱ་བ་ནི་དགོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དགོངས་པ་ནི་འདི་ཡིན་ཏེ། བདེ་བ་ཆེན་པོར་མོས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་འབད་པ་འདོས་ཅི་ཞིག་དགོས། །བདེ་བ་ཆེན་པོ་འབའ་ཞིག་ཁོ་ནས་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེ་ན། གུས་པ་བསྟན་པའི་ཕྱིར། དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ཞེས་བྱ་བ་ལ། བསྐྱེད་པའི་རིམ་པ་ལ་གུས་པ་དང་ལྡན་པ་ཉམས་པ་ཞེས་བྱ་བ་བསྐྱེད་པའི་རིམ་པ་སྤོང་བར་བྱེད་པ་ཉིད་དོ། །ལུས་ཀྱི་དངོས་མེད་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་དེ་ཉིད་


DTG003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟོངས་པར་བྱེད་པའོ། །ཅི་ལྟར་ཞེ་ན། གང་ལས་བདེ་ཞེས་བྱ་བ་དེ་གཞན་ལས་བདེ་བ་ཉེ་བར་བསྟན་པར་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ན་བདེ་བས་ཉེ་བར་ཁྱབ་པ་དེ་ཉིད་འགྲོ་བ་ཞེས་བྱ་བར་བརྗོད་དོ། །ཁྱབ་པར་བྱེད་པའི་ངོ་བོ་འབའ་ཞིག་གིས་ནི་མ་ཡིན་གྱི། ཁྱབ་པར་བྱ་བའི་ངོ་བོས་ཀྱང་ཡིན་ནོ། །གཉི་ག་ཡང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་ཉིད་ཡིན་ཏེ། ཇི་ལྟར་བདེ་བ་མེད་པར་ཡང་ལུས་ལ་སོགས་པ་ཡོད་པ་མ་ཡིན་ལ། ལུས་དེ་མེད་པར་ཡང་བདེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མེ་ཏོག་བྱ་བ་ལ་སོགས་པས་ནི་དཔེ་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ཁོ་ནས་ཆོག་མོད། བདེ་བ་ཆེན་པོ་བསྒོམ་པས་ཅི་ཞིག་བྱ་ཞེ་ན། དངོས་པོ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་བདག་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་ཉིད་དོ། །དངོས་པོ་བདག་མ་ཡིན་ཞེས་བྱ་བ་ལས་སོགས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དང་བདེ་བ་ཆེན་པོའི་རང་བཞིན་གྱིས་སོ། །གལ་ཏེ་ཁྱོད་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཉིད་ཀྱི་ངོ་བོ་ཉིད་ཞིག་ཡིན་ན་ནི་ད་ལྟན་དཀྱིལ་འཁོར་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར། ཁྱོད་ཉིད་འཁྲུལ་པའི་ངོ་བོ་ཡིན་པས་དེ་ལྟ་བས་ན་སངས་རྒྱས་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་བས་ན་སངས་རྒྱས་བདག་ཅེས་བྱ་བ་ལས་སོགས་པ་གསུངས་ཏེ། སངས་རྒྱས་བདག་ཅེས་བྱ་བ་ལ་དངོས་པོ་ནི་ཆོས་ཐམས་ཅད་དོ། །དེ་དག་རྟོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ། །ཡེ་ཤེས་དེ་དང་ལྡན་པས་སངས་རྒྱས་བདག་མེད་ཅེས་བྱའོ། །དེ་ལྟ་བས་ན་བདག་ནི་མཆོག་ཏུ་ཟབ་པའི་སྐུ་གཉིས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྨོངས་པ་གང་གིས་ང་མི་ཤེས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨོངས་པ་ཞེས་བྱ་བ་ནི་ཐོས་པ་དང་མི་ལྡན་པ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་དང་བྲལ་བའོ། །དེ་ལྟ་བུའི་ཟབ་མོའི་ངོ་བོ་ཉིད་ཀྱི་སྐུ་གཉིས་གསལ་བར་བསྟན་པའི་ཕྱིར། བདེ་ཆེན་གནས་དེར་རྟག་ཏུ་བཞུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་


DTG003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་འདོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ལ་བདེ་བ་ཅན་ཞེས་བརྗོད་དོ། །འདིར་ནི་བདག་མེད་མ་ལ་སོགས་པའི་བྷ་ག་ལ་བདེ་བ་ཅན་ཞེས་བྱ་སྟེ། མདོར་བསྡུས་པའི་རང་བཞིན་གྱི་བླན་མེད་པའི་བདེ་བ་སྲུང་བར་བྱེད་པའི་ཕྱིར་ཏེ། དིར་བདག་གནས་པའོ། །བདེ་བ་ཆེན་པོའི་གཟུགས་སུ་གཅིག་པར་ཆོས་ཐམས་ཅད་མཚོན་པར་བྱ་བའི་ཕྱིར། ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །ཞེས་པའོ། །སངས་རྒྱས་ཉིད་ནི་རིན་པོ་ཆེའོ། །དེའི་ཟ་མ་ཏོག་ནི་གཞག་པའི་གནས་སོ། །ད་ནི་དེ་ལྟ་བུའི་བདག་ཉིད་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། འཆད་པ་པོ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བུའི་ཆོས་དགྱེས་པའི་རྡོ་རྗེ་ལ་སོགས་པ་འཆད་པར་བྱེད་པའོ། །ཉན་པ་ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་པའི་སློབ་མའོ། །བསྒྲུབ་བྱ་བདག་ཅེས་བྱ་བ་ནི་གང་སྔར་བསྟན་པའོ། །དེའི་སྒྲུབ་པ་པོ་ཡང་བདག་ཉིད་ཡིན་བའོ། །འགྲོ་བའི་སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དག་སྟེ་བདག་ཉིད་ཡིན་པའོ། །འཇིག་རྟེན་འཇིག་རྟེན་འདས་པ་ཞེས་བྱ་བ་ལ་སོགས་པ་ལ་གཉི་ག་སྤྲོས་པ་ལས་བྱུང་བ་ནི་འཇིག་རྟེན་ནོ། །འཇིག་རྟེན་ལས་འདས་པ་ནི་དེ་དག་ཉིད་རྒྱུར་གྱུར་བའི་བྱང་ཆུབ་སེམས་ཁུ་བ་སྟེ། འདི་འཇིག་རྟེན་ལ་དགོས་པའི་ཕྱིར་དང༌། ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད་ཡིན་པས་བདག་ཉིད་ཡིན་ནོ། །གལ་ཏེ་ཁྱོད་གཙོར་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་ན་དེ་ཇི་ལྟ་བུ་ཞིག་ཅེ་ན། ལྷན་ཅིག་སྐྱེས་དགའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཁྱད་པ་རྗེ་ལྟ་བུ་ཅན་ཞིག་ཅེ་ན། མཆོག་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་དགའ་བའི་མཐའ་དག་འབྲལ་གྱི་དང་པོ་གང་ཡིན་པ་དེ་དེ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྒྲུབ་པར་བྱ་བ་བདེ་བ་ཆེན་པོ་ཀུན་གྱི་བདག་ཉིད་གང་ཡིན་པ་དེ་ཉིད་ཁྱོད་ཡིན་ཞེས་སྔར་གསུངས་པས་འཁོར་བ་པའི་ལྷན་ཅིག་སྐྱེས་པའི་བདེ་བ་དེ་ནི་བསྒྲུབ་བྱ་མ་ཡིན་ནའང༌། དེ་ཇི་ལྟར་ཁྱོད་ཉིད་ཡིན་པར་འགྱུར་ཞེ་ན། དེ་བཞིན་བུས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱང་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་སོ། །གང་གི་ཕྱིར་དེ་ཉིད་གཙོར་དཔེས་བསྟན་པར་བྱ་བ་ཡིན་


DTG003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདྲ་བར་འགྱུར་བའི་དཔེ་ཉིད་གྱིས་རབ་ཏུ་བསྒྲུབ་པར་བྱ་བ་ཡིན་པས་དེ་ཉིད་ནི་གཙོར་བསྟན་པ་ཡིན་ལ། འདི་ནི་ཉེ་བར་བཏགས་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། མུན་པ་ལ་ནི་མར་མེ་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགའ་ཞིག་ཇི་ལྟར་མུན་པའི་ཡུལ་ན་གནས་པའི་བུམ་པ་དང༌། སྣམ་བུ་ལ་སོགས་པ་རྣམས་མེ་སྒྲོན་གྱིས་གསལ་བར་བྱེད་པར་བསྒྲུབ་པ་ལྟར། དེ་བཞིན་དུ་དཔར་གྱུར་པ་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་བདེ་བས་བསྒྲུབ་བྱའི་མཚན་ཉིད་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་ཡིན་པར་བལྟ་བར་བྱའོ། །བདེ་གནས་སུ་ཞེས་བྱ་བ་ལ་སོགས་པ་ལ་སྔར་གསུངས་པ་དེ་ཉིད་གསལ་བར་བསྟན་པའི་ཕྱིར། སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་དང་དཔེ་བྱད་ཀྱིས་འབར་བའི་སྐུའོ། །གཙོ་བོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་བདག་པོའོ། །བཙུན་མོ་ཞེས་བྱ་བ་ནི་དཔེ་སྟེ་རྡོ་རྗེའི་བཙུན་མོའོ། །དེའི་བྷ་གར་ཁུ་བ་ཞེས་བྱ་བ་ནི་བདག་ཉིད་གནས་པའོ། །ཁུ་བ་ནི་བདེ་བ་སྟེ་ཕྱི་རོལ་གྱི་ཁུ་བའོ། །དེ་མེད་ཅེས་བྱ་བ་ནི་ཁུ་བ་དེ་མེད་ནའོ། །གང་གི་ཕྱིར་བདེ་བ་ནི་ཁུ་བ་ལྟོས་པ་དང་བཅས་ནས་འབྱུང་བའི་ཕྱིར་ཏེ། ཁུ་བ་མེད་ན་རྒྱུ་གཞན་གྱིས་དེ་ལྟ་བུའི་བདེ་བ་འབྱུང་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ལྷའི་རྣལ་འབྱོར་ལས་ཀྱང་བདེ་བ་འབྱུང་བར་འགྱུར་ཞེས་བརྗོད་པ་ཡིན་ཏེ། དེ་དང་འདྲ་བར་བདེ་བ་ཆེན་པོ་འདོད་པས་ལྷའི་རྣལ་འབྱོར་ངེས་པ་ཁོ་ནར་བྱ་བ་ཡིན་ནོ། །དེའི་ལམ་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཁུ་བ་དང་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་འབྲས་བུར་གྱུར་པ་སངས་རྒྱས་ཀྱང་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ནོ། །ཇི་ལྟ་ཞེ་ན། ཞལ་ཕྱག་རྣམ་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ནི་གཟུགས་ཅན་ནོ། །མཆོག་ཏུ་བདེ་བའི་ཆོས་ཀྱི་སྐུ་ཉིད་ཀྱིས་ནི་གཟུགས་མེད་པའོ། །དེའི་ཕྱིར་མི་གནས་པའི་གཟུགས་ཅན་ཉིད་ཡིན་པས་ན། གཟུགས་ཅན་མ་ཡིན་གཟུགས་མེད་མིན། །ཞེས་བྱ་བར་གནས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ན། དེའི་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་བྱ་བ་སྟེ་སེམས་ཅན་ཐམས་ཅད་དོ། །ལྷན་ཅིག་


DTG003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཞེས་བྱ་བའི་དོན་ཅི་ཞིག་ཅེ་ན། རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་བྱ་བ་སྟེ། ཆོས་རྣམས་ཀྱི་རང་བཞིན་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་སྟེ་རྣམ་གྲངས་སོ། །དེ་ཉིད་ནི་མྱ་ངན་ལས་འདས་པ་སྟེ། ཇི་ལྟར་བྱས་ནས་ཤེ་ན། རྣམ་དག་རྣམ་པའི་སེམས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་དག་པ་ནི་དྲི་མ་མེད་པ་སྟེ། འོད་གསལ་བའི་ངོ་བོ་ཉིད་དོ། །དེའི་རྣམ་པ་ཅན་གྱི་སེམས་སུ་གང་གི་ཚེ་མྱ་ངན་ལས་འདས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འགྲོ་བ་སངས་རྒྱས་ཀྱི་རང་བཞིན་ཉིད་ཡིན་ན། དེ་ལྟ་ན་ཅིའི་ཕྱིར་ལྷའི་རྣམ་པར་སྒོམ་པར་བྱེད་ཅེ་ན། དེ་ནི་བདེན་ན་ལྷའི་རྣམ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞིན་ལག་ཁ་དོག་ཅེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་ལུས་ཀྱི་ནི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡང་བསྒོམ་པ་དོན་མེད་དོ་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལུས་ཕལ་པའི་ཁྱད་པར་གྱི་དེའི་བག་ཆགས་ཞེས་བྱ་བ་ནི་ལྷག་མའོ། །དེ་སྤང་བའི་ཕྱིར་ཟག་པ་མེད་པའི་ཕུང་པོའི་བག་ཆགས་རྒྱས་པར་བྱ་བའི་དོན་དུ་ལྷའི་སྐུ་བསྒོམ་པར་བྱ་བ་ཡིན་ནོ་སྙམ་དུ་དགོངས་བའོ། །ད་ནི་ལུས་ཀྱི་བསྒོམ་པ་ཡང་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབ་པར་བྱ་བ་ཡིན་པས། དེའི་ཕྱིར་འདི་ཉིད་དཔེ་དུ་མས་བསྒྲུབ་པར་བྱ་བའི་ཕྱིར། དུག་དེ་ཉིད་ཤེས་པ་ངེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱིན་པར་བྱེད་ཅེས་བྱ་བ་ནི་འཇིལ་བར་བྱེད་པའོ། །ཇི་ལྟར་སྔ་མ་ལ་རླུང་ཞེས་བྱ་ཞེ་ན། དབུགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཟློག་པ་ཡིན་ཞེ་ན། རིགས་གཅིག་པ་ཡིན་པའི་ཕྱིར་རོ། །དེའི་བརྟགས་པ་ནི་དེ་ཉིད་ཕན་པར་རོ། །སྲིད་པ་ནི་འཁོར་བའོ། །དག་པ་ནི་ཡོངས་སུ་ཟད་པའོ། །སྲིད་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་དང་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པས་ནི་སྲིད་པ་སྟེ། ལྷའི་རྣམ་པ་ཉིད་ཀྱིས་དེ་དག་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་རྟོག་ནི་འཁོར་བའོ། །ཀུན་རྟོག་ནི་ལྷའི་རྣམ་པའི་ཀུན་རྟོག་པས་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཞེས་བྱ་བ་ནི་དཔེ་


DTG003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ནི་རྣམ་པར་རྟོག་པའི་ངོ་བོ་སྟེ་འཁོར་བའོ། །རྣམ་པར་ཞེས་བྱ་བ་ནི་ལྷའི་རྣམ་པའོ། །ངེས་པར་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ནི་ཉོན་མོངས་པའོ། །དེ་ཉིད་ནི་མེའོ། །དེས་ཚིག་པ་ནི་ཡོངས་སུ་གདུངས་པའོ། །འདོད་ཆགས་ཀྱི་མེས་བསྲེགས་ཤིང་ཡོངས་སུ་བཙོས་པ་ལ། འདོད་ཆགས་ཆེན་པོ་བསྒོམ་པ་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྐུ་མཚན་ཉིད་ཅན་བསྟན་པའོ། །གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། འཆིང་འགྱུར་ཞེས་བྱ་བ་ནི་བཅིངས་པར་གྱུར་བའོ། །མི་ཟད་པའི་ལས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །ཐབས་ནི་སྙིང་རྗེ་ཆེན་པོའོ། །ཆགས་པས་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆགས་པའོ། །རྣམ་གྲོལ་འགྱུར་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཆགས་པས་སོ། །བཟློག་པའི་ཞེས་བྱ་བ་ནི་རང་གི་ཕྱོགས་ཉིད་ཡིན་ན་ཡང་མི་མཐུན་པའི་ཕྱོགས་ལྟར་གྱུར་བའོ། །ཡང་དག་པར་ནི་འདོད་ཆགས་གཅིག་པུར་མ་ཟད་ཀྱི་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་ཡང་ངོ༌། །མི་ཤེས་ཞེས་བྱ་བ་ནི་དེ་ལྟ་བུའི་བདེ་བ་ཆེན་པོ་བསྒོམ་པ་མི་རྟོག་པའོ། །སངས་རྒྱས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའོ། །ཇི་ལྟར་ན་དེ་དག་སངས་རྒྱས་ཞེས་བྱ་ཞེ་ན། སངས་རྒྱས་ཉིད་སྟོན་པར་ཁས་ལེན་པའི་ཕྱིར་རོ། །ཅིའི་ཕྱིར་མུ་སྟེགས་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་ཀྱི་བསྟན་པའི་སྙིང་པོར་གྱུར་པ་རྡོ་རྗེ་ཐེག་པ་ཉིད་ལ་རབ་ཏུ་སྡང་བའི་ཕྱིར་རོ། །དེ་དག་གིས་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་རབ་ཏུ་བསྒྲུབ་པ་ཡིན་ནོ། །ད་ནི་བདེ་བ་ཆེན་པོའི་མཆོག་དེ་ཉིད་དཔག་ཏུ་མེད་པའི་རིགས་སུ་འགྱུར་རོ་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར་དབང་པོ་གཉིས་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་གཉིས་སྦྱོར་བ་ཞེས་པ་ནི་ཤིན་ཏུ་དགའ་བའི་སྦྱོར་བའོ། །འགྱུར་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །ལྔ་ཞེས་བྱ་བ་ནི་ལོངས་སྤྱོད་རྣམ་པ་ལྔའོ། །འབྱུང་བའི་རང་བཞིན་ཞེས་བྱ་བ་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔའི་ངོ་བོ་ཉིད་དོ། །ཡང་དེ་ཅེ་ཞིག་ཅེ་ན།


DTG003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཉིད་ལས་ཞེས་བྱ་བའོ། །ལྔ་རུ་ཞེས་བྱ་བ་ནི་རྣམ་པ་ལྔར་རོ། །དབྱེ་བས་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་ལྔའི་དབྱེ་བས་སོ། །རྡོ་རྗེ་པདྨས་ཞེས་བྱ་བ་ལ་སོགས་པ་ལ། སྲ་བར་ཞེས་བྱ་བ་ནི་སྲ་བར་ཤེས་པ་སྟེ་སའི་ཁམས་སོ། །དེ་ཉིད་ནི་གཏི་མུག་གི་ཆོས་ཏེ་སྲ་བའི་ཕྱིར་རོ། །དྲོད་ཅེས་བྱ་བ་ནི་དྲོ་བའོ། །འདོད་ཆགས་དྲོད་ལས་ཞེས་བྱ་བ་ནི་ཆགས་པ་ཉིད་དོ། །རླུང་གི་རང་བཞིན་གྱིས་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྲག་དོག་སྟེ། ཨི་ར་ག་ཏ་པི་ཏི་ཞེས་བྱ་བའི་སྐད་ཀྱི་དབྱིངས་སོ། །བདེ་བ་ནི་སྙོམས་པར་འཇུག་པའི་ཆགས་པ་སྟེ། ཆགས་པ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་འདོད་ཆགས་ཏེ་འགྲོ་བ་ཐམས་ཅད་ཁ་དོག་བསྒྱུར་བའི་ཕྱིར་རོ། །དེ་ནི་ནམ་མཁའི་མཚན་ཉིད་དེ། རང་བཞིན་མེད་པའི་ཕྱིར་རོ། །ཕྲ་མ་རྡོ་རྗེ་ནི་རིན་ཆེན་འཆང་ངོ༌། །དོན་དམ་པར་རབ་ཏུ་སྟོན་པར་བྱེད་པས་ན་ཕྲ་མའོ། །སེམས་ནི་རིན་པོ་ཆེ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རང་བཞིན་གྱི་སེམས་སོ། །རང་བཞིན་ལྔ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ལས་ཞེས་བྱ་བ་ནི་དེ་དག་ཉིད་ལས་སོ། །གང་གཱའི་ཀླུང་བཅུའི་ཞེས་བྱ་བ་ལ་སོགས་པ་ལ། རིགས་གཅིག་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་གཅིག་ཉིད་ལའོ། །རིགས་ཀྱི་ཚོགས་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་ཀྱི་རིགས་ཀྱི་ཚེགས་ལ་སྟེ། དེ་བཞིན་གཤེས་པའི་རིགས་ཀྱི་ཚོགས་ཅན་གྱི་རིགས་ཏེ། རིགས་དེ་ལས་རིགས་འབྱུང་བར་འགྱུར་རོ། །རིགས་འབུམ་སོ་སོ་ལས་ཀྱང་རིགས་བྱེ་བ་འབྱུང་བར་འགྱུར་རོ། །དེ་དག་ལས་ཀྱང་རིགས་གཞན་གྲངས་མེད་པ་འབྱུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་མཆོག་ཏུ་དགའ་བའི་རིགས་ལས་འབྱུང་བར་འགྱུར་རོ། །མཁའ་འགྲོ་མ་ནི་རྡོ་རྗེ་མཁའ་འགྲོ་མའོ། །དེའི་དྲ་བ་ནི་ཚོགས་ཏེ་དཀྱིལ་འཁོར་གྱི་འཁོར་ལོའོ། །དེའི་སྡོམ་པ་ནི་བདེ་བའི་མཆོག་གོ །དེའི་ཕྱིར་དངོས་གྲུབ་ཅེས་བྱ་སྟེ་དེ་གཏན་ལ་དབབ་པའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ལེའུ་གཉིས་པའི་འགྲེལ་བའོ།། །།

གསུམ་པ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུའི་འགྲེལ་པ།


DTG003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་འཆང་དེ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་ནི་དགྱེས་པ་རྡོ་རྗེའི་


DTG003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་དབང་དུ་བྱས་པ་སྟེ། དེའི་ཆེད་དུ་བྱས་པའི་དང་པོར་བསྟན་པའི་རྒྱུད་དོ། །ཞེས་བྱ་བ་ནི་མིང་དེ་སྐད་ཅེས་བྱ་བར་རབ་ཏུ་གྲགས་པའོ། །ཐབས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་སོ། །དེ་ཉིད་མདོར་བསྟན་པའི་ཕྱིར་སྡོམ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡོམ་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དབང་ནི་དབང་རྣམ་པ་བཞིའོ། །དགོངས་པའི་སྐད་ནི་མངོན་པར་དགོངས་པའི་སྐད་ཉིད་དོ། །དགའ་བ་དང་ཞེས་བྱ་བ་ནི་དགའ་བ་རྣམ་པ་བཞིའོ། །སྐད་ཅིག་དབྱེ་བ་ཞེས་བྱ་བ་ནི་སྐད་ཅིག་མ་རྣམ་པ་བཞིའོ། །གཞན་ཡང་ཞེས་བྱ་བ་ནི་སྤྲོས་པ་མེད་པ་ཉིད་ཀྱི་སྤྱོད་པའོ། །ཡང་ཞེས་བྱ་བ་ནི་མིག་ལ་སོགས་པ་དག་པའོ། །བཟའ་བ་ནི་སློབ་དཔོན་གྱིས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ངེས་པར་བྱ་བའི་ཚིགས་བཅད་བསྡུ་བའོ། །སྡོམ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་སྡོམ་པ་ཞེ་ན། སངས་རྒྱས་ཀུན་གྱི་ཞེས་བྱ་བ་སྟེ། བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀུན་ལ་ཐ་དད་པ་མི་མངའ་བའི་ཕྱིར་རོ། །ཨེ་ཝཾ་རྣམ་པར་ཞེས་བྱ་བ་ནི་ཆོས་འབྱུང་གི་ཕྱག་རྒྱ་ལ་གནས་པའོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། དབང་ལས་ཡང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མའི་མན་ངག་ལས་ཤེས་པར་བྱ་ཞིང་རབ་ཏུ་བསྒྲུབ་པར་བྱའོ། །མཁའ་འགྲོ་མའི་ཞེས་བྱ་བ་ནི་ཌཱ་ཌཱ་ནི་མཁའ་ལ་འགྲོ་བར་བྱེད་པ་ཞེས་བྱ་བའི་སྐད་ཀྱི་དབྱིངས་ཀྱིས་འདིར་བརྟགས་ནས། ནམ་མཁའ་ལ་འགྲོ་བ་འགྲུབ་པ་ཐམས་ཅད་ལ་མཁའ་འགྲོ་ཞེས་ཀླ་ཀློའི་སྐད་ཀྱིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་པས། མཁའ་འགྲོ་མ་ནི་རྡོ་རྗེ་རྣལ་འབྱོར་མའོ། །དེ་དག་སྡོམ་པ་ནི་མཆོག་ཏུ་མདོར་བསྡུས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ངོ་བོ་ཉིད་གཅིག་པར་བསྟན་པའི་ཕྱིར། ཨེའི་རྣམ་པའི་ཆ་བྱད་དོ། །འདི་ལ་བཟང་པོ་ཡོད་པས་ན་བཟང་པོ་སྟེ། བཾ་གྱི་རྣམ་པའོ། །བརྒྱན་པ་ནི་དེས་པདྨའི་བྲེའུ་འབྲུ་མཛེས་པར་བྱས་པའོ། །གནས་ཞེས་བྱ་བ་ནི་རྟེན་ནོ། །སངས་རྒྱས་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ལྔ་ནི་སྣོད་དུ་གྱུར་བ་ལ་དེ་སྐད་ཅེས་


DTG003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དེ་དག་གི་རྟེན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་དབྱེ་བས་ཕྱེ་བ་ཡི། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་ལ་སོགས་པའི་དབྱེ་བས་ཕྱེ་བའོ། །གལ་ཏེ་དགའ་བ་ཉིད་ཡོད་པར་གྱུར་ན་སྐད་ཅིག་མའི་དབྱེ་བས་ཅི་ཞིག་བྱ་ཞེ་ན། སྐད་ཅིག་ཤེས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་མ་རྣམས་ཀྱིས་རང་གི་ངོ་བོ་ཤེས་ན་ནི་དགའ་བ་རྣམས་ཀྱིས་བདེ་བའི་བྱེད་པ་ཡོངས་སུ་ཤེས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །སྐད་ཅིག་མའི་དབྱེ་བ་དེ་དག་ཉིད་བསྟན་པའི་ཕྱིར། སྣ་ཚོགས་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་ཞེས་བྱ་བ་སྣ་ཚོགས་པ་ལ་མཁས་པ་སྟེ་སློབ་དཔོན་གྱི་ལས་སོ། །རྣམ་སྨིན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལས་ཟློག་ཅེས་བྱ་བ་ནི་དེ་དང་མི་འདྲ་བར་གྱུར་བའོ། །ཡེ་ཤེས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ཟ་བ་ནི་དེ་ཉམས་སུ་མྱོང་བའོ། །རྣམ་པར་ཉེད་པ་ཞེས་བྱ་བ་ལ་སོགས་པ་ལ། བྲོས་ཞེས་བྱ་བ་ནི་འདས་མ་ཐག་པ་ཞིག་པ་དྲན་པའོ། །ཡང་ན་ཤེས་པ་སོ་སོར་རྟོགས་པ་ནི་ཟོས་ཞེས་བྱ་སྟེ། བདག་གིས་བདེ་བ་སྤྱད་པར་གྱུར་ཏོ་ཞེས་སྔར་གྱི་ངེས་པར་འཛིན་པའོ། །མཚན་ཉིད་བྲལ་བ་ཞེས་བྱ་བ་ནི་སྔར་བསྟན་པ་གསུམ་པོའིའོ། །ཆགས་དང་ཆགས་བྲལ་ཞེས་བྱ་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པ་དང་བྲལ་བའོ། །སྣ་ཚོགས་དང་ནི་ཞེས་བྱ་བ་ལ་སོགས་པས་ནི་དགའ་བ་རྣམ་པ་བཞི་དབང་བསྐུར་བ་རྣམ་པ་བཞི་རྣམ་པར་གཞག་པར་བྱེད་དེ། དགའ་བ་སོ་སོས་ཀྱང་སློབ་དཔོན་དང་གསང་བ་དང་ཤེས་རབ་དང་བཞི་པ་ཞེས་བྱ་བར་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་དགའ་བ་སོགས་པས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་ཞེས་བྱ་ཞེས་བྱ་བ་ནི་དགའ་བ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །མཆོག་ཏུ་དགའ་བ་ནི་གསང་བའི་དབང་ངོ་། དགའ་བྲལ་ནི་ཤེས་རབ་ཀྱི་དབང་ངོ༌། །ལྷན་ཅིག་སྐྱེས་པ་ནི་དབང་བསྐུར་བ་བཞི་པའོ། །དེ་ལྟར་དབང་བསྐུར་བ་བཞི་སོ་སོ་དང་སྐད་ཅིག་མ་བཞི་དང་དགའ་བ་བཞི་བླ་མའི་མན་ངག་ལས་སྦྱར་བ་ཤེས་རབ་བྱ་སྟེ། དེ་ལྟར་ན་དབང་བཞིའི་རྣམ་གྲངས་ཤེས་པར་བྱའོ། །རྒོད་


DTG003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དག་པས་ཞེས་བྱ་བ་ལ་སོགས་ནི་དབང་གི་རྣམ་པར་དག་པ་གསུངས་པ་ཡིན་ཏེ། བྱ་བའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ནི་ལྷ་རྣམས་ཐབས་དང་ཤེས་རབ་ཀྱི་རྗེས་སུ་ཆགས་པས་དགོད་པ་བསྟན་ཏེ། དེ་རྣམ་པར་དག་པ་ནི་སློབ་དཔོན་ཞེས་བྱ་བ་སློབ་དཔོན་གྱི་དབང་བསྐུར་བའོ། །སྤྱོད་པའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ནི་ཐབས་དང་ཤེས་རབ་རྗེས་སུ་ཆགས་པ་སྟོན་པར་བྱེད་ཕན་ཚུན་ལྟ་བ་འབྱུང་བ་སྟེ་དེའི་རྣམ་པར་དག་པ་ནི་གསང་བའི་དབང་བསྐུར་བའོ། །རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ཐབས་དང་ཤེས་རབ་ཕན་ཚུན་འཁྱུད་པ་འབྱུང་སྟེ། དེའི་རྣམ་པར་དག་པ་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །རྣལ་འབྱོར་བླ་ན་མེད་ཅེས་བྱ་བ་ལ་སོགས་པ་ཁ་ཅིག་ཏུ་ཐབས་དང་ཤེས་རབ་གཉིས་ཀྱིས་སྙོམས་པར་འཇུག་པ་འབྱུང་བས་དེའི་རྣམ་པར་དག་པ་ནི་དབང་བསྐུར་བ་རྣམ་པ་བཞིའོ། །དེའི་ཕྱིར། དབང་ནི་རྣམ་པ་བཞི་རུ་བཤད། །ཅེས་གསུངས་ཏེ། བཞི་ནི་རྣམ་པ་བཞིའོ། །བཤད་ཅེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་རྒྱུད་འདིར་ཏེ་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་འདིར་སྐལ་པ་དང་ལྡན་པར་བྱས་ན་ཐམས་ཅད་ལ་དབང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །དབང་བསྐུར་ཞེས་བྱ་བ་ནི་སྒྲའི་དོན་བསྟན་པའི་ཕྱིར། དེས་ན་དབང་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླུགས་ཤིང་བཀྲུས་ཏེ་དྲི་མ་མེད་པར་བྱས། །ཞེས་བྱ་བའི་དོན་ཏོ། །ལག་པ་དག་གིས་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་དབང་བསྐུར་བ་གསུངས་པ་སྟེ། རྡོ་རྗེ་དྲིལ་བུས་མཉམ་པར་སྦྱོར་བའི་ལག་པས་སམ། པདྨ་དང་རྡོ་རྗེ་དག་གིས་ཏེ་མན་ངག་ཇི་ལྟ་བ་བཞིན་དུ་སློབ་དཔོན་གྱི་དབང་བསྐུར་བ་ཡིན་ནོ། །ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་དབང་བསྐུར་བའི་ཕྱིར་ཤེས་རབ་ཀྱི་ངོ་བོ་གསུངས་པ་ཡིན་ཏེ། ལག་པ་གཡོན་པའི་མཐེ་བོ་དང་སྲིན་ལག་དག་གིས་སྙོམས་པར་འཇུག་པའི་རོ་སློབ་མའི་ཁར་འཛུད་ཅིང་གསང་བའི་དབང་བསྐུར་བའི་ཚིགས་བཅད་བརྗོད་པ་སྟེ་བཤད་པ་གཅིག་ཡིན་ནོ། །ཡང་ན་མཐེ་བོ་ཞེས་བྱ་བ་ནི་ལ་ལ་ནཱའོ། །སྲིན་ལག་ཅེས་བྱ་བ་ནི་ར་ས་ནཱའོ། །དེ་གཉིས་ནས་སློབ་མའི་རྡོ་རྗེ་ནོར་


DTG003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྒོར་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པ་དེའི་མན་ངག་བསྟན་པའོ། །དེ་ཉིད་དུ་ནི་བྱ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་དུ་ནི་ཞེས་བྱ་བ་ནི་ཤེས་རབ་གང་ལ་མན་ངག་བསྟན་པ་ཉིད་ལའོ། །རོ་མཉམ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དག་གི་བྱང་ཆུབ་ཀྱི་སེམས་ཡང་དག་བར་འབྱོར་བའོ། །སློབ་མའི་སྤྱོད་ཡུལ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡུལ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུ་ནི་གསང་བའི་དབང་བསྐུར་བའོ། །སྟོན་པས་ཤེས་རབ་ཅེས་གསུངས་པ་ནི་རྒྱུད་ནས་གསུངས་པའི་མཚན་དང་ལྡན་པའོ། །མཆོད་ཅེས་བྱ་བ་ནི་དང་པོར་རོ། །སྟོན་པ་ཞེས་བྱ་བ་ནི་བླ་མ་སྟེ། དཀའ་བར་གྱུར་པའི་ལས་རྣམས་ཀྱི་ཁུར་བཟོད་དམ་མི་བཟོད་ཅེས་བརྟག་པའི་ཕྱིར་རོ། །དེ་ནས་རྒྱུད་ནས་གསུངས་པའི་འཆད་པར་འགྱུར་བའི་ཚིགས་བཅད་བརྗོད་ནས་གཏད་པར་བྱའོ། །ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའོ། །འདི་ལྟ་བུ་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །སློབ་མ་ཆེ་འགྱུར་ཤེས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཆེ་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྣོད་དུ་གྱུར་བའོ། །ཕྲག་དོག་སྤངས་ཞེས་བྱ་བ་ནི་སེར་སྣ་དང་བྲལ་བའོ། །ཁྲོ་བ་རྣམ་སྤངས་ཞེས་བྱ་བ་ནི་སྙིང་རྗེ་ཆན་པོ་དང་ལྡན་པའོ། །དེ་ལ་ཞེས་བྱ་བ་ནི་སློབ་མ་ལའོ། །སྣང་བ་སྦྱིན་ཞེས་བྱ་བ་ནི་མན་ངག་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཀྱང་བརྗོད་པར་བྱ་སྟེ་དབང་པོ་གཉིས་སྦྱོར་ཞེས་ཀྱང་ངོ༌། །སྦྱོར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྙོམས་པར་འཇུག་པ་སྟེ་གྱིས་ཤིག་ཅས་བྱ་བའོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བ་བཞི་པའོ། །ད་ནི་དབང་གི་དོན་དུ་སློབ་མས་ཇི་ལྟར་མཉེས་པར་བྱ་བ་བསྟན་པའི་ཕྱིར། སློབ་མའི་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་བ་གདབ་ཅེས་བྱ་བ་ནི་དོན་དུ་གཉེར་བར་བྱའོ། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །ཞེས་བྱ་བ་ལ་སོགས་པ་ནི་བླ་མ་ལ་བསྟོད་པའོ། །གཉིས་སུ་མེད་པའི་རྣལ་འབྱོར་ལ་ངེས་པར་གནས་པའི་ཕྱིར་ཞི་བ་ཆེན་པོའོ། །རྡོ་རྗེ་ནི་རྡོ་རྗེའོ། །རྣལ་འབྱོར་ནི་སྙོམས་པར་འཇུག་པའི་ཁྱད་པར་རོ། །དེར་གཅིག་ཏུ་གཏད་པ་གཅིག་བཞེད་པའོ། །ཕྱག་རྒྱ་


DTG003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་ཞེས་བྱ་བ་ལ་ཕྱག་རྒྱ་ནི་ཕྱག་རྒྱ་བཞིའོ། །སྒྲུབ་པ་པོ་ནི་ཡོངས་སུ་མཉེས་པར་བྱེད་པ་པོའོ། །སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་མི་ཕྱེད་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་གི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། དེ་ལས་ཡང་དག་པར་བྱུང་བའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཁྱོད་འགྲོ་བ་ལ་ཕན་པའི་རྒྱུ་ཡིན་པ་ལྟར་རོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུའོ། །མངའ་བདག་ཅེས་བྱ་བ་ནི་གཙོ་བོའོ། །འདམ་དང་འདྲ་བ་ནི་འདམ་སྟེ་འཁོར་བའོ། །ཆོགས་ཞེས་བྱ་བ་ནི་སྤུངས་པའོ། །དེར་བྱིང་བ་བདག་ལ་སྐྱོབས་ཞེས་བྱ་བ་སྐྱབས་མཛོད་ཅིག་པ་སྟེ། སྐྱབས་མེད་བདག་ལ་ཞེས་བྱ་བར་སྦྱར་རོ། །ཞིམ་པའི་ཞེས་བྱ་བ་ནི་ཤིན་ཏུ་ཞིམ་པར་སེམས་པའོ། །བཟའ་བ་བཏུང་བ་དང་ཞེས་བྱ་བ་ནི་མདོར་བསྟན་པའོ། །ཆང་དང་ཤ་ཆེན་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་འཛིན་པ་སྟེ་བླ་མའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། ཐོབ་ཅེས་བྱ་བ་ནི་ཤིན་ཏུ་གནས་པའོ། །སྣ་ཚོགས་སྤངས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་སྟེ་བཞི་པའོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་སློབ་མས་རྟོགས་པར་བྱ་བའི་ཕྱིར་བདེ་བ་སྟེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །བདེ་བ་ཆེན་པོའི་རྣམ་པར་ཟུང༌། །ཞེས་བྱ་བ་ནི་མན་ངག་ཇི་ལྟ་བ་བཞིན་དུ་རྗེས་སུ་གནང་བ་སྦྱིན་བའོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པས་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་རྗེས་སུ་གནང་བ་མདོར་བསྟན་ཏོ། །དབང་བསྐུར་ཞེས་བྱ་བ་ནི་དབང་བསྐུར་བས་དབང་བསྐུར་བའོ། །བྱ་བ་ཀུན་ཞེས་བྱ་བ་ནི་བྱ་བའི་ཚོགས་སོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་བླ་མའོ། །འདི་སྐད་སྨྲ་ཞེས་བྱ་བ་ནི་ཅི་ཞིག་སྨྲ་ཞེ་ན། འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ་འདི་ཉིད་ཅེས་བྱ་བ་ནི་དབང་བསྐུར་བ་ཐོབ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་ཉིད་དོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་ལུས་ལ་གནས་པའོ། །གཉིས་སུ་མེད་པ་ནི་ཐབས་དང་ཤེས་རབ་གཉིས་སུ་སྣང་བ་དང་བྲལ་བ་ཉིད་དོ། །གཉིས་ནི་དེ་དག་ཉིད་


DTG003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོའོ། །དངོས་དང་དངོས་མེད་བདག་ཉིད་ཅེས་བྱ་བ་ནི་མཆོག་ཏུ་དགའ་བ་དང༌། །དགའ་བ་དང་དགའ་བྲལ་གྱི་ངོ་བོའོ། །གཙོ་བོ་ཞེས་བྱ་བ་ནི་དགའ་བ་གསུམ་པོས་ལས་མཆོག་ཏུ་འགྱུར་བའོ། །བརྟན་ནི་ཆོས་དང་དམ་ཚིག་ཕྱག་རྒྱ་བསྒོམས་པའོ། །གཡོ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའོ། །དེ་དག་ཐམས་ཅད་ལ་ཁྱབ་ནས་གནས་པ་ཡང་འདི་ཉིད་དོ། །སྒྱུ་མའི་གཟུགས་ཅན་ཞེས་བྱ་བ་ནི་སྤྲུལ་པ་སྣ་ཚོགས་ལྟ་བུའོ། །དེ་ལྟ་ན་འདི་ཐབས་གང་གིས་འགྲུབ་པར་འགྱུར་ཞེ་ན། དཀྱིལ་འཁོར་འཁོར་ལོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་ཞེས་བྱ་བའི་སྒྲས་ནི་ཕྱག་རྒྱ་གཉིས་ཀྱི་མན་ངག་དང༌། དཔའ་བོ་གཅིག་བུ་ལ་སོགས་པ་ལ་མོས་པ་ཡང་བསྡུའོ། །ཡང་ན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲས་ཕྱག་རྒྱ་ཆེན་པོའི་མན་ངག་གཟུང་ངོ༌། །བཟོད་པ་གསོལ་ནས་ཞེས་བྱ་བ་ནི་བཟོད་པར་གྱིས་ཤིག་ཅེས་བྱས་ནས། གསོལ་ཏོ་ཞེས་བྱ་བ་ནི་ཞུས་པར་གྱུར་བའོ། །སངས་རྒྱས་ཐམས་ཅད་ཀྱིས་གང་བར་གྱུར་བས་ན་གྲོང་ཁྱེར་རོ། །ཅི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཁྲུལ་གྱུར་བས་ཞེས་བྱ་བ་ནི་བདག་ཐེ་ཚོམ་དང་ལྡན་པར་གྱུར་ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་ཞེས་བྱ་བ་ནི་སྙིང་པོ་ཞེས་བྱ་བའི་རྣམ་གྲངས་སོ། །སྙིང་པོ་དེ་ཅི་ཞིག་ཆེ་ན། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པས་བསྐྱེད་པའི་སྡུག་བསྔལ་དང་བྲལ་བའི་མཚན་ཉིད་ཅན་ནོ། །དེ་ལེན་པ་ནི་བདག་གིར་བྱེད་པའོ། །དེ་ཡིས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །འདུས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་སྟེ། འདི་ལྟ་བུ་ནི་དོན་དམ་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་ལྟར་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་མཚན་ཉིད་ཅན་ནོ། །གནས་ཞེས་པ་ནི་སྙིང་རྗེ་ཆེན་པོའོ། །ནམ་མཁའི་ཁམས་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །ཡུལ་ལ་སོགས་པ་རྣམ་པར་སྦྱོང་ཞེས་བྱ་བ་ནི་དེ་དག་རོ་གཅིག་པར་གྱུར་པའི་འོད་གསལ་བའི་མཚན་ཉིད་དོ། །རྡོ་རྗེ་ནི་


DTG003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སེམས་རྡོ་རྗེའོ། །པདྨ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་དག་མན་ངག་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྦྱོར་བ་ནི་སྦྱོར་བའོ། །དེའི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དེའོ། །བདེ་བ་ནི་འོད་གསལ་བའི་མཚན་ཉིད་ཅན་ནོ། །ཤེས་པར་གྱུར་ཅེས་བྱ་བ་ནི་རྟོགས་པར་གྱུར་ནས་ཞེས་བྱ་བའི་དོན་ཏོ། །གསོལ་པ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་མགུ་བར་གྱུར་ནས་སོ། །ཅིའི་ཕྱིར་གསོལ་ཞེ་ན། རྣལ་འབྱོར་བླ་ན་མེད་པ་འདིར་དམ་ཚིག་དང་སྡོམ་པ་མ་གསུངས་པས་དེའི་ཕྱིར་གསོལ་བའོ། །ཁྱོད་ཀྱིས་སྲོག་ཆགས་གསད་པ་དང་། །ཞེས་བྱ་བ་ནི་མདོར་བསྟན་པའོ། །འདི་དག་ཉིད་ཀྱི་བཤད་པ་ནི་སེམས་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ངོ་བོ་ཉིད་ཐོབ་པར་འགྱུར་བ་ནི་སེམས་གཅིག་པ་ཉིད་དེ། དེ་ནི་སྲོག་ཆགས་གསོད་པའོ། །དེ་ཇི་ལྟར་ཡིན་ཞེ་ན། གང་ཕྱིར་སྲོག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏ། གང་གི་ཕྱིར་སྲོག་ཆགས་རྣམས་ཀྱི་སྲོག་ཏུ་གྱུར་པ་ནི་སེམས་ཉིད་དོ། །འདི་སྐྱེ་བ་མེད་ཉིད་ནི་གཅོད་པའོ། །འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ། བསྒྲལ་བ་ཞེས་བྱ་བ་ཉིད་བརྫུན་གྱི་ཚིག་སྟེ། དོན་དམ་པར་སེམས་ཅན་གྱི་འཇིག་རྟེན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །བཙུན་མོ་ཞེས་བྱ་བ་ནི་རྡོ་རྗེའི་བཙུན་མོའོ། །དེའི་ཁུ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཡང་འཕགས་པའི་ལམ་བསྒོམ་པས་ཐོབ་པ་ཡིན་པས་དེའི་ཕྱིར་མ་བྱིན་པར་ལེན་པའོ། །རང་མཚུངས་མཛེས་ཞེས་བྱང་ནི་བདག་མེད་མ་ལ་སོགས་པའོ། །དེ་ཇི་ལྟར་གཞན་གྱི་བུད་མེད་ཡིན་ཞེ་ན། མཆོག་ཏུ་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །འདི་རྣམས་ཀྱི་རང་བཞིན་ཅི་ལགས་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་རྣམས་ཀྱིའོ། །གཏི་མུག་རྡོ་རྗེ་ལ་སོགས་ལྡན། །ཞེས་བྱ་བ་ནི་ཇི་ལྟར་འཆད་པར་འགྱུར་བའོ། དབང་པོ་དྲུག་ཅེས་བྱ་བ་ནི་མིག་ལ་སོགས་པའོ། །ཡུལ་དང་ཡུལ་ཅན་ཞེས་བྱ་བ་ནི་མིག་ལ་སོགས་པའོ། །འདུ་བྱེད་ཐ་མ་ཞེས་བྱ་བ་རྣམ་པར་ཤེས་པ་བར་དུ་སྟོན་པའོ། །རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི་ལས་དང་པོ་པའི་རྣལ་འབྱོར་མ་རྣམས་སོ། །གོ་བྱའི་ཕྱིར་ཞེས་


DTG003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །འདི་རྣམས་ཀྱི་རང་བཞིན་ཅི་ཞིག་ཅེ་ན། གདོད་ནས་མ་སྐྱེས་ཞེས་བྱ་བ་གསུངས་ཏེ། གདོད་མ་ནས་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ། །དེ་ལྟར་ན་སྣང་བར་ཇི་ལྟར་འགྱུར་ཞེ་ན། བརྫུན་མིན་བདེན་མིན་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྣང་བར་འགྱུར་བ་ཉིད་ནི་བརྫུན་བ་ཉིད་ཡིན་པའི་ཕྱིར་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པའོ། །ཆུའི་ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་ཡང་གཞན་ཡིན་ལ་སྣང་བ་ཡང་གཞན་ཡིན་པ་ཉིད་དོ། །ཤེས་གྱིས་ཞེས་བྱ་བ་ནི་ཤེས་པར་གྱིས་ཤིག་པའོ། །འདོད་པས་ཞེས་བྱ་བ་ནི་ལྟར་འདོད་པའི་དབང་གིས་སོ། །གཙུབ་ཤིང་ཞེས་བྱ་བ་ནི་གཙུབ་པར་བྱེད་པའོ། །གཙུབ་སྟན་ཞེས་བྱ་བ་ནི་གཙུབ་པར་བྱ་བའི་གཞིའོ། །སྐྱེས་བུའི་ལག་བའི་རྩོལ་བ་ཞེས་བྱ་བ་ནི་བྱ་བའོ། །གློ་བུར་དུ་ཞེས་བྱ་བ་ནི་དེ་དག་ལ་ཡོད་པ་མ་ཡིན་ན་ཡང་ངོ༌། །ཡོང་པ་མ་ཡིན་པས་ཞེས་བྱ་བ་ནི་དམིགས་པར་མ་གྱུར་བའོ། །བདེན་པ་མ་ཡིན་ཞིང་ཞེས་བྱ་བ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །བརྫུན་པ་ཡང་མ་ཡིན་ཞེས་བྱ་བ་ནི་དེ་ལྟ་བུར་སྣང་བར་གྱུར་བ་ཉིད་ཀྱི་ཕྱིར་རོ། །ཡིད་ལ་གྱིས་ཤིག་ཅེས་བྱ་བ་ནི་ཡིད་ལ་ཟུང་ཤིག་པའོ། །འཐུང་པར་བྱེད་དོ་ཞེས་བྱ་བ་ནི་ངོམས་པར་འཐུང་བའོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རོའོ། །དགྱེས་ནས་ཞེས་བྱ་བ་ནི་དགྱེས་པར་གྱུར་ནས་སོ། །ཤིན་ཏུ་སྤྲོས་པ་མེད་པ་མཚན་ཉིད་ཅན་གྱི་སྤྱོད་པ་གང་གིས་བྱིན་གྱིས་བརླབས་པའི་ཕྱིར། །རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་བསྟན་པ་ཞེས་བྱ་བ་སྟེ། རབ་ཏུ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ཐོབ་པའི་རྒྱུ་ནི་དེ་ཉིད་ཅེས་བྱ་བའོ། །མཆོད་པ་ཉིད་ནི་རྡོ་རྗེ་སྟེ་བརྟན་པར་གྱུར་པའི་ཕྱིར་རོ། །འདོད་པས་ཞེས་བྱ་བ་ནི་མགུ་བས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཀའོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་བྱང་ཆུབ་ཐོབ་པར་བྱ་བའི་སེམས་ཀྱིས་སམ། ཡང་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སེམས་ཏེ་དེས་སོ། །དེ་ཉིད་བསྟན་པའི་ཕྱིར། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །ཞེས་གསུངས་པ་ཡིན་ནོ། །ཡི་དགས་གནས་ཞེས་བྱ་བ་ནི་དུར་ཁྲོད་


DTG003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །མགོ་སྐྱེས་ཞེས་བྱ་བ་ནི་སྐྲའོ། །དབང་པོ་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་རྣམ་པར་དག་པ་སྔར་མ་མཛད་པའོ། །ཐམས་ཅད་ཡུལ་ཞེས་བྱ་བ་ནི་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཀྱིའོ། །གཏི་མུག་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་མའོ། །ཞེ་སྡང་རྡོ་རྗེ་ནི་བདག་མེད་མའོ། །སེར་སྣ་རྡོ་རྗེ་མ་ནི་གསང་བའི་གཽ་རཱིའོ། །འདོད་ཆགས་རྡོ་རྗེ་མ་ནི་ཆུའི་རྣལ་འབྱོར་མའོ། །ཕྲག་དོག་རྡོ་རྗེ་མ་ནི་རྡོ་རྗེ་མཁའ་འགྲོ་མའོ། །དགོངས་པའི་སྐད་ནི་དགོངས་པ་དང་བཅས་པའི་ཚིག་སྟེ། བསམ་པ་གཙོར་བྱས་ནས་སྨྲ་བ་ཡིན་གྱི་ཡི་གེ་གཙོར་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེ་ཞེས་བྱ་བ་ནི་གསང་བའི་བརྡའོ། །མི་ཤེས་པ་ཞེས་བྱ་བ་ནི་མཚོན་པ་མ་ཡིན་པའོ། །དགོད་དང་ཞེས་བྱ་བ་ལ་སོགས་པས་ནི་ཤིན་ཏུ་གསང་བ་ཉིད་དུ་གསུངས་པ་ཡིན་ནོ། །དགོད་པ་ཞེས་བྱ་བ་ནི་བྱ་བ་དང་སྤྱོད་པ་དང༌། རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པ་རྣམས་སོ། །མ་གསུངས་པ་ནི་མ་བསྟན་པའོ། །རིགས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ལྔ་ཞེས་བྱ་བ་ནི་སོ་སོར་གྱུར་པ་རྣམ་པ་ལྔ་སྟེ་དེ་བཤད་པའོ། །གསང་བའི་སྐད་ནི་སངས་རྒྱས་ཀྱི་རིགས་ཅན་གྱིའོ། །གཡུང་མོ་རྡོ་རྗེའི་རིགས་ཅན་བཤད། །ཅེས་བྱ་བ་ལ་སོགས་པ་ལ་རིགས་ཉིད་རིགས་ཅན་ནོ། །བཤད་ཅེས་བྱ་བ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་སུའོ། །ཅིའི་ཕྱིར་འདི་དག་ལ་རིགས་ཞེས་བྱ་ཞེ་ན། ཤིན་ཏུ་གྲུབ་པར་བྱེད་པའི་ཕྱིར་རོ། །རྡོ་རྗེར་ཞེས་བྱ་བ་ནི་རྡོ་རྗེའི་ཡེ་ཤེས་ཐོབ་པའི་རྒྱུ་མཚན་དུ་གྱུར་པའི་ཕྱིར་རོ། །མཆོད་ནས་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་རྣལ་འབྱོར་གྱིས་སོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་ཞེས་བྱ་བ་ནི་དམ་ཚིག་ཡོངས་སུ་སྐྱོང་བར་བྱེད་པའོ། །དམ་ཚིག་ཉམས་ཞེས་བྱ་བ་ནི་དམ་ཚིག་འདྲལ་བར་བྱེད་པའོ། །ཡམས་དང་འཚེ་བ་ཞེས་བྱ་བ་ནི་དེ་དག་གི་གནོད་པས་ཡོངས་སུ་གནོད་པའོ། །རང་གི་དམ་ཚིག་ཅེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པས་རྙེད་པའོ། །ཁྲོ་བ་ནི་ཞེ་སྡང་ངོ༌། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་དགོངས་པའི་སྐད་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་


DTG003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་པའི་ལེའུ་གསུམ་པའི་འགྲེལ་པའོ།། །།

བཞི་པ། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུའི་འགྲེལ་པ།


DTG003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྙིང་པོ་ལ་སོགས་པ། །ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་སྔོན་དུ་འགྲོ་བའོ། །ཐེ་ཚོམ་དུ་གྱུར་པ་ནི་ཡིད་གཉིས་ཟ་བའོ། །ཅིའི་ཕྱིར་ཐེ་ཚོམ་དུ་འགྱུར་ཞེ་ན། ཐ་མལ་བའི་གླུ་དང་གར་ལ་སོགས་པ་ནི་རྣམ་པར་གཡེང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལྷ་དབང་བསྐུར་བའི་ཞེས་བྱ་བའི་ལྷ་དབང་བསྐུར་བའི་ལེའུ་ལས་མངོན་པར་དབང་བསྐུར་བར་གྱུར་པ་ནི་ཅོད་པན་ལ་རང་གི་རིགས་ཀྱི་བདག་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གིས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་རྒྱས་བཏབ་པའོ། །གང་ས་བོན་ཞེས་བྱ་བ་ནི་ལྷ་གང་གིས་བོན་གང་ཡིན་པའོ། །འཁྲུལ་པ་ནི་ཡོངས་སུ་མི་ཤེས་པར་བདག་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཀོལླ་ཨི་རི་ཞེས་བྱ་བ་ནི་གནས་ཀྱི་ཁྱད་པར་རོ། །མུམྨུ་ནི་ཞེས་བྱ་བ་ནི་ཞིང་ངོ༌། །བོལླ་ཀཀྐོ་ལ་ཞེས་བྱ་བ་ནི་དེས་ཉེ་བར་མཚོན་པའི་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་རིང་ན་གནས་སུ་ཟིན་ཀྱང་འདུ་བ་ཉིད་མཚོན་པར་བྱེད་དོ། །གྷ་ཎ་ཨ་ཞེས་བྱ་བ་རྒྱུན་མི་འཆད་པའོ། །ཀྲི་པི་ཌ་ཧོ་ཞེས་པ་ནི་ཅང་ཏེ་འུའོ། །ཀཱ་རུ་ཎི་ཞེས་བྱ་བ་ནི་ཕན་ཚུན་བརྩེ་བ་དང་ལྡན་པའི་བྱ་བས་ཀུ་ཅོ་མི་བྱེད་པའོ། །རོ་ལཱ་ཞེས་བྱ་བ་ནི་འཐབ་རྩོད་དོ། །འོ་ན་དེ་ལྟར་ནི་མི་བྱེད་ཅེ་ན། བཱ་ལ་ཁ་ཛྫ་ཞེས་བྱ་བ་ལ་སོགས་པ་སྟེ། གྷ་ཌེཾ་ཞེས་བྱ་བ་ནི་ཆོག་པ་མེད་པར་ཇི་ལྟར་ཡོད་པ་བཞིན་འཐུང་པའོ། །ཧ་ལེ་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ལ་འབོད་པའོ། །ཀ་ལིཉྫ་ར་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པ་རྣམས་སོ། །དུ་དྷུ་ར་ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པ་རྣམས་སོ། །ཙ་ཨུ་སུ་མ་ཞེས་བྱ་བ་ནི་མཉམ་པར་འབྱུང་བ་རྣམས་སོ། །ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི་ཞེས་བྱ་བ་ནི་འདུ་བ་བྱས་པ་དེར་ཤིན་ཏུ་ཡང་བཟའ་བར་བྱའོ། །ཤུདྡྷ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའོ། །ཨ་ཤུདྡྷ་ཞེས་བྱ་བ་ནི་ལས་དང་པོ་པ་སྟེ་དེ་དག་མི་ཤེས་པའོ། །ཨ་ག་ཙ་ཌ་ཝི་ཞེས་བྱ་བ་ནི་ལུས་ལ་གདགས་པར་བྱ་བའོ། །ཏ་ཧིཾ་ཛ་ཞེས་བྱ་བ་ནི་དེར་རོ། །ས་རཱ་ཝ་ཞེས་བྱ་བ་ནི་གཞག་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་བཞི་པོ་འདི་དག་ནི་རྐང་པ་བཞི་བཞི་དང་ལྡན་པ་ཡིན་ནོ། །ཚིགས་སུ་བཅད་པ་བཞི་པོའི་རྗེས་ཐོགས་སུ་འདྲུ་བ་ཀ་ཞེས་བྱ་བ་བསྟབས་


DTG003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གླུར་བླང་བར་བྱའོ། །དེ་ཉིད་གསུངས་པ་མ་ལ་ཨ་ཛེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཀོལླ་ཨི་རི་ཞེས་བྱ་བ་ནི་མགོའོ། །བོལླ་ཞེས་བྱ་བ་ནི་དེ་གནས་པའི་ཡི་གེ་ཧཾ་ངོ༌། །མུམྨུ་ནི་ཞེས་བྱ་བ་ནི་ལྟ་བའོ། །ཀ་ཀྐོ་ལཱ་ཞེས་བྱ་བ་ནི་ཡི་གེ་ཨཾ་ངོ༌། །དེ་གཉིས་ཀྱི་རྣལ་འབྱོར་ནི་གྷ་ཎ་སྟེ་རྒྱུན་མི་འཆད་པའོ། །ཀྲི་པི་ཊཱ་ནི་མི་ཤིག་པའི་སྒྲའོ། །བཱཛྫ་ཞེས་བྱ་བ་ནི་དེ་ཀུན་དུ་འབྱུང་བའོ། །ཀཱ་རུ་ཎི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཀ་ཨ་ཨི་ཞེས་བྱ་བ་ནི་མི་བྱེད་པའོ། །ཎ་རོ་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྙོམས་པར་འཇུག་པ་མི་བྱེད་པའོ། །ཏ་ཧིཾ་བི་ལ་ཞེས་བྱ་བ་ནི་བདག་ཉིད་ཀྱི་དངོས་པོའོ། །ཁཛྫ་ཨི་ཞེས་བྱ་བ་ནི་བདག་ཉིད་མི་དམིགས་པར་བྱའོ། །མ་ཨ་ཎ་བི་ཛ་ཨ་ཨི་ཞེས་བྱ་བ་ནི་རྣལ་འབྱོར་ལས་སྐྱེས་པའི་བདེ་བ་ཆེན་པོའི་བཏུང་བ་བཏུང་བར་བྱའོ། །ཀའི་ཉྫ་ཞེས་བྱ་བ་ནི་རླུང་ངོ༌། །པ་ནི་ཨ་ཨི་ཞེས་བྱ་བ་ནི་ནང་དུ་འཇུག་པས་སོ། །དུ་དྷུ་ར་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའོ། །ཙ་ཨུ་ས་མ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོའོ། །ཀཙྪུ་རི་ཞེས་བྱ་བ་ནི་ཚོར་བའོ། །སིཧླ་ཞེས་བྱ་བ་ནི་འདུ་ཤེས་སོ། །ཀ་པུ་ར་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ། །ལཱ་ཨི་ཨ་ཨི་ཞེས་བྱ་བ་ནི་སྦྱོར་བར་བྱེད་པའོ། །མ་ལ་ཨིནྡྷ་ཎ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོའོ། །ཐམས་ཅད་ཀྱང་བདག་ཏུ་ང་རྒྱལ་བའི་བདག་ཉིད་ཅན་ནི་ས་ལི་ཛའོ། །ཏ་ཧཾ་ཞེས་པ་དེར་རྣལ་འབྱོར་པས་བཟའ་བར་བྱ་བ་སྟེ། རང་བཞིན་མེད་པར་བྱ་བའི་དོན་ཏོ། །ཕྲེཾ་ཁ་ཎ་ཁེ་ཊ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཁུ་བ་བདེ་བ་ཆེན་པོ་ནས་འབབ་པ་ནི་ཕྲེཾ་ཁ་ཎ་ཞེས་བྱ་ལ། ཡང་སླར་འཇུག་པ་ནི་ཁེ་ཊ་ཞེས་བྱའོ། །ཤུདྡྷ་ཨ་ཤུདྡྷ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་མི་ཤེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱི་ར་ནི་རཾ་སུ་ཞེས་བྱ་བ་ནི་དེ་དང་ཆོས་མཐུན་པའི་ཕྱིར་ནི་རཾ་སུ་སྟེ་ཁུ་བའི་ཐིགས་པའོ། །དེས་ཨཾ་བྷ་ཞེས་བྱ་བ་ལུས་ཀྱི་ཡན་ལག་རྩ་དག་ལ་དགོད་པར་བྱ་བའོ། །ཏ་ཧིཾ་ཞེས་བྱ་བ་ནི་དེ་ལྟ་བུའི་སྦྱོར་བས་སོ། །ཆོས་ཐམས་ཅད་བདག་མེད་མ་ནི་ས་རཱ་ཝའོ། །པ་ཎི་ཨ་ཨི་ཞེས་བྱ་བ་ནི་རྗེས་སུ་འཇུག་པར་བྱ་ཞེས་བྱ་བའི་དོན་ཏོ། །མ་ལ་ཡ་ཛ་ཞེས་བྱ་བ་ནི་རྩ་རྣམས་འདུས་པའོ། །


DTG003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཌཎྜི་མ་ཞེས་བྱ་བ་ཆོས་ཐམས་ཅད་མི་དམིགས་པའི་ཏིང་ངེ་འཛིན་ཏོ། །ཎྞ་བཛྫ་ཨ་ཨི་ཞེས་བྱ་བ་ནི་རང་གི་ངང་གིས་འཇུག་པར་བྱའོ་ཞེས་བྱ་བར་དགོངས་པའོ། །ཧེ་རུ་ཀའི་གཟུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་ཧེ་རུ་ཀའི་གཟུགས་ནི་ཧེ་རུ་ཀའི་ལུས་སོ། །ཇི་ལྟ་བུ་ཞིག་ཅེ་ན། དྲན་པ་མི་འཕྲོགས་རྣལ་འབྱོར་ལས། །ཞེས་བྱ་བ་སྟེ། ཏིང་ངེ་འཛིན་བརྟན་པ་ལས་སོ། །དེ་ཉིད་གསུངས་པ། བསྒོམ་པ་ལ་ཆགས་སེམས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཆོས་ཞེས་བྱ་བ་ནི་པདྨ་གར་གྱི་དབང་ཕྱུག་གོ །སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གཟུགས་སོ། །མ་མོ་ཡིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་བདག་མེད་མའོ། །འདི་དག་ཅེས་བྱ་བ་ནི་བསྟན་པའི་མཚན་ཉིད་ཅན་འདི་དག་གོ །ལེགས་པར་ཞེས་བྱ་བའི་དོན་ཏོ། །ཚོགས་སྲུང་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་སྲུང་བའོ། །དབང་བྱེད་ཅེས་བྱ་བ་ནི་དབང་དུ་འགྱུར་བའོ། །འདིས་ནི་ཞེས་བྱ་བ་ནི་འདིས་སྔགས་བཟླས་པ་ཡང་བྱས་པར་འགྱུར་རོ། །དྲི་ནི་ཞེས་བྱ་བ་ནི་དྲི་ཉིད་དོ། །གླུའི་བྱིན་རླབས་ཀྱིས་རྣལ་འབྱོར་མ་རྣམས་དེར་མཚོན་པར་བྱ་བ་སྟེ་མཚན་མའོ། །སྒྲ་ཞེས་བྱ་བ་ནི་ཀུ་ཅོ་སྟེ་ངང་པ་ལ་སོགས་པའོ། །གླུའི་བྱིན་རླབས་ཀྱིས་མཐའ་ནས་ཐོས་པར་འགྱུར་རོ། །པ་ལང་འཚེ་ཞེས་བྱ་བ་ནི་ཅ་སྤྱད་དོ། །ཕྱི་རོལ་ཚལ་དུའང་ཞེས་པའང་གི་སྒྲས་ནི་ནམ་མཁའ་ཡང་བསྡུའོ། །འདིས་ནི་གླུ་དང་གར་ཞེས་བྱ་བ་དྲིས་པའི་ལན་བསྟན་པ་ཡིན་ནོ། །དྲིས་པ་གཉིས་པའི་ལན་བསྟན་པའི་ཕྱིར་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་དང་རྟགས་དང་མཚན་མ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཕྱག་རྒྱ་འདིས་མཚོན་པར་བྱ་སྟེ་རབ་ཏུ་རྟོགས་པར་བྱའོ། །འདི་དག་གིས་ཅིར་འགྱུར་ཞེ་ན། རིགས་འཆོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་སྒོམ་པར་བྱེད་པ་ན། རིགས་གཞན་གྱིས་རྒྱས་བཏབ་པར་གྱུར་པ་ན། སྒྲུབ་པ་པོས་དངོས་གྲུབ་འགྲུབ་པར་མི་འགྱུར་གྱི། དམ་ཚིག་ཉམས་པར་གྱུར་པས་དེའི་ཕྱིར་རིགས་ཡོངས་སུ་ཤེས་པར་བྱ་བ་ལ་འབད་པར་བྱའོ་ཞེས་བྱ་བར་དགོངས་པའོ། །བདག་མེད་མ་ཞེས་བྱ་བ་ལ་སོགས་པ་ལ་ཞེ་སྡང་ནི་མི་བསྐྱོད་བའོ། །གཏི་མུག་ནི་


DTG003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་དོ། །ཕྲ་མ་ནི་རིན་ཆེན་འབྱུང་ལྡན་ནོ། །ཆགས་པ་ནི་སྣང་བ་མཐའ་ཡས་སོ། །ཕྲག་དོག་ནི་དོན་ཡོད་གྲུབ་པའོ། །པུཀྐ་སཱི་ཞེས་བྱ་བ་ལ་སོགས་པ་ལ། པུཀྐ་སཱི་དང་ཤ་པ་རཱི་དང་ཙཎྜ་ལཱི་དང་ཌོམྦི་ནཱི་རྣམས་ལ་ཞེ་སྡང་དང་གཏི་མུག་དང་ཕྲ་མ་དང་འདོད་ཆགས་རྣམས་ཀྱིས་སོ། །ཡང་ནི་གཽ་རཱི་ཞེས་བྱ་བ་ནི་སྐྱོང་མ་སྟེ། གཽ་རཱི་དང་ཙཽ་རཱི་དང་བེ་ཏཱ་ལཱི་དང་གྷསྨ་རཱི་རྣམས་ལ་ཞེ་སྡང་དང་ཕྲ་མ་དང་གཏི་མུག་དང་འདོད་ཆགས་རྣམས་ཀྱིས་རིམ་བཞིན་ནོ། །གཏི་མུག་གིས་ནི་ས་སྤྱོད་མའོ། །འདོད་ཆགས་ཀྱིས་ནི་མཁའ་སྤྱོད་མའོ། །འདོད་པས་ཞེས་བྱ་བ་ནི་གུས་པ་ཤེས་ནས་སོ། །དྲིས་པ་གསུམ་པའི་ལན་བསྟན་པའི་ཕྱིར་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱི་ལི་དང་པོ་ནི་ཡི་གེ་ཨའོ། །བདག་མེད་པ་ཞེས་བྱ་བ་ནི་བདག་མེད་མའི་ས་བོན་ནོ། །བཞི་པའི་ལན་བསྟན་པའི་ཕྱིར་རིགས་ཀྱི་ལེའུ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །གསུངས་ཞེས་བྱ་བ་ནི་བསྟན་པའོ། །བཅུ་དྲུག་གཉིས་ཞེས་བྱ་བ་ནི་སུམ་ཅུ་རྩ་གཉིས་ཏེ་རྩ་གཉིས་གཉིས་ལ་རྣལ་འབྱོར་མ་རེ་རེའོ། །རིམ་པ་བཞིན་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུའོ། །ལ་ལ་ར་ས་ཞེས་བྱ་བ་ལ་སོགས་པའི་རྩ་གསུམ་ནི་བདག་མེད་རྣལ་འབྱོར་མ་ཞེས་བརྗོད་པ་སྟེ། རྣལ་འབྱོར་མ་བཅོ་ལྔར་དོན་གྱིས་བསྟན་པར་འགྱུར་ཏེ། གེ་ཧ་དང་ཙན་ཏི་ཀ་དང་མ་ར་ད་རི་ཀ་ནི་མཁའ་སྤྱོད་རྣལ་འབྱོར་མའོ། །གལ་ཏེ་སུམ་ཅུ་རྩ་གཉིས་ཀྱི་ཕྱེད་ནི་བཅུ་དྲུག་ཏུ་འགྱུར་བ་ཡིན་ནོ། །ཇི་ལྟར་རྣལ་འབྱོར་མ་བཅོ་ལྔར་འགྱུར་ཞེ་ན། དེའི་ཕྱིར། འབད་པས་ཀུན་གྱི་ལྷག་མ་སྤང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་གྱི་ཐ་མའི་ཆ་སྤང་བར་བྱ་སྟེ། འདི་ནི་རྣལ་འབྱོར་མའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཞེ་ན། གང་ཕྱིར་བཅུ་དྲུག་ཆ་མེད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་མི་བྱེད་པས་ནི་དོན་གྱི་བྱ་བ་མི་བྱེད་པ་སྟེ། དེ་ཡང་དཀར་པོའི་ཕྱོགས་ཀྱིས་ཚེས་གྲངས་བཅོ་ལྔས་ཟླ་བའི་ཆ་སྣང་བ་འཕེལ་བའི་དོན་མཚོན་པའི་བྱ་བ་བྱེད་ཀྱི། །བཅུ་དྲུག་པས་ནི་མ་ཡིན་ཏེ། དེ་ནི་འགྲིབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་ཕྱིར་འབད་པས་སྤང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། བྱང་


DTG003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་སུ་འགྱུར་ཞེས་བྱ་བ་ལ་སོགས་པ་དང༌། ག་པུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིས་ཞེས་བྱ་བ་ནི་རྣམ་པར་བརྟག་པའོ། །མི་སྤང་ཞེས་བྱ་བ་ནི་ཅིས་ཀྱང་སྤང་བར་བྱ་བ་མ་ཡིན་པའོ། །རྣལ་འབྱོར་མ་ཀུན་ཞེས་བྱ་བ་ནི་རྩ་ཐམས་ཅད་ལས་བྱུང་བའོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རྒྱུར་གྱུར་པའོ། །ཡང་དང་ཡང་འབྱུང་བས་འགྲིབ་བ་མེད་ཅེས་བྱ་བའོ། །ལུས་ཐམས་ཅད་ལ་གནས་པའི་ཕྱིར་ཁྱབ་པའོ། །ནམ་མཁའ་ཞེས་བྱ་བ་ནི་སྐྱེ་གནས་ཏེ་འགྲོ་བར་གྱུར་པས་ནམ་མཁའོ། །ཇི་སྐད་སྨྲས་པ་དེ་བཞིན་ཞེས་བྱ་བ་ནི་གཏང་བར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་འཁོར་ལོ་སོགས་ཞེས་བྱ་བའི་སོགས་པའི་སྒྲས་ནི་རྣལ་འབྱོར་མ་གཞན་ཡང་བསྒོམ་པར་བསྟན་པའོ། །རང་བྱིན་བརླབ་པ་ནི་རྫོགས་པའི་རིམ་པའི་སྒོམ་པའི་མན་ངག་གོ །གང་དུ་བསྐྱེད་པར་བྱ་ཞེ་ན། བུད་མེད་པདྨ་བདེ་པ་ཅན། །ཞེས་བྱ་བ་གསུངས་ཏེ། ཅིའི་ཕྱིར་བདེ་བ་ཅན་ཞེས་བྱ་ཞེ་ན། བདེ་བ་བསྲུང་བ་ཉིད་ཀྱི་ཕྱིར། །ཞེས་བྱ་བ་གསུངས་སོ། །གལ་ཏེ་འདི་དག་ཐམས་ཅད་མོས་པ་ཙམ་ཡིན་པས་འདི་དག་ནི་འཁོར་བ་ཉིད་ཡིན་ལ་བདག་ནི་ཐར་པ་འདོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་ཉིད་འཁོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ལས་མྱ་ངན་ལས་འདས་པ་ཞེས་བྱ་བར་རྟོགས་པར་བྱ་བའི་ཡུལ་གཞན་མ་ཡིན་ནོ་ཞེས་བྱ་བ་དགོངས་པའོ། །འདི་རྣམས་ཞེས་བྱ་བ་ལ་སོགས་པ་ལ་རང་གི་མཚན་ཉིད་འཛིན་པས་ཆོས་སོ། །དོན་དམ་པ་ཉིད་ནི་མྱ་ངན་ལས་འདས་པ་སྟེ། ཀུན་གྱི་ཡང་དག་པའི་མཐའ་ནི་ཆོས་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་དག་མྱ་ངན་ལས་འདས་པ་ཡིན་ན་འཁོར་བ་གང་ཡིན་ཞེ་ན། འདི་དག་ཉིད། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །ཅེས་བྱ་བ་གསུངས་ཏེ། རྨོངས་པ་ནི་མི་ཤེས་པ་སྟེ། རང་གི་ངོ་བོ་མ་རྟོགས་པའི་ཕྱིར་རོ། །རྨོངས་མེད་ཅེས་བྱ་བ་ནི་བླ་མ་ལས་མན་ངག་ཐོབ་པའོ། །འཁོར་བར་གནས་པས་ན་འཁོར་བའོ། །དག་པ་ཞེས་བྱ་བ་ནི་སྔར་བསྟན་པའོ། །མྱ་ངན་ལས་འདས་པར་འགྱུར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་འདྲ་བར་འགྱུར་བའོ། །ཇི་ལྟར་ཞེ་ན། བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་


DTG003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་ཚུལ་ཅན་ནོ། །ཞེས་བྱ་བ་མྱ་ངན་ལས་འདས་པ་ནི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀུན་རྫོབ་ནི་ཀུནད་དང་འདྲ་སྟེ། ལོངས་སྤྱོད་རྫོགས་པའི་མཚན་ཉིད་ཅན་ནོ། །འདི་དག་གིས་ག་པུར་ཅིས་ཀྱང་མི་སྤང་ཞེས་བྱ་བའི་འཕྲོས་པ་རྫོགས་པར་བསྟན་པ་ཡིན་ཞིང་དེའི་ཐབས་ཀྱང་བསྟན་པ་ཡིན་ནོ། །ད་ནི་ཀུན་རྫོབ་འབྱུང་བར་འགྱུར་བར་བསྟན་པའི་ཕྱིར། ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཁྲག་དང་ཁུ་བ་འབྱུང་བའི་ཞེས་བྱ་བ་ནི་གསང་བའི་དབང་ལ་སོགས་པས་དབང་བསྐུར་བའོ། །བརྟུལ་ཞུགས་ཅན་ནི་སྒྲུབ་པའོ། །བློའི་སྟོབས་ཞེས་བྱ་བ་ནི་འཕེལ་བར་བྱེད་པའི་ཕྱིར་རོ། །འདིས་ནི་ག་པུར་ངེས་པར་མི་སྤང་ཞིང༌། །ཞེས་བྱ་བ་རྫོགས་པ་ཡིན་ནོ། །ད་ནི་དོན་དམ་པའི་ངོ་བོའི་ག་པུར་གྱི་ངོ་བོ་འབྱུང་བའི་རིམ་པ་བསྟན་པའི་ཕྱིར། །ག་པུར་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་མེད་པ་ཞེས་བྱ་བ་ནི་དངོས་པོ་མེད་པའོ། །ཅིའི་ཕྱིར་ཞེ་ན། བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རྒྱུ་གང་གི་ཕྱིར་བདེ་བ་ནི་བདེ་བ་ཆེན་པོའོ། །དེ་ནི་བདག་མེད་པའི་ཚུལ་ཅན་ཞེས་བྱ་བ་དངོས་པོ་མེད་པའི་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་བདག་མེད་པའིའོ། །བདེ་བ་ནི་ཐོབ་པར་འགྱུར་བའི་རྒྱུ་མཚན་ནོ། །དེ་ཅི་ཞིག་ཅེ་ན། ཕྱག་རྒྱ་ཆེ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་མཆོག་དང་ནང་གི་བདག་ཉིད་ཅན། །ཞེས་བྱ་བའི་བར་དུའོ། །དེ་གང་ན་གནས་ཤེ་ན། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བའི་དཀྱིལ་འཁོར་ནི་སྤྲུལ་པའི་འཁོར་ལོའོ། །དེ་བློར་ཞེས་བྱ་བ་ནི་ཤེས་རབ་སྟེ། ལས་ཀྱི་ཕྱག་རྒྱ་ལ་ལྟོས་ནས་ཁྱད་པར་ཅན་གྱི་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ནི་རིང་མིན་ཞེས་བྱ་བ་ལ་སོགས་པ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་ནི་རྣལ་འབྱོར་པ་ཉིད་དོ། །བདེ་བ་བཟའ་བ་ཉིད་ཅེས་བྱ་བ་ནི་གོམས་པར་བྱེད་པའི་དུས་སུའོ། །དེ་དང་ལྷན་ཅིག་ཅེས་བྱ་བ་ནི་གང་ཡང་བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི་དེ་ཉིད་ཕྱག་རྒྱའོ། །དེ་ཉིད་ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་དེ་རབ་ཏུ་བསྒྲུབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །ལྷའི་རྣལ་འབྱོར་མ་ཞེས་བྱ་བ་ནི་དེ་


DTG003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་བདག་མེད་མའོ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བདག་མེད་ཅེས་བྱ་བ་ལ་དེའི་དེ་ཁོ་ན་ཉིད་ཅི་ཞིག་ཅེ་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཞེས་བྱ་བ་གསུངས་ཏེ། འདི་ནི་དྲིས་པ་ལྔའི་ལན་ནོ། །རྡོ་རྗེ་སྙིང་པོས་གསོལ་བ་ཞེས་བྱ་བ་ཅི་ཞིག་གསོལ་ཞེ་ན་སྡོམ་པའི་དོན་ཏེ། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ལུས་ཀྱི་དབུས་ནི་ལྟེ་བའོ། །ཨེའི་རྣམ་པ་ཞེས་བྱ་བ་ནི་དབྱངས་ཡིག་དང་པོའོ། །གནས་ཞེས་བྱ་བ་ནི་རྟག་ཏུ་གནས་པ་ཉིད་དོ། །སྡོམ་པའི་དོན་བསྟན་པའི་ཕྱིར། །ཇི་ལྟར་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕྱི་རོལ་གྱི་བདག་མེད་མ་བསྒོམ་པ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏེ། དེ་ལས་དམན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་སུ་བསྡུས་པའི་ཕྱིར་སྡོམ་པའོ་ཞེས་བྱ་བར་དགོངས་པའོ། །དེ་ཡང་འདིར་བདག་མེད་མའི་དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན་དུ་ལྟེ་བར་གནས་པའི་ཡི་གེ་ཨ་ཡང་ཡིན་ནོ། །ཇི་ལྟར་ལྟེ་བ་ན་གནས་པའི་ཡི་གེ་ཨ་བདག་མེད་མའི་སྡོམ་པ་ཡིན་པ་ལྟར། རྡོ་རྗེ་སྐྱེ་མཆེད་ཅེས་བྱ་བ་ཡི་གེ་ཧཱུཾ་ཡང་ངོ༌། །ཐབས་ཉིད་ཀྱིས་ཞེས་བྱ་བ་ཐབས་དགྱེས་པའི་རྡོ་རྗེ་ཐུགས་ཀ་ན་གནས་པའི་སྡོམ་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་དེ་གཉིས་རྡོ་རྗེ་རྩེ་མོར་ཕྱིན་པའི་བདེ་བ་ནི་ཕྱག་རྒྱ་ཆེན་པོའི་སྐུ་འགྲུབ་པའི་རྒྱུར་གྱུར་བ་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་དགོངས་པའོ། །འདིས་ནི་ཞེས་བྱ་བ་ལ་སོགས་པ་ལ་གསང་བའི་སྙོམས་འཇུག་ནི་ནང་གི་བདག་ཉིད་ཅན་གྱི་སྙོམས་པར་འཇུག་པའོ། །འདི་ལ་དཔེ་ཅི་ཞིག་ཡོད་ཅེ་ན། ཕྱི་རོལ་གཉིས་ཀྱི་གཉིས་ཞེས་བྱ་བ་གསུངས་ཏེ། བདག་མེད་མ་དང་ཧེ་རུ་ཀའི་སྙོམས་པར་འཇུག་པའོ། །སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམས་ཀྱི་སྐུ་གསུམ་ནི་སྐུ་གསུམ་མོ། །དེ་རྣལ་འབྱོར་མའི་ལུས་ཀྱི་ནང་དུ་གནས་པར་བརྗོད་པར་བྱའོ། །གསུམ་ཡོངས་སུ་ཤེས་པ་ནི་མཉམ་པ་ཉིད་དུ་ཤེས་པའི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བའི་དོན་ཏེ། སྐུ་གསུམ་སྡོམ་པའི་གཟུགས་བདེ་བ་ཆེན་པོའི་འཁོར་ལོའི་རྣམ་པར་


DTG003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འཁོར་ལོ་རྣམས་ཀྱི་མིང་བསྟན་པའི་ཕྱིར་ཆོས་དང་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་གནས་ཞེས་བྱ་བ་ནི་ལྟེ་བའི་འོག་གི་ཡུལ་ལོ། །སྐུ་གསུམ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་གནས་དང་འབྲེལ་བའི་གནས་ཀྱི་རིགས་པ་བསྟན་པའི་ཕྱིར། མ་ལུས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ཞེས་བྱ་བ་ནི་སྐྱེ་གནས་སོ། །བརྗོད་བྱ་ཞེས་བྱ་བ་ནི་རབ་ཏུ་བསྟན་པར་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་འགྱུར་བའོ། །སྤྲུལ་པར་བྱེད་པའི་ཆོས་མཐུན་པ་ཡོད་པས་སྤྲུལ་པའོ། །གཞན་ཡང་སངས་རྒྱས་རྣམས་འཁོར་བ་ཇི་སྲིད་ཀྱི་བར་དུ་སྤྲུལ་པའི་སྐུས་བཞུགས་པས་དེའི་གནས་བརྟན་པའོ། །དེའི་ཕྱིར་གནས་པར་གྱུར་པ་ཉིད་ཀྱི་ཆོས་མཐུན་པ་ཡོད་པས་སྐྱེ་གནས་ཀྱང་གནས་བརྟན་ཞེས་བྱའོ། །དེས་ན་གང་གི་ཕྱིར་གང་གིས་བསྐྱེད་དང་ཞེས་བྱ་བ་གསུངས་སོ། །ཆོས་ཀྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སེམས་ཙམ་མོ། །དེའི་ཕྱིར་ཆོས་སྐུའི་གནས་ནི་སེམས་ཏེ། གནས་ཡིན་པའི་ཕྱིར་རོ། །བཟའ་བ་ངེས་པར་ལོངས་སྤྱོད་ཅེས་བྱ་བ་ལ་བཟའ་བ་ནི་ཉེ་བར་སྤྱོད་པར་བྱེད་པའོ། །རོ་རྣམས་ཞེས་བྱ་བ་ནི་མགྲིན་པར་ཞེས་བྱ་བ་དང་སྦྱར་བར་བྱའོ། །ལོངས་སྤྱོད་པར་མཚུངས་པས་དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །ཡང་ལོངས་སྤྱོད་རྫོགས་པའི་སྐུ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་ཆོས་སྟོན་པའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་སྐུའོ། །སྤྱི་བོར་ཞེས་བྱ་བ་ནི་མགོ་ལ་གནས་པའོ། །དེ་ལྟར་འཁོར་ལོ་བཞི་ཇི་ལྟར་ལུས་རྣམས་བསྡུས་པ་དེ་བཞིན་དུ་འབྲས་བུ་རྣམས་དང་སྡེ་པ་རྣམས་ཀྱང་བསྡུས་པ་ཡིན་ནོ་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར། ཨེ་ཝཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་ཝཾ་རྣམ་པ་ཞེས་བྱ་བ་ནི་སྐྱེ་གནས་ཀྱི་འཁོར་ལོའོ། །དེར་ཅི་ཞིག་ཅེ་ན། རྒྱུ་མཐུན་ཉིད་ཅེས་བྱ་བ་གསུངས་ཏེ་འབྲས་བུའོ། །ཆོས་ཀྱི་འཁོར་ལོ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ལོངས་སྤྱོད་ཀྱི་འཁོར་ལོ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །བདེ་བ་ཆེན་པོའི་འཁོར་ལོ་ནི་དྲི་མ་མེད་པའི་འབྲས་བུའི་ཞེས་བྱ་བའི་དོན་ཏོ། །སུ་ཞིག་ནི་


DTG003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་འབྲས་བུ་ལ་སྤྱོད་པར་འགྱུར། སུ་ཞིག་ནི་སྦྱིན་པར་འགྱུར་ཞེ་ན། ལས་ལ་བཅོམ་ལྡན་འདས་ཤེས་རབ་སྤྱོད་ཅེས་བྱ་བ་གསུངས་ཏེ། ལས་ཀྱི་འབྲས་བུ་ནི་ལས་ཞེས་བྱ་སྟེ་དེ་ལ་སྤྱོད་པ་ནི་ཤེས་རབ་ཉིད་ཡིན་གྱི་བདག་ལ་སོགས་པ་གཞན་ནི་མ་ཡིན་ནོ། །ལས་ཀྱི་རླུང་ནི་ལས་ཀྱི་དབང་ངོ༌། །དེ་ཡང་ལས་ཉིད་ཡིན་གྱི་གཞན་པ་དག་དང་དབང་ཕྱུག་ལ་སོགས་པ་མ་ཡིན་ནོ། །རྒྱུ་མཐུན་པའི་ལས་ལ་སོགས་པའི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། ཇི་ལྟར་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་ཕྱག་རྒྱ་དང་སྤྲོས་པ་བསྒོམ་པའི་མཚན་ཉིད་ཅན་གྱིས་དེ་དང་རྗེས་སུ་མཐུན་པའི་སྤྲོས་པའི་སྤྱོད་པ་འཆད་པར་འགྱུར་བའི་སྤྲོ་བ་དང་བསྡུ་བ་ལ་སོགས་པས་ཇི་ལྟར་བདག་ཉིད་རྡོ་རྗེ་འཆང་གི་སྐུ་འགྲོ་བའི་དོན་ལ་སོགས་པ་མཛད་པའོ། །དེ་བཞིན་སྤྱོད་ཅེས་བྱ་བ་ནི་འཐོབ་པའོ། །རྒྱུ་མཐུན་ཞེས་ནི་རབ་ཏུ་བསྒྲགས། །ཞེས་བྱ་བ་ནི་བསྟན་པ་སྟེ། རྒྱུ་མཐུན་རྒྱུ་དང་འདྲ་བའི་ཕྱིར། །ཞེས་བྱ་བའི་ཚིག་གིས་སོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་དེ་ལས་བཟློག་པ་སྟེ་འདྲ་བ་ལས་བཟློག་པའོ། །མཚན་ཉིད་འདི་དག་དང་བྲལ་བ་ནི་ཆོས་ཀྱི་ཕྱག་རྒྱལ་ཡོད་དེ། དེ་ཡང་ཆོས་ཀྱི་ཕྱག་རྒྱ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤྲོས་པ་མེད་པའི་སྤྱོད་པས་གནས་པ་ནི་ལས་ཆུང་ཡང་འབྲས་བུ་ཆེན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའོ། །ཕྱག་རྒྱ་ཆེན་པོ་ནི་ཡང་ལོངས་སྤྱོད་ལ་སྟེ་སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་ཡང་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་བདག་ཉིད་ཀྱི་སྐྱེས་བུར་གྱུར་པས་བསྒྲུབས་པའི་འབྲས་བུའོ། །དེའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱ་སྟེ། བརྩོན་འགྲུས་དམན་པ་རྣམས་ཀྱིས་དེ་ལ་དབང་བ་མ་ཡིན་པའི་ཕྱིར་རོ། །དྲི་མེད་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རོ། །དེའི་དག་པ་ནི་དབང་བསྐུར་བའི་རྗེས་ཐོགས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །དེ་ཡང་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པ་བསྒོམས་པས་དག་པའི་བློ་དང་ལྡན་པས་དབང་པོ་རབ་རྣམས་ནི་བསྒོམ་པ་ལ་ལྟོས་མི་དགོས་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་སྟེ། འབྲས་བུ་དེ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའོ། །གནས་བརྟན་ཞེས་བྱ་བ་ལ་སོགས་


DTG003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གནས་བརྟན་པ་ཉིད་ཀྱི་སྦྱོར་བ་ཡོད་པས་སྤྲུལ་པའི་འཁོར་ལོ་གནས་བརྟན་པའི་སྡེ་བའོ། །ཐམས་ཅད་ཡོད་དོ་ཞེས་སྨྲ་བ་འདི་ལ་ཡོད་པས་ཐམས་ཅད་ཡོད་པར་སྨྲ་བ་སྟེ་སེམས་ཀྱི་འཁོར་ལོ་ཉིད་དོ། །དེ་ཅི་ལྟར་ཞེ་ན། སྨྲ་བས་འབྱུང་བའི་ཕྱིར་ཞེས་བྱ་བ་སྨྲ་སྟེ། རྒྱུ་ལ་དེ་སྐད་ཅེས་བྱའོ། །ཡང་དག་པར་རིག་པར་སྦྱོར་བས་མང་པོས་བཀུར་བ་ཉིད་ཅེས་བྱ་སྟེ་རོ་དྲུག་ཡང་དག་པར་རིག་པའི་ཕྱིར་རོ། །ཆེན་པོ་ཡང་དེ་ཉིད་ཡིན་ལ་སངས་རྒྱས་ཀྱི་ཆོས་རྣམས་འདུས་པ་ཡང་ཡིན་པའི་ཕྱིར། བདེ་བ་ཆེན་པོའི་འཁོར་ལོ་ནི་དགེ་འདུན་ཕལ་ཆེན་ནོ། །དེ་ཉིད་ཀྱི་ཕྱིར་མགོར་གནས་པས་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱི་སྟེང་ན་གནས་པ་ཉིད་དོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བ་སྟེ། དེའི་ཕྱིར་དགེ་འདུན་ཕལ་ཆེན་ཞེས་བྱ་བར་དགོངས་པའོ། །ད་ནི་སྡོམ་པའི་ཁྱད་པར་གཞན་བསྟན་པར་བྱ་བའི་ཕྱིར། སྡེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡེ་བ་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་གྱིའོ། །དེའི་སྡོམ་པ་ནི་རྣལ་འབྱོར་མའི་ལུས་ཏེ། ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ལྟོ་བ་ཞེས་བྱ་བ་ནི་མའི་མངལ་ལོ། །འདོད་ཆགས་བྲལ་ཞེས་བྱ་བ་ནི་སྐྱེ་བའི་དུས་ན་སྐྱེ་གནས་དང་ལྡན་པའི་ཚོ་འདོད་ཆགས་མེད་པའི་ཕྱིར་རོ། །འཁྲུལ་མིན་དྲི་མ་ཅན་མ་ཡིན་བའོ། །སྔགས་འདོན་ཞེས་བྱ་བ་ནི་སྔགས་བརྗོད་པ་དང་ལྡན་བཞིན་པའོ། །གཅེར་བུ་ཞེས་བྱ་བ་ནི་རྐེད་པ་མ་བཅིངས་པའོ། །འདི་དག་ཅེས་བྱ་བ་ནི་བསྟན་པ་འདི་དག་གོ །ས་བཅུའི་དབང་ཕྱུག་ཅེས་བྱ་བ་ནི་སྐྱེ་བའི་སྔོན་རོལ་ལོ། །ཚིག་འདི་དག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་བྱའོ། །ས་དང་ཆུ་ཞེས་བྱ་བ་ལ་སོགས་པ་ལས་ནི་སྦྲུལ་པའི་འཁོར་ལོའོ། །ཆུ་ནི་ཆོས་ཀྱི་འཁོར་ལོའོ། །རླུང་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །བྱིན་བྲ་ནི་ལོངས་སྤྱོད་ཀྱི་འཁོར་ལོའོ། །ཁྱོད་ཅེས་བྱ་བ་ནི་ཁྱེད་ཉིད་ཅེས་བྱ་བ་སྟེ་སངས་རྒྱས་སྤྱན་དང་མཱ་མ་ཀཱི་དང་ན་བཟའ་དཀར་མོ་དང་སྒྲོལ་མ་སྟེ་སྣོད་དུ་གྱུར་པ་རྣམས་སོ། །ཀྱེ་ལྷ་མོ་རྣམས་ཅི་འདི་དག་རྟོགས་པར་མ་གྱུར་ཏམ་ཞེས་བྱ་བའོ། །ཀྱི་དཔའ་མོ་བདག་མེད་མ་ཁྱོད་ཉིད་


DTG003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་དབང་དུ་གྱུར་པ་ཡིན་ཏེ། ང་ནི་བརྫུན་དུ་སྨྲ་བ་མ་ཡིན་ནམ། ཅིའི་ཕྱིར་ཁྱེད་བརྒྱལ་བར་གྱུར་ཞེས་བྱ་བའོ། །གལ་ཏེ་གང་གི་ཕྱིར་འདི་ལྟ་བུའི་མཆོག་ཏུ་གསང་བརྗོད་པར་བྱེད་ཅེ་ན། སྤྲོ་ཡིས་ཉོན་ཞེས་བྱ་བ་གསུངས་ཏེ། སྤྲོ་ཡིས་ཞེས་བྱ་བ་ནི་རྒྱས་པར་བྱེད་པའོ། །དེ་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་བསྟན་པའོ། །གང་ཞིག་སུས་ཀྱང་མི་ཤེས་པ། །ཞེས་བྱ་བ་ནི་དེ་ཉིད་ཁོ་ན་མཆོག་ཏུ་གྱུར་པའི་སྙིང་རྗེས་ཁྱོད་ཉིད་དེ་ཁོ་ན་ཉིད་ཀྱི་དོན་འདི་ལ་རབ་ཏུ་མཁས་པར་བྱ་བའི་ཕྱིར་ཏེ། འདི་ལ་ངོ་མཚར་དུ་གྱུར་པ་ཅི་ཞིག་ཡོད་ཅེས་བྱ་བར་དགོངས་པའོ། །བཤད་པ་གཅིག་ཡིན་ནོ། །ས་དང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དང་པདྨར་སྦྱོར་བ་ལས་དང་པོ་གཉིས་ཀྱི་སྲ་བའི་ཡེ་ཤེས་ནི་སའི་ཁམས་སོ། །གཤེར་བ་ཉིད་ཀྱི་ཡེ་ཤེས་ནི་ཆུའི་ཁམས་སོ། །སྤྱོད་པས་ཡོངས་སུ་སྨིན་པ་ནི་མེའི་ཁམས་སོ། །ཁམས་ཡང་དག་པ་འབྱུང་བ་ནི་རླུང་གི་ཁམས་སོ། །འདི་དག་ཉིད་ཀྱི་སྣོད་དུ་གྱུར་པ་ནི་ཁྱོད་ཉིད་དེ་སྡེ་པ་བཞི་པོ་གཞན་དང་གཞན་གྱི་ངོ་བོ་ཉིད་དུ་གྱུར་པ་ཉིད་དོ། །བདེ་བ་ཆེན་པོའི་ཡེ་ཤེས་ནི་དཔའ་མོའོ། །དེ་ཉིད་ང་ཉིད་དེ་རྡོ་རྗེ་འཆང་གི་ངོ་བོའོ། །སྤྲོ་ཡིས་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་བཤད་པར་བྱ་བའོ། །གང་གི་ཕྱིར་སུས་ཀྱང་མི་ཤེས་པ་དེ་ཁོ་ན་ཉིད་དོ། །དེའི་ཕྱིར་སྲོག་རྙེད་པར་གྱུར་ཏོ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་སེམས་ཅན་རྣམས་ལ་བསྟན་པར་བྱ་བ་ཡིན་ན་དེ་ལྟ་ན་གང་དུ་སེམས་ཅན་རྣམས་སངས་རྒྱས་ཉིད་དུ་ཐེ་ཚོམ་མེད་ཅེས་ཅིའི་ཕྱིར་བསྟན་པར་བཤད་ཅེ་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་བྱ་བ་གསུངས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་ཚིག་གོ །བདེན་ཏེ་ཞེས་བྱ་བ་ནི་ཁས་ལེན་པའོ། །གལ་ཏེ་དྲི་མས་བསྒྲིབས་པར་གྱུར་པ་ཡིན་ན་འདི་དག་ཐར་པར་ཇི་ལྟར་འགྱུར་ཞེ་ན། བརྒྱལ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཙན་དུག་ཅེས་བྱ་བ་དུག་ཟོས་པར་གྱུར་པས་འཇིག་རྟེན་བརྒྱལ་བར་གྱུར་པའོ། །དེ་ཉིད་ནི་དེའི་མྱ་ངན་ཡོངས་སུ་གཅོད་པའི་མཆོག་ཡིན་པས་དེ་སྐད་ཅེས་བྱ་བ་སྟེ། འདི་ནི་དཔེ་ཡིན་ནོ། །


DTG003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དཔེས་བསྟན་པ་བརྗོད་པའི་ཕྱིར། དེ་བཞིན་ཞི་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བ་ཞེས་བྱ་བ་ནི་ཐར་པའོ། །དགྱེས་པའི་རྡོ་རྗེའི་ངལ་སོས་པས་ནི་ཤིན་ཏུ་དབུགས་ཐོན་པའོ། །མ་རིག་པ་ནི་ཉོན་མོངས་པ་ཅན་གྱིས་མི་ཤེས་པའོ། །སོགས་བ་ཞེས་བྱ་བའི་སྒྲས་ནི་ཁྲོ་བ་དང་འདོད་པ་ལ་སོགས་པ་བསྡུའོ། །ཀུན་རྫོབ་ཀྱི་ཆོས་རྣམས་ལ་འདི་བདེན་པ་ལ་མངོན་པར་ཞེན་པ་ནི་རྨོངས་པ་སྟེ་དེ་ཉིད་ནི་འཆིང་བའོ། །གཞན་ཡང་སངས་རྒྱས་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། རྟོགས་པ་ལས་ཞེས་བྱ་བ་ནི་ཡང་དག་པར་མྱང་བ་ཉིད་དོ། །རང་དང་ཞེས་བྱ་བ་ནི་བདག་ཉིད་དོ། །རང་གི་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རང་བཞིན་དུ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་མཐོང་བ་ཉིད་སྟོང་པ་ཉིད་མཐོང་བ་སྟེ། དེ་ཉིད་ནི་བྱང་ཆུབ་བོ། །དེ་ཡང་གང་སོ་སོའི་སྐྱེ་བོ་དེ་ཁོ་ན་ཉིད་དེ་ནི་ཐམས་ཅད་མཁྱེན་པའི་དེ་ཁོ་ན་ཉིད་དོ་ཞེས་བྱ་བའི་ཚིག་གིས་སངས་རྒྱས་ཉིད་ནི་སེམས་ཅན་ཐམས་ཅད་དོ། །གལ་ཏེ་གང་བླ་ན་མེད་པའི་ཚོར་བའི་བདེ་བ་དེ་ལྷ་ལ་སོགས་པ་རྣམས་ལ་ནི་ཡོད་པས་སངས་རྒྱས་སུ་གྱུར་དུ་ཆུག་ན་དམྱལ་བ་ལ་སོགས་པ་ལ་ནི་དེ་ལྟ་བུའི་བདེ་བའི་ཚོར་བ་མེད་པས་མ་ཡིན་ནོ་ཞེ་ན། དམྱལ་བ་ཡི་དགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །གལ་ཏེ་དེ་དག་ལ་དུས་ཐམས་ཅད་དུ་བདེ་བ་ག་ལ་ཡོད། བདེ་བ་ནི་ཚོགས་པ་ལས་སྐྱེས་པར་འགྱུར་ཞིང་ཚོགས་པ་ལས་འབྱུང་བར་འགྱུར་ལ་ཚོགས་པ་དང་བྲལ་ན་ནི་མ་ཡིན་ཞེ་ན། རང་བཞིན་བདེ་བ་ཅན་ཞེས་གསུངས་ཏེ། ངོ་བོ་ཉིད་ཀྱི་བདེ་བ་དང་ལྡན་པ་སྟེ། བདེ་བའི་རིགས་སུ་གཅིག་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ལྷ་ལ་སོགས་པའི་བདེ་བ་ཇི་ལྟ་བ་དེ་ལྟ་བུ་དམྱལ་བ་ལ་སོགས་པ་ལ་ནི་མེད་དོ་ཞེ་ན། མེད་དུ་ཟད་དེ། བདེ་བ་གང་ཕྱིར་མི་ཤེས་པས། །ལྷ་དང་ལྷ་མིན་མི་རྣམས་ལ། །ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱིས་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བདེ་བ་ལ་བདེ་བའི་ངོ་བོ་ཉིད་མི་གཟིགས་ཏེ། མི་རྟག་པའི་ཕྱིར་དང་ཟག་པ་དང་བཅས་པའི་ཕྱིར་སྡུག་བ་སྙམ་དུ་དགོངས་སོ། །དེ་ལྟ་བས་ན་བདེ་བ་ཆེན་པོའི་ཉིད་བདེ་བ་ཡིན་ལ་དེ་ཡང་ཐམས་ཅད་ཀྱི་རང་བཞིན་གྱི་ངོ་བོ་ཉིད་དུ་


DTG003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པར་མཉམ་པ་ཡིན་ནོ། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །ཞེས་བྱ་བ་ནི་རིགས་པའི་ཁྱད་པར་གཞན་དུ་གསུངས་པ་ཡིན་ཏེ། གཞན་དུ་ཞེས་བྱ་བ་ནི་བསྟན་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ལས་གཞན་དུའོ། །སེམས་ནི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །གཞན་དུ་བསྟན་པ་མེད་ཅེས་བྱ་བ་ནི་སྒྲུབ་ཏུ་མེད་པའོ། །གདོལ་པ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་ཀྱི་ཆེ་བའི་བདག་ཉིད་སྟོན་པར་བྱེད་དོ། །གསོད་དོན་ཞེས་བྱ་བ་ལ་གསོད་པ་ཉིད་དོན་ཐོབ་པར་བྱ་བའི་ཆེད་དུ་བྱེད་པ་ཉིད་དེ། དོན་དེས་འཚོ་བར་སེམས་པའོ། །དགྱེས་པའི་རྡོ་རྗེ་ཤེས་ན་ཞེས་བྱ་བ་ལ་ཧེ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའོ། །བཛྲ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །ཤེས་པ་ནི་བཤད་མ་ཐག་པའི་རིགས་པས་མངོན་སུམ་དུ་བྱས་པའོ། །འདི་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་གསུངས་པའི་རིགས་པའོ། །སྲིད་པ་ཉིད་འཆིང་བ་ཡིན་ཏེ་འཆིང་བ་དམ་པོ་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་སྡོམ་པ་ཞུས་པའི་ལན་ཡིན་ནོ། །ད་ནི་འགའ་ཞིག་ཕྱག་རྒྱ་ལ་ལོག་པར་རྟོག་པར་འགྱུར་བ་སྲིད་པས་དེའི་ཕྱིར་ཞུས་པའི་ལན་བསྟན་པའི་ཕྱིར། ས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞུ་བ་པོ་རྡོ་རྗེ་སྙིང་པོའོ། །སྲ་བ་ཉིད་ནི་ས་སྟེ་དེ་ཉིད་ནི་གཏི་མུག་དང་སྐུའོ། །དེ་དག་ཉིད་ནི་རྣམ་པར་སྣང་མཛད་དེ་ཉིད་ཀྱིས་རྒྱས་གདབ་པར་རིགས་ཀྱི། མི་བསྐྱོད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཞུས་པའི་དོན་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་ན་སྐུའི་ངོ་བོ་ཉིད་པུཀྐ་སའི་ལ་ཐུགས་མི་བསྐྱོད་པ་ཉིད་ཀྱིས་རྒྱས་གདབ་པར་བྱའོ། །ཆུ་ཁམས་ཤ་བ་རཱི་ར་བཤད་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟ་བས་ན་སེམས་ཁོ་ན་གཏི་མུག་སྟེ། རྣམ་པར་སྣང་མཛད་ཡིན་ནོ། །དེ་ནི་ཙཎྜ་ལཱིར་བཤད་པ། །ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཕྱག་རྒྱས་ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་ཕྱག་རྒྱས་སོ། །ཁྲག་ཅེས་བྱ་བ་ནི་བུད་མེད་ཀྱི་མེ་ཏོག་སྟེ། དེ་ཉིད་རིན་ཆེན་འབྱུང་གནས་སོ། །ཕྲ་མས་ཞེས་བྱ་བ་ནི་རིན་ཆེན་འབྱུང་གནས་ཁྱིས་སོ། །གང་གི་ཕྱིར་ཌོཾ་བི་ནཱི་ཞེས་བྱ་བ་ལ་སོགས་པ་ལ། རླུང་གི་གཟུགས་ཅན་ཉིད་ཅེས་བྱ་བ་ནི་རླུང་གི་རང་བཞིན་ཉིད་དོ། །འདོད་ཆགས་མ་གཏོགས་ཞེས་བྱ་བ་ལ་སོགས་པ་ལ་མ་ཡིན་ཏེ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བ་མ་ཡིན་པའོ། །གཟུགས་ནི་སྲ་བ་ཉིད་ཅེས་


DTG003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་ལ། སྔར་གསུངས་ཞེས་བྱ་བ་ནི་པུཀྐ་སཱི་ལ་བསྟན་པའོ། །འདི་དག་གི་ལན་ནི་ཙཽ་རཱི་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་གྷསྨ་རཱི་དང༌། ཤ་བ་རཱི་དང་ཙཎྜ་ལཱི་དང་ཌོཾ་བི་ནཱི་ཞེས་རིམ་པ་ལ་ཡང་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་རྒྱས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཨེ་བཾ་ཞེས་བྱ་བ་ལ་སོགས་པས་ནི་སྡུད་པ་པོའི་ཚིག་ཡིན་ནོ། །ཞུགས་ནས་ནི་ཞེས་བྱ་བ་ནི་བདག་མེད་མ་དང་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་སེམས་དཔའ་ནི་དགྱེས་པའི་རྡོ་རྗེའོ། །བསྟན་པ་ནི་སྟོན་པའོ། །ཨིནད་ཛ་མ་ཛ་ལ་ཛཀྑ་ཞེས་བྱ་བ་ཕྱོགས་ཀྱི་བདག་པོ་རྣམས་ལ་འབོད་པའོ། །བྷཱུ་ཏ་བྰྷནི་བཱ་ཨུ་རཀྑ་ཞེས་བྱ་བ་ནི་མཚམས་ཀྱི་རྣམས་ལའོ། །ཙནྡྲ་ཞེས་བྱ་བ་ནི་ཟླ་བའོ། །སཱུདྫ་ཞེས་བྱ་བ་ནི་ཉི་མ་ལའོ། །མ་ད་ཞེས་བྱ་བ་ནི་སའི་ལྷ་མོའོ། །པཱཔྤ་ཞེས་བྱ་བ་ནི་ཚངས་པ་ལའོ། །ཨཥྚ་སཔྤ་ཞེས་བྱ་བ་ནི་ཀླུ་བརྒྱད་པའོ། །ས་ཧེ་ཞེས་བྱ་བ་ནི་སྭཱ་ཧཱ་ཞེས་པའི་སྒྲས་ཏེ། བརྩེ་བར་བྱ་བའི་དོན་ཏོ། །ཨི་དཾ་ཞེས་བྱ་བ་ལ་སོགས་པ་ལ། ཨི་དཾ་བ་ལིཾ་བྷུཉྫ་ཞེས་བྱ་བ་ནི་ཟོ་ཤིག་ཅེས་པའོ། །ཛི་ག་ཞེས་བྱ་བ་ནི་སྣོམས་ཤིག་ཅེས་པའོ། །དེ་ཅི་ཞིག་ཅེ་ན། ཕུལ་ལ་དྷཱུཔྤ་ཆེས་བྱ་བ་གསུངས་ཏེ། མེ་ཏོག་དང་སྤོས་སོ། །མཾ་ས་པིཾ་གྷ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཤ་སྐྱེད་ཅིང་འཕེལ་བར་གྱིས་ཤིག་ཅེས་པའོ། །ཨམྦྷ་སཔྤ་ཀཛྫ་སཱདྷ་ཞེས་བྱ་བ་ནི་བདག་གི་དགོས་པ་ཐམས་ཅད་སྒྲུབས་ཤིག་པའོ། །ཁན་ཏི་ཁུ་ཎི་ཕེཌ་ག་ཏ་ཞེས་བྱ་བ་ནི་ལུས་ལས་སོ། །དེ་ལྟར་གཏོར་མ་སྦྱིན་པའི་ཕན་ཡོན་བསྟན་པའི་ཕྱིར། གལ་ཏེ་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་པར་འགྱུར་རོ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་བཟང་པོ་རྣམས་སོ། །དྲི་མ་མེད་པ་ཞེས་བྱ་བ་ནི་དྲི་མ་དང་བྲལ་བའོ། །འགྲོ་བ་རབ་ཏུ་འབྱོར་བ་རྣམས་ནི་འདི་དག་ཕུན་སུམ་ཚོགས་པར་འགྱུར་བས་རབ་ཏུ་འབྱོར་བར་འགྱུར་བ་ཞེས་བྱའོ། །དབང་དང་ཞེས་བྱ་བ་ལ་སོགས་པ་ལ་འགྱུར་རོ་ཞེས་བྱ་བ་ནི་རྫོགས་པར་འགྱུར་བའོ། །རྟག་ཏུ་ཞེས་བྱ་བ་ནི་ཐམས་ཅད་དུའོ། །རྡོ་རྗེ་སྙིང་པོས་གསོལ་བ་ཞེས་བྱ་བ་ནི་ཞུས་པའོ། །མཁའ་སྤྱོད་མ་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་གསུམ་པོ་གང་ཞིག་ཅེ་ན། སྐུ་གསུང་ཐུགས་སུ་ཕྱེ་བ་ལས། །ཞེས་བྱ་བ་ལ་


DTG003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་ཏེ། དེ་ཇི་ལྟར་འཁོར་ལོའི་དབུས་སུ་གནས་ཤེ་ན། སྟེང་དང་འོག་དང་ཞེས་བྱ་བ་གསུངས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །གང་ཕྱིར་སྐུའི་རྡོ་རྗེ་ཅན་ཡིན་པས་དེའི་ཕྱིར་སྐུ་རྡོ་རྗེས་རྒྱས་གདབ་པར་བྱའོ། །ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དབུས་སྐྱེས་ཞེས་བྱ་བ་ནི་དབུས་ཀྱི་གནས་སུ་སྐྱེས་པའོ། །རིགས་ནི་རྣམ་བ་དྲུག་ཅེས་བྱ་བ་ལ་སོགས་པ་ལ། དག་པའི་རིགས་པ་ཞེས་བྱ་བ་ནི་རིགས་དྲུག་གིས་རྣམ་པར་དག་པས་སོ། །བསྒོམ་པ་ཉིད་ཅེས་བྱ་བ་ནི་བསྒོམ་པར་བྱའོ། །སྤངས་ནས་ཞེས་བྱ་བ་ནི་ཡོངས་སུ་བཏང་བའོ། །དེ་རྗེས་རྣམ་པ་གསུམ་ཞེས་བྱ་བ་ནི་རྣམ་པ་ལྔ་པོར་མདོར་བསྡུས་པའི་ངོ་བོའོ། །དེ་དག་མདོར་བསྡུས་ན་རིགས་གཅིག་གི་ངོ་བོ་ཉིད་དོ། །རིགས་ནི་དྲུག་དང་ལྔ་རུ་བརྗོད། །ཅེས་བྱ་བ་ནི་རྒྱུད་ཐམས་ཅད་ཀྱི་སྟེ། དགྱེས་པའི་རྡོ་རྗེའི་རྒྱུད་མ་ལུས་པ་འདི་དག་གིའོ། །ཐམས་ཅད་ཅེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་རྒྱུད་མ་ལུས་པའོ། །ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བ་ནི་མདོར་བསྡུས་པའི་དོན་ཏོ། །དེ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་བཞི་པའི་འགྲེལ་པའོ།། །།

ལྔ་པ། ཧེ་རུ་ཀ་གསལ་བའི་ལེའུའི་འགྲེལ་པ།


DTG003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པས་ཧེ་རུ་ཀའི་མངོན་པར་མཐོ་བ་གསུངས་ཏེ། ཞལ་ཞེས་བྱ་བ་ནི་གདོང་ངོ༌། །རྗེ་ངར་དང་ཞབས་མཐིལ་ལ་སོགས་པ་བསྡུས་པ་ནི་ཞབས་སོ། །འཇིགས་པ་པོ་ནི་འཇིགས་པར་བྱེད་པའོ། །བླ་ན་མེད་པའི་བརྩོན་འགྲུས་ཀྱི་སྦྱོར་བ་དང་ལྡན་པས་དཔའ་བོའོ། །མགུལ་ནས་ཞེས་བྱ་བ་ནི་མགྲིན་པ་ནས་སོ། །དབང་དང་ལྡན་པའི་ལྷར་གསལ་བར་གྱུར་པས་ལྷ་སྟེ། སྡུད་པར་བྱེད་པའི་ཚིག་ཡིན་ནོ། །བདག་གི་ཞེས་བྱ་བ་ལ་སོགས་པ་ལ། སྔར་མ་འཚལ་ཞེས་བྱ་བ་ནི་ལྷའི་ལེའུ་སྟེ་དེར་མ་བསྟན་པའི་ཕྱིར་རོ། །ཀཾ་ཞེས་བྱ་བ་ནི་བདེ་བ་སྐྱོང་བར་བྱེད་པའི་ཕྱིར་ཐོད་པ་སྟེ་པདྨའོ། །འཁོར་ལོ་ཞེས་བྱ་བ་ནི་རྟེན་གྱི་དཀྱིལ་འཁོར་རོ། །སྔར་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བསྐྱེད་པར་བྱ་བ་སྟེ། ཇི་ལྟར་ཁྱོད་ཉིད་ཀྱིས་བསྟན་པ་བཞིན་དུ་ཞེས་བྱ་བའི་


DTG003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ང་ཡོད་དེ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་འཆད་པར་འགྱུར་བའི་མཚན་ཉིད་དུ་མངོན་པར་འབྱུང་བར་གྱུར་པའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ཡོད་ཅེས་བྱ་བ་ནི་བསྒོམས་ཞེས་བྱ་བའི་ཐ་ཚིག་གོ །ཁྱོད་ཅེས་བྱ་བ་ནི་མཉམ་པར་འཁྱུད་པའི་བདག་མེད་མའོ། །འདོད་ཆགས་ཆེན་པོ་ནི་འགྲོ་བའི་དོན་ལ་ཆགས་པའོ། །རྗེས་སུ་ཆགས་པ་ནི་དེ་ལ་དགའ་བའོ། །དེ་ཉིད་ཀྱི་ཕྱིར། ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་འདིའི་ངོ་བོ་ཉིད་ཡིན་པའོ། །འཇིགས་པའང་ཞེས་བྱ་བ་ནི་འཇིགས་པར་བྱེད་པ་དག་ཀྱང་ངོ༌། །མགོ་བོའི་ཕྲེང་བ་ཞེས་བྱ་བ་ནི་མགོ་བོ་བརྒྱ་ཕྱེད་ཀྱི་དོ་ཤལ་ལོ། །ཉི་མར་བཞུགས་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་བདུད་བཞི་མཉམ་པར་མནན་པ་ཉིད་དོ། །གར་ཐབས་ཞེས་བྱ་བ་ནི་སྐྱིལ་ཀྲུང་ཕྱེད་པའི་གར་ཐབས་ཏེ་དེ་དང་བཅས་པ་ནི་དེ་ཕྱེད་པ་ཞེས་པའི་དོན་ཏོ། །དབའ་རླབས་མེད་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་བདེ་བ་ཐོབ་པའོ། །སྤྱི་བོའོ་ཞལ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་འོག་ཏུའོ། །གཙིགས་པ་ཅན་ཞེས་བྱ་བ་ནི་རྣམ་པར་འགྱུར་བའོ། །ཉི་ཤུ་རྩ་བཞེས་བྱ་བ་ནི་ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་པའི་ཕྱིར་རོ། །ལྷག་མའི་ཞེས་བྱ་བ་ནི་མ་བསྟན་པའི་བཞི་པོའོ། །བུང་བ་ཞེས་བྱ་བ་ནི་བ་ལྟ་བུའོ། །འདིའི་ཕྱི་མའི་གཞུང་དག་ནི་ཕལ་ཆེར་རིམ་པ་ཐ་དད་པ་ཡིན་ནོ། །དེ་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཁོ་བོས་ནི་ཚིག་གི་རིམ་པ་བཞིན་བཤད་པ་ཡིན་གྱི་འགྲེལ་བའི་གོ་རིམས་ཀྱིས་ནི་མ་ཡིན་ཏེ། དེ་ཡང་བརྗོད་པར་བྱ་བ་མང་དུ་ཡོད་པའི་ཕྱིར་དང༌། བཅོམ་ལྡན་འདས་ཀྱི་སྒྲུབ་པའི་ཐབས་ནི་རྙེད་སླ་བའི་ཕྱིར་རོ། །ཁྱོད་དང་ང་ཞེས་བྱ་བ་ལ་སོགས་པ་ལ། རོལ་པ་ལས་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་རོལ་པས་སོ། །དགའ་བ་ཤིན་ཏུ་ཞེས་བྱ་བ་ནི་དགའ་བའི་ལོངས་སྤྱོད་དོ། །ཕྱུང་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་སོ། །དབང་པོའི་ཕྱོགས་ཞེས་བྱ་བ་ནི་ཤར་ཕྱོགས་སུ་སྤྲོས་པའི་སྤྲིན་གྱིས་འགྲོ་བ་རྣམས་ཀྱི་དོན་བྱེད་པའོ། །ཤར་གྱི་སྒོ་རུ་ཞེས་བྱ་བ་ནི་གར་ཐབས་ཀྱི་སྟང་སྟབས་ཀྱིས་ལེགས་པར་ཡང་དག་པར་གནས་


DTG003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཙཽ་རཱི་མ་ཡང་ཞེས་བྱ་བ་ནི་དེ་བཞིན་དུ་རང་གི་ས་བོན་གྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་སོ། །གཉིས་ཀྱིས་ཞེས་བྱ་བ་ནི་བདག་མེད་མ་དང་དགྱེས་པའི་རྡོ་རྗེ་དག་གོ །བསྐྱོད་པ་ཞེས་བྱ་བ་ནི་འགུལ་བསྐྱོད་དོ། །འཚེད་པ་ནི་མེའོ། །དེའི་མཚམས་ནི་འཚེད་པའི་མཚམས་སོ། །སྲིན་པོ་ཞེས་བྱ་བ་ནི་བདེན་བྲལ་ལོ། །རླུང་གི་ཞེས་བྱ་བ་ནི་རླུང་གི་ཕྱོགས་ཏེ། རླུང་གི་མཚམས་ཞེས་བྱ་བའི་དོན་ཏོ། །འདིར་ཡང་མང་ངག་ཉིད་ཀྱིས་སྦྱོར་བ་གཞན་ཉིད་ཡིན་ནོ། །དེ་ནས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་དང་ང་ཞེས་བྱ་བའི་རྗེས་ཐོགས་སུ་བལྟ་བར་བྱའོ། །རིག་མར་བཅས་ཞེས་བྱ་བ་ནི་བདག་མེད་མ་དང་བཅས་པར་ཞུ་བར་གྱུར་པ་བསྒོམ་པའོ། །དེ་ནས་ཞེས་བྱ་བ་ལ་ཞུ་བར་གྱུར་པའི་རྗེས་ཐོགས་སུའོ། །ལྷ་མོ་ཞེས་བྱ་བ་ནི་པུཀྐ་སཱི་དང་ཤ་བ་རཱི་དང་ཙཎྜ་ལཱི་དང༌། ཌོཾ་བི་ནཱི་རྣམས་རང་རང་གི་ཕྱོགས་ནས་འོངས་ནས་རང་རང་གི་སྟན་ལ་འདུག་སྟེ་བསྐུལ་ཞེས་བྱ་བར་ཡང་དག་པར་སྐུལ་བར་བྱེད་པ་སྟེ། ཏིང་ངེ་འཛིན་གྱིས་ཞུ་བར་གྱུར་པ་ལ་སློང་བར་བྱེད་པའོ། །སྣ་ཚོགས་ཀླུ་ཡིས་ཞེས་བྱ་བ་ནི་སོ་སོའི་གླུས་མཆོད་པས་སོ། །དེ་ལ་དང་པོར་རེ་ཞིག་པུཀྐ་སཱི་སྐུལ་བར་བྱེད་པ་ནི། བཞེངས་ཤིག་དང་སྒྲོལ་ཞེས་བྱ་བ་སྟེ། ཀྱེ་བཅོམ་ལྡན་འདས་བཞེངས་ཤིག་པའོ། །སྙིང་རྗེའི་ཐུགས་ཞེས་བྱ་བ་ནི་སྙིང་རྗེའི་རང་བཞིན་ཅན་གྱི་ཐུགས་མངའ་བའོ། །པུཀྐ་སཱི་ནི་བདག་ལ་ཞེས་བྱ་བ་ནི་པུཀྐ་སཱི་ཞེས་བྱ་བ་བདག་ལའོ། །སྐྱོབས་ཞེས་བྱ་བ་ནི་ཡོངས་སུ་བསྐྱབ་པ་མཛོད་ཅེས་བྱ་བའོ། །བདེ་ཆེན་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཆེན་པོའི་དོན་དུ་སྦྱོར་བ་ནི་བདེ་ཆེན་སྦྱོར་བ་སྟེ། ཁུ་བ་ལས་འབྱུང་བར་འགྱུར་བའི་དགྱེས་པའི་རྡོ་རྗེའི་གཟུགས་སོ། །དེས་བདག་ལ་བཞེད་པར་མཛོད་ཅིག་པའོ། །སྤོངས་ལ་ཞེས་བྱ་བ་ནི་ཐོང་མཛོད་ཅེས་བྱའོ། །སྟོང་པའི་རང་བཞིན་ཞེས་བྱ་བ་ནི་རྣམ་པར་སྟོང་པའི་ཞུ་བར་གྱུར་པའི་ཏིང་ངེ་འཛིན་ཏོ། །དེ་ནས་ཤ་བ་རཱིས་ཁྱོད་མི་བཞུགས་ན་ཞེས་བྱ་བ་སྨྲས་ཏེ། ཁྱོད་མི་བཞུགས་ན་བདག་འགུམ་མོ་ཞེས་བྱའོ། །དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག །ཅེས་བྱ་བ་ནི། དགྱེས་པའི་རྡོ་རྗེ་ཀྱེ་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །ཞེས་བྱ་བ་ནི་ཁུ་བའི་ངོ་བོ་ཉིད་འདི་ཐོང་མཛོད་ཅེས་


DTG003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའོ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །ཅེས་བྱ་བ་ནི་ཤ་བ་རཱི་བདག་གི་དགོངས་པ་སྒྲུབས་ཤིག་ཅེས་བྱ་བའོ། །དེ་ནས་ཙཎྜ་ལཱིས་འཇིགས་རྟེན་མགོན་གཉེར་ཞེས་བྱ་བར་བརྗོད་དེ། །དགའ་གཙོ་ཞེས་བྱ་བ་ནི། ཤིན་ཏུ་ཆགས་པའི་གཙོ་བོ་ཀྱེ། །ཞེས་བྱ་བའོ། །སྟོང་པ་ཉིད་ཅེས་བྱ་བ་ནི་ཞུ་བར་གྱུར་པའོ། །བཞུགས་ཞེས་བྱ་བ་ནི་གནས་པ་སྟེ། ཅིའི་ཕྱིར་ཞེས་བྱ་བའོ། །ཙཎྜ་ལཱི་བདག་གསོལ་བ་འདེབས་ཞེས་བྱ་བ་ནི། ཙཎྜ་ལཱི་བདག་གསོལ་བ་འདེབས་སོ་ཞེས་བྱའོ། །ཁྱོད་མེད་ཕྱོགས་ནི་མི་འཚལ་ལོ། །ཞེས་བྱ་བ་ནི་ཁྱོད་མི་བཞུགས་ན་གང་གིས་སེམས་ཅན་རྣམས་སྡུག་བསྔལ་བ་ལས་བསྒྲལ་བར་བགྱི་བའི་ཕྱོགས་མི་འཚལ་ལོ། །དེ་ནས་ཌོཾ་བི་མས། མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །ཅེས་བྱ་བར་བརྗོད་དོ། །ཀྱཻ་མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག་ཅེས་བྱ་བའོ། །གལ་ཏེ་ང་ནི་མིག་འཕྲུལ་མཁན་ལྟ་བུ་མ་ཡིན་ནོ་ཞེ་ན། བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །ཞེས་བྱ་བ་སྟེ། བདག་གིས་ཁྱོད་ཉིད་ཀྱི་ཐུགས་འཚལ་ལོ་ཞེས་བྱ་བའོ། །ཌོཾ་བི་མོ་བདག་སྒྲིན་མོ་འཚལ། །ཞེས་བྱ་བ་ནི་ཌོཾ་བི་མ་ཞེས་བྱ་བ་བདག་ནི་སྒྲིན་མོ་སྟེ། གྲོང་བྱེར་མ་ལགས་འཚལ་ལོ་ཞེས་བར་ཤེས་སོ། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་བྱ་བ་ནི་སྙིང་རྗེ་རྒྱུན་གཅད་པ་སྟེ། ཁུ་བའི་ངོ་བོ་ཉིད་དུ་མ་མཛད་ཅིག་ཅེས་པའོ། །ད་ནི་ཁུ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པར་གྱུར་པར་ཕྱག་མཚན་རྣམས་བརྗོད་པའི་ཕྱིར། གླང་པོ་རྟ་བོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་བ་ཞེས་བྱ་བ་སེང་གེའོ། །བྱི་ལ་ནི་བྱི་ལའོ། །གཉིས་འཐུང་ནི་གླང་པོ་ལ་སོགས་པའོ། །མེ་ནི་གཟི་བརྗིད་ཅན་ནོ། །མཐར་བྱེད་ནི་གཤིན་རྗེའོ། །ནོར་སྦྱིན་ནི་རྣམ་ཐོས་ཀྱི་བུའོ། །སྒེག་ཅིང་ཞེས་བྱ་བ་ལ་སོགས་པས་ནི། རོ་དགུའི་ཉམས་དང་ལྡན་པའི་གར་ཐབས་གསུངས་སོ། །ད་ནི་བསྐུལ་བའི་རྗེས་ཐོགས་སུ་ཞུ་བར་གྱུར་པའི་ཏིང་ངེ་འཛིན་ལས་ལྡང་བ་བསྟན་པའི་ཕྱིར། །ཨོཾ་དང་ཧཱུཾ་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུ་བར་གྱུར་པའི་ཏིང་ངེ་འཛིན་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དང་ཧཱུཾ་ཡོངས་སུ་


DTG003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་གྲི་གུག་དང་ཐོད་པའི་དཀྱིལ་འཁོར་ལ་གནས་པའོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ། །ཇི་ལྟར་བཞེངས་པར་འགྱུར་ཞེ་ན། ཞབས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་དབང་པོ་ལ་སོགས་པའི་ཕྱོགས་ལ་བརྟེན་པའི་གཽ་རཱི་ལ་སོགས་པ་འབྱུང་བར་འགྱུར་རོ། །ལྷ་མོའི་ཚོགས་རྣམས་ཀྱི་ས་བོན་རིམ་བཞིན་བསྟན་པའི་ཕྱིར། གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་བྱ་བ་ནི་ས་བོན་གསུངས་ཏེ། ཕྱུང་བ་དང་ཞེས་བྱ་བ་ནི་ཀུན་དུ་ཕྱུང་བའོ། །འདི་དག་ཅེས་བྱ་བ་ནི་གཽ་རཱི་ལ་སོགས་པ་རྣམས་ཀྱིས་བོན་འདི་དག་གིས་སོ། །ད་ནི་ཨཾ་ཧཱུཾ་ཞེས་བྱ་བ་ལ་སོག་པས་གང་སྔར་བསྟན་པ་དེ་དག་གི་ཁྱད་པར་དུ་གསུངས་པ་སྟེ། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཡི་གེ་ཨཾ་དང་ཧཱུཾ་དག་གོ །བདག་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའོ། །དགའ་བའི་ཞེས་བྱ་བ་ནི་རྩེ་བའོ། །དེའི་བཙུན་མོ་ནི་བདག་མེད་མའོ། །འདི་དག་གིས་བོན་དག་སྔོ་ཞེང་འབར་བས་ན་སྔོན་པོ་འབར་བ་ཞེས་བྱའོ། །མ་མོའི་འཁོར་ལོ་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་རོ། །འདི་ལྟར་ཞེས་བྱ་བ་ནི་བསྟན་པ་དང་འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །གཽ་རཱི་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་པའི་ལྷ་མོའི་ཕྱག་མཚན་གསུངས་ཏེ། རོ་ཧི་ཏ་ནི་ཉའོ། །ཅང་ཏེའུ་ནི་ཅང་ཏེའུའོ། །ཕག་ནི་ཕག་གོ །རུས་སྦལ་ནི་རུས་སྦལ་ལོ། །པདྨའི་སྣོད་ནི་ཐོད་པའོ། །གཽ་རཱི་ཁ་དོག་ནག་པོར་འགྱུར། །ཞེས་བྱ་བ་ལ་སོགས་པ། །ཉེ་དབང་ནི་ཁྱབ་འཇུག་གོ །གཤིན་རྗེ་ནི་གཤིན་རྗེའོ། །ནོར་བདག་ནི་ཀུ་བེ་རའོ། །བདེན་བྲལ་ནི་སྲིན་པོའི་བདག་པོའོ། །ཐགས་བཟངས་རིས་ནི་ལྷ་མ་ཡིན་གྱི་བདག་པོའོ། །གདན་ཞེས་བྱ་བ་ནི་བཞུགས་གདན་ནོ། །འདི་དག་གིས་ངང་པོའི་རྣལ་འབྱོར་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །གསུམ་པ་ལས་རྒྱལ་མཆོག་ཅེས་བྱ་བ་ནི་རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བཟླས་པ་ལ་བརྩོན་པས་ནི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བས་བསྒོམ་པའི་སྐབས་ཡིན་ན་ཡང་བཅོམ་ལྡན་འདས་མས་སྔགས་ཞུས་པའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། བུད་མེད་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་


DTG003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ་གོ་སླའོ། །ད་ནི་ང་ཡི་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་བཀའོ། །རྣལ་འབྱོར་བདག་ཅེས་བྱ་བ་ནི་བསྟན་པའི་མཚན་ཉིད་ཅན་གྱི་རྣལ་འབྱོར་བདག་ཉིད་དོ། །ཐམས་ཅད་ཅེས་བྱ་བ་ནི་དབང་དུ་བྱ་བ་ལ་སོགས་པའི་ལས་རྣམ་པ་བཞིའོ། །རིག་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དང་པོར་ཞེས་བྱ་བ་ནི་ཡི་གེ་ཨོཾ་མོ། །རྒྱན་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་དོ། །སྔགས་ཀྱི་ཐ་མར་ནི་ཡི་གེ་ཧ་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱིས་བརྒྱན་པའོ། །མཐར་ནི་ཕཊ་དང་སྭཱ་ཧཱའོ། །ཞུས་པ་ཞེས་བྱ་བ་ནི་དཀྱིལ་འཁོར་ཏེ། བཅོམ་ལྡན་འདས་ཀྱིས་བྲིས་པའི་འཁོར་རོ། །དེ་ལ་ཞེས་བྱ་བ་ནི་དགྱེས་པར་གྱུར་ནས་སོ། །སྟོན་པ་ཞེས་བྱ་བ་ལ་བཀའ་སྩལ་བ་ཞེས་བྱ་བ་ནི་ལྷག་མའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་སློབ་དཔོན་དེ་ཉིད་ཀྱིས་དཀྱིལ་འཁོར་བྲི་བར་མཛད་ཅེས་བྱ་བ་སྟེ། གཞན་ནི་རི་མོ་མཁན་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་སྟེ་དང་པོར་རོ། །བུམ་པ་ཞེས་བྱ་བ་ནི་རི་མོས་བརྒྱན་པས་སོ། །རྒྱན་ཞེས་བྱ་བས་ནི་ལྷ་མོ་རྣམས་ཀྱིའོ། །དོན་གྱིས་ནི་རྣམ་པར་རྒྱལ་བའི་བུམ་པ་དང་ལས་ཐམས་ཅད་པའི་བུམ་པ་ཡང་ཡིན་ན། །དཀྱིལ་འཁོར་ཚོན་ཅི་ཞིག་གིས་བྲི་བར་བྱ་བ་ཞེ་ན། གསུངས་པ། རིན་ཆེན་ལྔའི་ཞེས་བྱ་བ་སྟེ་དེའི་རང་བཞིན་ནི་མཆོག་གོ །འབྲས་ལ་སོགས་པ་ནི་བར་མའོ། །དུར་ཁྲོད་ཀྱི་སོ་དཔག་ལ་སོགས་པ་ནི་ཐ་མའོ། །དེའི་དབུས་ཞེས་བྱ་བ་དཀྱིལ་འཁོར་གྱི་དབུས་སུའོ། །སྐྱེས་བའི་ཐོད་པ་ཞེས་བྱ་བ་ནི་མི་ཉིད་ཀྱི་ཐོད་པའོ། །ཤར་བ་ནི་སེང་གེའོ། །ལྟོ་འཕྱེ་ཞེས་བྱ་བ་ནི་སྤྲུལ་ལོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ་ལྷ་མོ་རྣམས་ཀྱི་ཁ་དོག་ཅི་ལྟ་བ་དེ་ལྟར་ཕྱག་མཚན་ཡང་བྲི་བར་བྱའོ། །དབུས་སུ་གནས་པའི་ཐོད་པ་ལ་སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབས་པ་བྲི་བར་བྱའོ། །རྣམ་རྒྱལ་བུམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཤར་དུ་གཞག་ཅེས་བྱ་བའོ། །ཤུགས་ཀྱིས་ན་ལྷ་མོ་རྣམས་ཀྱི་བུམ་པ་ནི་གནས་ཇི་ལྟ་བ་བཞིན་གཞག་པར་བྱ་ཞེས་བསྟན་པར་འགྱུར་རོ་ཞེས་བྱ་བར་བསྟན་པའི་དོན་ཏོ། །དཀྱིལ་འཁོར་དུ་ནི་ཞེས་བྱ་བ་ལ་སོགས་པ་ལ་རབ་ཏུ་འཇུག་ཅེས་བྱ་བ་ནི་བཞུགས་པར་བྱའོ། །བརྒྱད་གཉིས་ལོན་པ་ཞེས་བྱ་བ་ནི་བཅུ་དྲུག་ལོན་པ་སྟེ། རིག་མ་བརྒྱད་པོ་བསྟན་པར་འགྱུར་རོ། །གང་དག་ཅེ་ན་མ་དང་ཞེས་བྱ་བ་


DTG003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། འདི་དག་འཇིག་རྟེན་གྱི་འབྲེལ་པས་མ་ཡིན་གྱི། བླ་མའི་འགྲེལ་པས་ཡིན་ནོ། །མ་ཞེས་བྱ་བ་ནི་སློབ་དཔོན་གྱིས་གང་བཞེད་པ་སློབ་མའི་མ་ཡིན་ནོ། །སྲིན་མོ་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་སྤྱོད་པའོ། །བུ་མོ་ཞེས་བྱ་བ་ནི་སློབ་དཔོན་གྱི་སློབ་མའོ། །ཞང་པོའི་ཆུང་མ་ཞེས་བྱ་བ་ནི་མའི་སྙིང་དུ་སྡུག་པར་གྱུར་པའི་གྲོགས་ཞེས་པའོ། །མའི་སྤུན་དང་ཞེས་བྱ་བ་ནི་སློབ་དཔོན་གྱི་གྲོགས་སུ་གྱུར་བའོ། །སྒྱུག་མོ་ཞེས་བྱ་བ་ནི་སློབ་མའི་སྙིང་དུ་སྡུག་པའོ། །ཕའི་སྲིང་མོ་ནི་སློབ་དཔོན་གྱི་སྲིང་མོའོ། །འདི་རྣམས་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་མ་ནི་སློབ་དཔོན་ནོ། །ཇི་ལྟར་གསུངས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྡུས་པར་རོ། །མཆོད་དང་བསྟོད་ཅེས་བྱ་བ་ལ་སོགས་པ་ལ། སྔར་ཤེས་ནས་ཞེས་བྱ་བ་ནི་སྔར་ཤེས་པ་ལ་སོགས་པའོ། །དགའ་བྲལ་དང་པོར་ཞེས་བྱ་བ་ནི་དགའ་བྲལ་གྱི་དང་པོར་རོ། །མཆོག་མཐའ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའི་མཐའ་སྟེ་དབང་བསྐུར་བ་གསུམ་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྒྱུད་ཐམས་ཅད་ནས་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་གསུངས་པ་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཡིན་ན། འདིར་ཁྱད་པར་ཅི་ཞིག་ཡོད་ཅེ་ན། སྦས་པ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་དབང་བསྐུར་བ་ནི། ཐམས་ཅད་རྒྱུད་དུ་ཞེས་བྱ་བ་རྒྱུད་ཐམས་ཅད་དུ་སྦས་པ་ཡིན་ནོ། །དེ་ལྟར་ན་སྔར་ཅི་ཞིག་བསྟན་ཞེ་ན། མཐའ་མཐས་ཞེས་བྱ་བ་གསུངས་ཏེ། སློབ་དཔོན་དང་གསང་བའི་དབང་བསྐུར་བ་རབ་ཏུ་བསྟན་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གང་གི་ཕྱིར་ཤེས་རབ་ཀྱི་དབང་བསྐུར་བ་འདི་སྔར་གོང་དུ་བསྟན་པས་དེས་ན་དེའི་ཕྱིར་ཞུས་པ། དེ་ལ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལའོ། །དབང་བསྐུར་བ་གཞན་ཆུ་དང་ཅོད་པན་ལ་སོགས་པ་ཐམས་ཅད་འདྲ་བའི་ངོ་བོ་ཉིད་ཀྱི་ཕྱིར་དབང་བསྐུར་བ་བཞི་ཆར་ཡང༌། རྡོ་རྗེ་མཆོད་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཁྱད་པར་རོ། །དེའི་ཕྱིར་དེ་ལ་ཞུས་པ་ནི། དེ་ཡི་སྐད་ཅིག་ཇི་ལྟར་ལགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་ཅེས་བྱ་བའི་སྒྲས་འདིར་སྐད་ཅིག་གི་རང་གི་ངོ་བོ་དང༌། ཐོབ་པར་རྗོད་པར་བྱེད་དེ་འདི་དག་ནི་སྡུད་པར་བྱེད་པའི་ཚིག་ཡིན་ནོ། །


DTG003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་མ་དབུས་མཐའ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ནི་མཆོག་ཏུ་དགའ་བའོ། །མཐའ་ནི་དགའ་བྲལ་གྱི་དགའ་བའོ། །དབུས་ཞེས་བྱ་བ་ནི་དགའ་བ་དང་པོའོ། །སྲིད་མིན་མྱ་ངན་འདས་པ་མིན། །ཞེས་བྱ་བ་ནི་གསུམ་པོ་དེ་དག་ཇི་ལྟར་རིགས་པར་སྲིད་པ་དང༌། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །མཆོག་ཏུ་བདེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་ནོ། །བདག་མེད་གཞན་ཡང་མེད་ཅེས་བྱ་བ་ནི་གཟུང་འཛིན་དང་བྲལ་བ་ཉིད་དོ། །ཡང་ན་ཐོག་མ་དབུས་མཐའ་མེད། །ཅེས་བྱ་བ་ལ་དང་པོ་བྱ་བ་ཡིན་པས་ཐོག་མ་སྟེ། སློབ་དཔོན་གྱི་དབང་བསྐུར་བའོ། །མཐའ་ཞེས་བྱ་བ་ནི་དབང་བསྐུར་བ་བཞི་བའོ། །དབུས་ནི་གསང་བའི་དབང་བསྐུར་བ་སྟེ། འདི་ནི་དེ་དག་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཅི་ལྟར་མ་ཡིན་ཞེ་ན། སྲིད་མིན་མྱ་ངན་འདས་པ་མིན། །ཞེས་བྱ་བ་གསུངས་ཏེ། འདི་ལས་སངས་རྒྱས་ཀྱི་ཡོན་ཏན་རྣམས་སྲིད་པར་གྱུར་བས་ན་ལམ་ཞེས་བྱ་བ་སློབ་དཔོན་དང་གསང་བའི་དབང་བསྐུར་བའོ། །མྱ་ངན་ལས་འདས་པ་ནི་བཞི་པ་སྟེ། དེ་ཐོབ་ན་བྱ་བ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཇི་ལྟ་བུ་ཞིག་ཅེ་ན། བདག་མེད་གཞན་ཡང་མེད་ཅེས་བྱ་བ་གསུངས་ཏེ། གད་ལ་ཤེས་རབ་ཐབས་རྗེས་སུ་མི་དམིགས་པའི་ཕྱིར་གཉིས་སུ་མེད་པར་རབ་ཏུ་གསལ་བའོ། །དེ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། རང་གི་གཡས་དང་ལག་གཞན་གྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡས་པ་ནི་གཡས་པའོ། །གཡོན་པ་ནི་གཡོན་པའོ། །ལས་ཞེས་བྱ་བ་ནི་སྲོག་གོ །མཐེ་བོང་ནི་ལ་ལ་ནཱའོ། །སྲིན་ལག་ནིར་ས་ནཱའོ། །གང་ཞེས་བྱ་བ་ནི་དེ་དག་གོ །ལོངས་སྤྱོད་ནི་ཡང་དག་པར་ཉམས་སུ་མྱོང་བའི་དོན་ཏོ། །རླབས་གཉིས་ཞེས་བྱ་བ་ནི་གཡས་གཡོན་གྱི་རླུང་འབྱུང་བ་དང་འཇུག་པའོ། །དེས་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱི་ནས་ཕྱི་རོལ་གྱི་ཤེས་རབ་མེད་པར་ཡང་སྐྱེ་བར་འགྱུར་བའོ། །ཡེ་ཤེས་ཞེས་བྱ་བ་ནི་གཉིས་


DTG003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་སོ། །གཞོན་ནུ་མ་ཡིས་སྦྱོར་མྱོང་བཞིན། །ཞེས་བྱ་བ་སྟེ། སྦྱོར་མྱོང་བཞིན་ཞེས་བྱ་བ་ནི་སྔར་དབང་བསྐུར་བ་བཞིན་བདག་གིས་ཐོབ་པར་མ་གྱུར་བའོ། །ལྐུགས་པའི་རྨི་ལམ་ཇི་ལྟ་བཞིན། །ཞེས་བྱ་བ་ནི་ངག་གི་སྤྱོད་ཡུལ་ལས་འདས་པའོ། །ཡང་ན་ལོངས་སྤྱོད་ཀྱི་འཁོར་ལོའི་སྲོག་གི་རླུང་གི་རླབས་གཉིས་མཐེ་བོང་ཞེས་བྱ་བ་བརྐྱང་མ་དང༌། སྲིན་ལ་གཅེས་བྱ་བ་རོ་མ་དང༌། དེ་དག་གིས་བསྡམ་པར་བྱ་བའོ། །སྦྱོར་བ་འདི་གཉིས་ནི་གཞུང་ལུགས་དང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཡང་དེར་ཅི་ཞིག་སྐྱེ་བར་འགྱུར་ཞེ་ན། མཆོག་གི་མཐའ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་དང་སྟོང་མིན་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་གཅིག་ཏུ་རོ་མཉམ་གྱུར་པའི་ངོ་བོ་ཉིད་དོ། །དེ་ལྟ་བུའི་ཡེ་ཤེས་དེ་ཉིད་ཧེ་རུ་ཀ་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་བྱ་བའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །དགྱེས་པའི་རྡོ་རྗེའི་མངོན་པར་ཞེས་བྱ་བ་ནི་བསྐྱེད་པའོ། །དེ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་ལྔ་པའི་འགྲེལ་པའོ།། །།

དྲུག་པ། བྲིས་སྐུའི་ཆོ་གའི་ལེའུའི་འགྲེལ་པ།


DTG003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ། མཆན་ཁུང་ཞེས་བྱ་བ་ནི་དཔུང་པའི་འོག་གོ །ཕྱག་རྒྱ་ལྔ་ཞེས་བྱ་བ་ནི་སྤྱོད་པ་བྱེད་པའི་དུས་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་ཕྱག་རྒྱ་འཛིན་པར་བྱེད་དོ་ཞེས་བྱ་བར་དགོངས་པའོ། །ཆོ་ག་ཞེས་བྱ་བ་ནི་ཐབས་སོ། །བྱ་བ་ནི་ཀུན་དུ་སྤྱོད་པའོ། །དམ་ཚིག་ཅན་ཞེས་བྱ་བ་ནི་དམ་ཚིག་དང་མཚུངས་པར་ལྡན་པའོ། །འཇིགས་པ་ཞེས་བྱ་བ་ནི་འཇིགས་པར་བྱེད་པའོ། །སྐྱེས་པའི་ཐོད་གནས་ཞེས་བྱ་བ་ནི་སྐྱེས་པའི་ཐོད་པའི་ནང་ན་གནས་པའོ། །པིར་ཞེས་བྱ་བ་ནི་སྐུད་པར་བྱེད་པའོ། །བླ་མ་ཞེས་བྱ་བ་ནི་གུས་པ་དང་བཅས་པ་སྟེ། དམ་ཚིག་བྱིན་གྱིས་བརླབས་ནས་ལྷ་མོའི་རྣལ་འབྱོར་བསྒོམས་ནས་སོ། །བཟའ་ཞེས་བྱ་བ་ནི་ཟོས་ནས་སོ། །གཡོན་ཕྱོགས་སུ་གཉུག་མར་གནས་པའི་ཕྱག་རྒྱ་གནས་ནས་བྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་དྲུག་པའི་འགྲེལ་པའོ།། །།

བདུན་པ། བཟའ་བའི་ལེའུའི་འགྲེལ་པ།


DTG003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་འགྱུར་ཞེས་བྱ་བ་ནི་ཅི་ལྟ་བུ་ཞེས་བྱ་བའོ། །སྦྲང་རྩི་ཆེན་པོ་ལས་བྱས་པའི་དུ་བའི་སྣག་ཚ་ནི་སྦྲང་རྩི་ཆེན་པོའི་སྣག་ཚའོ། །སྐལ་མེད་ཅེས་བྱ་བ་ནི་སྡང་བར་གྱུར་བའོ། །དངོས་གྲུབ་མེད་ཅེས་བྱ་བ་ནི་སྒྲུབ་པ་པོ་ལའོ། །འཇིག་རྟེན་ཕ་རོལ་ནི་སྐྱེ་བ་གཞན་ནོ། །ཡང་དག་རབ་སྦྱིན་ལྡན་པ་ཞེས་བྱ་བ་ནི་དགྱེས་པ་རྡོ་རྗེ་ལ་ལྷག་པར་མོས་པའོ། །རེས་འགའ་ཙམ་ཞེས་བྱ་བ་ནི་རེས་འགའ་བསྟན་པའོ། །ལམ་གྱི་སྤྱོད་ཡུལ་ཞེས་བྱ་བ་ནི་ལམ་དུ་འགྲོ་བའི་དུས་སོ། །བསྟན་ཞེས་བྱ་བ་ནི་བསྟན་པར་གྱུར་བའོ། །བཟའ་བ་ཞེས་བྱ་བའི་སྒྲས་ནི་འདི་སྤྲོས་པ་དང་བཅས་པའི་སྤྱོད་པ་དང་ཚོགས་ཀྱི་འཁོར་ལ་ལ་སོགས་པའི་ཆོ་ག་ཡང་བསྟན་ཏོ། །གང་དུ་ཟོས་བ་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་དང་སྤྱོད་པ་བྱེད་པ་ནའོ། །འདོད་པའི་དོན་ཀུན་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྤྱོད་པའི་གནས་ཀྱི་ཁྱད་པར་བསྟན་པའི་ཕྱིར། །དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིའི་བྱ་སྐྱིབས་ཞེས་བྱ་བ་ནི་རིའི་ཕུག་གོ །དགུ་དང་ནི་ཞེས་བྱ་བ་ནི་དགུ་དང་ཞེས་བརྟགས་པའོ། །དམ་ཚིག་ཅེས་བྱ་བ་ནི་གོ་ཀུ་ད་ཧན་ལ་སོགས་པའོ། །ཟོས་ནས་ཡང་ཞེས་བྱ་བ་ལ་སོགས་པའོ། །མ་མོ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཅེས་བྱ་བའི་ཆ་སྟེ། གར་དང་གླུ་དང་རུང་བ་ལ་སོགས་པས་ངེས་པར་མཆོད་པར་བྱ་བའོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་མ་སྲིད་ཡིན་ན་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཞེས་བྱ་བ་ལ་སོགས་པའི་སྒྲས་དབང་པོ་ལྔ་གསུངས་པ་ཡིན་ཏེ། དེ་དག་གཟུགས་དང་སྒྲ་དང་དྲིལ་སོགས་པ་འདོད་པའི་ཡོན་ཏན་ལྔས་ཚིམ་པར་བྱ་བ་སྟེ། གནས་དེ་དག་ན་གནས་པའི་ལྷ་མོ་དེ་རྣམས་ལ་གང་ན་མེད་པའི་མཆོད་པ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པ་མ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། དེ་ཡང་ཇི་སྐད་དུ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལས། དེ་ནས་ཡང་དག་བཤད་བྱ་བ། །མ་དག་སེམས་ནི་སྦྱང་བྱ་སྟེ། །མིག་ནི་སྲིད་མོར་གྱུར་བའོ། །སྲིང་མོའི་བུ་མོ་རྣ་བ་ཡིན། །སྣ་ནི་སྐྱེད་བྱེད་མ་རུ་གྱུར། །དེ་བཞིན་ལྕེ་ནི་བུ་མོ་ཉིད། །ཡིད་ནི་ཆུང་མར་གྱུར་བ་སྟེ། །ལྷ་རྫས་མཆོག་གྱུར་ལྔ་པོ་འདིས། །ཕྱག་རྒྱ་ཆེན་པོ་རབ་སྟེར་བྱེད། །ཅེས་གསུངས་པ་ཡིན་ནོ། །ལེགས་མཆོད་ནས་ཞེས་བྱ་


DTG003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རྟག་ཏུ་མ་འཆད་པར་ཉམས་སུ་མྱང་བར་བྱ་བའོ། །ཆ་གཅིག་པར་ཞེས་བྱ་བ་ལ་སོགས་པ་ལ། ཐོད་ཆེན་ཞེས་བྱ་བ་ནི་ལན་གཉིས་སྐྱེས་པའི་ཐོད་པའོ། །དབུལ་ཞེས་བྱ་བ་ནི་དང་པོར་རོ། །བཏུང་ཞེས་བྱ་བ་ནི་ཕྱི་ནས་སོ། །ཟས་བཟའ་བར་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་བདུན་པའི་འགྲེལ་པའོ།། །།

བརྒྱད་པ། གདུལ་བྱའི་ལེའུའི་འགྲེལ་པ།


DTG003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལས་ཕྱག་རྒྱ་ཆེན་པོ་ནི་སྔར་བརྗོད་པ་ཉིད་དོ། །ད་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱང་གང་དང་ལྷན་ཅིག་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་བ་དེ་ཅི་ལྟ་བུ་ཞེས་བྱ་བ་སྟེ། དེའི་ཕྱིར་ཀུན་རྫོབ་སྤྱོད་པའི་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱིས་སོ། །སྤྱོད་པ་ཡིས་ཞེས་བྱ་བ་ནི་བརྩེ་བའི་ཚིག་ལ་སོགས་པའོ། །གཟུགས་ཞེས་བྱ་བ་ནི་ཁ་དོག་དང་དྲི་ལ་སོགས་པའོ། །རི་དགས་ཀྱི་ལྟེ་བ་ནི་གླ་རྩིའོ། །མཚུངས་ཞེས་བྱ་བ་ནི་འདྲ་བར་སྣང་བའོ། །དབང་མཆོག་ཅེས་བྱ་བ་ནི་ཨུཏྤལའོ། །སྐད་ཅིག་ཅེས་བྱ་བ་ནི་རེས་འགའོ། །འབྱུང་བ་ཞེས་བྱ་བ་ནི་ཀུན་དུ་འབྱུང་བའོ། །ཁྲག་ཅེས་བྱ་བ་ནི་ཏུ་རུ་སྐའོ། །དེའི་ཞེས་བྱ་བ་ནི་ལུས་ཀྱིའོ། །ཨ་ག་རུ་ནག་པོ་ཞེས་བྱ་བ་ནི་དྲི་མཆོག་དང་ལྡན་པའི་ཨ་ག་རུའོ། །ཡིད་འོང་མ་ཞེས་བྱ་བ་ནི་ཡིད་དགའ་བར་བྱེད་པའོ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་ཀློག་པའོ། །འདུལ་བར་གྱུར་པའི་ཞེས་བྱ་བ་ནི་གདུལ་བྱ་ཉིད་དོ། །གསོ་སྦྱོང་ནི་ཉ་ལ་སོགས་པ་སྟེ་ཉི་མ་མ་ཤར་ནས་ཤར་གྱི་བར་དུའོ། །བསླབ་པའི་གནས་ནི་བརྒྱད་དམ་བཅུ་བཞི་ཉིད་ཅེས་ཇི་སྲིད་འཚོའི་བར་གྱི་དབང་དུ་བྱས་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་ངན་དུ་སྤྱོད་པ་སྦྱོང་བའི་མཚན་ཉིད་ཅན་ནོ། །འདོད་ཆགས་དང་བྲལ་བའི་ཕྱིར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བ་སྟེ། དེ་ཉིད་ནི་བྱེ་བྲག་ཏུ་སྨྲ་བའོ། །དེ་ཡང་ཉན་ཐོས་ཐེག་པའི་རྟོག་པ་བརྗོད་པ་བརྒྱ་པ་དང༌། དབྱུ་གུ་གསུམ་པའི་ཕྲེང་བ་ལ་སོགས་པའོ། །མདོ་སྡེ་ནི་ཤིན་ཏུ་ཟབ་མོ་མ་ཡིན་པའི་མདོ་སྡེ་སྟེ། ཚིགས་སུ་བཅད་པ་གཅིག་པ་དང༌། ཚིགས་སུ་བཅད་པ་བཞི་པ་དང༌། ཚིགས་སུ་བཅད་པ་གཉིས་པའི་གཟུངས་དང༌། སྒོ་དྲུག་པ་དང༌། བཟང་སྤྱོད་དང༌། རྒྱ་ཆེར་རོལ་པ་དང༌།


DTG003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅུ་ལ་སོགས་པའོ། །རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ནི་སྣ་ཚོགས་འདི་དག་ནི་སེམས་ཙམ་སྟེ། མི་བདེན་པའི་དོན་ཉིད་འཁྲུལ་ནས་དོན་དུ་སྣང་བར་འབྱུང་བར་གསུངས་ཏེ། དཔེར་ན་རྨི་ལམ་ལྟ་བུ་ཞེས་བྱ་བའོ། །དབུ་མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ། སྔགས་ཀྱི་ཐེག་པ་ཀུན་ཞེས་བྱ་བ་ནི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་དང༌། རྣལ་འབྱོར་གང་ན་མེད་པའི་དབྱེ་བས་རྣམ་པ་ལྔའོ། །བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་མ་ལུས་པའི་རབ་ཏུ་བྱེད་པ་ཙམ་ཤེས་པར་བྱ་བ་སྨྲས་པ་ཡིན་གྱི། རྫས་མ་ལུས་པ་ནི་མ་ཡིན་ཏེ། དཔག་ཏུ་མེད་པའི་ཕྱིར་རོ། །བླངས་ནས་ཞེས་བྱ་བ་ནི་གུས་པར་བྱ་ཞེས་བྱ་བའི་དོན་ཏོ། །གུས་པར་ཞེས་བྱ་བ་ནི་རྒྱུད་འདི་ལ་གུས་པའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་བརྒྱད་པའི་འགྲེལ་པའོ།། །།

དགུ་པ། སྔགས་བཏུ་བའི་ལེའུའི་འགྲེལ་པ།


DTG003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁ་སྦྱར་ནི་རྣམ་པར་ཤེས་པ་དང་ལུས་དག་གིའོ། །འབྱེད་པ་ནི་ཐ་དད་དུ་བྱེད་པ་སྟེ། བསམ་གཏན་གྱིས་ཞེས་བྱ་བ་ནི་ལྷག་མའོ། །དངོས་གྲུབ་ནི་ཁྲོས་པའི་ལས་ཀྱི་དངོས་གྲུབ་བོ། །འཁྲུགས་ཤིང་ཞེས་བྱ་བ་ནི་ཤིན་ཏུ་རྔམ་པའོ། །མ་རུང་པ་ནི་གསོད་པའི་སེམས་སོ། །བསྒོམ་པ་ཞེས་བྱ་བ་ནི་བསྟན་མ་ཐག་པའོ། །དེ་ཉིད་ནི་ཙམ་ཞེས་བྱ་བ་འབའ་ཞིག་གིས་སོ། །སངས་རྒྱས་ཞེས་བྱ་བ་ལ། སངས་རྒྱས་ལ་སོགས་པས་ཡང་དག་པར་བསྲུངས་ཀྱང་ངོ༌། །མཐོང་ནས་ཞེས་བྱ་བ་ནི་དྲན་ནས་སོ། །ཇི་ལྟར་གཟུགས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་གཟུགས་ཀྱིས་སོ། །ཁབ་ནི་ཞེས་བྱ་བ་ནི་རྡོ་རྗེའི་ཁབ་བོ། །མེའི་གཟུགས་ཅན་ནི་འབར་བར་འགྱུར་བའོ། །བྱིན་ཟའི་ས་བོན་ནི་རེ་ཕ་རབ་ཏུ་འབར་བའོ། །དམིགས་ནས་ཞེས་བྱ་བ་ནི་བསྒོམས་ནས་སོ། །བཀླགས་པས་འགྲུབ་པ་ཞེས་བྱ་བ་ནི་ཚིག་གི་དོན་ནི་འགྲུབ་པར་བདེན་ནོ་ཞེས་བྱ་བའི་བར་དུའོ། །གསང་བ་ནི་སྐལ་བ་མེད་པའི་སེམས་ཅན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་ངལ་བ་མེད་པ་ཉིད་མངོན་པར་འདོད་པའི་དོན་འགྲུབ་བའོ། །རྟོག་མེད་ཅེས་བྱ་བ་ནི་ཐེ་ཚོམ་མེད་པའོ། །རིན་ཆེན་ཞེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །རིན་ཆེན་དེས་ཅི་ཞིག་ཅེ་ན། ལུས་ཞེས་བྱ་བ་གསུངས་ཏེ། གཉུག་མར་གནས་པའི་


DTG003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སོ། །ལྟོས་ཞེས་བྱ་བ་ནི་ལྷ་མོ་སྐྱེ་ཞེས་བྱ་བའོ། །འབར་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོས་འབར་བའོ། །ཕྲེང་བ་ཞེས་བྱ་བ་ནི་རྣལ་འབྱོར་མ་བཅོ་ལྔའི་ངོ་བོ་ཉིད་ཀྱི་རྩའོ། །འཁྲུགས་པ་ནི་དེའི་ཏིང་ངེ་འཛིན་གྱིས་གནས་པའོ། །སྦྱོར་བྲལ་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། མ་ཕུག་ཅེས་བྱ་བ་ནི་སོ་སོར་མ་ཕུག་པ་སྟེ། མི་ཤེས་ན་ནི་འཁོར་བ་པ་ཉིད་དུ་འགྱུར་ཏེ། ཇི་ལྟར་རིན་པོ་ཆེ་མ་ཕུག་པ་རྒྱན་གྱི་ལས་ཐམས་ཅད་ལ་མཁོ་བ་མ་ཡིན་པ་དེ་བཞིན་དུ། ལུས་འདི་ཡང་མི་ཤས་ན་ནི་སངས་རྒྱས་ཉིད་ཐོབ་པར་མི་ནུས་པ་ཡིན་ནོ། །རབ་ཏུ་ཕུག་པས་ཅི་ཞིག་བྱེད་ཅེ་ན། དགའ་བ་སྦྱིན་པ་པོ་ཞེས་བྱ་བ་གསུངས་ཏེ། མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་ཅེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ལུས་ཇི་ལྟ་བ་དེ་ལྟར་འཁོར་བའི་རིན་པོ་ཆེ་ཡང་ཡིན་ནོ། །བདུད་རྩི་ནི་མི་གནས་པའོ། །གང་གི་གཟུགས་ཀྱིས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱིའོ། །ཞབས་ནི་གཤེགས་པར་བྱེད་པའོ། །རྣམ་པར་ཐར་པ་ནི་རྣམ་པར་ཐར་པ་རྣམས་སོ། །གུག་སྐྱེད་ཅེས་བྱ་བ་ནི་འཁོར་ལོ་ལ་སོགས་པའི་ཚད་རྣམས་སོ། །སྔགས་བཏུ་བའི་ཞེས་བྱ་བ་ནི་ལྷ་མོའི་ཞུ་བའི་ཚིགས་བཅད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ །ལྷ་མོ་ཤེས་རབ་ཆེན་མོ་ཉོན། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཀའོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། །ཨུཥྨ་རྣམས་ཀྱི་བཞི་བ་ནི་ཡི་གེ་ཧའོ། །པུཀྐ་སཱི་ནི་ཨུའོ། །སྟོང་པ་ནི་ཐིག་ལེའོ། །མཐར་ནི་སྭཱ་ཧཱ་ཞེས་བྱ་བ་ནི་མཐར་སྭཱ་ཧཱ་ཞེས་སྦྱར་བའོ། །ཡིག་འབྲུའི་བདག་པོ་ནི་ཨོཾ་མོ། །མཁའ་སྤྱོད་མ་ནི་ཨོཾ་ངོ༌། །དང་པོ་ཡི་ནི་གཉིས་པ་ཞེས་བྱ་བ་ནི་ལའོ། །གཉིས་པ་ཡི་ནི་གསུམ་པ་ཞེས་བྱ་བ་ནི་ཛའོ། །བྷ་རིས་ཞེས་བྱ་བ་ནི་ཨིའོ། །ཡིག་འབྲུའི་དབང་ཕྱུག་ནི་ཨོཾ་མོ། །ལྔ་པ་ཉིད་ཀྱི་གསུམ་པ་ནི་ཡི་གེ་བའོ། །མཁའ་འགྲོ་མ་ནི་ཡི་གེ་ཨུའོ། །ཡིག་འབྲུའི་ཐུ་བོ་ནི་ཨོཾ་མོ། །གཏི་མུག་རིགས་ཞེས་བྱ་བ་ནི་ཨོཾ་མོ། །དང་པོ་རྣམས་ཀྱི་དང་པོ་ནི་ཡི་གེ་ཀའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཡི་གེ་ཨུ་ཐུང་ངོ༌། །མཐར་གནས་པའི་གཉིས་པ་ནི་རའོ། །མཐར་གནས་གསུམ་པ་ནི་ལའོ། །ཙཽ་རཱི་མ་ནི་ཨོའོ། །བཞི་པའི་གསུམ་པ་དའོ། །མཐར་གནས་བཞི་བ་ནི་ཝའོ། །ཨུཥྨ་རྣམས་ཀྱི་བཞི་བ་ནི་ཧའོ། །པུཀྐ་སཱི་ནི་དབྱངས་ཀྱི་དྲུག་པའོ། །ལྔ་པ་ཉིད་ཀྱི་གཉིས་པ་ནི་


DTG003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཕའོ། །གསུམ་པའི་དང་པོ་ནི་ཡི་གེ་ཊའོ། །ལྔ་པའི་བཞི་པ་ནི་བྷའོ། །མཐར་གནས་པའི་དང་པོ་ནི་ཡའོ། །གྷསྨ་རཱི་ནི་ཡི་གེ་ཨོའོ། །དང་པོའི་དང་པོ་ནི་ཀའོ། །ནང་གི་གཽ་རཱི་ནི་ཨིའོ། །གསུམ་པ་ཉིད་ཀྱི་དང་པོ་ནི་ཊའོ། །ལྔ་པའི་གསུམ་པ་ནི་བའོ། །གཉིས་པའི་གསུམ་པ་ནི་ཛའོ། །བཞི་པའི་དང་པོ་ནི་ཏའོ། །བྱིན་ཟ་ནི་རེ་ཕའོ། །པེ་ཏཱ་ལཱི་ནི་ཨེའོ། །མཐར་གནས་པའི་གསུམ་པ་ནི་ལའོ། །དང་པོའི་དང་པོ་ནི་ཀའོ། །མཐར་གནས་པའི་དང་པོ་ནི་ཡའོ། །རྡོ་རྗེ་མ་ནི་ཨའོ། །ཙཽ་རཱི་ནི་ཨཻའོ། །ལྔ་པའི་དང་པོ་ནི་པའོ། །བདག་མེད་མ་ནི་ཨའོ། །དང་པོའི་དང་པོ་ནི་ཀའོ། །གཉིས་པའི་དང་པོ་ནི་ཙའོ། །གསུམ་པའི་དང་པོ་ནི་ཊའོ། །བཞི་བའི་དང་པོ་ནི་ཏའོ། །ལྔ་པའི་དང་པོ་ནི་པའོ། །མཐར་གནས་པའི་དང་པོ་ནི་ཡའོ། །ཨུཥྨ་རྣམས་ཀྱི་དང་པོ་ནི་ཤའོ། །མཐར་གནས་པའི་གཉིས་པ་ནི་རའོ། །རྡོ་རྗེ་མ་ནི་ཨའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་དགུ་པའི་འགྲེལ་པའོ།། །།

བཅུ་པ། བཟླས་པའི་ལེའུའི་འགྲེལ་པ།


DTG003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྡོམ་གཅིག་པ་ཞེས་བྱ་བ་གཉིས་སུ་མེད་པའི་མདོར་བསྡུས་པའི་སྡོམ་པའོ། །བཟླས་པ་ནི་བཟླས་བརྗོད་དོ། །དེའི་ཡུལ་ནི་ཕྲེང་བའོ། །མ་ཧེ་ཡིས་ཀྱང་ཞེས་བྱ་བ་ནི་མ་ཧེའི་རུས་པའི་ཕྲེང་བས་ཞེས་བྱ་བའི་དོན་ཏོ། ལས་སོ་སོའི་དམ་ཚིག་བྱ་བ་བསྟན་པའི་ཕྱིར་རེངས་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་བཅུ་བའི་འགྲེལ་པའོ།། །།

བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་ལེའུའི་འགྲེལ་པ།


DTG003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དམ་འཁྱུད་ཅེས་པ་ལ་སོགས་པ་ལ། འདི་སྐད་ཅེས་ཁྱབ་ནི་འཆད་པར་འགྱུར་བའོ། །མི་བསྐྱོད་པའི་རིགས་ཞེས་བྱ་བ་ནི་མི་བསྐྱོད་པ་དེའི་རིགས་སོ། །སེམས་པའི་རིགས་ཞེས་བྱ་བ་ནི་རྡོ་ཇེའི་སེམས་དཔའི་རིགས་སོ། །དེ་རྣམས་ཞེས་བྱ་བ་ནི་བུད་མེད་དེ་རྣམས་དེ་བཞིན་གཤེགས་པའི་རིགས་ཅན་ནོ། །བདག་མེད་མ་ལོའི་མཛད་པ། །ཞེས་བྱ་བ་ནི་བོད་པའོ། །མྱོས་པས་ནི་བདེ་བ་ཆེན་པོ་འབྱུང་བར་འགྱུར་བའོ། །མཚན་མའི་ཞེས་བྱ་བ་ནི་དེའི་དོན་དུ་སེན་མོ་འདེབས་པའོ། །ལག་པས་ཞེས་བྱ་བ་ནི་སོར་མོ་གཉིས་ཀྱིས་བསྐྱོད་པ་ལ་སོགས་པའོ། །རྡོ་རྗེ་ལྡན་པ་


DTG003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རེངས་པར་གྱུར་པའི་རྡོ་རྗེས་སོ། །འཕྱང་ཐག་ཅེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བ་བཞི་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱི་མན་ངག་གི་བྱ་བ་རྣམས་གསུངས་པ་ཡིན་ཏེ། །འཕྱང་ཐག་དང་འདྲ་བས་འཕྱང་ཐག་གོ །སྟེང་ཕྱོགས་ན་གནས་པའོ། །འདི་ནི་བྱེད་པ་པོ་བུད་མེད་ཡིན་ཏེ། མདུན་དང་རྒྱབ་ཏུ་བུད་མེད་ཀྱིས། །དལ་གྱིས་གསང་གནས་འཕྱང་པ་ཡིས། །མཚན་མའི་སྟེང་ན་མཉམ་གནས་པ། །འཕྱང་ཐག་འདྲ་བར་རབ་ཏུ་གྲགས། བླ་ཞེས་བྱ་བ་ལ་སོགས་པ་ལ་འདིར་བྱེད་པ་པོ་སྐྱེས་བུ་ཡིན་ཏེ། བུད་མེད་དུ་པུས་མོ་བསླངས་ནས་ནི། གཡས་དང་གཡོན་པའི་དཔུང་པ་ལས། སྟེང་དུ་སྦྱར་བའི་བྱེད་པ་ཡིས། །ཕན་ཚུན་མངོན་ཕྱོགས་གནས་པའོ། །ཤིན་ཏུ་བརྐྱང་ཞེས་བྱ་བ་ལ་སོགས་པ་ལ། ངང་བའི་གཤོག་པའི་རྣམ་པར་ལྟར། །བརྐྱང་པར་གྱུར་བའི་རྐང་པ་གཉིས། །ཤིན་ཏུ་བརྐྱང་བར་གྱུར་པ་ཡིན། །འགྱེལ་བར་གྱུར་པ་དག་གིར་གྲགས། །དེ་བཞིན་ཞེས་བྱ་བ་ནི་ཁ་བ་གསུངས་ཏེ། འགྱེལ་བའི་རྐང་པ་སྟེང་འོག་ཏུ། །དབྱུག་པ་བཞིན་དུ་གང་གནས་པའི། །ཟུར་དང་རྒྱབ་ཏུ་ཅུང་མནན་པ། ཁབ་ཀྱི་བྱེད་པ་ཞེས་བྱར་བརྗོད། །ག་པུར་རྒྱུའི་ཕྱིར་ཞེས་བྱ་བ་ནི་ཕུར་འཕེལ་བར་བྱེད་པའི་ཆེད་དུའོ། །ལྷན་ཅིག་སྐྱེས་པའི་དོན་བྱེད་པའི་ཁྱད་པར་གང་དུ་སྟོན་པའི་ལེའུ་ལ་ཡང་དེ་སྐད་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་བཅུ་གཅིག་པའི་འགྲེལ་བའོ།། །།

བཅུ་གཉིས་པ། དབང་བསྐུར་བ་བཞིའི་ལེའུའི་འགྲེལ་པ།


DTG003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ནི་དབང་བཞིའི་ཚིགས་བཅད་ཀྱི་མན་ངག་ཇི་ལྟ་བ་བཞིན་དུ་ཤེས་རབ་གཏད་པའི་ཚིགས་སུ་བཅད་པའོ། །རྡོ་རྗེ་རབ་གནས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཉིད་དུ་རྣམ་པར་གནས་པའོ། །བྱང་ཆུབ་ནི་ཤེས་རབ་བོ། །དེའི་སྲས་ནི་བྱང་ཆུབ་སེམས་དཔའོ། །དགའ་བ་ནི་བརྩེ་བའོ། །གནས་ནི་བྱང་ཆུབ་ཀྱི་སེམས་སོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆེས་ཕྲ་ཞིང་ཞེས་བྱ་བ་ནི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དཀྱིལ་ནི་སྙིང་པོའོ། །ནམ་མཁའ་ལྟ་བུ་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུ་སྟེ་སྣང་བ་མེད་པའི་སེམས་ཅན་རྣམས་སོ། །རྡུལ་བྲལ་ཞེས་བྱ་བ་ནི་ཉོན་མོངས་བཟད་པའོ། །མཐར་ཕྱིན་ཞེས་བྱ་བ་ནི་འཁོར་བ་ལས་འདས་པ་ཉིད་དོ། །ཞི་བ་ཉིད་ཅེས་བྱ་བ་ནི་གནོད་པ་དང་བྲལ་བའི་ཕྱིར་རོ། །ཁྱོད་རང་


DTG003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་ཁྱོད་ཀྱི་ཕ། །ཞེས་བྱ་བ་ནི་ཁྱོད་ཉིད་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་པདྨ་བྱིན་གྱིས་བརླབས་པ་ནི་རང་གིས་བྱིན་གྱིས་རློབ་པའོ། །རིན་ཆེན་རྣལ་འབྱོར་རྣམས་ཀྱི་ཕྲེང༌། །དགྱེས་བའི་རྡོ་རྗེའི་འགྲེལ་བྱས་པས། །བསོད་ནམ་བསགས་པ་གང་ཡོད་དེས། །འགྲོ་ཀུན་ཉོན་མོངས་ཀུན་བྲལ་ཤོག །དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་བཅུ་གཉིས་པའི་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousབརྟག་པ་གཉིས་པའི་འགྲེལ་པ།next