Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གསུམ་པ།


  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
དྲུག་པ། སྤྱོད་པའི་ལེའུའི་འགྲེལ་བཤད།
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousདྲུག་པ། སྤྱོད་པའི་ལེའུའི་འགྲེལ་བཤད།next

དྲུག་པ། སྤྱོད་པའི་ལེའུའི་འགྲེལ་བཤད།


DTG003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ལེའུ་བཞིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་གྱི་བདག་ཉིད་དེ་ཁོ་ན་བཞི་དང༌། ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་དེ་ཁོ་ན་བཞིའི་བདག་ཉིད་ཀྱང་དེ་ཁོ་ནའི་ལེའུས་མངོན་པར་བརྗོད་དེ། དེ་ཁོ་ནའི་རྣལ་འབྱོར་པས་ཇི་ལྟར་གནས་པར་བྱ་བ་དང་དེ་ཁོ་ནས་གནས་པ་དེའི་ཡང༌། འབྲས་བུ་གང་ཡིན་པ་དེ་བསྟན་པའི་ཕྱིར་གསུངས་པ། དེ་ནས་གཞན་ཡང་རབ་བཤད་བྱ། །སྤྱོད་པ་ཕ་རོལ་ཕྱིན་མཆོག་ཉིད། །གང་གིས་དངོས་གྲུབ་མཐར་འགྲོ་བ། །ཀྱེ་ཡི་རྡོ་རྗེར་དངོས་གྲུབ་རྒྱུས། །འདིའི་དོན་སྤྱོད་པ་ཞེས་པ་དེ་ཁོ་ནའི་རྣལ་འབྱོར་པའི་ལུགས་སོ། །དེ་རབ་བཤད་བྱ་ཞེས་པ་རབ་ཏུ་བརྗོད་པས་སོ་སོར་རྟོགས་པར་བྱ་སྟེ། རབ་ཏུ་བརྗོད་པ་ཞེས་བྱ་བ་ནི་གང་བྱ་བས་ཡོངས་སུ་དམན་པའི་བྱ་བ་གསུངས་པ་འདི་ཉིད་དོ། །ཁྱད་པར་ཅི་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་མཐར་ཐུག་པ་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་ནི་ཉན་ཐོས་ལ་སོགས་པ་མོས་པ་དམན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ལས་གོང་མའོ། །ཅིའི་དོན་ཉིད་དུ་སྤྱོད་པ་བྱེད་ཅེ་ན། གསུངས་པ། གང་གིས་དངོས་གྲུབ་མཐར་འགྲོ་བ། །ཞེས་པ། སྤྱོད་པ་བྱེད་པ་གང་གིས་དངོས་གྲུབ་མཐར་འགྲོ་བ་རྟོགས་པ་སྟེ། དངོས་གྲུབ་ཀྱི་མཐར་རང་བཞིན་རྟོགས་པར་འགྱུར་བའོ། །ཁྱད་པར་ཅི་ཞེ་ན། དེ་ནས་གཞན་ཞེས་པ་སྟེ། དེ་ནས་གཞན་ནི་དེ་ཁོ་ནའི་ལེའུར་གསུངས་པ། དེ་ལས་འདིའི་རྒྱུར་གྱུར་པ་ཉིད་ཀྱིས་དངོས་གྲུབ་མཐར་ཐུག་པའི་འབྲས་བུ་འབྱུང་བའི་ཕྱིར་གཞན་ཕུལ་དུ་བྱུང་བར་འགྱུར་རོ། །གང་དུ་ཞེ་ན། ཀྱེའི་རྡོ་རྗེར་ཏེ། ཀྱེའི་རྡོ་རྗེའི་རྒྱུད་འདིར་རོ། །རྒྱུ་གང་གིས་ཤེ་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུས་ཞེས་པའོ། །ཡང་ན་སྤྱོད་པ་རབ་བཤད་བྱ། །ཞེས་པ་སྟེ། གསུངས་པའི་དོན་ཉིད་དོ། །དངོས་གྲུབ་མཐར་འགྲོ་བ་ཞེས་


DTG003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ། དངོས་གྲུབ་ནི་རྡོ་རྗེ་འཆང་སྟེ། དེའི་མཐའ་ནི་རང་བཞིན་ནོ། །ཁྱད་པར་ཅི་ལྟ་བུ་ཞེ་ན། གཞན་མཆོག་གོ །གང་ལས་ཤེ་ན། དེ་ནས་བདག་མེད་མ་སྟེ། དེའི་ཕྱིར་རྡོ་རྗེ་འཆང་དང་བདག་མེད་མ་དག་དབྱེར་མེད་པ་ལས་སོ། །གང་དུ་ཀྱེའི་རྡོ་རྗེར་གཉིས་སུ་མེད་པར་རྟོགས་པ་ན་སྟེ། དེ་ཉིད་ཅིའི་དོན་དུ་རྟོགས་ཤེ་ན། དངོས་གྲུབ་རྒྱུས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་ཏེ། རྣམ་པ་གཞན་དུ་མ་ཡིན་པ་ཉིད་དོ་ཞེས་པའི་དོན་ཏོ། །དེ་ཁོ་ནའི་རྣལ་འབྱོར་བའི་མཚན་ཉིད་གསུངས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་དང་རང་བཞིན་གྱི་རྒྱན་འཛིན་པའི་དོན་གྱིས་གསུངས་པ། སྒོམ་པ་པོ་ཡིས་རྣམ་གཟུང་བ། །རྣ་བར་ལྷ་ཡི་རྣ་རྒྱན་ཏེ། ཞེས་པ་རྣལ་འབྱོར་པས་རྒྱན་བྱས་ཏེ། དེ་ཅི་ཞེ་ན། ལྷའི་རྣ་རྒྱན་ཞེས་པ་ལྷའི་བདག་ཉིད་ཀྱིས་རྣ་རྒྱན་ལ་སོགས་པ་སྟེ། ལྷ་རྣམ་པར་དག་པའི་ཕྱིར་རོ། །འདིས་ནི་ཕྱག་རྒྱ་རྣམ་པར་དག་པའི་ལྷ་གང་ཡིན་པ། ལྷ་དེའི་མཚན་མ་ཉིད་དེར་བྱས་ཏེ། རབ་གནས་ལ་སོགས་པ་ཡང་བྱས་ནས་རྣ་བ་དག་ལ་གཟུང་བར་བྱའོ། །ལྷའི་སྒྲ་ནི་ཐམས་ཅད་དུ་རིག་པར་བྱ་སྟེ། འདིར་འཁོར་ལོ་དང་ལག་གདུབ་ལ་སོགས་པ་རྣམས་ལ་ཡང་སྔར་བཞིན་བྱའོ། །རྐང་གདུབ་ལ་ཡང་རྡོ་རྗེ་ཐོད་པའི་ཕྱག་རྒྱ་དང༌། དཔུང་རྒྱན་ལ་ཡང་རྡོ་རྗེ་འཆང་ཉིད་ཀྱི་ཕྱག་རྒྱ་ཞེས་པའོ། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་གཉིས། །གདུབ་བུ་གཉིས་སོ། །རྐེད་པ་ལ་ཡང་སྐ་རགས་གཉིས། །རྐང་པ་དག་ལ་རྐང་གདུབ་སྟེ། །དཔུང་པའི་རྩ་བར་དཔུང་རྒྱན་དང༌། །མགྲིན་པར་རུས་པའི་ཕྲེང་བའོ། །ཞེས་པ། མགྲིན་པར་རུས་པའི་མགུལ་རྒྱན་ཏེ། །འདིས་ཅི་གསུངས་ན། རྣ་རྒྱན་ལ་སོགས་པ་གང་གསུངས་པ། །དེ་ཐམས་ཅད་རུས་པ་ཁོ་ནའི་སྟེ། །རུས་པ་ཡང་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་བདག་མེད་མའི་རང་བཞིན་ཁོ་ནའོ་ཞེས་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་རྒྱན་ཐམས་ཅད་རྣལ་འབྱོར་པས་གཟུང་བར་བྱའོ་ཞེས་པའོ། །ཡང་ན་བསྒོམ་པ་པོས་དེ་ཁོ་ན་དང་ལྡན་པས་ལྷའི་རྣ་རྒྱན། རྣ་ཆའི་བདག་ཉིད་འོད་དཔག་མེད། །ཅེས་པའི་གསུང་ལས་ལྷའི་རྣ་རྒྱན་དེ་ཡང་འོད་དཔག་མེད་དེ། དེ་ཡང་ལྷ་ཐམས་ཅད་ཀྱི་རང་བཞིན་ནོ། །གང་དུ་ཞེ་ན།


DTG003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལི་དང་ཀཱ་ལི་གཉིས་ཀྱིས་ནཱ་ད་གཉིས་ལས་རྫོགས་པའི་ཕྱིར་རྣ་བདག་ལའོ། །དེ་གཉིས་ཀྱི་ཕྱིར་དེ་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་འཛིན་ཅིང་ཐ་དད་མེད་པར་བྱེད་པའི་ཕྱིར་རྣམ་པ་གཟུང་བ་ཞེས་པ་གསུང་རྡོ་རྗེའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ཞེས་པ། དཀྱིལ་འཁོར་བའི་བདག་པོ་ཉིད་ཀྱིས་འཁོར་ལོ་ནི་མི་བསྐྱོད་པའོ། །དེ་ཡང༌། སྤྱི་བོར་ཏེ། བདེ་ཆེན་ཀཾ་ལ་གནས་པ་གང༌། ཞེས་པའི་གསུངས་ལས་སོ། །རྣམ་པར་འཛིན་ཞེས་པ་འཁོར་ལོ་མི་བསྐྱོད་པ་དེ་ཉིད་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་འཛིན་ཅིང་གཟུང་པར་བྱ་བ་དང༌། གཟུང་བར་བྱ་བ་མ་ཡིན་པ་དབྱེར་མེད་པར་བྱེད་པའོ། །དེ་ནི་བྱ་བའི་ཚུལ་ཉིད་ཀྱིས་གཟུང་བར་བྱ་སྟེ། ཨ་བདག་མེད་མའོ། །བདག་མེད་མ་དང་དབྱེར་མེད་པ་ཉིད་མི་བསྐྱོད་པ་ཐུགས་རྡོ་རྗེའི་རང་བཞིན་ཆོས་ཀྱི་སྐུའོ། །ལག་པ་དག་ལ་ལག་གདུབ་གཉིས། །ཞེས་པ། ལྔའི་བདག་ཉིད་གཉིས་ཀྱིས་དབང་པོ་དང་ཡུལ་གཉིས་ཀྱི་རང་བཞིན་ནོ། །ལག་གདུབ་ཀྱི་སྒྲས་རྣམ་པར་སྣང་མཛད་དོ། །སྣང་བའི་མཚན་ཉིད་སྐུ་རྡོ་རྗེ་སྤྲུལ་པའི་སྐུ། རྣམ་པར་སྣང་མཛད་ཅེས་པའི་གསུང་ལས་སོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རིག་པ་དང་སྣང་བ་གསལ་བའི་རང་བཞིན་དུ་གསུངས་ཏེ། སྐུ་གསུམ་གྱི་ངོ་བོ་ཁོ་ནའོ། །རྣལ་འབྱོར་པ་རྒྱན་གྱིས་བརྒྱན་པ་ནི་དེ་ལྟར་རྒྱན་དུ་འགྱུར་རོ། །འདི་རྣམས་ཉིད་ཤེས་རབ་དང་ཐབས་དབྱེར་མེད་པར་བྱ་བའི་ཕྱིར་གསུངས་པ། རྐེད་པ་ལ་ཡང་སྐ་རགས་ཉིད། །ཅེས་པ། ཀཾ་བདེ་བ་ཆགས་པའི་མཚན་ཉིད་དོ། །དེ་ལས་འདས་པར་འགྲོ་བའི་ཕྱིར་ཀ་ཊི་བདག་མེད་མའོ། །དེ་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་རང་བཞིན་ལས་རྟེན་དང་བརྟེན་པ་ཉིད་ཀྱིས་སྐ་རགས་དོན་ཡོད་གྲུབ་པ་སྐུ་རྡོ་རྗེ་སྟེ། སྐར་གསལ་ནི་དོན་ཡོད་གནས། །ཞེས་པའི་གསུང་ལས། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་སྐུ་རྡོ་རྗེ་ཞེས་པའོ། །རྐང་པ་དག་ལ་རྐང་གདུབ་སྟེ། ཞེས་པ་རྐང་པ་དག་ལ་ཡེ་ཤེས་གཉིས་ཀ་དབྱེར་མེད་པ་ཉིད་རྐང་གདུབ་སྟེ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །དེ་བཞིན་དུ་གཉིས་ཀ་དབྱེར་མེད་པ་ཉིད་དུ་གསུང་རྡོ་རྗེ་ཞེས་པའོ། །དཔུང་པའི་རྩ་བར་དཔུང་རྒྱན་དང༌། །ཞེས་པ། བ་བྱང་ཆུབ་ཀྱི་


DTG003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སོ། །ཨ་བདག་མེད་མའོ། །དེའི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར། ཧ་རྡོ་རྗེ་འཆང་ངོ༌། །དེ་ཡང༌། ཨུ་རྡོ་རྗེ་མཁའ་འགྲོ་མ་སྟེ། དེས་བརྒྱན་པའི་ཕྱིར་ཧུ་རྡོ་རྗེ་འཆང་གི་རང་བཞིན་ཉིད་བྱང་ཆུབ་ཀྱི་སེམས་ཞེས་པའོ། །བཱ་ཧུའི་སྒྲས་དེ་གཉིས་ཀ་དབྱེར་མེད་པ་གཉིས་ཀྱི་བདག་ཉིད་ཅན་གིང་ཡིན་པའོ། །དེ་ཉིད་རྩ་བ་སྟེ་དང་པོ་དང་གཙོ་བོའོ། །དེ་ལས་འབྱུང་བ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་ཏེ། ཨུ་ཡིག་གིས། ས་ནི་པུཀྐ་སཱི་རུ་བརྗོད། །ཅེས་པའི་གསུང་ལས་པུཀྐ་སཱིའོ། །ཀ་ཆུའི་ཁམས་སོ། །ར་མེའི་ཁམས་སོ། །ཡ་རླུང་གི་ཁམས་སོ། །ཨེ་ཆོས་འབྱུང་ནམ་མཁའི་ཁམས་སོ་ཞེས་པ་དཔུང་རྒྱན་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སོ། །དང་ཡིག་ལས་གཉིས་ཀ་དབྱེར་མེད་པ་ཉིད་ཐུགས་རྡོ་རྗེ་ཞེས་པའོ། །མགྲིན་པར་རུས་པའི་ཕྲེང་བའོ། །ཞེས་པ། མགྲིན་པའི་སྒྲས་མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་ཉིད་ཀྱིས། དེ་ཡང༌། འདབ་མ་བཅུ་དྲུག་ལས་སྟོང་པ་ཉིད་བཅུ་དྲུག་གོ །དེ་ལས་རྟེན་དང་བརྟེན་པའི་དངོས་པོ་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པ་ཉིད་ཀྱིས་མིའི་རུས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་ཀྱི་ཕྲེང་བ་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་འདི་རྣམས་སྤྲོ་བའི་ངོ་བོ་ཉིད་དོ། །དང་པོ་དང་མཐར་ན་རྒྱན་དང་མགུལ་རྒྱན། འོད་དཔག་མེད་དང་རིན་ཆེན་དབང་པོ་དང༌། ཁུ་བ་དང་ཁྲག་གི་ངོ་བོ་བསྐྱེད་པ་དང་འཇིག་པའི་རང་བཞིན། ཟླ་བ་དང་ཉི་མའི་རང་བཞིན་དག་ལས་འདི་རྣམས་ཀྱི་རང་བཞིན་རིན་ཆེན་དབང་པོ་སྟེ། མགུལ་བའི་ཕྲེང་བ་རིན་ཆེན་དབང་། །ཞེས་པའི་གསུང་ལས། ཨཱ་ལི་ཀཱ་ལི་ནཱ་ད་དབྱེར་མེད་པ་དག་ལས་རྡོ་རྗེ་གསུམ་དང༌། ཡེ་ཤེས་ལྔའི་བདག་ཉིད་བཞི་པ་ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཁོ་ན་གཉིས་སུ་མེད་པ་ནི་དེ་ཁོ་ན་དང་ལྡན་པའི་རྒྱན་ནོ་ཞེས་གསུངས་པའི་དོན་ཏོ། །གཞན་ཡང་གསུངས་པ། དེའི་བགོ་བ་སྟག་གི་པགས་པ་དང༌། དེའི་བཟའ་བ་མི་འཆི་བཅུ་ཕྱེད་དོ་ཞེས་པ། བདུད་རྩི་ལྔ་ནི་ཇི་ལྟར་འོ་མ་ལ་སོགས་པ་བདུད་རྩི་བ་ཞིན་དུ་བཟའ་བར་བྱ་བ་དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཡང་ངོ༌། །ཡང་ན། ཐམས་ཅད་ནས་ཀུན་ཏུ་བསྒྲུབས་པ་ནི་བགོ་བ་སྟེ། དེ་གང་ཞེ་ན། སྟག་གི་


DTG003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་ཞེས་པ་གཟུགས་སྣ་ཚོགས་པ་སྤྲོ་བའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བཟའ་བ་ཐིམ་པ་མི་འཆི་བཅུ་ཕྱེད་ཅེས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་བདུད་རྩིའི་ངོ་བོ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་སྐུ་རྡོ་རྗེ་རྡོ་རྗེ་རིགས་ཀྱི་ལེའུར་མདོར་བསྟན་པའི་རྒྱས་པར་བཤད་པའོ། །འདིར་ཧེ་རུ་ཀ་སྦྱོར་སྐྱེས་བུ་ནི་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་སྟེ། རིགས་ལྔ་ལ་ནི་རྣམ་པར་གནས། །བྲམ་ཟེ་དང་ནི་རྒྱལ་རིགས་དང༌། །རྗེའུ་རིགས་དང་དམངས་རིགས་དང༌། །མཐར་སྐྱེས་དེ་ལྔ་རྣམས་ལའོ། །ཡང་ན། གང་རྡོ་རྗེའི་རིགས་དང༌། པདྨའི་རིགས་དང༌། ལས་ཀྱི་རིགས་དང༌། དེ་བཞིན་གཤེགས་པའི་རིགས་རྣམས་ལའོ། །ཅི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། རིགས་ལྔ་དག་དང་མཉམ་ལྡན་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟགས། །རིགས་ལྔ་རྣམས་འདྲེས་པར་གྱུར་པ་གང་ཡིན་པ་དེ་རིགས་གཅིག་སྟེ། རིགས་གཅིག་ཁོ་ནའོ། །དེ་ཡང༌། སླར་བརྟགས་ཞེས་པ་གཅིག་ཉིད་བརྟགས་པའི་དབང་ལས་ཞེས་པའོ། །འདི་ཅི་ལྟར་ཞེ་ན། རིགས་གཅིག་དང་ནི་དུ་མ་ཡིས། །གིང་ཕྱིར་གཡོ་བ་མཚོན་མི་བྱ། །གཅིག་གིས་ཀྱང་རྒྱུ་གང་གི་ཕྱིར་དབྱེ་བ་ཐ་དད་པ་མཚོན་མི་བྱ། རྟོགས་པར་མི་བྱའོ། །ཡང་ན། ཧེ་རུ་ཀ་སྦྱོར་ཞེས་པ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྐྱེས་བུ་དེ་ཁོ་ནའི་རྣལ་འབྱོར་པ་རྣམ་པར་གནས་པ་སྤྲོ་བའོ། །གང་དུ་ཞེ་ན། རིགས་ལྔ་ལ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམས་ལའོ། །གང་ལས་ཤེ་ན། རིགས་ལྔ་དག་དང་མཉམ་ལྡན་པ། །ཡེ་ཤེས་ལྔ་པོ་རྣམས་ལ་མཉམ་པའི་ངོ་བོས་ཞུགས་པ་དེ་ཉིད། རིགས་གཅིག་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ། དེ་ཡང་བརྟགས་པ་ནི་ངེས་པའོ། །ཅི་ལྟར་ཞེ་ན། གང་ཕྱིར་དུ་མ་ཡིས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་སྤྲོ་བ་དང༌། རིགས་གཅིག་གི་དོན་དམ་པའི་བདེན་པའི་བདག་ཉིད་སྡུད་པར་དབྱེ་བ་ཐ་དད་པའི་བྱ་བ་མཚོན་མི་བྱ། རྟོགས་པར་མི་བྱ་ཞེས་པའོ། །ཡང་ན། ཡི་གེ་ལྔ་ཞེས་པ་ཀ་ཁ་ག་གྷ་ང༌། ཡི་གེ་ལྔ་པོ་རྣམས་ལ་རྣམ་པར་གནས་རྣམ་པ་སྣ་ཚོགས་པའི་རང་བཞིན་དུ་གནས་པའོ། །ཅི་ལྟར་ཞེ་ན་ཡི་གེ་མཉམ་པར་ལྡན་པའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ།


DTG003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་ཡི་གེ་ལྔ་རྣམས་ཀྱིས་བསྡུས་པ་གང་ཡིན་པ་ཡི་གེ་གཅིག་ཏུ་བརྟགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ཉིད་ཀྱིས་གང་ངེས་པ་དེ་ཉིད་ཡེ་ཤེས་ལྔའོ། །གང་གི་ཧེ་རུ་ཀ་སྦྱོར་གྱིས། །ཧེ་རུ་ཀ་སྦྱོར་བ་དེ་ནི་ཧེ་རུ་ཀ་སྦྱོར་ཏེ། །དེ་ནི་སྐྱེས་བུ་རྣལ་འབྱོར་པའོ། །འདི་ཅི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། ཡི་གེ་གཅིག་དང་དུམ་ཡིས། ཡི་གེ་གཅིག་གིས་ཀྱང་གང་གི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པ། དེ་བཞིན་གཤེགས་པ་རྣམས་ཀྱི་དབྱེ་བ་སྣ་ཚོགས་བརྟག་པར་མི་བྱ་ཞིང་ཡི་གེ་དུ་མ་ཉིད་ཀྱིས་ཀྱང་གང་གི་ཕྱིར་དབྱེ་བ་མཚོན་པར་མི་བྱ་སྟེ། གང་གི་ཕྱིར་ཐ་དད་དང་ཐ་དད་མེད་པ་དག་ཁྱད་པར་མེད་པ་ཉིད་དོ། །དེ་ལྟར་གྱུར་པའི་རྣལ་འབྱོར་པས་གང་དུ་གནས་པར་བྱ་ཞེ་ན། དེའི་ཕྱིར་གསུངས་པ། ཤིང་གཅིག་གམ་ནི་དུར་ཁྲོད་དང༌། །མ་མོའི་ཁྱིམ་དང་བཞི་མདོ་དང༌། །ཡང་ན་མཚན་མོ་ཕྱེད་དང་ནི། །དབེན་པ་དང་ནི་བས་མཐའ་རུ། །སྒོམ་པ་བཟང་བར་བརྗོད་པར་བྱ། །ཤིང་གཅིག་ཅེས་པ་གང་ལ་ཤིང་གཞན་གྱི་གྲིབ་མ་མི་འབྱུང་བའི་ཤིང་དེ་ནི་གདོན་མི་ཟ་བར་གནོད་སྦྱིན་ལྷག་པར་གནས་པར་འགྱུར་བའི་ཕྱིར་རོ། །དེ་ལྷག་པར་གནས་པའི་གནས་སུ་གལ་ཏེ་དོགས་པ་མེད་པར་གྱུར་ན། དེའི་ཚེ། དེའི་དེ་ཁོ་ནའི་སྤྱོད་པ་དང་དེའི་འབྲས་བུ་ཡང་འབྱུང་ངོ༌། །དུར་ཁྲོད་ཅེས་པ་དུར་ཁྲོད་ཀྱིས་གཞིར་ཡང༌། ཡི་དགས་ལྷག་པར་གནས་ཏེ། དེར་ཡང་འདིར་དོགས་པ་མེད་པ་ཉིད་དོ། །མ་མོའི་ཁྱིམ་ཞེས་པ་ཙཎྜི་ཀ་ལ་སོགས་པ་རབ་གཏུམ་གྱི་ལྷ་ལྷག་པར་གནས་པར་དེ་འཇིགས་པ་མེད་པའོ། །བཞི་མདོ་ཞེས་པ་གང་དུ་ལམ་བཞི་གཅིག་པ་ཉིད་དེ་དེར་ཡང་ལྷ་འདུ་བའི་ཕྱིར་རོ། །དར་ནི་བརྩོན་འགྲུས་དམན་པས་གནས་པར་མི་ནུས་སོ། །མཚན་མོ་བྱེད་ཅེས་པ་སྐྱེ་བོ་ཐམས་ཅད་གཉིད་དུ་སོང་བའི་མཚན་མོ་སྐད་ཅིག་དེ་ལ་ལྷ་མ་ཡིན་རྣམས་གནས་ཏེ། དེ་ལ་ཡང་དེ་དགོས་པ་མེད་པའོ། །དབེན་པ་ཞེས་པ་རིའི་ཕུག་ལ་སོགས་པ་སྟེ། ལྷ་མ་ཡིན་ལ་སོགས་པ་རྣམ་པར་གནས་པའི་ཕྱིར་རོ། །དེར་ཡང༌། འཇིགས་པ་ལས་ངེས་པར་གྲོལ་བས་གནས་པར་བྱའོ། །བས་མཐའ་ཞེས་པ་གཞན་པའི་ཕྱོགས་ཐ་དད་པ་ཆེས་ཐག་རིང་བརྒྱ་མཚོའི་


DTG003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་གནས་པའི་གླིང་ལ་སོགས་པ་སྟེ། དེར་ཡང་ཀླུ་ལྷག་པར་གནས་པ་ཉིད་ཀྱིས་འཇིགས་པའི་གནས་ཉིད་དོ། །དེར་ཡང་རྣམ་པར་རྟོག་པ་མེད་པའོ། །ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པ། །ཞེས་པ་གལ་ཏེ་འདི་ལྟ་བུའི་སྤྱོད་པ་བྱ་བའི་སྒོ་ཡིས་བྱེད་འདོད་པ་དེའི་ཚེ། ཅུང་ཟད་དྲོད་ནི་ཐོབ་པ་ན་བྱའོ་ཞེས་པ་སྟེ། ཅུང་ཟད་དྲོད་ཀྱི་སྒྲས་དེ་ཁོ་ན་ལས་ལྟ་སྟངས་བཞི་གྲུབ་པ་ནའོ། །དེས་དམན་པ་དོགས་པ་ནི་མ་ཡིན་ནོ་ཞེས་པའོ། །གལ་ཏེ་འདི་ལྟ་བུའི་སྤྱོད་པ་བྱ་དཀའ་བདེ་ཅིའི་དོན་དུ་བྱེད་ཅེ་ན། གསུངས་པ། གལ་ཏེ་འགྲུབ་འགྱུར་འདོད་ཡོད་པ། འདིས་ནི་སྤྱོད་པ་སྤྱད་པར་བྱ། །གལ་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པ་དང་ཐོབ་པར་འགྱུར་བའི་འདོད་པ་ཡོད་པ་གང་གི་ཕྱིར་ནིའི་སྒྲ་དེའི་དོན་ཞེས་པའི་དོན་ཏེ། འདིས་ནི་སྤྱོད་པའི་གནས་པ་འདིས་གནས་པར་བྱ་ཞིང་སྤྱད་པར་བྱ་ཞེས་པའོ། །ཡང་ན། ཤིང་གཅིག་ཅེས་པ་ཤིང་ལྟ་བུར་སྤྲོ་བའི་ཚུལ་གྱིས་ཡལ་ག་དང་ཉེ་བའི་ཡལ་གའི་བདག་ཉིད་ཅན་གྱི་ཤིང་སྟེ། གཅིག་ནི་ལྷན་ཅིག་མེད་པ་སྐུ་རྡོ་རྗེ་ཞེས་པའོ། །དུར་ཁྲོད་ཅེས་པ་ཆོས་ཀྱི་དབྱིངས་ཀྱི་གནས་ནཱ་དའི་ཕྲེང་བ་གཉིས་ཀའི་རང་བཞིན་གསུང་རྡོ་རྗེའོ། །མ་མོའི་ཁྱིམ་ཞེས་པ་མཁའ་འགྲོ་མ་རྣམས་སོ། །ཉེ་བར་མཚོན་པ་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱང་སྟེ། དེ་དང་ཐ་དང་མེད་པའི་ཕྱིར་རོ། །དེ་རྣམས་ཀྱི་ཁྱིམ་ནི་གནས་ཐུགས་རྡོ་རྗེ་སྟེ་དེར་རོ། །བཞི་མདོ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་རྡོ་རྗེ་འཆང་སྟེ་དེར་རོ། །མཚན་མོ་ཕྱེད་ཅེས་པ། མཚན་མོ་ལས་ཕྱེད་གང་གིས་མཚན་མོ་དང་ཐ་དད་དུ་བྱ་བ་དེ་ནི་ཉིན་མོ་སྟེ། ཉིན་མོ་དང་མཚན་མོ་ཤེས་རབ་དང་ཐབས་ཀྱི་རང་བཞིན། དམ་ཚིག་གི་དཀྱིལ་འཁོར་གྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྟེ། མཚན་མོ་ཕྱེད་ཅེས་པའི་དོན་ནི་འདི་ཉིད་མངོན་པར་གསལ་བར་བྱེད་དོ། །དབེན་པ་དང་ནི་བས་མཐའ་རུ། །ཞེས་པ་རྣམ་པ་སྣ་ཚོགས་པའི་སྐྱེ་བོ་གང་དུ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དོ། །བས་མཐའ་ཞེས་པ་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཤིན་ཏུ་ཟབ་པ་སྟེ་དེར་རོ། །གཉིས་ཀ་ལ་ཡང་གཉིས་ཀ་ཡོད་པའི་ཕྱིར་ཤིང་


DTG003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་སྐུ་རྡོ་རྗེ་མངོན་པར་གསལ་བའི་ཕྱིར་རྡོ་རྗེ་རིགས་ཀྱི་ལེའུའོ། །དུར་ཁྲོད་ཀྱིས་ཀྱང་གསུང་རྡོ་རྗེ་མངོན་པར་གསལ་བའི་ཕྱིར། སྔགས་ཀྱི་ལེའུའོ། །མ་མོའི་ཁྱིམ་གྱིས་ཐུགས་རྡོ་རྗེ་གསུངས་པའི་ཕྱིར། ལྷའི་ལེའུའོ། །བཞི་མདོ་ཡིས་རྡོ་རྗེ་གསུམ་དབྱེར་མེད་པ་རྡོ་རྗེ་འཆང་སྟེ། སྤྱི་བོར་རིགས་ཀྱི་དབང་པོར་འགྱུར་རོ། །ཞེས་པ་ལ་སོགས་པ་དབང་བསྐུར་བའི་ལེའུའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དབྱེར་མེད་པས་མཚན་ཕྱེད་ཅེས་པ་སྟེ། དེ་ཉིད་དཀྱིལ་འཁོར་གཉིས་ཀའི་བདག་ཉིད་སྤྲོ་བ་དང་སྡུད་པའི་ངོ་བོས་དཀྱིལ་འཁོར་གཉིས་ཀ་ཡང་ངོ་ཞེས་པ། དེ་ཁོ་ནའི་ལེའུའོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ནའི་རྣལ་འབྱོར་པ་སྤྱོད་པ་བྱེད་ནུས་པའོ། །དེའི་ཕྱིར་རྣལ་འབྱོར་པ་འདིས་བྱ་བའི་སྒོ་ཡིས་སྤྱོད་པ་བྱེད་འདོད་པ་དེ་ནི་ཅུང་ཟད་དྲོད་ཐོབ་པར་གྱུར་པ་ན་ཞེས་པ་ལྟ་སྟངས་བཞི་ལ་སོགས་པ་ནུས་པ་སྣ་ཚོགས་པ་དང་ལྡན་པའི་ཕྱིར། དེ་ཚེ་སྤྱོད་པ་བྱ་བར་འདོད་པས་དེ་དང་སྦྱར་བ་ཉིད་དོ། །སྤྱོད་པ་ཉིད་ཀྱི་དོན་ཅི་ཞེ་ན། གསུངས་པ། འགྲུབ་འགྱུར་གལ་ཏེ་འདི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འདོད་པ་དེའི་ཚེ། འདིས་ནི་སྤྱོད་པ་སྤྱད་པར་བྱ་ཞིང་གནས་པར་བྱའོ། །འདི་ནི་དེའི་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བརྗོད་དེ། འདི་དང་བྲལ་བས་ཡང་དག་པའི་དངོས་གྲུབ་མ་ཡིན་ནོ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་གསུང་རྡོ་རྗེ་སྔགས་ཀྱི་ལེའུར་མདོར་བསྟན་པའི་རྒྱས་པར་བཤད་པ་ཞེས་པའོ། །འདིས་ནི་སྤྱོད་པ་ཞེས་པ་གང་གསུངས་པ་དེའི་དོན་ནི་འདི་ཡིན་ཏེ། འདིས་ནི་ཞེས་གསུངས་པ་དང༌། གསུང་བར་འགྱུར་བ་ཡང་ངོ༌། །རིགས་ལྔ་ལ་སོགས་པ་ཐ་དད་མེད་པར་རྟོགས་པ་ལས་ཤིང་གཅིག་ལ་སོགས་པ་རྣམས་སུ་གནས་བཟོད་པར་འགྱུར་རོ། །དེ་ལས་ཀྱང་དྲོད་ཐོབ་པར་འགྱུར་ཏེ། དེ་ལས་ཀྱང་ཀུན་དུ་བཟང་པོའི་སྤྱོད་པ་བཟོད་ཅིང་དེ་ལས་དངོས་གྲུབ་ཀྱི་ཆེད་དུ་དོགས་པ་མེད་པ་སྐྱེ་བར་འགྱུར་རོ། །དངོས་གྲུབ་ཀྱང་ཕྱག་རྒྱ་ཆེན་པོའི་སྔོན་དུ་འགྲོ་བ་ཉིད་དེ། བདེན་པ་གཉིས་ཀའི་ཁྱད་པར་ཅན་ཕྱག་རྒྱ་རྙེད་པར་འགྱུར་བའོ། །དེ་བླངས་ཏེ་དེ་དང་ལྷན་ཅིག་སྤྱོད་པ་བྱ་བ་སྟེ། ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བྱ་བར་


DTG003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱ། །རང་གིས་དབང་བསྐུར་ཞེས་པ་རང་གིས་དཀྱིལ་འཁོར་ལ་སོགས་པའི་བྱ་བ་དང༌། ཆུ་ལ་སོགས་པའི་ཆོ་གས་དབང་བསྐུར་བ་ཤིན་ཏུ་རྣམ་པར་དག་པར་བྱས་པའོ། །ཡང་ན་ནུས་པའོ། །སྙིང་རྗེ་ཅན་ཞེས་པ་གཞན་གྱི་དོན་ལ་ཉེ་བར་སྦྱོར་བ་སྟེ། སྙིང་རྗེ་མེད་ན་མི་འགྲུབ་པས། །ཞེས་པའི་གསུང་ལས་སོ། །རྡོ་རྗེའི་བུ་མོ་ཞེས་པ། རྡོ་རྗེའི་རིགས་ལོ་བཅུ་དྲུག་མ་སྟེ། འདི་ལྟ་བུ་འདི་ཁྱེར་ཞིང་གཟུང་ནས་སྤྱོད་པ་བྱས་ཏེ། མཆོག་གི་སྤྱོད་པ་བྱའོ་ཞེས་རྟོགས་པར་བྱའོ། །རྡོ་རྗེའི་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་རིགས་ཀྱིས་བྱ། །རང་འདོད་ལྷ་ཞེས་པ་རང་གི་འདོད་པ་དང་མངོན་པར་འདོད་པའི་ལྷ་དེའི་རིགས་ཀྱིས་ཏེ། རྣལ་འབྱོར་པ་གང་དཀར་པོ་ཆེ། །དེ་ཡི་ལྷ་ནི་རྣམ་སྣང་མཛད། །ཅེས་པ་ལ་སོགས་པ་འཆད་པར་འགྱུར་བའི་རིགས་དེ་ཡིས་ཀྱང་ཞེས་པའོ། །གལ་ཏེ་དེ་ཡང་མ་རྙེད་ན་དེའི་ཚེ། ཡང་ན་ཞེས་པ་ཕྱོགས་གཞན་ཏེ་གཞན་གྱི་རིགས་བྱུང་བ་ཐ་དད་པའི་རིགས་རྣམས་སོ། །བྱང་ཆུབ་ས་བོན་བཏབ་པ་ཡིས། །ཡང་དག་སྦྱངས་པ་ཞེས་པ་བྱང་ཆུབ་ནི་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་སོ། །དེའི་ས་བོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ལས་ཏེ། དེ་བཏབ་ཅིང་བསྐྱོད་པས་འདུས་བྱས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་གཟུང་ཞིང་བླངས་ནས་སྤྱོད་པ་བྱ་བར་རྟོགས་པར་ཞེས་པ་སླར་བཟླས་པར་བྱའོ། །ཡང་ན། བཞིན་བཟངས་ཞེས་པ་བརྗོད་པའི་ཕྱིར། དེ་ཞལ་ཏེ་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །བཟང་བ་ནི་ཡིད་འཕྲོག་པ་སྟེ། གང་གི་བཞིན་བཟང་བ་དེ་གསུང་རྡོ་རྗེ་ཡིན་ཞིང་དེའོ། །མིག་ཡངས་མ་ཞེས་པ་གང་གི་ཡངས་པ་རྒྱས་པ་སྟེ། ཁམས་གསུམ་པ་ཁྱབ་པའོ། །དེའི་མིག་ནི་མཐོང་བ་སྟེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །མིག་ཡངས་མ་ཐུགས་རྡོ་རྗེ་སྟེ་དེའོ། །རང་གིས་དབང་བསྐུར། དབང་བསྐུར་པའི་མཐར་ཐུག་པས་གཟུགས་བརྙན་རྫོགས་པ་ན། དེ་ནི་སྐུ་རྡོ་རྗེའི། །སྙིང་རྗེ་ཅན་ཞེས་པ་འགྲོ་བའི་དོན་བྱ་བ་ལ་འཇུག་པའི་ཕྱིར། དེ་ནི་བདེན་པ་གཉིས་ཀའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་བུ་མོ་ཞེས་པ་མི་ཕྱེད་པ་ཉིད་ལས་རྡོ་རྗེ་དང་འོད་གསལ་བ་ཉིད་ལས་བུ་མོ་


DTG003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྡུད་པའི་ངོ་བོ་ཉིད་གསལ་བའི་བདག་ཉིད་དོ། །འདི་ཞེས་པ་དེ་ལྟ་བུར་གྱུར་པའི་རྡོ་རྗེའི་བུ་མོ་གཟུང་ཞིང་མངོན་སུམ་དུ་བྱས་ནས་གནས་པར་འོས་ཞེས་པའོ། །རྡོ་རྗེའི་རིགས་མེད་རང་འདོད་ཀྱི། །ལྷ་ཡི་རིགས་ཀྱིས་ཀྱང་བྱའོ། །ཞེས་པ། མི་ཕྱེད་པའི་རང་བཞིན་ཏེ། འདིས་རིགས་སུ་བྱ་བ་དང༌། བགྲང་བར་བྱ་བ་དང༌། ཡོངས་སུ་གཅད་པར་བྱ་བའི་ཕྱིར་རྡོ་རྗེའི་རིགས་སོ། །ཚུལ་འདིས་དངོས་པོ་ཡོད་པ་མ་ཡིན་པ་ནི་མེད་དེ། དེའི་ཕྱིར་རྡོ་རྗེའི་རིགས་མེད་བདག་མེད་མ་རྟོགས་པའི་ཕྱིར་རོ། །རང་འདོད་ལྷའི་རིགས་ཀྱིས་ཀྱང་བྱའོ་ཞེས་པ་རང་གི་སྒྲས་རྣམ་པར་ཤེས་པའོ། །འདོད་ལྷ་ཞེས་པ་རྣམ་པར་ཤེས་པ་དེས། འདོད་པ་དང་འབྲེལ་ཞིང་ཁྱབ་པའི་ལྷ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །དེའི་རིགས་དེ་ཡོངས་སུ་བཅད་པས་སོ། །ཀྱང་ཞེས་པ་གཉིས་པོ་ཡང་ཐ་དད་མེད་པར་བྱ་བ་སྟེ། ཀུན་དུ་བཟང་པོའི་སྤྱོད་པ་ལ་ཞུགས་པའོ་ཞེས་དགོངས་པའོ། །ཡང་ན་ཞེས་པ་ཕྱོགས་གཞན་ཏེ། གཞན་གྱི་རིགས་བྱུང་ལ་ཞེས་པ་གཞན་ནི་གཅིག་སྟེ་ལྷན་ཅིག་མ་ཡིན་པའོ། །དེས་རིགས་ཡོངས་སུ་བཅད་པ་གང་ཡིན་པ་དེ་ནི་གཞན་གྱི་རིགས་ཏེ་རྡོ་རྗེ་འཆང་ངོ༌། །དེ་བྱུང་པ་ནི་འཁྲུངས་པ་དང་སྐྱེས་པར་གྱུར་པ་རབ་ཏུ་གསལ་པ་འཁོར་བ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །ལ་ནི། གང་གི་བདག་མེད་མ་སྟེ། དེ་ནི་དོན་དམ་པའི་བདེན་པའི་རང་བཞིན་ནོ། །དེའི་ཁྱད་པར་ཅི་ཞེ་ན། བྱང་ཆུབ་ས་བོན་བཏབ་པ་ཡིས། །བྱང་ཆུབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ས་བོན་ནོ། །དེ་བཏབ་པ་ནི་བསྐྱེད་པ་སྟེ། དེས་སྦྱངས་པ་འདུས་བྱས་པའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །འདིས་ནི་ཀུན་རྫབ་ཀྱི་བདེན་པའི་རང་བཞིན་ཉིད་ཀྱིས་དོན་དམ་པའི་བདེན་པའི་རང་བཞིན་ཉིད་དང༌། དེའི་དོན་དམ་པའི་བདེན་པའི་རང་བཞིན་གྱིས་ཀྱང་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཁོ་ནའོ་ཞེས་པ་སྟེ། གཉིས་ཀ་དབྱེར་མེད་པ་བདག་མེད་མེའི་རྣལ་འབྱོར་དང་ལྡན་པ་རྡོ་རྗེ་གསུམ་དབྱེར་མེད་པ་ཐུགས་རྡོ་རྗེ་ལྷའི་ལེའུར་མདོར་བསྟན་པའི་རྒྱས་པར་བཤད་པའོ། །དེ་ལྟར་གྱུར་པའི་ཕྱག་རྒྱ་དང་ལྡན་པའི་རྣལ་འབྱོར་པ་སྤྱོད་པ་ལ་དགའ་བ་དེས་གལ་ཏེ་དགའ་བའི་དབང་གིས་གླུ་ལེན་པ་དེའི་ཚེ།


DTG003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅི་ལྟར་ཞེ་ན། གསུངས་པ། གལ་ཏེ་དགའ་བས་གླུ་བླངས་ཏེ། དེ་ཚེ་རྡོ་རྗེ་མཆོག་ལྡན་ནོ། །དེས་རྡོ་རྗེའི་གླུ་ཉིད་བླང་བར་བྱ་སྟེ། དེ་ཉིད་མཆོག་རྨད་དུ་བྱུང་བ་ཞེས་པའོ། །གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་པ་རྒྱུ་ཡིས་གར་བྱ་སྟེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །ཡོ་གཱིའི་མཉམ་པར་གཞག་པས་བྱ། །གལ་ཏེ་རྣལ་འབྱོར་པ་གར་གྱི་རྩོམ་པ་ལ་འཇུག་པར་དགའ་བ་སྐྱེས་པར་གྱུར་པ་དེའི་ཚེ་གར་བྱའོ། །གང་གིས་ཤེ་ན། རྡོ་རྗེ་རྐང་པས་ཇི་ལྟར་དཔལ་ཧེ་རུ་ཀར་གནས་པའི་རྐང་པས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོ་མནན་པ་དེ་བཞིན་དུ་རྡོ་རྗེ་རྐང་པ་གཡས་བརྐྱང་ལ་སོགས་པ་རྣམས་ཀྱི་རྐང་སྟབས་རྣམས་ཀྱིས་མཉམ་པར་གཞག་པ་སེམས་དེ་ཁོ་ནས་འཁྱུད་པའོ། །ཡང་ན། དེ་ཁོ་ནའི་རྣལ་འབྱོར་པ་དེས་གླུ་ཨཱ་ལི་ཀཱ་ལི་ནཱ་དའི་བདག་ཉིད་ཀྱི་སྒྲ་སྟེ། ལེན་པ་ནི་སྒྲ་ཡུལ་དུ་བྱེད་པའོ། །སྒྲ་ལས་སྒྲ་ལ་ཞུགས་བའི་ཕྱིར་ཆ་དང་བྲལ་བ་ཉིད་ཀྱིས་དགའ་བའོ། །རྒྱུ་དེའི་ཕྱིར་དེའི་ཚེ་དེའི་དུས་ན་རྡོ་རྗེ་ལྡན་པ་མི་ཕྱེད་པའི་ཡེ་ཤེས་དང་ལྡན་པ་ཉིད་དེ་མཆོག་རྨད་དུ་བྱུང་བ་ཇི་སྲིད་མཆོག་དགའི་མཐར་ཐུག་པའོ། །རྡོ་རྗེ་གསུམ་མི་ཕྱེད་ཅིང་དབྱེར་མེད་པ་ལས་དབང་བསྐུར་བའི་ལེའུར་མདོང་བསྟན་པའི་དོན་རྒྱས་པར་བཤད་པའོ། །གལ་ཏེ་དེའི་ཚེ་ཁྱད་པར་གྱི་དགའ་བ་སྐྱེས་པ་ན་གར་ནི་གཡོ་བ་སྟེ། ཅི་ལྟར་ཞེ་ན། ཐར་པའི་རྒྱུས་གྲོལ་བའི་དོན་དུའོ། །དེ་ལྟར་དེའི་ཚེ་རྡོ་རྗེ་རྐང་པས་མི་ཕྱེད་པའི་ཡེ་ཤེས་དགའ་བ་ལ་སོགས་པ་རྣམས་ཀྱིས་གར་བྱ་སྟེ། གར་ནི་ངེས་པ་མེད་པ་དག་ནས་པའོ། །དེ་བྱ་བ་ནི་ངེས་པ་མེད་པར་གནས་པ་བསྐྱེད་པ་སྟེ། དེའི་ཕྱིར་ཡོ་གཱིའི་གཉིས་ཀ་དབྱེར་མེད་པའོ། །དེ་ཉིད་ཀྱི་ཕྱིར་མཉམ་པར་གཞག་པ་སྟེ། མི་མཉམ་པ་མེད་པར་གནས་པ་ཞེས་པའི་དོན་ཏོ། །འདིས་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་ཁོ་ན་སྟེ། དེ་ཁོ་ནའི་ལེའུར་མདོར་བསྟན་པའི་རྒྱས་པར་བཤད་པའོ། །ད་ནི་གང་ཞིག་རྣལ་འབྱོར་པས་འཛིན་པ་རུས་པའི་རྒྱན་ལ་སོགས་པ། དེ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །ཞེས་པ། སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ཞེས་པ་མདོར་བསྟན་པའི་རྒྱས་པར་བཤད་པའོ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །རྣ་བར་ལྷ་ཡི་རྣ་ཆའོ། །


DTG003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མདོར་བསྟན་པའི་རྒྱས་པར་བཤད་པའོ། །མགུལ་པའི་ཕྲེང་བ་རིན་ཆེན་དབང༌། །ཞེས་པ་མགུལ་པར་རུས་པའི་ཕྲེང་བའོ་ཞེས་གང་གསུངས་པའོ། །ལག་པར་རྣམ་པར་སྣང་མཛད་བརྗོད། །ཅེས་པ། ལག་པ་དག་ལ་ལག་གདུབ་གཉིས། །ཞེས་པ་གང་ཡིན་པའོ། །སྐ་རགས་ལ་ནི་དོན་ཡོད་གནས། །ཞེས་པ། རྐེད་པ་ལ་ཡང་སྐ་རགས་ཉིད། །ཅེས་པ་གང་ཡིན་པ་སྟེ། དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པ་ཕྱག་རྒྱའི་སྒྲས་ལྷའི་ལེའུར་གསུངས་པོ། འཁོར་ལོ་རྣ་ཆ་མགུལ་རྒྱན་དང༌། །ལག་གདུབ་དང་ནི་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པས། །འདི་རྣམས་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པའོ། །འདི་ནི་མཁའ་འགྲོ་མའི་རྣམ་པར་དག་པ་རྣམས་ཀྱང་སྟེ། དེ་རྣམས་རུས་པའི་ཕྲེང་བའི་རྒྱན་ནོ་ཞེས་གསུངས་པ་དེས་ན། རྐང་པ་དག་ལ་རྐང་གདུབ་སྟེ། །རྐང་པ་དག་ལ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཨཱ་ལི་ཀཱ་ལི་ནཱ་དའི་བདག་ཉིད་རྣམ་པར་དག་པའི་རྐང་གདུབ་པོ། །དཔུང་པའི་རྩ་བར་དཔུང་རྒྱན་ནོ། །ཞེས་པ་གཉིས་ཀ་དབྱེར་མེད་པ་རྡོ་རྗེ་འཆང་རྣམ་པར་དག་པ་ཉིད་རྒྱན་ཏེ། སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་ནོ། །བགོ་བ་སྟག་གི་པགས་པ་ཉིད། །ཅེས་པ། །དེ་རྣམས་ཉིད་སྤྲོ་བའི་རང་བཞིན་ནོ། །བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཞེས་པ། དེ་རྣམས་ཉིད་སྡུད་པའི་བདག་ཉིད་དོ། །ཡང་ན། མི་བསྐྱོད་པ་ནི་བསྐྱོད་པ་མེད་ཅིང་གཡོ་བ་མེད་པ་སྟེ། མི་བསྐྱོད་པ་གཡོ་བ་མེད་པའི་རང་བཞིན། མི་ཤེས་པ་གཅོད་པའི་རྣམ་པས་འཁོར་ལོའི་གཟུགས་སོ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །དཔག་ཏུ་མེད་པའི་འོད་ནི་འོད་དཔག་མེད་དེ། སྤྲོ་བའི་རང་བཞིན་གྱི་བྱ་བ་གང་ཡིན་པ་དེ་འོད་དཔག་མེད་དོ། །ཅི་ལྟར་རྣ་ཆའི་བདག་ཉིད་ཅེ་ན་བསྐོར་བའི་ངོ་བོ་ཁྱབ་པར་བྱེད་པའི་རང་བཞིན་ཞེས་པའི་དོན་ཏོ། །དགའ་བ་རྒྱས་པའི་ཕྱིར་རིན་ཆེན་ནི་སེམས་སོ། །དེའི་དབང་པོ་ནི་གཙོ་བོ་སྟེ། དེ་མགུལ་པའི་ཕྲེང་བར་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ལ་ཞེས་པའོ། །ལག་པར་རྣམ་པར་སྣང་མཛད་བརྗོད། །ཅེས་པ་དབང་པོ་དང་ཡུལ་ལྔའི་བདག་ཉིད་གཉིས་ལ་རྣམ་པར་ངེས་པ་དང༌། སྣང་མཛད་གསལ་བའི་རྣམ་པས་གནས་པའི་ཕྱིར་རྣམ་པར་སྣང་མཛད་དོ། །སྐ་རགས་ཆོས་འབྱུང་ལ་ཐ་དད་


DTG003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་གནས་པ་དོན་ཡོད་དེ་དོན་མེད་མ་ཡིན་པ་འགྲོ་བའི་དོན་གྱི་བྱ་བ་བྱེད་པར་བརྗོད་དོ་ཞེས་པའི་དོན་ཏོ། །ཁ་ཊྭཱཾ་གཟུགས་ཤེས་རབ་སྟེ། །ཞེས་པ། རྡོ་རྗེའི་རིགས་དང་རང་འདོད་ལྷའི་རིགས་དང་གཞན་གྱི་རིགས་ལས་བྱུང་བ་རྣམས་ཁྱེར་ནས་སྤྱོད་པ་བྱ་བར་རྟོགས་པར་བྱ་ཞེས་གང་གསུངས་པ། དེའི་རྣམ་པར་དག་པ་གསུངས་པ། ཁ་ཊྭཱཾ་གཟུགས་ཤེས་རབ་སྟེ། ཞེས་པ་ཁ་ཊྭཱཾ་གཡང་གཡོན་པ་ནས་ཞེས་གསུངས་པ་དེ་ཡང་ཤེས་རབ་ཀྱི་རང་བཞིན་ཏེ། འདི་ནི་རྣལ་འབྱོར་པས་ཁ་ཊྭཱཾ་གཡང་གཟུང་བར་བྱ་ཞེས་པའོ། །ཡང་ན། ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཞེས་པ། མཁའ་ལ་འགྲོ་བའི་ཕྱིར་ཁ་ཊྭཱཾ་ག་མཁའ་སྤྱོད་མའོ། །དེ་ཉིད་ཀྱི་ཕྱིར་ཨཾ་གའི་གཟུགས་ཏེ། ཨཾ་རྟོགས་ཤིང་ཁོང་དུ་ཆུད་པའི་ཕྱིར། ཨཾ་གའོ། །འདིའི་རང་བཞིན་གང་ཡིན་པ་དེ་ཤེས་རབ་སྟེ་ཤེས་རབ་ཀྱི་སྒྲས་ཨ་ཡིག་ལ་སོགས་པ་དབྱངས་བཅུ་བཞི་རྗེས་སུ་ཞུགས་པའོ། །འདིས་ནི་མཁའ་འགྲོ་མ་བཅོ་ལྔ་སྟེ། ཨཱ་ལི་ཀཱ་ལིའི་ནཱ་ད་ཞེས་བརྗོད་དོ། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེ་འུ། །ཞེས་པ་དེ་ཅང་ཏེའུ་ཡང་གཟུང་བར་བྱ་སྟེ་དེ་ཡང་ཐབས་རྣམ་པར་དག་པས་ཐབས་ཀྱི་གཟུགས་ཀྱིས་སོ། །ཡང་ན། ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ། །ཞེས་པ། རིགས་ལྔ་ལ་ནི་རྣམ་པར་གནས། །གང་གསུངས་པ་དེའི་རྒྱས་པར་བཤད་པ་སྟེ། ཅང་ཏེའུ་སྒྲའི་རང་བཞིན་ཉིད་ལས་ནཱ་དའི་བདག་ཉིད་དོ། །དེ་ཡང་ཐབས་ཀྱི་རང་བཞིན་ཀཱ་ལིའི་ནཱ་ད་ཞེས་པའི་དོན་ཏོ། །འདིས་ནི་ཨཱ་ལི་དང་ཀཱ་ལིའི་ནཱ་ད་གཉིས་ཀའི་བདག་ཉིད་ཀྱིས་རྣལ་འབྱོར་པར་འགྱུར་ཏེ། ཅི་ལྟར་ཞེ་སྡང་རྣམ་དག་མི་བསྐྱོད་པ་རྣམ་པར་དག་པའི་ཕྱིར་རོ། །ཡང་ན། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །ཞེས་པ། ཧེ་རུ་ཀ་སྦྱོར་སྐྱེས་བུ་སྟེ། །ཞེས་གང་གསུངས་པ་དེའི་རྒྱས་པར་བཤད་པའོ། །ཡང་ན། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །ཞེས་པ། གཉིས་ཀ་དབྱེར་མེད་པ་ཉིད་ཀྱིས་རྣལ་འབྱོར་པའོ། །དེ་ཉིད་ཀྱི་ཕྱིར་ཞེ་སྡང་ངོ༌། །དེ་ཡང་འོད་དཔག་མེད་ལ་སོགས་པའི་རང་བཞིན་ལས་རྣམ་པ་སྣ་ཚོགས་པའི་རྣམ་པའོ། །དེ་ཉིད་ཀྱི་ཕྱིར། རིགས་གཅིག་པ་དང་དུམ་ཡིས། །གང་ཕྱིར་དབྱེ་བ་མཚོན་


DTG003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །ཞེས་པའོ། །འཁོར་ལོ་ལ་སོགས་པའི་རྣམ་པར་དག་པ་མི་བསྐྱོད་པ་ལ་སོགས་པ་དང༌། ནཱ་ད་གཉིས་ཀའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་རྣམ་པར་དག་པར་གྱུར་པ། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །རྡོ་རྗེ་འཆང་གི་རང་བཞིན་དུ་འགྱུར་རོ། །འདིས་ནི་རྣལ་འབྱོར་པའི་ཕྱག་རྒྱ་ལྔ་གསུངས་ཏེ། དེའི་རྣམ་པར་དག་པ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། རྐང་གདུབ་ནི་ཤེས་རབ་དང་ཐབས་རྣམ་པར་དག་པའོ། །དཔུང་རྒྱན་ནི་ཞེ་སྡང་རྣམ་པར་དག་པའོ། །སྟག་གི་པགས་པ་ནི་ཐབས་རྣམ་པར་དག་པའོ། །བཟའ་བ་མི་འཆི་བཅུ་ཕྱེད་ནི་ཤེས་རབ་རྣམ་པར་དག་པའོ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་སྟེ། །ཞེས་པ་དེས་རྣལ་འབྱོར་པ་རྣམ་པར་དག་པའོ། །རིགས་ལྔ་ལ་ནི་རྣམ་པར་གནས། །ཞེས་པ་ལ་སོགས་པ། གང་ཕྱིར་དབྱེ་བ་མཚོན་མི་བྱ། །ཞེས་པའི་བར་གྱིས་ཞེ་སྡང་རྣམ་པར་དག་པའོ། །ཤིང་གཅིག་ལ་སོགས་པ་ཡང་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམ་པར་དག་པའོ། །དབེན་པ་དང་བས་མཐའ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པའོ། །སྤྱོད་པ་དངོས་གྲུབ་ནི་རྒྱུ་དང་འབྲས་བུར་གྱུར་པ་ཤེས་རབ་དང་ཐབས་རྣམ་པར་དག་པའོ། །རྡོ་རྗེའི་བུ་མོ་ལ་སོགས་པ་ཡང་གཉིས་སུ་མེད་པ་རྣམ་པར་དག་པའོ། །ད་ནི་གླུ་དང་གང་གྱི་རྣམ་པར་དག་པ་ཡང་བཤད་པར་བྱ་སྟེ། གླུ་ནི་རྣམ་དག་སྔགས་སུ་གནས། །ཞེས་པ་སྒྲ་ནི་སྔགས་ཀྱི་རང་བཞིན་ཉིད་དོ་ཞེས་པའོ། །ཡང་ན། །ཡེ་ཤེས་ཀྱི་རང་བཞིན་ནཱ་ད་དེ་ཉིད་དེ། འདིས་ནི། གལ་ཏེ་དགའ་བས་གླུ་བླངས་ཏེ། །དེ་ཚེ་རྡོ་རྗེ་མཆོག་ལྡན་ནོ། །ཞེས་པ་དེའི་རྣམ་པར་དག་པ་གསུངས་སོ། །གར་ནི་བསྒོམ་པའི་རྣམ་པའོ། །ཞེས་པ་གར་ནི་གཡོ་བ་སྟེ། སྣ་ཚོགས་པའི་གཟུགས་ཀྱིས་སྤྲོ་བ་གང་ཡིན་པའོ། །དེ་བསྒོམ་པ་ནི་བསམ་གཏན་ཏེ། ལྷའི་རྣམ་པས་དཀྱིལ་འཁོར་སྐྱེད་པར་བྱེད་པའོ། །ཡང་ན། གར་ནི་སྤྲོ་བའོ། །དེ་བསྒོམ་པ་ནི་སྙོམས་པར་འཇུག་པ་སྟེ་སྡུད་པའོ། །སྤྲོ་བ་དང་སྡུད་པ་དབྱེར་མེད་པ་འདི་ཉིད་ཅེས་པའོ། །འདིས་ནི། གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་པའི་རྒྱུ་ཡིས་གར་བྱས་ཏེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །ཡོ་གཱི་མཉམ་པར་གཞག་པས་བྱ། །ཞེས་པ་དེའི་རྣམ་པར་དག་པའོ། །དེ་ཡི་ཕྱིར་


DTG003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ན་གླུ་དང་གར། །ཡོ་གཱིས་རྟག་ཏུ་རྟག་ཏུ་བྱ། །རྒྱུ་དེའི་ཕྱིར། གླུ་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང༌། གར་བསྒོམ་པ་དམ་ཚིག་གི་དཀྱིལ་འཁོར་ཏེ། གཉིས་ཀ་ཡང་གཉིས་ཀའི་བདག་ཉིད་ཅན་དུ་རྫོགས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཡོ་གཱི་རྟག་ཏུ་རྟག་ཏུ་ཞེས་པ་བར་མ་ཆད་པར་ཉིད་ཀྱིས་ཞེས་པའོ། །ཡང་ན། གླུ་གསུང་རྡོ་རྗེ་དང༌། གར་སྐུ་རྡོ་རྗེ་གཉིས་ཀ་ཡང་ཡོ་གཱི་རྣལ་འབྱོར་གྱི་བདག་ཉིད་དབྱེ་བ་མེད་པར་རྟོགས་པས་རྣམ་པར་གནས་ཏེ། གཉིས་ཀ་ཡང་སེམས་ལས་གཞན་མ་ཡིན་པའི་ཕྱིར་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རྟག་ཏུ་བར་མ་ཆད་པ་ཉིད་ཀྱིས་རྡོ་རྗེ་གསུམ་དབྱེར་མེད་པའི་རྣལ་འབྱོར་པ་དེས་ཇི་སྲིད་འདིའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་བྱ་བ་དེ་ཇི་སྲིད་ཁོ་ན་ཐོབ་པོ་ཞེས་པ་འདི་ནི་དེ་ཁོ་ནའི་རྣལ་འབྱོར་པའི་ཀུན་ཏུ་བཟང་པོའི་སྤྱོད་པའོ། །བཟའ་བ་མི་འཆི་བཅུ་ཕྱེད་དོ། །ཞེས་གང་བརྗོད་པ་དེའི་འབྲས་བུ་གསུངས་པ། སྨན་ནི་བཟའ་བར་བྱ་བ་སྟེ། །ཆུ་ནི་རྟག་ཏུ་བཏུང་བར་བྱ། །རྒ་ཤིས་གནོད་པར་མི་འགྱུར་ཞིང༌། །རྟག་ཏུ་བསྲུང་བར་འགྱུར་བ་ཡིན། །སྨན་ནི་བདུད་རྩི་ལྔ་སྟེ་དེ་བཟའ་བར་བྱའོ། །ཆུ་ནི་བྱང་ཆུབ་ཀྱི་སེམས་ཏེ་ད་བཏུང་བར་བྱའོ་ཞེས་པ་འདི་གཉིས་ཀ་ཡང་དམ་ཚིག་སྟེ་བསྐྱང་བར་བྱའོ་ཞེས་པའོ། །དེ་ལ་རྒ་བ་རྒས་པ་ཉིད་དང༌། ཤི་བ་འཆི་ང་ཉིད་དེ། འདི་གཉིས་ཀྱིས་གནོད་པར་མི་འགྱུར་ཞིང་གནོད་པ་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་གང་ལས་ཐམས་ཅད་ཀྱི་ཆོ་བསྲུང་བར་འགྱུར་བ་ཉིད་དོ། །ཡང་ན། སྨན་ནི་བཟའ་བར་བྱ་བ་སྟེ། རང་བཞིན་མེད་པར་བྱ་ཞིང་བདུད་རྩི་ལྔ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རུའོ། །དེའི་ཚེ་ཆུ་བྱང་ཆུབ་ཀྱི་སེམས་ནི་བཏུང་བར་བྱ་ཞིང༌། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་རྟག་པར་རྒྱུན་དུ་བར་མ་ཆད་པ་ཉིད་ཀྱིས་བསྲུང་བར་བྱའོ། །དེ་ལས་རྒ་ཤིས་གནོད་པར་མི་འགྱུར་ཅིང་། །རྒ་ཤི་ཞེས་བྱ་བ་གང་རྟོག་པས་གཞག་པ་འདི་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དེ། དེ་ནི་གནོད་པ་ཐམས་ཅད་ཡོངས་སུ་སྤང་པའི་ཕྱིར། གཉིས་ཀའི་གནོད་པ་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་དོ། །རྒ་ཤི་དེ་ཉིད་དེའི་རྟག་ཏུ་བར་མ་ཆད་པར་བསྲུང་བར་འགྱུར་བ་ཡིན་ནོ། །


DTG003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན། སྨན་ནི་བཟའ་བར་བྱ་བ་སྟེ། །ཞེས་པ་འདིའི་དོན་ནི་གསུངས་པའོ། །དེའི་ཆོ་བཏུང་བར་བྱ་སྟེ། ཝ་རྣམ་པར་རྟོག་པ་ནི་རྟག་ཏུ་དགྲ་སྟ། ངེས་པར་དགྲའི་རང་བཞིན་ནོ། །སྤྱི་བོར་རིགས་ཀྱི་དབང་པོར་འགྱུར་རོ་ཞེས་མདོར་བསྟེན་པའི་དོན་རྒྱས་པར་བཤད་པའི་རིམ་པ་ནི། རྐུན་མའི་སྐྲ་ལས་ཅོད་པ་ན་བྱས། །རྐུན་མའི་སྐྲའི་སྒྲ་དབྱངས་པའི་རོའི་སྐྲ་སྟེ། དས་ཅོད་པ་ན་བྱའོ། །དེ་ལ་ཧཱུཾ་བྱུང་སྦྱར་བར་བྱ། །ཧཱུཾ་བྱུང་ནི་མི་བསྐྱོད་པ་སྟེ། དེ་དེ་ལ་ལྡན་པར་གྱུར་པའོ། །ཡང་ན་རྐུན་མའི་སྒྲས་རྐུན་མ་རྣམས་ཀྱི་དངོས་པོ་ནི་རྐུན་མ་སྟེ། ཇི་ལྟར་རྐུན་མ་འཕྲོག་པ་ཉིད་ཀྱིས་དེ་རྣམས་ཀྱི་བྱ་བ་ནི་འཕྲོག་པར་བྱེད་པའོ། །དེ་བཞིན་དུ་དབང་པོ་དང་ཡུལ་གྱིས་ཀྱང་གཟུང་བ་ལ་སོགས་པར་མངོན་པར་ཞེན་པས་ཞུགས་པར་གྱུར་པ་ན་འདི་རྣམས་ཡང་དག་པའི་ཡེ་ཤེས་འཕྲོག་པའི་ཕྱིར་རྐུན་མའི་སྒྲས་དབང་པོ་དང་ཡུལ་རྣམས་སོ། །སྐྲ་ནི་སེམས་ཏེ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདི་རྣམས་ཀྱིས་བྱས་པ་ཡོངས་སུ་རྫོགས་པ་ནི་ཅོད་པ་ན་ཏེ། མ་མཱ་མ་ཀཱི། མི་བསྐྱོད་པའོ། །དེའི་ཀུ་ཊི་ནི་ཆོས་འབྱུང་སྟེ། དེ་བཞིར་གྱུར་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་ཀྱིས་སོ། །དེ་ལ་ཧཱུཾ་བྱུང་ཤེས་རབ་དང་ཐབས་དབྱེར་མེད་པ་རྡོ་རྗེ་འཆང་སྦྱར་བར་བྱ་སྟེ། འབྱུང་བ་ཚོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བསྐྱེད་པར་བྱ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ལྔའི་ཐོད་པ་རྣམས། ཅོད་པ་ན་དེ་ཉིད་ལ་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི་ཐོད་པ་ལྔ་རྣམས་སོ། །ཡང་ན། དེ་ཉིད་ཧཱུཾ་བྱུང་སྟེ། སངས་རྒྱས་ལྔའི་ཐོད་པ་རྣམས་དེ་རྣམས་ལྔའི་ཚོགས་པ་དང་སངས་རྒྱས་ཀྱང་སྟེ། རིགས་མཐའ་ཡས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཐོད་པ་རྣམས་ཏེ། ཀཾ་བདེ་བའི་ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར། ཡང་དག་པའི་ཡེ་ཤེས་སངས་རྒྱས་ལྔའི་ཐོད་པ་རྣམས་ཏེ། མཐའ་ཡས་ཤིང་མུར་ཐུག་པའི་སངས་རྒྱས་ཀྱི་ཡེ་ཤེས་རང་བཞིན་རྣམ་པར་དབྱེ་བ་མཐའ་མེད་པ་ནི་ཧཱུཾ་བྱུང་སྟེ། གཅིག་ཉིད་དང་དུ་མ་ཉིད་ལ་སོགས་པ་དབྱེར་མེད་ཀྱིས་རང་བཞིན་ངེས་པར་གཟུང་བ་མེད་པའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པས་གཟུང་བར་བྱ། །ཐོད་པའི་དུམ་བུ་སོར་ལྔ་པ། །བྱས་ཏེ་ཅོད་པ་ན་གཟུང་བར་བྱ། །དེ་ལ་


DTG003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པའི་དུམ་བུ་རྡོ་རྗེ་ཐོད་པའི་ཕྱག་རྒྱ་སྦྱིན་པར་སྟེ། ཧཱུཾ་བྱུང་སྦྱར་བར་བྱ་ཞེས་པའི་གསུང་ལས་སོ། །ཡང་ན། གཟུང་བར་བྱ་ཞིང་གཡོ་བ་མེད་པར་བྱའོ། །དེ་ཅི་ཞེ་ན། ཐོད་པའི་དུམ་བུ་སོར་ལྔ་པ། །ལྔ་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའོ། །དེ་རྣམས་ཀྱང་སོར་མོ་སྟེ། ཨོཾ་མཁའ་སྤྱོད་མ་དང་བདག་མེད་མ་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔས་ཡོངས་སུ་བཅད་པའོ། །གུ་ལ་ནི་དེ་རྣམས་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པའི་ངོ་བོས་བསྐོར་ཞིང་གནས་པའི་ཕྱིར་སོར་མོ་ལྔ་དཀྱིལ་འཁོར་གཉིས་ཀ་དབྱེར་མེད་པའི་དཀྱིལ་འཁོར་རོ། །དེ་ཉིད་ཐོད་པ་ཡང་དག་པའི་ཡེ་ཤེས་ཏེ། དུམ་བུ་ནི་དེས་ཡོངས་སུ་བཅད་པ་ཇི་སྲིད་མཐར་ཐུག་པ་ཞེས་པའོ། །ཐོད་པའི་དུམ་བུ་སོར་ལྔ་པ་བྱས་ཏེ། བསྒྲུབས་ནས་གང་དུ་ཅོད་པ་ན་ཆོས་འབྱུང་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོས་དབྱེར་མེད་པ་ཉིད་རྡོ་རྗེ་འཆང་ངོ་ཞེས་པ་ལྷག་མའོ། །གཞན་ཡང་རྣལ་འབྱོར་པ་དེས་གཟུང་བར་བྱ་སྟེ། སྐྲ་ཡི་ཐག་པ་ཉིས་སྐོར་ཉིད། །ཅེས་པའོ། །གང་ལས་ཉིས་སྐོར་ཉིད་ཅེ་ན། །དེའི་དོན་དུ་གསུངས་པ། ཐབས་དང་ཤེས་རབ་རང་བཞིན་ལས། ཡང་ན། ཀ་ཙའི་སྒྲ་ནི་སྒྲའི་རྣམ་གྲངས་ཏེ། དེའི་ཕྱིར་སྐྲ་ནི་བྱང་ཆུབ་ཀྱི་སེམས་སོ། །ཐག་པ་ནི་ཨ་ཝ་དྷཱུ་ཏཱི་བདག་མེད་མ་སྟེ། ཕན་ཚུན་རབ་ཏུ་བཅིངས་པའི་ཕྱིར་ཉིས་སྐོར་རོ། །ཡང་ན། ཨ་ཝ་དྷཱུ་ཏཱི་རབ་ཏུ་བཅིངས་པ་ཉིད་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་སྐྲའི་ཐག་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་ཉིས་སྐོར་ལན་གཉིས་དཀྲིས་པ་སྟེ། ཨཱ་ལི་ཀཱ་ལི་གཉིས་ཀའི་ནཱ་ད་དབྱེར་མེད་པ་ཉིད་དོ། །གཟུང་བར་བྱ་ཞིང་གཡོ་བ་མེད་པར་བྱའོ། །གཞན་ཡང་རྒྱན་དང་ཕྱག་རྒྱའི་རྣམ་པར་དག་པ་གསུངས་པ། ཐལ་བ་སྐྲ་ཡི་དག་བྱེད་ཀྱང༌། །སྤྱོད་པའི་རྣལ་འབྱོར་པ་ཡིས་གཟུང༌། །ཐལ་བ་ནི་རོ་བསྲེགས་པའི་རྡུལ་ཏེ། །ཡང་ན་རོ་བསྲེགས་པའི་རུས་པའི་ཕྱེ་མའོ། །དག་བྱེད་ཀྱང་ཞེས་པ་རྐུན་མ་དབྱངས་པའི་སྐྲ་ལས་བྱས་པའི་དག་བྱེད་སྤྱོད་པས་གནས་པའི་རྣལ་འབྱོར་པས་གཟུང་བར་བྱའོ། །ཡང་ན་ཐལ་བའི་སྒྲས་ཆ་དང་བྲལ་བ་ཉིད་ལས་བདག་མེད་མའོ། །སྐྲའི་སྒྲས་རྡོ་རྗེ་འཆང་སྟེ། །


DTG003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བ་དང་སྐྲ་དག་གི་དག་བྱེད་དྲི་མ་མེད་པར་བྱས་པ་ཆོས་ཀྱི་དབྱིངས་ཤིན་དུ་རྣམ་པར་དག་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་རྣལ་འབྱོར་དང་ལྡན་པ་སྤྱོད་པའི་བྱ་བ་ལ་གནས་པས་གཟུང་སྟེ། གཡོ་བ་མེད་པར་གྱུར་པའོ། །ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཞེས་གང་གསུངས་པ་དང༌། ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ། །ཞེས་པ་དེའི་རྣམ་པར་དག་པ་ལུགས་ལས་བཟློག་པས་གསུངས་པ། ཅང་ཏེའུའི་སྒྲས་ནི་བཟླས་པ་སྟེ། ཤེས་རབ་ཁ་ཊྭཱཾ་ག་བསྒོམ་པ། །ཞེས་པའི་དོན་གསལ་བ་ཁོ་ནའོ། །ཡང་ན། ཅང་ཏེའུའི་སྒྲ་ནི། ཨཱ་ལི་ཀཱ་ལི་ནཱ་དའི་བདག་ཉིད་ཅན་གཞོམ་དུ་མེད་པ་རྡོ་རྗེ་འཆང་ངོ༌། །དེ་ཡང་བཟླས་པ་སྟེ། བར་མ་ཆད་པར་བཟླས་པའི་ངོ་བོ་ཉིད་ཀྱིས་རྣམ་པར་འཆད་པ་མེད་པའི་རང་བཞིན་ནོ་ཞེས་པ་དམ་ཚིག་གི་དཀྱིལ་འཁོར་རོ། །ཤེས་རབ་ཁ་ཊྭཱཾ་ག་བསྒོམ་པ། །ཞེས་པ་ཤེས་རབ་ནི་ཕུལ་དུ་བྱུང་ངའི་ཡེ་ཤེས་སོ། །ཅི་ཞེ་ན། ཁ་ཊྭཱཾ་ག་བསྒོམ་པ་སྟེ། ཁ་ཊྭཱཾ་གའི་སྒྲས་མཁའ་སྤྱོད་མ་མཐར་ཐུག་པ་མཁའ་འགྲོ་མ་བཅོ་ལྔའོ། །བསྒོམ་པ་ཞེས་པ་དེ་རྣམས་ཀྱི་སྙོམས་པར་འཇུག་པ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །འདི་དག་བཟླས་དང་བསྒོམ་བྱར་འགྱུར། །གཉིས་པོ་འདི་ཉིད་དོ། །ཅི་ལྟར་ཞེ་ན། རྡོ་རྗེ་ཐོད་པའི་སྤྱོད་པ་ཡིས། །ཞེས་པ་དེ་ཁོ་ནའི་གནས་པས་སོ། །ཡང་ན། བཟླས་དང་བསྒོམ་བྱ་ཞེས་པ་བཟླས་པ་རྟག་ཏུ་འབྱུང་བའི་རང་བཞིན་དམ་ཚིག་གི་དཀྱིལ་འཁོར་གྱི་བདག་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །བསྒོམ་བྱ་སྙོམས་པར་འཇུག་པར་བྱ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དབྱེར་མེད་པར་བྱའོ། །ཡང་ན། བཟླས་དང་བསྒོམ་བྱ་ཞེས་པ་བསྒོམ་བྱ་ནི་གོམས་པར་བྱ་བ་སྟེ་གཉིས་སུ་མེད་པ་རྟོགས་པའོ། །དེ་ཡང་བཟླས་པར་འགྱུར་ཏེ། བར་མ་ཆད་པར་འབྱུང་བ་ཉིད་ཀྱིས་རྟག་ཏུ་འབྱུང་བའི་རང་བཞིན་དུ་འགྱུར་རོ་ཞེས་པའོ། །འདི་དག་ཉིད་ཇི་ལྟར་ཞེ་ན། གསུངས་པ། རྡོ་རྗེ་ཐོད་པའི་སྤྱོད་པ་ཡིས། །རྡོ་རྗེ་ནི་རྡོ་རྗེ་འཆང་ངོ༌། །ཐོད་པ་ནི་བདེ་བ་སྐྱོང་བ་ཉིད་དེ། །ཤེས་རབ་བདག་མེད་མའོ་ཞེས་པ་རྡོ་རྗེ་ཐོད་པ་ཤེས་རབ་དང་ཐབས་དབྱེར་མེད་པའོ། །འདིས་ནི་སྤྱོད་པའི་རང་བཞིན་གྱིས་གནས་པས་


DTG003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའོ། །བརྐམ་དང་རྨོངས་དང་འཇིགས་དང་ཁྲོ། །ངོ་ཚའི་བྱ་བའང་སྤང་བར་བྱ། །བརྐམ་དང་རྨོངས་པ་ལ་སོགས་པ་འདི་རྣམས་སྒྲིབ་པའི་རྒྱུ་ཉིད་ཀྱི་ཕྱིར་སྤང་བར་བྱའོ། །ཡང་ན། བརྐམ་པའི་སྒྲས་འོད་དཔག་མེད་དོ། །རྨོངས་པ་ནི་རྣམ་པར་སྣང་མཛད་དོ། །འཇིགས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཁྲོ་བ་ནི་མི་བསྐྱོད་པའོ། །ངོ་ཚ་བ་ནི་དོན་ཡོད་གྲུབ་པ་སྟེ། འདི་དག་གི་རང་བཞིན་ཉིད་ཀྱིས་ཡོངས་སུ་བཅད་པ་ནི་བྱ་བའོ། །དེའི་ཕྱིར་སྤང་བར་བྱ་སྟེ། འདི་རྣམས་ཀྱི་རྣམ་པར་དག་པ་ཡེ་ཤེས་ལྔ་ཉིད་ཀྱིས་འདི་རྣམས་སྤངས་པར་གྱུར་པའི་ཕྱིར་སྤང་བར་བྱ་བའོ། །དེ་ཉིད་ཀྱི་ཕྱིར། གཉིད་དང་བདག་ཉིད་རབ་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པར་བྱ། །གཉིད་ཅེས་པ་དབང་པོ་དང་ཡུལ་ལ་འདོད་པའི་བྱ་བ་སྡུད་པ་ཉིད་ཀྱིས་གཉིད་ནི་བདག་མེད་མ་སྟེ། དེ་རྣམ་པར་དག་པས་དེ་ཡོངས་སུ་སྤོང་བའི་ཕྱིར་ཤིན་ཏུ་རྣམ་པར་དག་པས་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་རབ་དུ་སྤངས་ཏེ། བདག་ཏུ་ལྟ་བ་བཅད་པའི་ཕྱིར། །གང་ཟག་གི་བདག་མེད་པ་མངོན་དུ་བྱས་ནས་སྤྲོས་པ་མེད་པའི་སྤྱོད་པ་བྱའོ་ཞེས་དགོངས་པའོ། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་བརྩམ། །ཞེས་པ་དང་པོར་བདག་སྤངས་པ་ལས། །གང་ཟག་གི་བདག་མེད་པ་མངོན་དུ་གྱུར་པ་ན་ཆོས་ཀྱི་བདག་མེད་པ་ཡང་མངོན་དུ་བྱ་སྟེ། ཕྱི་ནས་ཞེས་པ། དེའི་རྗེས་ལ་ལུས་ཆོས་ཐམས་ཅད་དོ། །དེ་སྦྱིན་པ་རྣམ་པར་དག་པ་རྣམ་པར་བྱང་བར་བྱིན་ཞིང་སྤངས་ནས་དེ་རྣམས་ཀྱི་རྣམ་པར་དག་པའི་མངོན་པར་ཞེན་པ་ཡང་སྤངས་ཏེ། སྤྱོད་པ་གང་ཡིན་པ་དེ་ཡང་དག་པར་བསྟན་པ་འདི་ཉིད་བརྩམ་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བདག་གིས་བདག་དབུལ་བར་བྱའོ་ཞེས་པའི་སེམས་གང་ཡིན་པ་འདི་བསྐྱེད་དེ། དེའི་རྗེས་ལ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་བྱིན་ནས་སྤྱོད་པ་ལ་གནས་པ་བརྩམ་ཞིང་ཡང་དག་པར་བརྩམ་པར་བྱའོ། །སྐལ་བ་སྐལ་མེད་རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་བྱིན་མི་བྱ། །སྐལ་བ་བྱས་པར་གྱུར་པ་ན། །སྐལ་བ་མེད་པ་རྣམས་པར་དཔྱད་པར་འགྱུར་ཏེ། སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་མཐའ་ཡས་


DTG003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐུག་པ་མེད་པ་དེ་རྣམས་ཐམས་ཅད་ལ་ལུས་བྱིན་པ་ན། ལུས་ཀྱི་སྐལ་བ་བྱ་བ་སྟེ། སྐལ་བ་བྱས་པ་ན་འདིའི་ཆུང་བ་ནི་ཆུང་བའི་ཕྱིར་སྐལ་པ་མཐོང་བ་མ་ཡིན་ཞིང་རྣམ་པར་དཔྱད་པའི་རྒྱུ་དེས་ན་སྐལ་བ་མེད་དོ། །རྒྱུ་དེའི་ཕྱིར་སྦྱིན་པ་བྱིན་མི་བྱ། །རྒྱུ་གང་གི་ཕྱིར་སྦྱིན་པ་བྱིན་པར་མི་བྱ་ཞིང་གཏང་བར་མི་བྱ་སྟེ། རྣམ་པར་དཔྱད་ན་རྡུལ་ཕྲ་རབ་བསགས་པ་མེད་པའི་ཕྱིར་རང་བཞིན་སྤངས་པ་ཁོ་ནའོ་ཞེས་པའོ། །ཡང་ན་བདག་ཉིད་སྤངས་ནས་ནི། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །བདག་ཉིད་ཅེས་པ་རྣམ་པར་ཤེས་པ་སྟེ། དེ་ལས་འདས་པའི་ཕྱིར་རྡོ་རྗེ་འཆང་ངོ༌། །བདག་ཉིད་སྤངས་ནས་ཐེ་ཚོམ་མེད་པས་སྤྱོད་པ་བྱ་སྟེ། ཐམས་ཅད་དུ་དོགས་པ་མེད་པ་ཉིད་ཀྱིས་བསྒྲུབ་པར་བྱ་ཞེས་པའོ། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་བརྩམ། །ལུས་ཀྱི་སྒྲས་ཚོགས་པ་བརྗོད་དོ། །དེ་སྦྱིན་པ་ནི་ཡོངས་སུ་གཏང་བ་སྟེ། དེའི་མངོན་པར་ཞེན་པ་ཡོངས་སུ་སྤོང་བའོ། །དེ་ཕྱིན་ནས་ནི་ཞེས་པ་དེ་རྣམས་ཀྱང་སྤོང་བ་སྟེ། འདིས་ནི་མངོན་པར་ཞེན་པ་ཡོངས་སུ་གཏོང་བ་ཡང་མངོན་པར་ཞེན་པ་ཁོ་ན་སྟེ། མངོན་པར་ཞེན་པ་དེ་ཡང་དེ་ལ་མེད་དོ་ཞེས་གནས་པའི་སྤྱོད་པ་བརྩམ་པར་བྱའོ། །ཡང་དག་པར་གནས་པ་སྙོམས་པར་ཞུགས་པ་མཐར་ཐུག་པ་ཐོབ་པར་འགྱུར་བའི་ཕྱིར། སྐལ་བ་སྐལ་མེད་རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་བྱིན་མི་བྱ། །ཞེས་པ་སྐལ་བ་ནི་རྣམ་པར་དབྱེ་བ་ཇི་སྲིད་པའི་ཆ་ཤས་ཏེ། དེ་ཡང་ཐབས་ཀཱ་ལིའི་རང་བཞིན་གྱི་ནཱ་དའི་ཕྲེང་བའོ། །འདི་ལ་སྐལ་བ་དང་ཆ་ཤས་ཡོད་པ་མ་ཡིན་པའི་ཕྱིར་སྐལ་མེད་ནི་ཆ་དང་བྲལ་བ་ཨཱ་ལིའི་རང་བཞིན་གྱི་ནཱ་དའི་ཕྲེང་བའོ་ཞེས་པའོ། །ཡང་ན། སྐལ་བ་ནི་ཆ་ཤས་དང་ཆའི་ངོ་བོ་བསྐྱེད་པའི་རང་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཟླ་བ་ཨཱ་ལིའི་ཕྲེང་བ་ཉིད་དོ། །སྐལ་བ་མེད་པ་ནི་ཆ་ཤས་དང་བྲལ་བ་བདག་མེད་མའི་རང་བཞིན་ཉི་མ་དང་ཀཱ་ལིའི་རང་བཞིན་གྱི་ནཱ་དའི་ཕྲེང་བ་སྟེ། སྐལ་བ་སྐལ་མེད་ཅེས་པའི་སྒྲས་གསུངས་རྡོ་རྗེ་ནཱ་དའི་ཕྲེང་བ་གཉིས་སོ། །དེ་རྣམ་པར་དཔྱད་པ་ནི་རྒྱུ་བ་དང་བྲལ་བ་ཉིད་དོ། རྒྱུ་བ་མེད་པ་ཆ་དང་བྲལ་བ་ཉིད་དོ། །རྒྱུ་བ་མེད་པ་དང་ཆ་དང་བྲལ་བ་དེ་ཉིད་ཀྱིས་སྦྱིན་པ་ནི། ཡོངས་


DTG003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོང་བ་སྟེ། རྒྱུ་དེའི་ཕྱིར་སྦྱིན་མི་བྱ་གཏང་བར་མི་བྱ་སྟེ། གཏང་བའི་རང་བཞིན་གྱི་ཕྱིར་ཞེས་པའི་དོན་ཉིད་དོ། །འདིས་ནི་བདག་ཉིད་སྤངས་པའི་ཕྱིར་རྣམ་པར་ཤེས་པའི་འཛིན་པ་ལྡོག་གོ །ལུས་བྱིན་པས་ལུས་ཀྱི་མངོན་པར་ཞེན་པ་དང་སྐལ་བ་སྐལ་མེད་རྣམ་དཔྱད་པས། མཚན་མའི་ཆགས་པ་ཡང་སྟེ། ཆགས་པ་གསུམ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་ཆགས་པ་ཐམས་ཅད་ཡོངས་སུ་སྤངས་པའི་རང་བཞིན་ལས། རྡོ་རྗེ་འཆང་ཉིད་དེ། དེ་ཁོ་ན་དང་ལྡན་པའི་སྤྱོད་པའོ། །དེ་ཉིད་ཀྱི་ཕྱིར། བཟའ་བཅའ་དེ་བཞིན་བཏུང་བ་ནི། །ཇི་ལྟར་རྙེད་པ་སྤྱད་པར་བྱ། །བཟའ་བ་ཐུག་པ་ལ་སོགས་པ་དང༌། བཅའ་བ་ཟན་ལ་སོགས་པ་དང༌། བཏུང་བ་ཞོ་ལ་སོགས་པ་རྣམ་པ་གང་གིས་བཟའ་བའམ་ངན་པ་ཇི་ལྟར་རྙེད་པ་དེ་ཐམས་ཅད་ལོངས་སྤྱོད་ཅིང་བཟའ་བར་བྱའོ། །དེ་ཉིད་ཀྱི་ཕྱིར། འདིར་ནི་འཛིན་ཕ་མི་བྱ་སྟེ། །འདོད་དང་མི་འདོད་རྣམ་རྟོག་ཕྱིར། །ཞེས་པ་འཛིན་པ་ནི་མངོན་པར་ཞེན་པའོ། །དེ་མི་བྱ་སྟེ། ཅི་ལྟར་ཞེ་ན་འདོད་པ་བརྐམ་ཆགས་དང༌། མི་འདོད་པ་བརྐམ་ཆགས་མེད་པ་སྟེ། གཉིས་ཀ་ཡང་རྣམ་རྟོག་ཕྱིར་ཞེས་པ་རྒྱུ་རྣམ་པར་རྟོག་པ་ལས་སོ། །དེ་ཉིད་ཀྱི་ཕྱིར། བཟའ་དང་བཟའ་མིན་རྣམ་དཔྱོད་དང་། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་པའི་དོན་གསལ་བ་ཁོ་ནའོ། །ཡང་ན་བཟའ་བ་ནི་བཟའ་བར་བྱ་བ་སྟེ། ལུས་ལ་མངོན་པར་ཞེན་པའོ། །བཅའ་བ་ནི་ལོངས་སྤྱད་པར་བྱ་བ་སྟེ། ངག་ལ་མངོན་པར་ཞེན་པའོ། །བཏུང་བ་ནི་བཏུང་བར་བྱ་བ་སྟེ། སེམས་ལ་མངོན་པར་ཞེན་པའོ་ཞེས་པ་སྟེ། གསུམ་པོ་འདི་ནི་རིམ་པ་གང་གིས་ཇི་ལྟར་རྙེད་པ་དང་ཐོབ་པ་བཟའ་བར་བྱ་སྟེ། མངོན་པར་ཞེན་པ་མེད་པའི་ངོ་བོར་འགྱུར་རོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་འདིར་རྡོ་རྗེ་གསུམ་དབྱེར་མེད་པའི་མངོན་པར་ཞེན་པ་རྣམས་ལ་འཛིན་པ་ཞེན་པ་མི་བྱ་ཞིང་བྱ་བ་མེད་པའི་ཚུལ་གྱིས་ཡང་དག་པར་གནས་པར་བྱ་སྟེ། འདོད་དང་མི་འདོད་རྣམ་རྟོག་ཕྱིར། །འདོད་པ་མངོན་པར་ཞེན་པ་དང༌། །མི་འདོད་པ་མངོན་པར་ཞེན་པ་མེད་པ་སྟེ། གལ་ཏེ་བྱ་བའི་སྒོ་ཡིས་


DTG003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པ་ཡོངས་སུ་སྤོང་བ་དེ་ཡང་མངོན་པར་ཞེན་པ་ཉིད་ཀྱིས་རྣམ་པར་རྟོག་པ་ཁོ་ནའོ། །དེའི་ཕྱིར་འདིར་ནི་འཛིན་པར་མི་བྱ་སྟེ། མངོན་པར་ཞེན་པ་མེད་པ་ཡང་མི་བྱ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་བཟའ་དང་བཟའ་མིན་ཞེས་པ། བཟའ་བ་ནི་ལུས་ལ་མངོན་པར་ཞེ་ན། པའོ། །བཟའ་མིན་ནི་མངོན་པར་ཞེན་པ་དེ་ཡོངས་སུ་སྤོང་བ་སྟེ། དེ་ཁོ་ན་དང་ལྡན་པས་འདི་གཉིས་ཀའི་རྣམ་པར་སྤྱོད་པ་མི་བྱ་བ་ཉིད་དེ། བྱ་བའི་སྒོ་ཡིས་བསྒྲུབ་པར་མི་བྱའོ། །བཏུང་དང་བཏུང་མིན་ཞེས་པ་བཏུང་བ་ཆུའི་ཁམས་གསུང་རྡོ་རྗེ་སྟེ། དེ་ལ་མངོན་པར་ཞེན་པའོ། །བཏུང་མིན་ནི་མངོན་པར་ཞེན་པ་དེ་མེད་པ་སྟེ། འདི་གཉིས་ཀ་ཡང་ངོ༌། །བགྲོད་དང་བགྲོད་མིན་ཞེས་པ། བགྲོད་བྱ་ནི་སེམས་ལ་མངོན་པར་ཞེན་པའོ། །བགྲོད་མིན་ནི་མངོན་པར་ཞེན་པ་དེ་མེད་པའོ་ཞེས་པ་སྐུ་དང་གསུངས་དང་ཐུགས་ལ་མངོན་པར་ཞེན་པ་དང་མངོན་པར་ཞེན་པ་མེད་པ། གཉིས་ཀ་རྣམ་པར་རྟོག་པ་ཁོ་ན་སྟེ། དེ་མི་བྱ་ཞིང་བྱ་བའི་སྒོ་ཡིས་རྟོག་པའི་ཡུལ་དུ་མི་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟར་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་དེའི་བྱ་བ་ཡོད་པ་མ་ཡིན་པའི་ཕྱིར་བླ་མའི་ཀུན་དུ་རྟོག་པ་དང་དེ་ལ་ཕྱག་འཚལ་བའི་ཀུན་དུ་རྟོག་པ་ཡང་རྣམ་པ་ཐམས་ཅད་དུ་མེད་པར་འགྱུར་བ་ཉིད་དོ་ཞེས་དོགས་པ་ལ་གསུངས་པ། དངོས་གྲུབ་ཐོབ་ཀྱང་སློབ་མ་གང༌། ཡང་དག་ཡེ་ཤེས་སྣང་བ་པོ། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །གྲུབ་པས་བླ་མར་མངོན་ཕྱག་འཚལ། །ཞེས་པ་དེའི་དོན་ནི་རེ་ཞིག་སྤྱོད་པའི་བྱ་བ་ལ་ཞུགས་པ་རྣམ་པར་རྟོག་པ་མེད་པ་གོམས་པ་ལ་དགའ་བ་དངོས་གྲུབ་ཐོབ་ཀྱང་ཕྱག་རྒྱའི་དངོས་གྲུབ་རྙེད་པ་སྟེ། དེ་ཉིད་ཀྱི་ཕྱིར་གྲུབ་པའོ། །དེ་ལྟར་གྱུར་པའི་སློབ་མ་དེ་ཡང་བླ་མ་སྟོན་པ་ལ་མངོན་པར་ཕྱག་འཚལ་རྣམ་པ་ཐམས་ཅད་ཀྱིས་ཕྱག་འཚལ་བར་བྱེད་དོ། །ཅིའི་ཕྱིར་ཕྱག་འཚལ་ཞེ་ན། མནར་མེད་སྤང་པའི་རྒྱུ་ཡི་ཕྱིར། །རྣམ་པ་གཞན་དུ་དེ་ཡང་མནར་མེད་པའི་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཡང་ན། དངོས་གྲུབ་ཐོབ་ཀྱང་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཀྱང༌། བདག་དང་བདག་གི་བ་ལ་སོགས་པ་སྣ་ཚོགས་པའི་ཀུན་དུ་རྟོག་པ་


DTG003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངེས་པར་གྲོལ་བ་ཉིད་ཀྱིས་རང་ཉིད་བདག་མེད་མའི་རང་བཞིན་ཏེ། སློབ་མ་རྣལ་འབྱོར་པ་དེ་ལྟར་གྱུར་པ་ཡང་བླ་མར་མངོན་ཕྱག་འཚལ། ཀུན་ནས་ཕྱག་འཚལ་ཞིང་མཆོད་པའི་ངོ་བོས་གནས་པའོ། །བླ་མ་ཞེས་པ་རྡོ་རྗེ་འཆང་སྟེ། འདིས་ནི་བླ་མ་ཉིད་རྡོ་རྗེ་འཆང་དང༌། རང་ཉིད་ཀྱང་བདག་མེད་མའོ། །དེའི་ཕྱིར་གཉིས་ཀ་དབྱེར་མེད་པར་རྟོག་པ་ལས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡང་དག་ཡེ་ཤེས་སྣང་བའོ། །ཡང་དག་པའི་ཡེ་ཤེས་སྤྲོ་བའི་རང་བཞིན་ནོ། །ཅིའི་དོན་དུ་ཞེ་ན། མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། གནོད་པའི་རླབས་ཡོད་པ་མ་ཡིན་པའི་ཕྱིར་མནར་མེད་བདག་མེད་མའོ། །དེ་སྤང་བ་ནི་ཡོངས་སུ་འདོར་བ་སྟེ། དེའི་རྒྱུས་རྒྱུ་དེའི་ཕྱིར་རོ། །འདིས་ཅི་གསུངས་ན། སློབ་མ་དངོས་གྲུབ་ཐོབ་པ་ཞེས་པ་དམིགས་པ་མེད་པ་སྟེ། གལ་ཏེ་མཐའ་གཅིག་ཏུ་བསྟན་པའི་སྟོང་པ་ཉིད་ཉམས་སུ་མྱོང་བ་རྟོགས་པས་གནས་པར་གྱུར་པ་དེའི་ཚེ་འདི་རང་གི་དོན་དང་གཞན་གྱི་དོན་ཡོངས་སུ་འདོར་བར་འགྱུར་ཏེ། དེའི་ཕྱིར་ཡང་བླ་མ་སྟོན་པ་རྡོ་རྗེ་འཆང་གི་ངོ་བོར་དམིགས་པར་འགྱུར་ཏེ། དེའི་ཚེ་དེ་ལས་གཞན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་དང་དབྱེར་མེད་པ་ཡོངས་སུ་ཤེས་པ་ལས་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཡང་གཉིས་ཀ་དབྱེར་མེད་པ་ཉིད་ཀྱིས་ཡང་དག་ཡེ་ཤེས་སྣང་བ་པོར་འགྱུར་ཞིང་འགྲོ་བའི་དོན་བྱ་བ་བཟོད་པ་གྲུབ་པ་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་རོ། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །ཞེས་པ་ཨ་བདག་མེད་མ་གནོད་པ་སྤོང་བའི་རང་བཞིན་ཉིད་ཀྱིས་བླ་མ་རྡོ་རྗེ་འཆང་སྟེ་གཉིས་ཀ་དབྱེར་མེད་པ་ལས་གཅིག་གི་ཚིག་མནར་མེད་ཅེས་པའོ། །དེ་ཡང་དབྱེར་མེད་པ་རྟོགས་པ་དེ་ཡང་ཀུན་དུ་རྟོག་པ་སྟེ། དེ་སྤང་བའི་རྒྱུའི་ཕྱིར་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་འདི་རྣམས་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །རང་ཉིད་བདག་མེད་མ་དང་བླ་མ་རྡོ་རྗེ་འཆང་གཉིས་ཀ་དབྱེར་མེད་པ་ཉིད་དངོས་གྲུབ་ཡིན་གྱི་རྣམ་པ་གཞན་མིན་ནོ་ཞེས་པའི་རྣལ་འབྱོར་པ་གྲུབ་པས་ཀྱང་རྟོགས་པར་བྱ་སྟེ། འདི་ཉིད་དངོས་གྲུབ་དང༌། དངོས་གྲུབ་ཀྱང་འདི་ཉིད་ཅེས་པའོ། །


DTG003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་དང་ལྡན་པ་དེའི་བླ་མ་ལ་ཕྱག་འཚལ་བ་ལས་མཚན་ཉིད་ཐ་དད་པའི་བྱ་བ་གཞན་མེད་པ་ཉིད་དོ་ཞེས་གསུངས་པ། བསླབ་དང་བྱ་ལས་རྣམ་པར་གྲོལ། །ངོ་ཚའི་བྱ་བ་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །རྣམ་དཔྱད་ཡོ་གཱི་སྙིང་རྗེ་ཆེ། །བསླབ་པ་ཞེས་པ་མི་དགེ་བ་བཅུ་ལ་སོགས་པ་ཡོངས་སུ་སྤོང་བའོ། །བྱ་བ་ཞེས་པ་མགོ་བྲེག་པ་ལ་སོགས་པའི་བརྟུལ་བཞུགས་སོ། །དེ་དག་ལས་རྣམ་པར་གྲོལ་བ་ནི་ཡོངས་སུ་སྤོངས་བའོ། །ངོ་ཚའི་བྱ་བ་རྣམ་པར་སྤངས། །ཞེས་པ་ངོ་ཚ་དང་བྱ་བ་ནི་ངོ་ཚ་བའི་བྱ་བ་སྟེ་དེ་དག་རྣམ་པར་སྤངས་པ་ནི་ངོ་ཚ་བའི་བྱ་བ་རྣམ་པར་དཔྱོད་པ་ལས་ཕྱི་རོལ་དུ་གྱུར་པ་ཞེས་པའི་དོན་ཏོ། །རྒྱུ་གང་གི་ཕྱིར་དངོས་པོ་ཀུན་གྱི་རང་བཞིན་གྱིས་རྣམ་པར་དཔྱད་ཅིང་རྣམ་པར་གནས་པར་བྱ་སྟེ། །དེའི་ཕྱིར་ཡོ་གཱིའོ། །གལ་ཏེ་ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་བསླབ་པ་ལ་སོགས་པ་ཡང་སྤངས་པ་ཡིན་ན་འདི་ནི་དེ་མི་དགེ་བ་བཅུ་ལ་སོགས་པ་ཡང་བྱེད་པར་འགྱུར་བ་མ་ཡིན་ནམ་ཞེས་དོགས་པ་ལ་གསུངས་པ། སྙིང་རྗེ་ཆེ་ཞེས་པ་སྟེ། གང་གིས་བརྩེ་བ་ཆེན་པོར་གྱུར་པ་དེ་ནི་སྙིང་རྗེ་ཆེན་པོ་སྟེ། འགྲོ་བའི་དོན་གྱི་བྱ་བ་ལ་འཇུག་པའི་ཕྱིར་མི་དགེ་བ་བཅུ་ལ་སོགས་པ་རྣམས་པ་དེའི་བློ་རྣམ་པ་ཐམས་ཅད་དུ་མི་འཇུག་པ་ཁོ་ནའོ། །དེ་ལྟར་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདོད་ཆགས་ལ་སོགས་པ་རྣམས་དང་མྱ་ངན་ལས་འདས་པའི་བར་གྱི་འཛིན་པ་ཉེ་བར་ཞི་བར་བྱེད་དོ་ཞེས་པའོ། །ཡང་ན། བསླབ་པ་ཞེས་པ་རིག་པ་སྟེ་བདག་མེད་མའོ། །དེ་ཉིད་སྣ་ཚོགས་པའི་གཟུགས་ཅན་ནི་བྱ་བའོ། །གང་གིས་དེ་དག་ལས་རྣམ་པར་གྲོལ་བ་དེ་ནི་བསླབ་དང་བྱ་ལས་རྣམ་པར་གྲོལ་བ་སྟེ། བདག་མེད་མ་ཉམས་སུ་མྱོང་བའི་ཀུན་དུ་རྟོག་པ་ཡང་དེ་ལ་ཡོད་པ་མ་ཡིན་ཞིང་རྡོ་རྗེ་འཆང་གི་གོ་འཕོང་ལ་གནས་པ་ཉིད་དོ་ཞེས་པའོ། །ངོ་ཚའི་འབྲས་བུ་རྣམ་པར་སྤངས། །ཞེས་པ་ངོ་ཚ་ནི་མི་གསལ་བའི་ངོ་བོ་ཉིད་ཀྱིས་བདག་མེད་མའོ། །བྱ་བ་ནི་གསལ་བའི་ངོ་བོ་ཉིད་ཀྱིས་རྡོ་རྗེ་འཆང་སྟེ། ངོ་ཚ་དང་བྱ་བ་གཉིས་པོ་དེ་གང་གིས་སྤངས་ཤིང་དོར་བ་དེ་ཞེས་པ་སྟེ། འདིས་ནི་གཉིས་ཀ་དབྱེར་མེད་པའི་ཀུན་དུ་རྟོག་པ་ཡང་དེ་ལ་མེད་པ་ཁོ་ནའོ་ཞེས་


DTG003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཞེས་པ་རང་གི་དངོས་པོ་ནི་རང་བཞིན་ཏེ་རྣམ་པར་ཤེས་པའི་རང་བཞིན་རྟོགས་པའོ། །དེ་ཁྱད་པར་ཅི་ཞེ་ན། དབང་པོ་དང༌། ཡུལ་ཐམས་ཅད་ཀྱི་དངོས་པོ་གང་ལས་སྐྱེས་པ་དེ་དངོས་པོ་ཐམས་ཅད་དེ། དེ་དངོས་པོ་ཐམས་ཅད་དང་རང་བཞིན་ཡང་ཡིན་པའི་ཕྱིར་དེ་རྣམས་སྤྱད་པ་སྤྱོད་པ་དང་བྲལ་བར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་སྟེ། སྡུད་པའི་ངོ་བོས་དེ་ཁོ་ན་རྟོགས་པའོ། །སྤྲོས་པའི་ངོ་བོས་སྙིང་རྗེ་ཆེ། །ཞེས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །འདིས་ནི་བསླབ་དང༌། བསླབ་པ་དང༌། བྱ་བ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་གཉིས་སུ་མེད་པ་རྟོགས་པས་རྣམ་པར་གནས་པ་རང་བྱུང་བའོ། །ངོ་ཚ་དང་བྱ་བ་རྣམ་པར་སྤངས་པ་ཉིད་ཀྱིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱིས་རྡོ་རྗེ་གསུམ་དབྱེར་མེད་པའི་རང་བཞིན་ནོ། །རྣལ་འབྱོར་པ་ཞེས་པ་འདིས་འདིའི་བཞི་པའི་རང་བཞིན་ནོ། །སྙིང་རྗེ་ཆེན་པོ་ཉིད་ཀྱིས་ཡེ་ཤེས་ལྔ་དབྱེར་མེད་པ་ཉིད་རྡོ་རྗེ་འཆང་ཞེས་པའི་དོན་ཏེ། དེ་ཉིད་དྲུག་པ་ཞེས་བརྗོད་དོ། །སྤྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤངས། །སྦྱིན་སྲེག་གི་སྒྲས་མེ་ཚིམ་པར་བྱེད་པའི་བྱ་བའོ། །མཆོད་སྦྱིན་གྱི་སྒྲས་དེ་བཞིན་གཤེགས་པ་ལ་སོགས་པ་མཆོད་པའོ། །དཀའ་ཐུབ་ཀྱི་སྒྲས། གསོ་སྦྱོང་ལ་སོགས་པའི་བྱ་བ་སྟེ། དེ་རྣམས་ལས་འདས་པའོ། །སྔགས་ཀྱི་སྒྲས་བཟླས་པའི་བྱ་བའོ། །བསམ་གཏན་གྱི་སྒྲས་ལྷའི་བསམ་པ་བསྐྱེད་པའི་བྱ་བ་སྟེ། གཉིས་ཀའི་བྱ་བ་སྤང་པ་ཞེས་པའི་དོན་ཏོ། །ཡང་ན། སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །ཞེས་པ། ཧ་རྡོ་རྗེ་འཆང་སྤྱི་བོར་རོ། །ཨོཾ་མགྲིན་པར་རོ། །ཨཱཿ་སྙིང་གར་རོ། །ཡ་ལྟེ་བར་རོ་ཞས་པ་ཧོཿ་མ་ཡཱ་འཁོར་ལོ་བཞིའོ། །ག་ཏ་ནི་འཁོར་ལོ་བཞིར་གནས་པ་དེ་རྣམས་དབྱེ་བ་མེད་པར་རྟོགས་པ་སྟེ། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་སོ། །དེ་འཐུང་བའི་ཕྱིར་སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་པོ། །དེ་ཁྱད་པར་ཅི་ཞེ་ན། ཨཱ་ཏཱི་ཏ་ཞེས་པ་ཨ་ཏི་སྤངས་པ་དང༌། ཨི་ཏ་ཡེ་ཤེས་སོ། །དེ་གང་གིས་འདས་པ་


DTG003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཡེ་ཤེས་ཀྱི་ཀུན་དུ་རྟོག་པ་ཡང་དེ་ལ་མེད་དོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། སྔགས་དང་བསམ་གཏན་རྣམ་པར་སྤངས། །སྔགས་ནི་ཡེ་ཤེས་སོ། །དེའི་བསམ་པ་ནི་བསམ་གཏན་ཏེ། ཡེ་ཤེས་དང་བསམ་པ་ལས་འདས་པ་ཞེས་པའི་དོན་ཏོ། །དམ་ཚིག་སྡོམ་ལས་ངེས་པར་གྲོལ། །བཟང་པོའི་འབྱོར་ལྡན་སྤྱོད་པ་བྱ། །དམ་ཚིག་གི་སྒྲས་བསྲུང་བ་དང་བཟའ་བའོ། །དེ་ཡོངས་སུ་སྐྱོང་བ་ནི་སྡོམ་པའོ། །དེ་སྤངས་པ་ནི་ངེས་པར་གྲོལ་བའོ། །སྤྱོད་པ་བྱ་བ་ནི་གནས་པ་དང་རྟོགས་པར་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བཟང་པོའི་སྦྱོར་ལྡན་དགེ་བའི་སྦྱོར་བ་དང་ལྡན་པ་ཞེས་པའི་དོན་ཏོ། །ཡང་ན། དམ་ཚིག་དང་སྡོམ་པའི་སྒྲས་དམ་ཚིག་ནི་སྤྱོ་བའོ། །སྡོམ་པ་ནི་སྡུད་པ་སྟེ། དམ་ཚིག་དང་སྡོམ་པ་སྤྲོ་བ་དང་སྡུད་པ་ལྷག་མ་མེད་པ་ལས་གྲོལ་ཞིང་སྤངས་པའི་ཕྱིར་གཉིས་ཀའི་ཀུན་དུ་རྟོག་པ་ཡང་དེ་ལ་མེད་དོ་ཞེས་པའོ། །དེ་ལྟར་གྱུར་ཀྱང་སྤྱོད་པ་ལ་གནས་པར་བྱ་ཞིང་བསྒྲུབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བཟང་པོའི་སྦྱོར་ལྡན་དགེ་བའི་སྦྱོར་བ་དང་ལྡན་པ་སྟེ། གཉིས་ཀ་དབྱེར་མེད་པའི་ཀུན་དུ་རྟོག་པ་ཡང་རྣམ་པར་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་དོགས་པ་ཐམས་ཅད་དང་བྲལ་བའི་ཕྱིར། ངས་པར་སྔོན་དུ་ལྷ་མིན་གང༌། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང༌། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྒྱུ་བར་བྱ། །དོན་གོ་སླ་བ་ཉིད་དོ། །ཡང་ན། བརྒྱ་བྱིན་གྱི་སྒྲས་དབང་པོ་སྟེ། ཐུགས་རྡོ་རྗེ་མཆོག་གི་དབང་ཕྱུག་གི་སྦྱོར་བ་ལས་ལྟ་བུ་ནི་ད་དང་མཉམ་པ་དབང་པོ་དང་ཡུལ་དབྱེར་མེད་པའོ། །དེ་ལྟར་གྱུར་པ་ཡིན་ན་ཡང་ལྷ་མན་གང༌། ལྷ་མ་ཡིན་པ་དབང་ཕྱུག་མ་ཡིན་པ་དེ་ནི་དབྱེར་མེད་པ་ཉིད་ཀྱིས་སྡུད་པའི་རང་བཞིན་ཏེ། དེ་ཡང་སྔོན་དུ་ཐོག་མར་དང་པོར་སྟོང་ཉིད་བྱང་ཆུབ་སྟེ་ཞེས་པའི་གསུངས་ལས་སོ། །དེ་ཉིད་ངེས་པར་ཕུང་པོ་མ་ལུས་པར་གྱུར་པའོ། །བརྒྱ་བྱིན་ལྟ་བུ་ཞེས་པ་སྤྲོ་བའི་བདག་ཉིད་ཅན་ཏེ། དེ་ལ་ཞེས་པ་དེ་ལྟ་བུར་གྱུར་པ་ལ་འཇིགས་པ་དང་རབ་ཏུ་སྐྲག་པར་མི་བྱ་སྟེ། ཇི་ལྟར་སེང་གེ་དོགས་བ་མེད་པར་རྒྱུ་བ་དེ་བཞིན་དུ་དེ་ཡང་སེང་གེའི་གཟུགས་ཀྱིས་ཐམས་ཅད་དུ་དོགས་པ་མེད་པར་རྒྱུ་བར་བྱ་ཞིང་ཐམས་ཅད་དུ་


DTG003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་བྱའོ། །ཐམས་ཅད་དུ་དོགས་པ་མེད་པ་ཉིད་ཀྱིས་གཞན་གྱི་དོན་གྱི་སྤྱོད་པ་ཡོངས་སུ་སྤང་པ་ཡོངས་སུ་སྤང་བའི་ཀུན་དུ་རྟོག་པར་འགྱུར་རོ་ཞེ་ན། གསུངས་པ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེས་བཏུང་བར་བྱ། །རྣལ་འབྱོར་བཏུང་རྣལ་འབྱོར་པ། །བཏུང་བ་གཞན་གྱིས་དག་པ་མེད། །སྙིང་རྗེ་ནི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་འདོན་པར་འདོན་པར་འདོད་པའོ། །དེ་རྣལ་འབྱོར་པ་དེས་བཏུང་བར་བྱ་སྟེ། རྟག་ཏུ་བར་མ་ཆད་པར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་བསྲུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར། དེ་ནི་རྣལ་འབྱོར་བཏུང་དགའ་སྟེ། །རྣལ་འབྱོར་བསྲུང་བ་ལ་རྗེས་སུ་ཆགས་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་ཞེས་བརྗོད་དོ། །དེའི་ཕྱིར་བཏུང་བ་གཞན་དང་ཉམས་སུ་མྱོང་བ་གཞན་གྱིས་དེ་དག་བ་མེད་ཅིང་དག་པར་མི་འགྱུར་རོ་ཞེས་པའོ། །ཡང་ན་སྙིང་རྗེ་ཀུན་རྫོབ་ཀྱི་བདེན་པའོ། །དེ་བཏུང་བར་བྱ་སྟེ་གཉིས་སུ་མེད་པ་རྟོགས་པས་དོན་དམ་པའི་བདེན་པ་ཉིད་རྟག་ཏུ་བར་མ་ཆད་པས་རྟོགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེ་རྣམས་ཐམས་ཅད་དང་སེམས་ཅན་ཡང་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་དེ། གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་ནི་དོན་དམ་པ་སྟེ། རྒྱུ་འདི་དང་བྱེད་པ་འདིས་སོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བཏུང་དགའ་གཉིས་ཀ་དབྱེར་མེད་པར་རྟོགས་པ་སྡུད་པ་ལ་རྗེས་སུ་ཆགས་པའོ། །དེ་ལྟར་གྱུར་པའི་རྣལ་འབྱོར་པ་དེ་ཁོ་ན་ཉིད་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་བཏུང་བ་གཞན་ཏེ། གཞན་ནི་ལྷན་ཅིག་མེད་པ་གཅིག་པུའོ། །དེ་བཏུང་བ་ནི་ཟོས་པ་གཉིས་སུ་མེད་པར་རྟོགས་པ་སྟེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །མ་དག་པ་དག་པ་མེད་དོ་ཞེས་པ་སྟེ། ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱེའི་རྡོ་རྗེར་རྣལ་འབྱོར་གྱི་སྤྱོད་པའི་ལེའུ་སྟེ་དྲུག་པའོ། །ཐམས་ཅད་ནི་


DTG003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁྱབ་པའི་ཕྱིར་དྲུག་པ་རྡོ་རྗེ་འཆང་ངོ༌། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔའོ། །སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་གསུམ་མོ། །ཀྱེའི་རྡོ་རྗེ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའོ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱེའི་རྡོ་རྗེ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་རྣལ་འབྱོར་གྱི་སྤྱོད་པ་ཞེས་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་གནས་པའོ། །དེའི་ལེའུ་ནི་སྦས་པ་རབ་ཏུ་གསལ་བའི་སྣང་བའོ། །དེ་ཡང་དྲུག་པ་ནི་དྲུག་པ་རྣམས་ཀྱི་རྫོགས་པ་ཞེས་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་དྲུག་པའོ།། །།


previousདྲུག་པ། སྤྱོད་པའི་ལེའུའི་འགྲེལ་བཤད།next