Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གསུམ་པ།


  expand section
  collapse section
  expand section
  collapse section
བརྟག་པ་གཉིས་པའི་བཀའ་འགྲེལ།
   
   
   
   
   
   
   
   
   
   
   
   


 
previousབརྟག་པ་གཉིས་པའི་བཀའ་འགྲེལ།no next

བརྟག་པ་གཉིས་པའི་བཀའ་འགྲེལ།

དང་པོ། རབ་གནས་ཀྱི་ལེའུའི་འགྲེལ་བཤད།


DTG003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དེ་ཁོ་ནའི་རྣལ་འབྱོར་པ་དེ་ཁོ་ན་བཞིའི་བདག་ཉིད་ཅན་ལྟ་སྟངས་བཞི་གྲུབ་པ་ཡེ་ཤེས་དུད་རྣམ་པར་ཤེས་པ་ལ་སོགས་པའི་ནུས་པ་གྲུབ་པ་ན། དེ་ལ་ཁོང་པ་ལ་སོགས་པ་རྣམས་ལས་ཀྱང་ཆོས་སྟོན་པ་འབྱུང་བར་འགྱུར་རོ་ཞེས་པ་རྡོ་རྗེ་སྙིང་པོས་ཐུགས་ལ་གནས་པར་མཛད་ནས། ཤིང་དང་རྔོ་དང་འཇིམ་པ་ལ་སོགས་པའི་སྐུ་གཟུགས་རབ་ཏུ་གནས་པ་ཞུས་པའི་སྒོ་ནས་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་སྒོ་ནས་ཡང་དག་པའི་ཡེ་ཤེས་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་མངོན་པར་གསལ་བྲ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། རབ་གནས་མཚན་ཉིད་བཟང་པོ་ནི། ཇི་ལྟར་རིགས་པ་བཤད་དུ་གསོལ། །བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །སངས་རྒྱས་ཐམས་ཅད་གཅིག་པའི་སྐུ། །བཅོམ་ལྡན་འདས་རབ་གནས་ཀྱི་མཚན་ཉིད་བཤད་ཅིང་བསྟན་དུ་གསོལ། །ཇི་ལྟར་རིགས་པ་ཞེས་པ་རིམ་པ་ཇི་ལྟ་བའོ། །རབ་གནས་མཚན་ཉིད་ཅེས་པ། གལ་ཏེ་ཡང་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་མྱང་ན་ལས་འདས་པའི་ཆོས་ཅན་ཡིན་པ་དེ་ལྟ་ན་འང་ཀུན་རྫོབ་ཀྱི་བདེན་པའི་རྟོག་པ་


DTG003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ལ་པའི་ང་རྒྱལ་རྣམ་པར་བསལ་བས་འདུས་བྱས་པའི་ང་རྒྱལ་ལྷག་པར་བསྒྲུབ་པའི་ཕྱིར་རབ་ཏུ་གནས་པའི་མཚན་ཉིད་རིགས་སོ་ཞེས་པ་སྟེ། རབ་ཏུ་གནས་པའི་མཚན་ཉིད་བཤད་དུ་གསོལ་ཞེས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པའོ། །བཅོམ་ལྡན་འདས་ཉིད་ནི་ཁྱད་པར་གཉིས་ཀྱིས་རྟོགས་པར་འགྱུར་ཏེ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །རྡོ་རྗེ་སྙིང་པོ་བདག་ཅེས་པ་རྡོ་རྗེ་ནི་མི་ཕྱེད་པའོ། །དེ་ཉིད་ནི་སྙིང་པོ་གཙོ་བོ་སྟེ། དབང་གི་སྐུ་ཡིན་པ་ནི་བདག་ཉིད་དོ། །འདིས་བཅོམ་ལྡན་འདས་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་གསུངས་སོ། །དེ་ཉིད་ཀྱི་ཕྱིར། སངས་རྒྱས་ཐམས་ཅད་གཅིག་པའི་སྐུ། །དེ་རྣམས་ཐམས་ཅད་དང་སངས་རྒྱས་ཀྱང་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་དེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ནོ། །དེ་རྣམས་གཅིག་པ་ནི་དབྱེར་མེད་པ་སྟེ། དེ་གང་གི་ལུས་ཡིན་པ་ནི་སྐུའོ། །ཡང་ན་སངས་རྒྱས་ཐམས་ཅད་གཅིག་པ་དབྱེར་མེད་པ་སྟེ། དེས་གང་གི་གཟུང་བ་ཆགས་པའི་མཚན་ཉིད་བྲལ་བར་གྱུར་པ་དེ་ནི་སངས་རྒྱས་ཐམས་ཅད་གཅིག་པའི་སྐུའོ། །ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པའི་བདག་ཉིད་དང༌། སངས་རྒྱས་ཐམས་ཅད་གཅིག་པའི་སྐུ་ཉི་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དེ། འདིས་ནི་བཅོམ་ལྡན་འདས་བདེན་པ་གཉིས་ཀྱི་བདག་ཉིད་མཆོག་ཏུ་གྱུར་པ་ཁོ་ན་ཞེས་པའོ། །སྤྱིན་སྲེག་བྱས་ཏེ་དཀྱིལ་འཁོར་ནི། །ཇི་ལྟར་གསུངས་པ་བཞེངས་བྱས་ནས། །སྲོད་ལ་ལྷག་གནས་ལ་སོགས་པ། །བྱས་ཏེ་སྐུ་གཟུགས་སྦྱང་བར་བྱ། །ཉི་མ་གུང་ལ་བགེགས་ཉེ་བར་ཞི་བའི་དོན་དུ་སྦྱིན་སྲེག་བྱས་ཏེ། དཀྱིལ་འཁོར་ནི་ཇི་ལྟར་གསུངས་པའི་ཆོ་གས་བཞེངས་བྱས་ནས་སྲོད་ལ་ཉིན་མོ་འདས་པའི་དུས་ན། ལྷག་གནས་ལ་སོགས་པ་ཞེས་སྔགས་དང་ཕྱག་རྒྱལ་སོགས་པ་དགོད་པ་དང༌། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དང་མེ་ཏོག་དང་ལྷག་གནས་ལ་སོགས་པ་རྣམས་ཀྱིས་མཆོད་པ་ནི་ལྷག་གནས་ལ་སོགས་པའོ། །དེ་བྱས་ཏེ་སྐུ་གཟུགས་སྦྱང་བར་བྱ། །རིམ་པ་འདིས་སྐུ་གཟུགས་སྦྱང་བར་བྱའོ་ཞེས་པ་སྟེ། ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །ངེས་པར་སྐུ་གཟུགས་སྙིང་གར་གཞུག །རང་འདོད་ལྷ་མཉམ་རྣལ་


DTG003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །སྔ་གྲོ་ལྷ་རྣམས་རབ་ཏུ་གནས་པ་བྱ་སྟེ། །ལྷ་དབང་བསྐུར་བའི་ལེའུ་ར་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་བ་དེ་ལྟ་བུའི་རིག་པས་སྤྱན་དྲངས་ཏེ། ཡང་དག་པར་མཆོད་ནས། དེ་རྣམས་སྐུ་གཟུགས་ཀྱི་སྙིང་གར་རབ་ཏུ་གཞུག་པར་བྱའོ། །དེ་ཡང་སློབ་དཔོན་ཁྱད་པར་ཅི་ལྟ་བུ་ཞེ་ན། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །འདིས་ཅི་གསུངས་ན་གང་གི་འདོད་པའི་ལྷ་ཤེས་རབ་དང་ཐབས་ཀྱི་རྒྱུད་དུ་གསུངས་པའི་རིམ་པ་གང་ཡིན་པ་དེ་མཉམ་པའི་རྣལ་འབྱོར་དང་ལྡན་པའོ། །རབ་མཐོང་ཞེས་པ་ཆོ་ག་ཤེས་པ་སྟེ། ཡང་སྔགས་ཀྱི་ཕ་རོ་ལ་སོགས་ཞེས་པ་སྔགས་ཀྱི་དེ་ཁོ་ན་མ་ལུས་པ་ཤེས་པའོ། །ཡང་ན། སྐུ་གཟུགས་ཞེས་པ་གཟུགས་བརྙན་ཏེ། སྦྱང་བར་བྱ་ཞེས་པ་འདུས་བྱའོ། །འཇིམ་པ་ལ་སོགས་པའི་སྐུ་གཟུགས་ཀྱང་རུང་སྟེ། དེའི་སྙིང་གར་རབ་ཏུ་གཞུག་ཅིང་དབབ་པར་བྱའོ། །གང་ཞེ་ན། སངས་རྒྱས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང༌། སྐུ་གསུམ་དང་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཡེ་ཤེས་རྣམས་སོ། །ཁྱད་པར་ཅི་ཞེ་ན། ནམ་མཁར་བཞུགས་པ་སྟེ། སྒྲིབ་པ་མེད་པའི་ངོ་བོར་རྣམ་པར་གནས་པ་རྣམས་སོ། །ངེས་པ་ནི་འདིར་ཐེ་ཚོམ་མེད་པ་ཉིད་དོ་ཞེས་པའི་དོན་ནོ། །རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རང་སེམས་ཏེ་དེས་བཙལ་བར་འགྱུར་པའི་ལྷ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་དེ་རྣམས་ནི་འདོད་ལྷའོ། །རང་དང་འདོད་ལྷ་ནི་རང་འདོད་ལྷ་སྟེ། དེ་དག་མཉམ་པས་ཀུན་ནས་སྦྱོར་བ་ཡོད་པའི་ཕྱིར་འདི་ནི་རང་འདོད་ལྷ་མཉམ་རྣལ་འབྱོར་པ་སྟེ། འདིས་ཐུགས་རྡོ་རྗེ་གཅིག་པུའི་སྐུའོ། །རབ་མཐོང་ཞེས་པ་འདིས་སྣང་བའི་མཚན་ཉིད་ཀྱི་ཕྱིར་སྐུ་རྡོ་རྗེ་གཅིག་པུའི་སྐུའོ། །སྔགས་ཀྱི་ཕ་རོལ་སོན་ཞེས་པ་འདིས་གསུང་རྡོ་རྗེའི་སྐུ་སྟེ། འདིས་རྡོ་རྗེ་གསུམ་གཅིག་པའི་སྐུ་ཉིད་རྡོ་རྗེ་འཆང་གི་རང་བཞིན་རྣལ་འབྱོར་པ་ཡིན་ལ། དེ་ནི་ཤིང་དང་རྡོལ་སོགས་པའི་སྐུ་གཟུགས་ལ་སོགས་པ་ཡོ་ཤེས་ཀྱི་རང་བཞིན་དུ་བྱེད་པར་བཟོད་དོ་ཞེས་པའོ། །རབ་གནས་ནི་སོ་སོ་རེ་རེ་ར་གནས་པ་སྟེ། ཐམས་ཅད་ལ་ཡེ་ཤེས་ལྷག་པར་བསྒྲུབ་པའི་ཕྱིར་རབ་གནས་ཞེས་པའི་དོན་ནོ། །མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་གསུངས་པ། ཨོཾ་བཛྲ་པུལྤེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿ་


DTG003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿ་ཧཱུཾ་སྭཱ་ཧཱ། རིམ་པ་འདིས་མེ་ཏོག་དང་བདུག་པ་དང༌། སྒྲོན་མ་དང་དྲི་དང་ཞལ་ཟས་རྣམས་དབུལ་བར་བྱའོ། །ཁྱད་པར་ཅི་ཞེ་ན། སྣ་ཚོགས་ཧཱུཾ་ཡིག་ལས་རྫོགས་པ། །མེ་ཏོག་ལ་སོགས་པ་རྣམས་དངོས་སམ་བརྟགས་པ་ཡང་རུང་སྟེ། ཧཱུཾ་ཡིག་གི་ས་བོན་ལས་བསྐྱེད་ནས་ཞེས་དགོངས་པའོ། །སྣ་ཚོགས་ཧཱུཾ་ཡིག་ལས་རྫོགས་པའི། །མེ་ཏོག་ལ་སོགས་དབུལ་བར་བྱ། །ཡང་ན་སྣ་ཚོགས་ཧཱུཾ་ཡིག་ལས་རྫོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་མེ་ཏོག་དང་བདུག་པ་དང་སྒྲོན་མ་དང་དྲི་དང་ཞལ་ཟས་རྣམས་དབུལ་བར་བྱ་སྟེ། འདི་དག་གི་རང་བཞིན་གྱི་སྐུ་གཟུགས་ལ་སོགས་པ་བྱའོ་ཞེས་པའི་དོན་ནོ། །བཛྲ་པུཥྤེ་ཞེས་པ་མི་ཕྱེད་པའི་ཡེ་ཤེས་སོ། །དེ་ཉིད་ལ་རྡོ་རྗེ་གསུམ་མོ་ཞེས་གསུངས་པ། ཨོཾ་ཨཱཿ་ཧཱུཾ་ཞེས་པའོ། །སྭཱ་ཧཱ་ཞེས་པ་ཡེ་ཤེས་ལྔ་དང་ཤེས་རབ་དང་ཐབས་སོ། །དེ་ལྟར་བཛྲ་དྷཱུ་པེ་ལ་སོགས་པ་རྣམས་ལ་ཡང་རྣམ་པར་བཤད་པར་བྱའོ་ཞེས་པའོ། །སྔ་མའི་རྒྱུད་ཀྱི་ཆོ་ག་རིམ་པས་མཆོད་ཡོན་ཞབས་བསིལ་ལ་སོགས་པ་སྔར་བཞིན་མཆོད་ཡོན་ལ་སོགས་པ་བྱས་ཏེ། སྔར་བཞིན་དབུལ་ཞིང་སྦྱིན་པར་བྱའོ། །སྔ་མའི་རྒྱུད་ཀྱི་སྒྲས་དེ་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་དུ་གསུངས་པའི་ཆོ་གའི་རིམ་པས། དུང་ཆོས་ལ་སོགས་པ་རྣམས་ཀྱིས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཞེས་པའོ། །ཡང་ན་ཞབས་བསིལ་ནི་ཡེ་ཤེས་ཏེ། དེ་ཉིད་དང་པོ་གཙོ་བོར་གྱུར་པའོ། །མཆོད་ཡོན་ནི་རིན་ཆེ་ཞིང་རྙེད་པར་དཀའ་བ་སྟེ། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པའོ། །དེ་ནི་སྔར་བཞིན་ཏེ། གོང་མའི་རྒྱུད་ཀྱི་ཆོ་ག་རིམ་པས། ཁྱད་པར་རྟོགས་པའི་ཆོ་ག་རྙེད་པ་རྣམས་ཀྱིས་ཏེ། ཡེ་ཤེས་ལྔའི་རང་བཞིན་རྣམས་ཀྱིས་ཞེས་པའི་དོན་ནོ། །སྤྱིན་སྲེག་གི་དོན་དུ་ཐབ་ཁུང་གསུངས་པ། ཞི་བར་ཐབ་ཁུང་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་གྲུ་བཞི་པ། །གསད་པ་ལ་ནི་གྲུ་གསུམ་བརྗོད། །འདི་ཉིད་ལ་ནི་ལྷག་མ་སྒྲུབ། །འདི་ཉིད་ལ་ཞེས་པ་གྲུ་གསུམ་ཉིད་དེ། ལྷག་མ་ཞེས་པ་མངོན་སྤྱོད་ལ་སོགས་པ་རྣམས་རྫོགས་པར་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ། །ཡང་ན། ཟླུམ་པོ་ཞེས་པ་མཉམ་པ་ཉིད་ལས་སོ། །གྲུ་བཞི་ཞེས་པ་དེ་ཉིད་ཡེ་ཤེས་བཞིའི་བདག་


DTG003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན་ནོ། །གྲུ་གསུམ་ཞེས་པ་རྡོ་རྗེ་གསུམ་གྱི་རང་བཞིན་ནོ། །ལྷག་མ་ཞེས་པ་ལྷག་མ་མེད་པའི་ཡེ་ཤེས་ལྔ་ལ་སོགས་པ་རྣམས་སྒྲུབ་ཅིང་ཡང་དག་པར་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ། །ཐབ་ཁུང་གི་ཚད་གསུངས་པ། ཁྲུ་གང་དང་ནི་ཁྲུ་ཕྱེད་ཉིད། །ཞི་བའི་སྟེང་དང་འོག་ཏུ་ཡིན། །ཞི་བའི་ཐབ་ཁུང་གི་ཚད་ནི་སྟེང་དུ་ཁྲུ་གང་དང་འོག་ཏུ་མཐོ་གང་ཞེས་པའོ། །ཁྲུ་དོ་དང་ནི་ཁྲུ་གང་ཡང༌། །རྒྱས་པའི་སྟེང་དང་འོག་ཏུ་བརྗོད། །འདི་ནི་རྒྱས་པའི་ཐབ་ཁུང་གི་ཚད་དོ། །སོར་མོ་ཉིད་ཤུ་དེའི་ཕྱེད་ཀྱང༌། །གསད་པའི་སྟེང་དང་འོག་ཏུ་འདོད། །འདི་ནི་གསད་པའི་ཐབ་ཁུང་གི་ཚད་དོ། །ཐབ་ཁུང་གི་ཁ་དོག་གསུངས་པ། །ཞི་ལ་ཁ་དོག་དཀར་པོར་འགྱུར། །རྒྱས་པ་ལ་ནི་ཁ་དོག་སེར། །གསད་པ་ལ་ནི་ཁ་དོག་གནག །དབང་ལ་དམར་པོར་རབ་ཏུ་གྲགས། །ཇི་ལྟར་དབང་ལ་དེ་ལྟར་དགུག །གསད་ལ་ཇི་ལྟར་དབྱེ་བ་སོགས། །གསད་པ་ལ་ཐབ་ཁུང་བྲུ་གསུམ་པ་བྱ་ཞིང་དེ་ཡང་ཁ་དོག་ནག་པོའོ། །དེ་བཞིན་དུ་དབྱེ་བ་དང་བསྐྲད་པ་ལ་སོགས་པ་རྣམས་ལ་ཡང་ཐབ་ཁུང་གི་ཁ་དོག་བྱའོ། །དབང་དང་དགུག་པ་ལ་ཡང་དམར་པོ་ཉིད་ཅེས་པའོ། །ཞི་བ་ལ་སོགས་པའི་དོན་དུ་སྲེག་བླུགས་ཀྱི་རྫས་གསུངས་པ། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །དེ་བཞིན་གསད་ལ་ཚེར་མ་ཅན། །དབྱེ་བ་སོགས་ལ་ཚེར་མ་ར་བརྗོད། །དབང་དང་དགུག་ལ་ཨུཏྤལ། །དོན་གོ་སླ་བ་ཉིད་དོ། །ཡང་ན་ཞི་བའི་ཞེས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཡེ་ཤེས་ཏེ། གང་དུ་འོག་དང་སྟེང་དུ་ཞེས་པ་སྲིད་པ་དང་མྱ་ངན་ལས་འདས་པ་དབྱེར་མེད་པས་སོ། །དེ་ཡང་ཁྱད་པར་ཅི་ཞེ་ན། ཁྲུ་གཅིག་ཅེས་པ་ལྔའི་བདག་ཉིད་ཅན་གཉིས་ཏེ། གཉིས་སུ་མེད་པ་སྡུད་པའི་རང་བཞིན་ནོ། །ཁྲུ་ཕྱེད་ཅེས་པ་ལག་པའི་ཕྱེད་ནི་ཁྲུ་ཕྱེད་དེ། ཡེ་ཤེས་ལྔའི་བདག་ཉིད་ཅན་སྤྲོ་བའི་རང་བཞིན་ཡིན་པའི་ཕྱིར་འདི་ནི་བདག་མེད་མ་དང་རྡོ་རྗེ་འཆང་གཉིས་དབྱེར་མེད་པ་ཁོ་ན་ཞེས་པའོ། །ཁྲུ་དོ་ཞེས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གཉིས་ཀ་ཡེ་ཤེས་ལྔ་ཉིད་དོ། །དེ་ཉིད་ཁྲུ་གཅིག་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཅན་གཉིས་པོ་དེ་ཉིད་གཅིག་གཉིས་སུ་མེད་པའོ། །སྟེང་དང་འོག་ཏུ་ཞེས་གསུངས་པའི་དོན་ཉིད་དོ། །རྒྱས་པ་ཞེས་པ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་སྟོང་པ་


DTG003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཡེ་ཤེས་སོ། །བརྗོད་ཅེས་པ་ཡེ་ཤེས་ཀྱི་རང་བཞིན་ཉིད་དེ། གཞན་མ་ཡིན་ནོ་ཞེས་པའི་དོན་ནོ། །གསད་པ་སྟེང་དང་འོག་ཏུ་ཞེས་པ་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་ཉིད་དེ། སྡུད་པས་གནས་པ་ཞེས་པའོ། །དེ་ནི་སོར་མོ་ཉི་ཤུ་སྟེ། དབང་པོ་ལྔ་དང་ཡུལ་ལྔ་དང༌། ཤེས་པ་ལྔའི་རང་བཞིན་ཉིད་ཀྱིས་སོར་མོ་ཉི་ཤུ་རྡོ་རྗེ་འཆང་གི་ཡེ་ཤེ་སོ། །དེའི་ཕྱེད་ཅེས་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ལྔ་པ་གཉིས་སོ། །ཞི་བ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟེ། ཁ་དོག་དཀར་པོ་འོད་གསལ་བའི་ཡེ་ཤེས་སོ། །རྒྱས་པ་ནི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་ཡེ་ཤེས་ཏེ། སེར་པོ་སྡུད་པའི་རང་བཞིན་ནོ། །གསད་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་སྟེ། ཁ་དོག་ནག་པོ་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །དབང་ནི་ཐམས་ཅད་དབྱེར་མེད་པར་རྟོགས་པ་སྟེ། དམར་པོ་ཆགས་པའི་མཚན་ཉིད་དོ། །ཇི་ལྟར་དབང་ལ་དེ་བཞིན་དགུག་པ་ཡང་སྟེ། དགུག་པའི་སྒྲས་ཐམས་ཅད་སྡུད་པ་ཉིད་དོ། །དབྱེ་བ་ལ་སོགས་མི་བསྐྱོད་པ་ལ་སོགས་པ་སྟེ། ཇི་ལྟར་གསང་བ་ལ་སྡུད་པའི་ངོ་བོ་རྡོ་རྗེ་གསུམ་གྱི་རང་བཞིན་ཏེ། དེ་བཞིན་དུ་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཞེས་པའི་དོན་ནོ། །ཞི་ལ་ཏིལ་དང་རྒྱས་ལ་ཞོ། །ཞེས་པ་ཞི་བ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང༌། རྒྱས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྣུམ་པའི་དངོས་པོ་ཉིད་ཀྱིས་ཏིལ་དང་ཞོའི་དངོས་པོ་གཉིས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །གསད་པ་དང་དབྱེ་བ་དང་བསྐྲད་པ་ལ་སོགས་པའི་རྟོག་པ་མེད་པའི་ངོ་བོ་ཉིད་ཀྱིས་དྲག་པོའི་དངོས་པོ་ཚེར་མ་ཅན་ཁོ་ནར་གསུངས་སོ། །དབང་དང་དགུག་པ་ལ་ཡང་མཉམ་པ་ཉིད་དུ་གཅིག་པའི་མཚན་ཉིད་ཀྱིས་གནས་པའི་ཡེ་ཤེས་ལས་མེ་ཏོག་དྲི་བཟང་པོ་ཉིད་དེ་ཨུཏྤལ་ཞེས་པའོ། །གང་དུ་བསྲེག་པར་བྱ་བ་གསུངས་པ། ཨོཾ་ཨགྣ་ཡེ་མཐའ་ཏེ་ཛཱཿ་ས་རྦ་ཀཱརྨ་པྲ་སཱ་དྷཱ་ཀཿ་ཀཱ་རུ་ཎི་ཀྲི་ཏྭ་སརྦ་ཨནྲ་ཨསྨ་ནི་སནྣི་ཧི་ཏོ་བྷ་བ་ཞེས་པ་མེ་དགུག་པ་སྟེ། མེ་ཉེ་བར་བྱེད་པའོ། །ཨོཾ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །མེ་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་གཟི་བརྗོད་ཆེན་པོ་ཞེས་པ་འོད་གསལ་


DTG003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་ནོ། །འདོད་པ་ཐམས་ཅད་རབ་བསྒྲུབ་པ། །ཞེས་པ་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །ཐམས་ཅད་དོན་མཛད་སྙིང་རྗེ་ཅན། །ཞེས་པ་འདིས་དེ་ཐོག་མ་མེད་པར་རབ་ཏུ་འཇུག་པའི་འགྲོ་བའི་དོན་མཛད་པ་ཉིད་དོ། །འདིར་ཉེ་བར་མཛད་དུ་གསོལ། །ཞེས་པ་འདི་ཡང་དག་པར་ཉེ་བར་སྒྲུབ་པ་སྟེ། གནས་པ་མེད་པ་ཉིད་དོ་ཞེས་པ་མེད་གུག་པ་སྟེ། ཡང་དག་པའི་ཡེ་ཤེས་ལྷག་པར་གནས་པ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར་ཁང་པ་ལ་སོགས་པ་རྣམས་ལས་ཀྱང་ཆོས་སྟོན་པར་བྱེད་དོ་ཞེས་ཤིང་དང་རྡོ་དང་འཇིམ་པ་ལ་སོགས་པའི་སྐུ་གཟུགས་རབ་ཏུ་གནས་པ་སྟེ། ནོར་འཛིན་རྣམ་པར་སྦྱངས་ནས་དེར་དཀྱིལ་འཁོར་བསྒྲུབ་པ་གསུངས་པ། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོ་བོས་མཆོད། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཆེ་གེ་བདག་ནི་དཀྱིལ་འཁོར་འདྲི། །ཁྱོད་ཅེས་པ་སྐུ་གསུང་ཐུགས་དབྱེར་མེད་པའོ། །ལྷ་མོ་ཞེས་པ་ཡེ་ཤེས་ལྔའི་རང་བཞིན་ནོ། །དབང་དུ་གྱུར་ཞེས་པ་འདིས་དབུ་མའི་མཐའ་རྣམ་པར་གནས་པའོ། །ཀྱེ་ཡི་རྡོ་རྗེ་ཁྲོ་བོས་མཆོད། །ཅེས་པ་འདིས་ཤེས་རབ་དང་ཐབས་དབྱེར་མེད་པ་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་ངེས་པ་ཞེས་པའོ། །རིན་ཆེན་སྣ་ཚོགས་འཛིན་ཉེས་པ་འདིས་ཁྱོད་ཉིད་ཡེ་ཤེས་མ་ལུས་པའི་རང་བཞིན་ནོ། །མ་མ་ཞེས་པ་འདིས་དབུ་མའི་མཐའ་ཡེ་ཤེས་དེ་འགྲོ་བ་མ་ལུས་པའི་དོན་བྱ་བ་ལ་རབ་ཏུ་འཇུག་པ་ཉིད་ཅེས་པའོ། །ཆེ་གེ་བདག་ནི་ཞེས་པ་ཨ་ཡིག་དང་ཧཾ་ཡིག་དབྱེར་མེད་པ་ཉིད་ཀྱིས་དེ་མིང་མེད་པའོ། །དེ་ལྟར་གྱུར་པའི་ཡེ་ཤེས་ཡང་དག་པའི་དཀྱིལ་འཁོར་འདྲི་སྟེ། བར་ཆད་མེད་པ་ཉིད་ཀྱིས་ངེས་པའི་དོན་ལ་རྣམ་པར་གཞག་པར་བྱའོ་ཞེས་པའི་དོན་ནོ། །ཡང་ན། ཁྱོད་ཅེས་པ་ལ་སོགས་པ་བཤད་པའི་དོན་ཉིད་དོ། །འོན་ཀྱང་འདི་ཐམས་ཅད་བདག་མེད་མའི་ཁྱད་པར་ཏེ། དེ་ཉིད་ལ་དེའི་བདག་ཉིད་ཀྱིས་རྡོ་རྗེ་འཆང་རྣམ་པར་གནས་སོ་ཞེས་པའོ། །ཆེ་གེ་བདག་ནི་དཀྱིལ་འཁོར་འདྲི། །ཞེས་པའི་དོན་བཤད་ཟིན་པའོ། །མེ་སྤྱན་དྲངས་ཏེ། ཚིམ་ཞིང་མཉེས་པ་གསུངས་པ། རང་གི་དོན་དང་གཞན་དོན་ཉིད། །བསྒྲུབས་ཀྱིས་བསྲེག་བྱ་ཟ་བ་གཤེགས། །ཇི་ལྟའི་དུས་ན་བྱོན་པ་དང༌། །བདག་གི་དངོས་གྲུབ་ཐམས་ཅད་མཛོད། །བསྲེག་བྱ་


DTG003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མར་ལ་སོགས་པའི་སྲེག་བླུགས་སོ། །དེ་ཟ་པ་ནི་བསྲེག་བྱ་ཟ་བ་སྟེ། དངོས་པོ་གང་དེར་ཕུལ་བའི་དངོས་པོ་དེ་དང་དེ་ཉིད་དེའི་བདག་ཉིད་ཀྱིས་བདག་ཉིད་ལ་འཇུག་པར་འགྱུར་བའི་ཕྱིར་བསྲེག་བྱ་ཟ་བའོ། །དེ་ཉིད་ཀྱི་ཕྱིར་རང་གི་དོན་དང་གཞན་དོན་ཉིད་བསྒྲུབས་པ་ནི་དེའི་བདག་ཉིད་ཀྱིས་བདག་ཉིང་ལ་དངོས་པོ་ཐམས་ཅད་ལོངས་སྤྱོད་པའི་ངོ་བོ་ཉིད་ཀྱིས་རྣམ་པར་གནས་པའི་ཕྱིར་རོ། །གཤེགས་ཞེས་པ་དོན་རྟོགས་པས་རྣམ་པར་གནས་ཤིང་མཁྱེན་པར་མཁྱེན་པར་མཛོད་ཅེས་པའོ། །དེ་ཉིད་ཇི་ལྟར་ཞེ་ན། གསུངས་པ། བྱོན་པ་དང་ཞེས་པ་རྣམ་པ་ཐམས་ཅད་ཀྱིས་མཁྱེན་པར་མཛོད་ཅེས་པའོ། །གང་གི་ཚེ་ཞེ་ན། ཇི་ལྟའི་དུས་ན་ཞེས་པ་ཡ་རླུང་གསུང་རྡོ་རྗེའོ། །ཐ་སྣང་བའི་མཚན་ཉིད་རྡོ་རྗེ་འཆང་ངོ༌། །ཨ་བདག་མེད་མ་ཐུགས་རྡོ་རྗེ་སྟེ། ཇི་ལྟར་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའོ། །འདི་ཉིད་ཞེ་ན། དུས་ན་སྟེ། ཀ་ཀཱ་ལི། ཨ་ཨཱ་ལི་ཞེས་པ་ཀའོ། །གཉིས་ཀ་ལེན་ཅིང་འཛིན་པའི་ཕྱིར་ཀཱ་ལི་ཤེས་རབ་དང་ཐམས་དབྱེར་མེད་པའོ། །དེའི་ཚེ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་གང་ཡིན་པ་དེ་བྱོན་པ་དང༌། ཡང་དག་པའི་ཡེ་ཤེས་ངེས་པར་མཛོད་ཅེས་པའོ། །དེ་ཉིད་ཀྱི་ཕྱིར་དངོས་གྲུབ་ཐམས་ཅད་མཛོད་ཅས་པ་རྡོ་རྗེ་འཆང་གི་དངོས་གྲུབ་ཐོབ་པ། བདག་ལ་མ་བྱང་ཆུབ་ཀྱི་སེམས་དང༌། ཨེ་བདག་མེད་མ། གཉིས་ཀ་དབྱེར་མེད་པ་ཉིད་དེ། །གཞན་དུ་མ་ཡིན་ནོ་ཞེས་པའི་དོན་ནོ། །མེ་དགའ་བར་བྱེད་པའི་སྔགས་ཞེས་པ་མེ་ནི་རང་བཞིན་མེད་པའི་ཡེ་ཤེས་སོ། །དགའ་བར་བྱེད་པ་ཞེས་པ་འགྲོ་བའི་དོན་བྱེད་པ་སྤྲོ་བའི་ཡེ་ཤེས་ཏེ། སྔགས་ནི་འདི་གཉིས་ཀའི་བདག་ཉིད་ཅན་རྡོ་རྗེ་འཆང་ཞེས་པའི་དོན་ནོ། །མཆོད་ཡོན་གྱི་སྔགས་གསུངས་པ། ཨོཾ་ཛཿ་ཧཱུཾ་བཾ་ཧོཿ་ཁཾ་རཾ་ཞེས་པ་མཆོད་ཡོན་གྱི་སྔགས་ཏེ། ཨོཾ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །ཛཿ་ཞེས་པ་སྐུ་རྡོ་རྗེ་དོན་ཡོད་གྲུབ་བ་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ཉིད་དོ། །ཧཱུཾ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་ཉིད་དོ། །བཾ་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ། ཨོཾ་མཁའ་སྤྱོད་མ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་དོ། །ཧོཿ་ཞེས་པ་ཤེས་རབ་དང་ཐབས་ཀྱང་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ཉིད་དོ། །ཁཾ་ཞེས་པ་རིན་ཆེན་དབང་པོ་ཡང་མཁའ་སྤྱོད་མས་རྒྱས་བཏབ་པ་ཉིད་དོ། །རཾ་ཞེས་པ་བདག་མེད་པ་དང་དབྱེར་མེད་པའི་མཁའ་སྤྱོད་མ་


DTG003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། སྔགས་ཡི་གེ་བདུན་ནོ། །མཆོད་ཡོན་ནི་ཆེ་ཞིང་རྙེད་པར་དཀའ་བ་སྤྱོད་ཡུལ་མ་ཡིན་པ་ཞེས་པ་སྟེ་མཆོད་ཡོན་གྱི་སྔགས་སོ། །ཞབས་བསིལ་གྱི་སྔགས་གསུངས་པ། ཨོཾ་ནཱི་རཱི་ཏེ་ཧཱུཾ་ཁཾ། ཨོཾ་ཞེས་པ་གསུངས་པའི་དོན་ཉིད་དོ། །ནཱི་ཞེས་པ་ནི་འོད་དཔག་མེད་དོ། །ཨཱི་ཆུ་མ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་ཏེ། ནཱ་ད་གཉིས་དབྱེར་མེད་པ་ཉིད་བྱང་ཆུབ་ཀྱི་སེམས་འོད་དཔག་མེད་དོ། །རཱི་ཞེས་པ་ར་བདག་མེད་མ་སྟེ། དེ་ཡང༌། ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པ་ཉིད་དོ། །གཉིས་ཀཱི་ཧཱུཾ་ཞེས་པ་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པ་འདི་གཉིས་ནི་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་ཅེས་པའོ། །ཁཾ་ཞེས་པ་དབང་པོ་དང་རྣམ་པར་ཤེས་པ་ཐམས་ཅད་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་རྣམ་པར་དག་པ་ཞེས་པ་སྔགས་ཡི་གེ་ལྔ་ནི་ཞབས་བསིལ་གྱི་སྔགས་ཏེ། ཡང་དག་པའི་ཡེ་ཤེས་ཞེས་པའི་དོན་ནོ། །ཞལ་ཟས་ཀྱི་སྔགས་གསུངས་པ། ཨོཾ་དྷྭཾ་དྷྭཾ། ཨོཾ་ཞེས་པ་སྔར་གསུངས་པའི་དོན་ཁོ་ན་འོ། །དྷ་རིན་ཆེན་དབང་པོའོ། །བ་འོད་དཔག་མེད་དེ། འདི་གཉིས་མཁའ་སྤྱོད་མའི་མཐར་ཐུག་པ་ཉིད་ནི། དྷྦཾ་ཞེས་པའོ། །སླར་ཡང་དྷྦཾ་ཞེས་པ་ཤེས་རབ་ལ་ཇི་ལྟ་བར་སྐྱེས་བུ་སྟེ། ལྷན་ཅིག་སྐྱེས་པ་ཉིད་ཅེས་པ་སྔགས་ཡི་གེ་གསུམ་ནི་ཞལ་ཟས་ཀྱི་སྔགས་ཏེ། ཞལ་ཟས་ནི་ངེས་པའི་དོན་གྱིས་རིག་ཅིང་རྟོགས་པའོ། །ངེས་པར་རིག་པ་ཉིད་རྟོགས་པར་གྱུར་པ་སྟེ། ངེས་པའི་ཡེ་ཤེས་ཞེས་པའོ། །དེ་ལྟར་གྱུར་པའི་སྔགས་ནི་རྡོ་རྗེ་གསུམ་དབྱེར་མེད་པ་གསུམ་ཁོ་ན་སྟེ། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་གཙོ་བོར་གྱུར་པའི་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་ཉིད་དོ། །ཡི་གེ་བདུན་དང་ཡི་གེ་ལྔ་དང་ཡེ་གེ་གསུམ་སྟེ། ཡི་གེ་བཅོ་ལྔའི་བདག་ཉིད་ཅན་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་ཡང་དག་པའི་ཡེ་ཤེས་ཉིད་དོ་ཞེས་རབ་ཏུ་བསྟན་ཏོ། །བརྟག་པ་གཉིས་པའི་ལེ་འུ་དང་པོའོ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་སོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེ་འུ་དང་པོའོ།། །།

གཉིས་པ། དངོས་གྲུབ་གཏན་ལ་ཕབ་པའི་ལེའུའི་འགྲེལ་བཤད།


DTG003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དབྱེ་བ་མེད་པ་འདིས་ཁང་པ་ལ་སོགས་པ་རྣམས་ལ་ཡང་ལྷག་པར་གནས་པ་རབ་ཏུ་འཇིག་པས་རབ་ཏུ་གནས་པ་གསུངས་པ་ཉིད་ལས་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཡང་ངེས་པ་མེད་པའི་ཕྱིར།


DTG003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདི་ལ་ཞུགས་པ་ནི་རེས་འགའ་ཐེ་ཚོམ་ལས། ལམ་འདི་ལས་ལྡོག་པར་ཡང་འགྱུར་རོ་ཞེས་དོགས་པ་བསུས་ནས་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་བཅོམ་ལྡན་འདས་ལ་ཞུ་བའི་སྒོ་ནས་གསུངས་པ། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ལ་ཞུས་པ་སྟེ། །ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །རྒྱ་མཚོར་ཀུ་བ་ཇི་ལྟ་བར། །རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །རིམ་པ་གཉིས་རྣམ་པར་དག་པ་སྒོམ་པར་བྱེད་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་གསུངས་པ་ལ། རྫོགས་པའི་རིམ་པ་སྒོམ་པར་བྱེད་པ་ན་ནམ་མཁའ་ལྟ་བུའི་ཆོས་ཀུན་ལ་སེམས་ཅན་རྣམས་སོ། །བསྐྱེད་པའི་རི་མ་སྒོམ་པར་བྱེད་པན་ཡང་རྒྱ་མཚོར་ཀུ་བ་ཇི་ལྟ་བར་རྒྱ་མཚོའི་ནད་དུ་ཀུ་བའི་གོང་བུ་སྟེ། དེ་གཉིས་ཀ་ཡང་རད་འདོད་ལྷའི་གཟུགས་ཀྱིས་སེམས་ཅན་སྲིད་པ་གསུམ་ན་གནས་པ་རྣམས་མེ་ལྟར་གང་གི་ཕྱིར་འགྲུབ་པར་འགྱུར་ཞེས་རྡོ་རྗེ་སྙིང་པོས་གསོལ་བའོ། །འདིས་ཅི་གསུངས་ན་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་རང་བཞིན་མེད་པ་ཙམ་ཉིད་མངོན་དུ་གྱུར་པ་དང༌། ལྷའི་རྣམ་པར་དག་པ་ཀུན་རྫོབ་ཀྱི་བདེན་པ་ཉིད་རྣམ་པར་དག་པ་གཞན་ཏེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ནི་ཡང་དག་པའི་ཡེ་ཤེས་ཡིན་ལ། དེའི་རྣལ་འབྱོར་དང་ལྡན་པ་ཡང་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །རིམ་པ་གཉིས་སྒོམ་པ་ན་ཡང་གཉིས་ཀ་དབྱེར་མེད་པ་བསྒོམ་པའི་ཐེ་ཚོམ་ལས་སེམས་ཅན་ཅི་ལྟར་འགྲུབ་པར་འགྱུར་ཞེས་དོགས་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་པ་ཞེས་འབྲེལ་ལོ། །འདི་ལྟར་དོགས་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པ་སྟེ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །དངོས་གྲུབ་འདོད་པ་མི་གནས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པ་གང་ལ་ཡོད་པ་དེ་ནི་གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་ཐང་ཅིག་ཡུད་ཙམ་ཡང་མི་གནས་སོ། །ཅི་ལྟར་ཞེ་ན། བདག་མེད་རྣལ་འབྱོར་ལྡན་པ་སྟེ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་པ་གང་གི་ཕྱིར་རོ། །དེའི་ཕྱིར་དབྱེར་མེད་པའི་སེམས་ཉིད་ཀྱིས་གནས་པར་བྱའོ། །ཡང་ན། བདག་མེད་རྣལ་འབྱོར་ལྡན་བ་དང༌། །ཧེ་རུ་ཀ་


DTG003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བརྩོན་པ་སྟེ། །གང་གི་ཕྱིར་དེ་གཉིས་ཀ་ཡང་ན་ཞེས་པ། བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་དང༌། །ཨ་བདག་མེད་མ་སྟེ། གཉིས་ཀ་ལ་ཡང་གཉིས་ཀ་དབྱེར་མེད་པ་ཉིད་ཅེས་པའོ། །ཡང་ན། དེ་ལྟར་གྱུར་པ་གང་ཡིན་པ་དེ་ནི་སྐད་ཅིག་ཀྱང་སེམས་གཞན་མ་ཡིན་ཏེ། བར་མཆད་པ་ཉིད་ཀྱིས་གཉིས་སུ་མེད་པའི་སེམས་མ་ནིང་གི་རང་བཞིན་ནོ། །དེ་ལྟར་གནས་པར་བྱ་སྟེ། གཡོ་བ་མེད་པའི་རང་བཞིན་དུ་གྱུར་པའོ། །དེ་སུ་ཞེ་ན་དངོས་གྲུབ་འདོད་པ་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པ་པོའི་ཞེས་པའོ། །དེའི་ཕྱིར་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་ཡང༌། སྒོམ་པར་བྱེད་པ་ན་རིམ་པ་གཉིས་དབྱེར་མེད་པ་བསྒོམ་པ་ཉིད་ཀྱིས་སོམ་ཉིར་ལྷུང་བར་མི་འགྱུར་རོ་ཞེས་བ་བཅོམ་ལྡན་འདས་ཀྱིས་གསུང་ངོ༌། །དང་པོ་གོམས་པར་བྱེད་དུས་ཀྱི། །གནས་ནི་བཟང་པོ་རྣམ་པར་བརྟག །གང་དུ་གནས་ན་སྔགས་པའི་སེམས། །གཅིག་ཏུ་མཉམ་གཞག་འགྱུར་བའོ། །དང་པོ་གོམས་པར་བྱེད་པའི་དུས་ན་གང་དུ་གོམས་པར་བྱ་བ་དེ་གསུངས་པ། རང་གི་ཁྱིམ་དུ་མཚན་དུས་ན། །གྲུབ་པ་བདག་མེད་སེམས་དཔའ་ཡིས། །རྣལ་འབྱོར་མ་བསྒོམ་ཤེས་རབ་ཅན། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །རང་གི་ཁྱིམ་དུ་ཞེས་པ་རང་གི་གནས་ཉིད་དོ། །མཚན་དུས་ན་ཞེས་པ་མཚན་མོ་སྟེ། །རྣལ་འབྱོར་པ་གྲུབ་པའི་ང་རྒྱལ་རྣམ་པར་གནས་པའོ། །རྣལ་འབྱོར་མ་བདག་མེད་མ་སྟེ། ཤེས་རབ་ཅན་ཞེས་པ་བདག་མེད་མ་བསྒོམ་པ་དང་ལྡན་པ་ཉིད་ཀྱིས་སོ། །ཡང་ན། ཧེ་རུ་ཀ་དཔལ་གཟུགས་ཞེས་པ་གཟུགས་ནི་ཐབས་ཀྱི་ཡན་ལག་ཉིད་ཀྱིས་སྤྲོ་བའི་རང་བཞིན་ནོ། །ཡང་ན། བཟང་པོ་ནི་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པའོ། །རྟག་པ་ནི་འཁོར་བ་ཀུན་རྫོབ་ཀྱི་བདེན་པའོ། །གཉིས་ཀ་ཡང་རྣམ་པར་ངེས་པ་སྟེ། གནས་ནི་གནས་པ་དང་བརྟན་པ་དང་གཡོ་བ་མེད་པའི་ཡེ་ཤེས་སོ། །དང་པོ་གོམས་པར་བྱེད་དུས་གཉིས་སུ་མེད་པར་རྟོགས་པའི་སྐད་ཅིག་གི་གཉིས་སུ་མེད་པ་རྟོགས་པ་ཉིད་ལས་བརྟན་པར་གྱུར་པ་ཞེས་བའི་དོན་ནོ། །གང་དུ་གནས་ན་ཞེས་པ་ཡང་རླུང་སྟེ། དེ་སྐྱོ་བ་པའི་ཕྱིར་གང་དུ་ནཱ་དའི་ཕྲེང་བ་གཉིས་སོ། །དེར་གཉིས་པའི་ཕྱིར་གང་དུ་གནས་པ་སྟེ། དེ་ཉིད་ཀྱི་ཕྱིར་སྔགས་པ་གསུང་རྡོ་རྗེའི་བདག་ཉིད་ཅན་ནོ། །སེམས་གཅིག་ཅེས་པ། ཨེ་ཤེས་རབ་དད་ཀ་


DTG003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྡོ་རྗེ་སྟེ། གཅིག་ཤེས་རབ་རབ་དང་དབྱེར་མེད་པའི་སྐུ་རྡོ་རྗེའོ། །གཅིག་དང་སེམས་ནི་སེམས་གཅིག་སྟེ། སྐུ་རྡོ་རྗེ་དང་དབྱེར་མེད་པའི་ཐུགས་རྡོ་རྗེའོ། །མཉམ་གཞག་ནི་མཉམ་པ་ཉིད་ཀྱིས་འཇོག་པ་བསྐྱེད་པ་སྟེ། སྐུ་གསུང་ཐུགས་དབྱེར་མེད་པ་ཞེས་པའི་དོན་ནོ། །རང་གི་ཁྱིམ་པུ་ཞེས་པ་དབང་པོ་དང་ཡུལ་དད་རྣམ་པར་ཤེས་པ་རྣམས་སུ། །མཚན་དུས་ཞེས་པ་མཚན་མོ་བདག་མེད་མ་དང༌། དུས་རྡོ་རྗེ་འཆང་ངོ༌། །མཚན་མོ་དང་ལུས་ནི་མཚན་དུས་ཏེ། བདག་མེད་མ་དབྱེར་མེད་པའི་རྡོ་རྗེ་འཆང་གི་ཡེ་ཤེས་སུ་གྱུར་པ་ན་རང་ཁྱིམ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་དེ་རྣམས་ལ། གྲུབ་པ་བདག་ཅེས་ཨ་ཡིག་དང་ཧཾ་ཡིག་གི་བདག་ཉིད་ཅན་བདག་མེད་མ་ཤེས་པ་ན་གྲུབ་པ་ཡོངས་སུ་རྫོགས་པ་སྟེ། སེམས་དཔའ་ཡིས་ཞེས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་མ་བསྒོམ་པར་བྱ་ཞིང༌། རྡོ་རྗེ་འཆང་དང་དབྱེར་མེད་པར་བྱ་སྟེ། རྡོ་རྗེ་འཆང་འདི་ནི་ཤེས་རབ་ཡོད་པའི་ཕྱིར་ཤེས་རབ་ཅན་ནོ། །ཡང་ན་ཞེས་པ་གཉིས་ཀ་དབྱེར་མེད་པའི་ཕྱིར་གཉིས་ཀའི་བདག་ཉིད་ཅན་ཏེ། ཧེ་རུ་ཀ་དཔལ་གཟུགས་ཞེས་པ་གཟུགས་ནི་གཟུགས་མེད་པའི་རྣམ་པའོ། །དཔལ་ཧེ་རུ་ཀའི་གཟུགས་དེ་བསྒོམ་ཞིང་སྙོམས་པར་ཞུགས་པ་ཉིད་ཀྱིས་གནས་པར་བྱའོ་ལོ་ཞེས་པའི་དོན་ནོ། །ད་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པ་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་བྱ་བ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཉིད་དོ། །དེའི་ཕྱིར་གསུངས་པ། །རྐང་པ་འཁྲུད་དང་ཟ་བ་དང༌། །འཐོར་འཐུང་སོ་རྩི་ཟ་བ་དང༌། །ཙནྡན་གྱིས་ནི་ལག་ཉེད་དང༌། །སྨད་གཡོགས་ཀྱིས་ནི་རྐེད་དགེ་བས་དང༌། །འབྱུང་དང་སྨྲ་དང་འགྲོ་བ་དང༌། །འདུག་དང་ཁྲོ་དང་དགང་པ་ན། །བཅོམ་ལྡན་མ་བསྟེན་ཤེས་རབ་ཅན། །རྣལ་འབྱོར་མ་བསྒོམ་བརྟུལ་ཞུགས་ཅན། །གཞན་པའི་ཚུལ་གྱིས་སྐད་ཅིག་ཀྱང༌། །མ་རིག་པ་དང་གདུག་སེམས་ཀྱིས། །དངོས་གྲུབ་འདོད་པས་གྲུབ་དོན་དུ། །མཁས་པས་འབད་པས་གནས་མི་བྱ། །བསམ་གཏན་ཉོན་མོངས་འཇིག་བྱེད་པ། །སྙིང་རྗེ་ཆེན་པོ་ངས་བཤད་དེ། །དངོས་གྲུབ་དོན་དུ་མཚར་བས་ཀྱང༌། །ཕྱོགས་གཅིག་ཡོངས་སུ་བརྟག་པར་བྱ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་སྐུ་རུ་


DTG003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པ་ཡིས། །ཉིན་གཅིག་བར་ཆད་མེད་པ་རུ། །བསྒོམས་ནས་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བ་ཐབས་གཞན་ཡོད་མ་ཡིན། །རིག་མ་ལྷན་ཅིག་གོམས་བྱས་པས། །འཕྲལ་སུ་མངོན་དུ་བྱེད་པར་འགྱུར། །ཞེས་པའི་དོན་གོ་སླ་བ་ཉིད་དོ། །ཡང་ན་རྐང་པ་འཁྲུད་པ་ཞེས་པ་འདིས་འོད་གསལ་བའོ། །འཐོར་འཐུང་ཞེས་པ་འདིས་རིམ་པ་གཉིས་རྣམ་པར་དག་པ་ཆོས་ཀྱི་སྐུའི་རང་བཞིན་བཅོམ་ལྡན་འདས་ཉིད་དོ། །ཟ་བ་ཞེས་པ་འདིས་ལོངས་སྤྱོད་རྫོགས་པའི་སྐུའོ། །སོ་རྩི་ཟ་བ་དང་ཞེས་པ་འདིས་སྤྲུལ་པའི་སྐུའོ། །ཙནྡན་གྱིས་ནི་ལག་ཉེད་དང༌། །ཞེས་པ་འདིས་སྐུ་གསུམ་གྱི་རང་བཞིན་གྱི་རང་བཞིན་གྱི་ཡེ་ཤེས་ཀྱེས་སེམས་ཅན་ཐམས་ཅད་མགུ་བར་བྱེད་པ་སྟེ། ལག་པ་ནི་ཡེ་ཤེས་ལྔའི་བདག་ཉིད་ཅན་གཉིས་ཐོབ་པར་གྱུར་པ་སྐུ་གསུམ་དང་ཡེ་ཤེས་ལྔ་དང་ཤེས་རབ་དང༌། ཐབས་དབྱེར་མེད་པ་ཉིད་ཀྱིས་ཁྱབ་པར་གྱུར་པའོ། །སྨད་གཡོགས་ཀྱིས་ནི་རྐེད་འགེབས་དང༌། །ཞེས་པ་རྐེད་པ་བ་དག་མེད་མ་དོན་དམ་པའི་བདེན་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པ་ཉིད་དོ་ཞེས་པའི་དོན་ནོ། །འབྱུང་དང་སྨྲ་དང་འགྲོ་བ་དང༌། །ཞེས་པ་འདིས། ཐམས་ཅད་སྐུ་གསུམ་གྱི་རང་བཞིན་ཁོ་ནའོ། །འདུག་པ་ཞེས་པ་གཡོ་བ་མེད་པའི་ཡེ་ཤེས་སོ། །ཁྲོ་བ་ཞེས་པ་སྡུད་པའི་ཡེ་ཤེས་སོ། །དགོད་པ་ཞེས་པ་སྤྲོ་བའི་ཡེ་ཤེས་སོ། །བཅོམ་ལྡན་འདས་མ་བསྟེན་ཞེས་པ་བདག་མེད་མའི་ཡེ་ཤེས་མངོན་དུ་བྱེད་པ་སྟེ། ཤེས་རབ་ཅན་ཞེས་པ་རྡོ་རྗེ་འཆང་ངོ༌། །རིམ་པ་འདིས་རྣལ་འབྱོར་མ་བསྒོམ་ཞིང་སྙོམས་པར་འཇུག་པར་བྱ་སྟེ། །བརྟུལ་ཞུགས་ཅན་ཞེས་པ་ཡང་དག་པའི་ཡེ་ཤེས་ལ་གནས་པའོ། །གཞན་པའི་ཚུལ་གྱིས་སྐད་ཅིག་ཀྱང་གཉིས་སུ་མེད་པའི་རང་བཞིན་གྱིས་སོ། །མ་རིག་པ་ནི་བདག་མེད་མའི་ཡེ་ཤེས་སོ། །གདུག་སེམས་ཀྱིས་ཞེས་པ་གདུག་པ་ནི་མི་བསྐྱོད་པ་རྡོ་རྗེ་འཆང་སྟེ། སེམས་ཀྱིས་ཞེས་པ་དེའི་ཡེ་ཤེས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་གནས་མི་བྱ། །ཞེས་པ་གནས་པ་མེད་པའི་སྦྱོར་བས་རྣམ་པར་གནས་པར་བྱའོ། །མཁས་པས་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཀྱི་ཤེས་པས་སོ། །ཁྱད་པར་ཅིས་ཤེ་ན། དངོས་གྲུབ་འདོད་པས་ཞེས་པ་གང་གི་ཕྱིར་ཕྱག་


DTG003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོའི་དངོས་གྲུབ་འདོད་པ་དེ་རྣམས་ཀྱིས་སོ། །ཅིའི་དོན་དུ་ཞེ་ན། གྲུབ་དོན་ཏེ་གྲུབ་པ་ནི་བདག་མེད་པའོ། །དོན་ནི་རྡོ་རྗེ་འཆང་སྟེ་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་ཉིད་དོ། །འབད་པས་ཞེས་པ་ངོས་པ་ཉིད་ཀྱིས་ཏེ་གཞན་དུ་མ་ཡིན་ནོ་ཞེས་པའི་དོན་ནོ། །རྡོ་རྗེ་སྙིང་པོ་མི་ཕྱེད་ན་བའི་ཡེ་ཤེས་ཀྱི་སྐུའོ། །ང་ཡིས་རྡོ་རྗེ་འཆང་གིས་བཤད་ཅིང་གསུངས་པ་སྟེ། བསམ་གཏན་ཞེས་པ་ཡེ་ཤེས་སོ། །ཉོན་མོངས་པ་འཇིག་བྱེད་པ་ནི་ཉོན་མོངས་པའི་སྒྲིབ་བའི་བག་ཆགས་ཐམས་ཅད་ཡོངས་སུ་སྤོང་བའི་རང་བཞིན་ནོ། །དངོས་གྲུབ་དོན་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་མཚར་བས་ཀྱང་སྒྲོ་མ་བཏགས་པ་ཉིད་ཀྱིས་སོ། །ཕྱོགས་ནི་གཉིས་ཏེ་གཅིག་གཉིས་སུ་མེད་པའོ། །ཡོངས་སུ་བརྟག་པར་བྱ་ཞེས་པ་གཉིས་ལ་གཉིས་སུ་མེད་པའི་ངོ་བོ་ཁོ་ནས་འོད་གསལ་བ་ཉིད་ཀྱིས་རྣམ་པར་གནས་པར་བྱའོ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཞེས་པ། བསམ་པ་ཐམས་ཅད་ཡོངས་སུ་སྤངས་བའི་སྒྲས་སྡུད་པའི་ཡེ་ཤེས་སོ། །ལྷ་ཡི་སྐུ་རུ་སེམས་པ་ཡིས། །ཞེས་པ་སྤྲོ་བའོ་རང་བཞིན་གྱི་ཡེ་ཤེས་ཀྱིས་སོ། །ཉིན་གཅིག་གཉིས་སུ་མེད་པ་རྡོ་རྗེ་འཆང་ངོ༌། །བར་ཆད་མེད་པར་རྟག་ཏུ་གོམས་པས་བསྒོམས་ན་བདག་མེད་མ་དང་དབྱེར་མེད་པར་རྣམ་པར་གནས་པས་ཡོངས་སུ་བརྟག་པར་གྱིས་འོད་གསལ་བ་ཉིད་ཀྱིས་རྣམ་པར་གནས་པར་བྱོས་ཞེས་པའོ། །འཁོར་བ་ཀུན་རྫོབ་ཀྱི་བདེན་པ་རྟོག་པ་སྟེ་ཐབས་ནི་རྡོ་རྗེ་འཆང་ངོ༌། །དེ་ཡང་གཞན་ཡོད་མ་ཡིན་ཞེས་པ་གཉིས་སུ་མེད་པ་འབའ་ཞིག་སྟེ། རྟག་པ་དང་ཆད་པ་སྤངས་པ་ཞེས་པའི་དོན་ནོ། །དེ་ཉིད་རང་གཞན་དོན་ནི་རབ་སྒྲུབ་ཕྱིར་ཏེ། རང་སེམས་དང་གཞན་དབང་པོ་དང་ཡུལ་ལོ། །དེ་རྣམས་ཀྱི་དོན་ནི་རང་གཞན་དོན་ཏེ། དེ་རབ་གྲུབ་ཕྱིར་གྲུབ་པ་ཕུལ་དུ་བྱུང་བ་སྒྲུབ་པར་བྱེད་པའི་དོན་ནོ། །ལན་ཅིག་གཅིག་གི་ཆོ་སྐད་ཅིག་ཙམ་ཉིད་གོམས་པར་བྱས་པས་ཐམས་ཅད་ནས་ཁྱབ་པ་ཉིད་ཀྱིས་ངེས་པ་སྟེ། རིག་མ་བདག་མེད་མའོ། །འཕྲལ་དུ་སྐད་ཅིག་དེ་ཉིད་ལས་མངོན་དུ་བྱེད་པ་ཉམས་སུ་མྱོང་བར་བྱེད་དེ། རྡོ་རྗེ་འཆང་གི་ཡེ་ཤེས་སྐད་ཅིག་གཅིག་གེས་མངོན་པར་རྫོགས་པར་ཚང་རྒྱབ་ཉིད་གསུང་པའོ། །དེ་ཉིད་ཀྱི་ཕྱིར། འཇིགས་སྨྱོ་དེ་བཞིན་སྡུག་


DTG003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང༌། །མྱ་ངན་གདུང་སོགས་འཚོ་བ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །འཇིག་པ་ནི་འཆི་བ་ལ་སོགས་པའི་སྡུག་བསྔལ་ལོ། །སྨྱོ་བ་ནི་སྨྱོ་བར་གྱུར་པའོ། །སྡུག་བསྔལ་ནི་ལུས་སུ་གཏོགས་པའི་འབྲས་དང་ཕོལ་མིག་ལ་སོགས་པའི་ཚོར་བའོ། །མྱ་ངན་ནི་བྲལ་བའི་སྡུག་བསྔལ་ལོ། །གདུང་བ་ནི་གནོད་པ་སྟེ། དེ་ལྟ་བུ་ལ་སོགས་པ་ཉེ་བར་འཚེ་བ་རྣམས་དང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ཀྱིས་ཀྱང་ཉོན་མི་མོངས། །ཉོན་མོངས་པས་གནོད་པར་མི་འགྱུར་ཏེ། དེ་ཐམས་ཅད་ལ་མཉམ་པར་སྤྱོད་པའི་ཕྱིར་ཞེས་དགོངས་པའོ། །ཡང་ན། སྒྲུབ་པ་པོ་རྡོ་རྗེ་འཆང་ངོ༌། །ཉོན་མི་མོངས་པས་སྒྲིབ་པར་མི་འགྱུར་ཏེ། ཨེ་ཝཾ་གྱི་རང་བཞིན་ཉིད་ལས་ཤེས་རབ་ཐབས་དང་དབྱེར་མེད་པའི་ཕྱིར་རོ། །འདོད་ཆགས་ནི་འོད་དཔག་ཏུ་མེད་པ་གསུང་རྡོ་རྗེའོ། །ཞེ་སྡང་ནི་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །གཏི་མུག་ཆེན་པོ་ནི་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །རྡོ་རྗེ་གསུམ་དབྱེར་མེད་པ་དེ་རྣམས་ཀྱི་རྒྱུ་ཡིས་ཞེས་པའི་དོན་ཏེ། འཇིགས་པ་དང་མྱ་ངན་ནི་གཏི་མུག་ཆེན་པོ་རྣམ་པར་དག་པའོ། །གདུང་བ་དང་སྨྱོ་བ་ནི་འདོད་ཆགས་རྣམ་པར་དག་པའོ། །སྡུག་བསྔལ་དང་འཚེ་བ་ནི་ཞེ་སྡང་རྣམ་པར་དག་པའོ། །འདིས་ནི་འཇིགས་པ་དང་མྱ་ངན་དང་གཏི་མུག་ཆེན་པོ་ནི་རྣམ་པར་སྣང་མཛད་རྣམ་པར་དག་པ་སྟེ། རྡོ་རྗེ་འཆང་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །གདུང་བ་དང་སྨྱོ་བ་དང་འདོད་ཆགས་ནི་འོད་དཔག་མེད་རྣམ་པར་དག་པའོ། །སྡུག་བསྔལ་དང་ཚེ་བ་དང་ཞེ་སྡང་ནི་མི་བསྐྱོད་པ་རྣམ་པར་དག་པ་སྟེ། དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ་ཞེས་པ་ཉོན་མོངས་པ་ཡོངས་སུ་སྤོང་པའོ། །བག་ཆགས་ཡོངས་སུ་སྤོང་བ་གསུངས་པ། ཕན་དང་མི་ཕན་འབྲས་འབྱུང་བ། །དེ་ལྟར་ངེས་པ་རྣམ་དཔྱད་པས། །ཇི་ལྟར་སྐད་ཅིག་གཅིག་ཀྱང་དེ། །རྣལ་འབྱོར་པ་རྣམ་ཅ་ཅོར་གནས། དེ་ལྟ་བུའི་རིམ་པས་མི་ཕན་པ་ཉིད་ཕན་པར་འགྱུར་ཏེ། དེ་ཉིད་ཕན་པ་དང་མི་ཕན་པའི་འབྲས་བུ་འབྱུང་བའོ། །དེ་ལྟ་བུའི་རིམ་པས་ངེས་པར་རྣམ་པར་དཔྱད་ན། དེ་རྣམ་ཇི་ལྟར་སྐད་ཅིག་གཅིག་ཀྱང་ཅ་ཅོར་གནས་པར་འགྱུར། འོན་ཀྱང་དེ་ལྟར་རྣམ་པར་དཔྱད་པ་དང་


DTG003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་རྣམས་ཀྱི་ཅ་ཅོར་ཅུང་ཟད་ཀྱང་མེད་པ་ཉིད་དོ་ཞེས་བ་སྟེ། ཐམས་ཅད་དགེ་བ་ཁོ་ན་ཡིན་ཀྱི་མི་དགེ་བ་ནི་ཅུང་ཟད་ཀྱང་མེད་དོ་ཞེས་པའོ། །ཡང་ན། ཨེ་ཝཾ་ཞེས་པ་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་ཏེ་གཅིག་གཉིས་སུ་མེད་པའོ། །སྐད་ཅིག་ཅེས་པ་བཞི་པ་ལྷན་ཅི་ག་ལྷན་ཅི་ག་སྐྱེས་པ་སྟེ། ཕན་དང་མི་ཕན་འབྲས་འབྱུང་བ། ཕན་པ་སྟོང་པའི་རང་བཞིན་ཉིད་ལས་བདག་མེད་མའོ། །མི་ཕན་པ་མི་སྟོང་པའི་རང་བཞིན་ཉིད་ལས་རྡོ་རྗེ་འཆང་སྟེ། འབྲས་བུ་གཉིས་ཀ་དབྱེར་མེད་པ་ཉིད་འབྱུང་ངོ་ཞེས་པའོ། །འདིས་ངེས་པར་རྣམ་པར་དཔྱད་ན་རྣལ་འབྱོར་པ་གཉིས་སུ་མད་པར་རྟོགས་པས་གནས་བ་ཅི་ལྟར་ཅ་ཅེར་གནས་ཏེ། ཨེ་ཝཾ་གྱི་རང་བཞིན་ཉིད་ལས་དགེ་བ་དང་མི་དགེ་བའི་བག་ཆགས་མེད་པ་ཉིད་དོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་གསུངས་པ། མཚམས་མེད་ལྔ་ནི་བྱེད་པ་དང༌། །གང་ཞིག་སྲོག་ཆགས་གསོད་ལ་དགའ། །གཞན་ཡང་སྐྱེ་བ་དམན་གང་དང༌། །རྨོངས་དང་མ་རུངས་ལས་བྱེད་དང༌། །གཟུགས་ངན་ཡན་ལག་མ་ཚང་བ། །དེ་ཡང་བསམ་པས་གྲུབ་འགྱུར་ན། །དགྲ་བཅོམ་པ་གསོད་པ་ལ་སོགས་པ་བྱེད་པ་ནི་མཚམས་མེད་བ་ལྔ་བྱེད་པའོ། །གང་ཞིག་ཐུན་མོང་བའི་སྲོག་ཆགས་གསོད་པ་ལ་དགའ་བ་དང༌། སྐྱེ་བ་དམན་པ་ཞེས་པ་གདོལ་བ་ལ་སོགས་པ་རྣམས་དང༌། རྨོངས་པ་དང་མ་རུངས་ལས་བྱེད་ཅེས་པ། གང་ཞིག་རྟོག་པས་ཀྱང་སེམས་ཅན་ལ་གནོད་པ་བྱེད་པའོ། །གཟུགས་ངན་ཡན་ལག་མ་ཚང་བ། །ཞེས་པ་མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་པར་གྱུར་པ་སྟེ། འདི་རྣམས་ནི་ངེས་པར་དམྱལ་བར་འགྲོ་བ་བསོད་ནམས་ཀྱི་ཚོགས་མེད་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་མེད་པའོ། །དངོས་གྲུབ་ཤིན་ཏུ་ཐག་རིང་བ་ཁོ་ནའོ། །ཀྱེའི་རྡོ་རྗེའི་ཡེ་ཤེ་ཀྱི་མཐུ་ཆེན་པོ་ལས་དེ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། བསམ་པས་ཡེ་ཤེས་ངེས་པར་རྟོགས་པ་ལས་ཞེས་དགོངས་པའོ། །དེ་ལྟར་ཡང་ཞི་བའི་ལྷས་གསུངས་པ། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང༌། །དཔའ་ལ་བརྟེན་པས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་སྐད་ཅིག་གེས་སྒྲོལ་བ། །དེ་ལ་བག་ཆགས་རྣམས་ཀྱིས་ཅིས་མི་རྟེན། །ཞེས་པའོ། །ཡང་ན་མཚམས་མེད་ལྔ་ནི་བྱེད་པ་ཞེས་པ། ཡེ་ཤེས་ལྔ་མཚམས་མེད་ཅིང་བར་ཆད་མེད་


DTG003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྒྲུབ་པའི་ངང་ཚུལ་གང་ཡིན་པ་དེ་ནི་རྡོ་རྗེ་འཆང་ངོ༌། །སྲོག་ཆགས་གསོད་ལ་དགའ་བ་ཞེས་པ་སྲོག་ཆགས་གསོད་པའི་སྒྲས་སེམས་གསོད་པ་སྟེ། དེ་ལ་དགའ་བ་ནི་བདག་མེད་མའོ། །གཉིས་ཀ་ཡང་ཨཱཿ་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཉིད་དེ། འཕེལ་བའི་རང་བཞིན་ཉིད་འགྲིབ་པའི་རང་བཞིན་ཞེས་པའི་དོན་ནོ། །གཞན་ཡང་དེ་འབའ་ཞིག་མ་ཡིན་ཏེ། སྐྱེ་བ་དམན་པ་གང་དང་གང༌། །ཞེས་པ་ཆོས་ཐམས་ཅད་དེ། །སྐྱེ་བ་དམན་ཞེས་པ་དང་པོ་ནས་མ་སྐྱེས་པའོ། །རྨོངས་པ་ཤེས་པ་མེད་པ་སྟེ། མ་རུངས་ལས་བྱེད་ཅེས་པ་འོད་གསལ་བའི་རང་བཞིན་ནོ། །གཟུགས་ངན་ཞེས་པ་སྣང་བ་མེད་པའི་རང་བཞིན་ནོ། །མ་ཚང་ཞེས་པ་སྨྲ་བར་བྱ་བ་མ་ཡིན་པའོ། །ཡན་ལག་ཅེས་པ་ཡང་དག་པར་རིག་པའི་རང་བཞིན་ཏེ། ཆོས་དེ་རྣམས་འགྲུབ་འགྱུར་འགྲུབ་པའི་རང་བཞིན་ཉིད་དུ་འགྱུར་རོ། །བསམ་པས་དེ་རྣམས་ཀྱི་ཡང་དག་པ་དེ་ལྟ་བུའི་ཚུལ་གྱིས་ཤེས་པ་ལས་ཞེས་དགོངས་པའོ། །གང་ཞིག་གསུངས་པ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པའོ། །གང་ཞིག་སླར་དགེ་བ་བཅུ་ལ་གོམས་པ་དང༌། བླ་མ་ལ་གུས་དབང་པོ་ཐུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དེས་ནི་རེ་ཞིག་ངེས་པར་འགྲུབ། །དགེ་བ་བཅུ་ལ་གོམས་པས་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་དེ་ནི་བསྒོམས་པས་ངེས་པར་གདོན་མི་ཟ་བར་འགྲུབ་པར་འགྱུར་བ་ཁོ་ནའོ་ཞེས་པའི་དོན་ནོ། །ཡང་ན་བཅུ་ཞེས་པ་མཁའ་འགྲོ་མ་བརྒྱད་དང༌། བདག་མེད་མ་དང༌། རྡོ་རྗེ་འཆང་ངོ༌། །ཀུའི་སྒྲས་ཆོས་འབྱུང་སྟེ། དེ་རྟོགས་པའི་ཕྱིར་ཀུན་རྟོགས་པ་བདག་མེད་མའོ། །དེའི་མངོན་པར་གནས་པ་ནི་གོམས་པ་སྟེ། བདག་མེད་མའི་དཀྱིལ་འཁོར་རོ། །བཅུ་དང་དགེ་བ་གོམས་པ་ནི་དཀྱིལ་འཁོར་གཉིས་ཏེ་དེ་དག་གང་ལ་ཡོད་པ་དེ་ནི་དགེ་བ་བཅུ་གོམས་པའོ། །དེ་ཉིད་ཀྱི་ཕྱིར་བླ་མ་ལ་གུས་རྡོ་རྗེ་འཆང་གི་རང་བཞིན་སྤྲོ་བའི་བདག་ཉིད་དོ། །དབང་པོ་ཐུལ་ཞེས་པ་སྡུད་པའི་བདག་ཉིད་ཅན་ཡང་ངོ༌། །ང་རྒྱལ་དང་ཁྲོ་བ་དག་ལས་རྣམ་པ་དུ་མ་ཉིད་ཀྱིས་ངེས་པར་གྲོལ་ཞིང་སྤངས་པ་སྟེ། དེ་ནི་ངེས་པར་གདོན་མི་ཟ་བར་འགྲུབ་


DTG003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །རེ་ཞིག་ཅེས་པ་དེ་ཡོངས་སུ་གྱུར་པའི་ངོ་བོ་དཀྱིལ་འཁོར་གཉིས་ཀྱི་རང་བཞིན་ཡང་དག་པའི་ཡེ་ཤེས་ཉིད་ཅེས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །མཉམ་པར་གཞག་པས་དངོས་གྲུབ་ཐོབ། །ཟླ་བ་གཅིག་ཏུ་གསང་ལ་སྤྱད། །ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །བར་མ་ཆད་པ་གོམས་པ་གཉིས་སུ་མེད་པར་རྟོགས་པས་མཉམ་པར་གཞག་པ་དངོས་གྲུབ་ཐོབ་པ་ནི་ཟླ་བའི་ཚད་དེ། གཅིག་གཉིས་སུ་མེད་པའོ། །དེ་ཉིད་ཀྱི་ཕྱིར་གསང་བ་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་སྟེ། ཇི་སྲིད་བདག་མེད་མ་དང་དབྱེར་མེད་པ་གཉིས་ཀའི་ནཱ་དའི་ཕྲེང་བ་གཉིས་པོ་དེ་གང་ལ་ཡོད་པ་དེ་ནི་ཇི་སྲིད་དོ། །དེའི་ཕྱག་རྒྱ་ཞེས་པ་ཕྱག་རྒྱ་ཆེན་པོ་རྙེད་པར་འགྱུར་ཏེ། ཕྱག་རྒྱའི་དངོས་གྲུབ་རྙེད་པར་འགྱུར་ཞིང་དེ་ནི་སྤྱད་པར་བྱ་བ་མེད་པ་སྟེ། དེ་ལ་བྱ་བ་འགའ་ཡང་མེད་དོ་ཞེས་དགོངས་པའོ། །གང་གང་ཞིག་གསུངས་པ། བྱེད་བ་བཟང་པོ་ཡོངས་སྤངས་པ། །དམ་པའི་དོན་ནི་རྣམ་པར་བསྒོམ། །ཞེས་པའོ། །ཕྱག་རྒྱ་རྙེད་པའི་ཆེད་དུ་རྒྱུ་གསུངས་པ། །སྔགས་པ་གནང་བ་རྙེད་འགྱུར་ཏེ། །རྣལ་འབྱོར་མ་ཡིས་གནང་འགྱུར་བ། །ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཀྱེ་རྡོ་རྗེ་འཛིན་པས་སེམས་ཅན་དོན་སྲིད་པ་གསུམ་གཅིག་པ་དོན་དམ་པའི་རང་བཞིན་བསྒྲུབ་པར་གྱིས་ཤིག །ཕྱག་རྒྱ་བདག་མེད་མ་ཁྱེར་ལ་ཆེ་གེ་མོ་ཞེས་པ་འདི་དང་དེ་ཞེས་པ་ལ་སོགས་པ་དེ་བསྟན་པར་མི་ནུས་པ་ཉིད་ཀྱིས་སོ། །སྔགས་པ་ཡང་དག་པའི་ཡེ་ཤེས་དང་ལྡན་པ་གཞན་པའི་བཀའ་རྙེད་པར་འགྱུར་ཏེ། རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྣམས་ཀྱིས་གནང་བར་འགྱུར་ཞིང་གནང་བ་སྟེར་བར་འགྱུར་རོ། །འདིས་ཇི་སྲིད་རྡོ་རྗེ་རྣལ་འབྱོར་མ་རྣམས་གནང་བ་མ་བྱུང་བ་དེ་སྲིད་ཕྱག་རྒྱའི་དངོས་གྲུབ་མི་འབྱུང་ངོ་ཞེས་དགོངས་པའོ། །རྙེད་པ་དེ་ཡང་མིག་ཡངས་མ། །གཟུགས་དང་ལང་ཚོས་བརྒྱན་པ་སྟེ། །ས་ཧཱི་ག་བུར་ཡང་དག་ལྡན། །བྱང་ཆུབ་སེམས་ཀྱིས་སྦྱང་བར་བྱ། །ཕྱག་རྒྱ་ཆེན་པོ་རྙེད་ཅིང་ཐོབ་ནས་བྱང་ཆུབ་སེམས་ཡང་དག་པའི་ཡེ་ཤེས་ཀྱིས་སྦྱང་ཞིང་བསྒྲུབ་པར་བྱའོ། །མིག་ཡངས་མ། གཟུགས་དང་ལང་ཚོས་བརྒྱན་པ་སྟེ། །ཞེས་པ་དེའི་ཡང་དག་པའི་ཡེ་ཤེས་ལྷག་


DTG003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པའི་མཚན་ཉིད་རབ་ཏུ་བསྟན་ཏོ། །ཡང་ཞེས་པ་གང་གི་ཕྱིར་ཏེ། གཟུགས་དང་ལང་ཚོས་བརྒྱན་པ་དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་རྒྱས་པ་ཡིན་ཞིང༌། སི་ཧླ་ག་བུར་ཡང་དག་ལྡན། །ཞེས་པའོ། །ཡང་ན་བདག་མེད་མ་དེ་སྦྱང་ཞིང་ཡང་དག་པའི་རིམ་པས་ངེས་པར་བྱའོ། །གང་གིས་ཤེན། བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར། སིཧླ་ག་པུར་ཡང་དག་ལྡན། །སིཧླ་ཉི་མ་དང༌། ག་པུར་ཟླ་བ་སྟེ། ཟླ་བ་དང་ཉི་མ་གཉིས་ཡང་དག་པར་ལྡན་པ་ནི་ཁ་སྦྱོར་གྱི་རང་བཞིན་ནོ། །ཡང་ཞེས་པ་གང་གི་ཕྱིར་ཏེ་མིག་ཡངས་མ་ཡངས་པ་ནི་ཁྱད་པར་དུ་འཕགས་པ་ཡེ་ཤེས་ཀྱི་རང་བཞིན་གྱི་མིག་ནི་གང་ཞིག་བདེན་པ་གཉིས་སོ། །དེ་རྙེད་པ་ནི་ཐོབ་ཅིང་ཤིས་པའོ། །གཟུགས་ཀྱི་སྒྲས་སྣང་བསྐུ་རྡོ་རྗེ་སྟེ། ཡང་རླུང་གསུང་རྡོ་རྗེའོ། །ཨོཾ་ས་སྤྱོད་མ་བདག་མེད་མ་ཐུགས་རྡོ་རྗེ་སྟེ་གསུམ་པོ་འདི་ནི་གཟུགས་དང་ལང་ཚོ་བྱང་ཆུབ་ཀྱི་སེམས་སོ། །དེས་གང་ལ་བརྒྱན་ཅིང་མཛེས་པ་དེ་གཟུགས་དང་ལང་ཚོས་བརྒྱན་པ་སྟེ། འདིས་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་པའི་དོན་ནོ། །དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ལ་ཆོས་ནི་རབ་གསལ་བྱ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །དམ་ཚིག་གཅིག་པའི་སེམས་ཉིད་དོ། །དེ་ལ་ཆོས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུའོ། །ཞེས་པ་ལ་སོགས་པ། རབ་གསལ་བྱ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུ་ལས་ལྡོག་པ་ནི་དགེ་བ་བཅུའི་ཆོས་སོ། །དེ་ལས་བརྩམས་པ་དེ་སྔོན་དུ་སོང་བ་ལས་བརྩམས་པའི་ཆོས་དེ་ལ་རབ་ཏུ་གསལ་བར་བྱའོ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །ཞེས་པ་ལྷའི་རྣམ་པར་དག་པའོ། །དམ་ཚིག་ཅེས་པ་བདུད་རྩི་ལྔ་ལ་སོགས་པ་སྟེ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པའོ། །གཅིག་པའི་སེམས་ཉིད་ཅེས་པ་རིམ་པ་གཉིས་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཡང་ན་དེ་ལ་ཞེས་པ་བདག་མེད་མ་ལ། ཆོས་ནི་ཆོས་ཀྱི་སྐུ་སྟེ་འོད་གསལ་བ་ཉིད་ཀྱིས་རབ་གསལ་བྱ། དེའི་བདག་ཉིད་ཀྱིས་རྣམ་པར་གནས་པར་བྱའོ། །ཇི་ལྟར་ཞེ་ན། བཅུ་ཞེས་པ་ལྔའི་བདག་ཉིད་ཅན་ཕྱག་གཉིས་ཏེ། དགེ་བ་ནི་ཆོས་འབྱུང་དང་དབྱེ་བ་མེད་པའི་ཡེ་ཤེས་སོ། །ཀུ་བདག་མེད་མ་དང༌། ཤ་ལེ་རྡོ་རྗེ་འཆང་སྟེ་


DTG003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ལྔའི་བདག་ཉིད་ཅན་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་ཡེ་ཤེས་ལས་བརྩམས་པ་ནི་དེ་ནས་བརྩམས་པའོ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །ཞེས་པ་སྤྲོ་བའི་ཡེ་ཤེས་སོ། །དམ་ཚིག་ཅེས་པ་སྡུད་པའི་ཡེ་ཤེས་སོ། །གཅིག་པའི་སེམས་ཉིད་ཅེས་པ་སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར། ཟླ་བ་གཅིག་གིས་དེ་སྐལ་ལྡན། །འདིར་འགྱུར་ཐེ་ཚོམ་མེད་པ་ཉིད། །གང་ཕྱིར་མཆོག་ཐོབ་བུད་མེད་ནི། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཟླ་བ་གཅིག་གིས་ཕྱག་རྒྱ་དེ་སྐལ་ལྡན་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་འགྱུར་བར་ཐེ་ཚོམ་མེད་པ་ཉིད་དེ། གང་གི་ཕྱིར་གང་ལས་མཆོག་ཐོབ་གནང་བ་རྙེད་པ་སྟེ། དེ་ཉིད་ཀྱི་ཕྱིར་ཀུན་དུ་རྟོག་པ་ཐམས་ཅད་སྤངས་རྣམ་པར་རྟོག་པ་མེད་པའི་རང་བཞིན་ནོ། །ཡང་ན། དེ་སྐལ་ལྡན་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ནི་ཟླ་བར་འགྱུར་ཏེ་མ་བྱང་ཆུབ་ཀྱི་སེམས་དང༌། ཨ་བདག་མེད་མ་ནི་མ་ཞེས་པའོ། །གཉིས་ཀ་ཟ་བའི་ཕྱིར་ཟླ་བ་མ་ནིང་ངོ༌། །ཇི་ལྟར་ཞེ་ན། གཅིག་གིས་གཉིས་སུ་མེད་པར་རྟོགས་པས་སོ། །འདིར་ཐེ་ཚོམ་མེད་དེ་འདི་ལ་དོགས་པ་མེད་པ་ཁོ་ནའོ། །མཆོག་རྡོ་རྗེ་འཆང་ངོ༌། །དེས་ཐོབ་པའི་བུད་མེད་ནི་བདག་མེད་མ་སྟེ་གང་གི་ཕྱིར་ནཱ་དའི་ཕྲེང་བ་གཉིས་ལས་སོ། །དེ་ཉིད་ཀྱི་ཕྱིར། ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཞེས་པའི་དོན་ནོ། །ཡང་ན་བདག་གི་ནུས་པ་ཡིས། །ཕྱག་རྒྱ་བཀུག་ལ་རབ་ཏུ་བརྟག །ལྷ་དང་ལྷ་མིན་མི་རྣམས་དང༌། །གནོད་སྦྱིན་མིའམ་ཅི་ལས་ཀྱང་། །དོན་གོ་སླ་བ་ཉིད་དོ། །ཡང་ན་བདག་རྡོ་རྗེ་འཆང་གི་མཐུ་དང་ནུས་པ་ཡིས་ཕྱག་རྒྱ་ཆེན་པོ་རབ་ཏུ་བརྟག །ཕུལ་དུ་བྱུང་བའི་ཡེ་ཤེས་དང་ལྡན་པར་རྣམ་པར་གནས་པར་བྱའོ། །ཡང་ན་ཞེས་པ་གཉིས་ཀ་དབྱེར་མེད་པ་རྡོ་རྗེ་འཆང་གི་རང་བཞིན་ཏེ། ལྷ་དང་ལྷ་མིན་མི་རྣམས་ལས་བཀུག་ནས་ལྷ་དབང་པོ་རྣམས་སོ། །ལྷ་མ་ཡིན་ཡུལ་རྣམས་སོ། །མི་རྣམ་པར་ཤེས་པ་སྟེ་མཁའ་འགྲོ་མ་བཅོ་ལྔ་པོ་རྣམས་ལ་བཀུག་ནས་ཞེས་པ་བསྡུས་ནས་སོ། །གནོད་སྦྱིན་རྣམས་ལས་ཞེས་པ་ཆ་དང་བྲལ་བའི་རང་བཞིན་ལས་སོ། །མིའམ་ཅི་ལས་ཀྱང་ཁྱད་པར་གྱི་དོན་ལ་ཀྱང་གི་སྒྲ་སྟེ། མིའམ་ཅི་


DTG003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཞེས་པ་ཅིའི་སྒྲས་མ་ནིང་ངོ༌། །དེ་ལྟ་བུའི་རང་བཞིན་གྱི་མི་ལས་ཏེ། མ་ནིང་གི་ངོ་བོ་རྡོ་རྗེ་འཆང་གི་རྒྱུ་ལས་སོ། །དེ་ཡང་ཁྱེར་ལ་སྤྱོད་པ་སྤྱད། །བདག་གི་བརྟན་པ་རྟོགས་པ་ལས། །ཕྱག་རྒྱ་དེ་བཟུང་ནས་སྤྱོད་པ་བསྒྲུབ་པར་བྱའོ། །ཅི་ལྟར་ཞེ་ན། བདག་གི་བརྟན་པ་རྟོགས་པ་ལས་རང་གི་བརྟན་པ་རྟོགས་པ་ན་སྤྱོད་པ་བྱའོ་ཞེས་དགོངས་པའོ། །ཡང་ན། སྤྱོད་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པས་གནས་པ་སྤྱད་ཅིང་ཤེས་པར་བྱའོ། །ཕྱག་རྒྱ་དེ་ཁྱེར་ལ་གོམས་པར་བྱ་ཞིང་བདག་རྡོ་རྗེ་འཆང་གི་བརྟན་པར་གནས་པ་རྟོགས་པའི་ཡེ་ཤེས་དེ་ལས་ཞེས་པའི་དོན་ནོ། །གང་ཞིག་ཕྱག་རྒྱ་བླངས་ནས་སྤྱོད་པ་བྱེད་པ་དེ་ནི་ལོངས་སྤྱོད་ལས་མ་ཡིན་གྱི། འོན་ཀྱང་གྲོལ་བའི་དོན་དུའོ། །དེའི་ཕྱིར་གསུངས་པ། གང་བཤད་འཇིགས་པའི་གཟུགས་ཅན་གྱི། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཡིད་ནི་བརྟན་ནམ་གཡོའམ་ཅི། །རང་སེམས་སོ་སོར་བརྟག་ཕྱིར་རོ། །གང་ཞིག་འཇིག་རྟེན་ཆོས་བརྒྱད་ལས་རྣམ་པར་གྲོལ་བའི་སྤྱོད་པ་ནི་ཤིན་ཏུ་འཇིགས་པ་སྟེ། དེ་ནི་ལོངས་སྤྱོད་འདོད་པས་མ་ཡིན་གྱི། འོན་ཀྱང་གྲོལ་བའི་དོན་ཁོ་ནར་ཞེས་དགོངས་པའོ། །ཡང་ན་སྤྱོད་པ་གང་བཤད་པ་འཇིགས་པའི་གཟུགས་ཅན་ཏེ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་བྱ་བ་དེ་ནི་བརྗོད་དུ་མེད་པ་བརྗོད་པའི་ཡུལ་མ་ཡིན་པ་སྟེ། ངག་གི་ལམ་ལས་འདས་པའི་ཕྱིར་རོ། །དེ་ནི་ལོངས་སྤྱོད་ཕྱིར་མ་གསུངས། །སྒྲོ་མ་བཏགས་པར་ཡང་དག་པར་གྲུབ་པའི་ཕྱིར་ཞེས་པའི་དོན་ནོ། །ད་ནི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་ཕྱག་རྒྱ་བླངས་ནས་སྤྱོད་པ་བྱའོ་ཞེས་པ་འདི་ལ་རྡོ་རྗེ་སྙིང་པོ་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རྡོ་རྗེ་སྙིང་པོས་གསོལ་པ། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱའི་ཁྱད་པར་དེ་ཇི་ལྟར། །བདག་མེད་མའི་རྣལ་འབྱོར་དང་ལྡན་པ་ཉིད་ལས་རྣལ་འབྱོར་བ་ཉིད་ཕྱག་རྒྱ་སྟེ། འདིའི་ཕྱག་རྒྱའི་ཁྱད་པར་གཞན་གྱིས་ཅི། །ཞེས་རྣམ་པར་རྟོག་པ་སྟེ་འདི་ཡང་ཕྱག་རྒྱ་ཡིན་ལ་དེ་བཞིན་དུ་གཞན་དེ་ལ་ཡང་ངོ༌། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་ལས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་ཡིན་ལ། འདིར་ཡང༌། བདག་མེད་མའི་རྣལ་འབྱོར་དང་ལྡན་པའི་སྐྱེས་པ་ནི་བདག་མེད་མའི་ངོ་བོ་ཉིད་ལས་


DTG003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཀྱི་རང་བཞིན་ཡིན་ཞིང་འདིའི་གཞན་ཕྱག་རྒྱ་ཡང་ཕྱག་རྒྱའི་ངོ་བོ་ཉིད་ལས་ཏེ། ཇི་ལྟར་གཉིས་སུ་མེ་པའི་དངོས་གྲུབ་འབྱུང་བར་འགྱུར་ཞེས་པ་རྣམ་པར་རྟོག་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །བུད་མེད་ཀྱི་གཟུགས་ཡོངས་སུ་སྤངས་ནས་བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱའོ། །འདི་ཇི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། ནུ་མ་སྤངས་ནས་བོལླར་འགྱུར། །ཀཀྐོ་ལ་དབུས་ཡང་དག་གནས། །འགྲམ་པ་གཉིས་ནི་དྲིལ་བུར་འགྱུར། །ཟེའུ་འབྲུ་བོལླ་ཅན་འགྱུར་ཏེ། །ལྷག་མ་བདག་ཉིད་ཆེན་པོའི་གཟུགས། །ཧེ་རུ་ཀ་ཡི་དགའ་ཆེན་ནོ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་སྟེ། །འབད་པ་མེད་པར་སྐྱེས་བུར་འགྱུར། །ནུ་མ་སྙིང་གར་བོལླ་རྡོ་རྗེར་འགྱུར་ཞིང་བོལླའི་ནང་དུ་གནས་པ་ཀཀྐོ་ལ་པདྨོའི། །འདིས་ཅི་གསུངས་ན་བུད་མེད་ཀྱི་ནུ་མ་དག་སྙིང་གར་རོ། །དེའི་ནང་དུ་ཡང་རྡོ་རྗེ་དང་པདྨ་གནས་པའོ། །རྡོ་རྗེ་དང་པདྨོ་འདི་དག་ཁ་སྦྱོར་ཉིད་དོ། །སྐྱེས་པའི་ནི། ས་བོན་གཉིས་ཀྱི་ནུ་མ་གཉིས། །ཞེས་པ་སྟེ་ནུ་མ་སྤངས་ནས་བོལླར་འགྱུར། དེའི་དབུས་སུ་ཡང་ཀཀྐོ་ལ་སྟེ་པདྨ་དང་རྡོ་རྗེ་དག་དབྱེར་མེད་པ་ཉིད་དོ། །བུད་མེད་ཀྱི་མཚན་མ་ནི་པདྨའོ། །སྐྱེས་པའི་རྡོ་རྗེ་སྟེ་རྡོ་རྗེ་དང་པདྨ་དག་ལས་གཉིས་ཀ་ཡང་ལ་སྦྱོར་རོ། །དེའི་ཕྱིར་བུད་མེད་དང་སྐྱེས་པ་དག་ལ་ཁྱད་པར་འགའ་ཡང་མེད་དོ་ཞེས་པ་དབྱེར་མེད་པ་སྟེ་ས་བོན་གྱི་དབྱེ་བ་དང༌། ཕྱི་རོལ་གྱི་དབྱེ་བའོ། །ཡང་ས་བོན་གཉིས་སྙིང་གར་གནས་པར་གྱུར་པ་ནི་ནུ་མ་གཉིས་སོ། །སྟེང་དུ་རྡོ་རྗེ་དང་འོག་ཏུ་པདྨ་ཞེས་པ་བུད་མེད་ཀྱི་གཉིས་སོ། །ས་བོན་གཉིས་པོ་དེ་ཉིད་འོག་ཏུ་རྡོ་རྗེ་དང་སྟེང་དུ་པདྨ་ཞེས་པ་གཉིས་སོ་ཞེས་པ་ནུ་མ་སྤངས་ནས་ཞེས་པ་ལ་སོགས་པའོ། །འགྲམ་པ་གཉིས་ནི་དྲིལ་བུར་འགྱུར། །ཞེས་པ་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་ནི་དྲིལ་བུ་སྟེ་དེ་ནི་པདྨ་དང་ཟེའུ་འབྲུའོ། །བོལླ་ཅན་འགྱུར་ཞེས་པ་ནཱ་དེའི་ཕྲེང་བ་གཉིས། རྩ་བ་ཟེའུ་འབྲུ་རྡོ་རྗེའོ། །ཞེས་པ་སྟེ། གཉིས་ཀ་རྡོ་རྗེ་དང་པདྨ་དབྱེར་མེད་པ་ཉིད་དོ། །དེའི་ཕྱིར་གསུངས་པ། ལྷག་མའི་གཟུགས་ཞེས་པ་གང་ཞིག་གཉིས་ཀ་དབྱེར་མེད་པ་དེ་ཧེ་རུ་ཀ་རྡོ་རྗེ་འཆང་གིའོ། །ཁྱད་པར་ཅི་ཞེ་ན། དགའ་ཆེན་ཏེ་གང་གི་དགའ་བ་ཆེན་པོ་བདག་མེད་མ་སྟེ་དེའི་འོ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར་ཧེ་རུ་ཀ་སྦྱོར་བ་གཉིས་


DTG003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཡེ་ཤེས་དང་ལྡན་པའི་འོ། །ཕྱག་རྒྱ་དང་ལྡན་པའི་བདག་མེད་མ་བསྒོམས་པས་ཀྱང་འདི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ། འབད་པ་མེད་པར་རྩོལ་བ་མེད་པ་ཉིད་ཀྱིས་སྐྱེས་བུ་སྐྱེས་པའི་རང་བཞིན་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། གསལ་བར་ནུས་པའི་རྣལ་འབྱོར་པ། །གང་ཕྱིར་ཕྱག་རྒྱའི་དངོས་གྲུབ་འགྱུར། །གང་ཕྱིར་ཞེས་པ་དེའི་ཕྱིར་ཏེ་རྣལ་འབྱོར་པ་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའོ། །ཕྱག་རྒྱའི་དངོས་གྲུབ་ཕྱག་རྒྱ་ཆེན་པོར་འགྱུར་རོ། །ཁྱད་པར་ཅི་ཞེ་ན། གསལ་བར་ནུས་པའི་དེ་གསལ་བ་ཡང་ཡིན་ཞིང་ནུས་པ་ཡང་ཡིན་པའི་ཕྱིར་གསལ་བར་ནུས་པ་སྟེ། གང་ལ་ཡོད་པ་དེ་ནི་གསལ་བར་ནུས་པའོ། །དེའི་ཕྱག་རྒྱ་གསལ་བ་དང་ལྡན་པ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། སྐྱེ་དང་འཇིག་པ་དག་གིས་ཀྱང༌། །ཤེས་རབ་ཐབས་ལ་གནོད་མི་འགྱུར། །ཤེས་རབ་ནི་ཕྱག་རྒྱའོ། །ཐབས་ནི་རྣལ་འབྱོར་པའོ། །གཉིས་ཀ་ལ་ཡང་གནོད་པར་མི་འགྱུར་ཏེ་གང་གིས་ཤེ་ན། སྐྱེ་དང་འཇིག་པ་དག་གིས་སྐྱེ་བ་དང་འགག་པ་དག་གིས་ཏེ། སྐྱེ་བ་དང་འཆི་བས་གནོད་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །ཡང་ན་སྐྱེ་བ་དངོས་པོ་སྟེ་འཇིག་པ་དངོས་མེད་དོ། །དེ་དག་གིས་ཤེས་རབ་དང་ཐབས་དངོས་པོ་དང་དངོས་མེད་ཀྱི་བདག་ཉིད་ཅན་ཁོ་ན་སྟེ། གང་གི་ཕྱིར་རྡོ་རྗེ་འཆང་གི་ཡེ་ཤེས་ཡིན་པ་དེའི་ཕྱིར་གནོད་པར་མི་འགྱུར་ཏེ། རྣམ་པར་རྟོག་པར་འགྱུར་བ་ཅུང་ཟད་ཀྱང་མེད་དོ། །བདེ་ཉིད་ཀྱི་ཕྱིར། གང་ཕྱིར་ཐབས་ནི་འབྱུང་བ་སྟེ། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཐབས་ནི་རྡོ་རྗེ་འཆང་སྟེ། འབྱུང་བ་ནི་ཡང་དག་པའི་ངོ་བོར་འབྱུང་བ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །འཇིག་པ་ནི་མྱ་ངན་ལས་འདས་པ་སྟེ། ཤེས་རབ་ནི་དོན་དམ་པའི་བདེན་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཁོ་ན་རྡོ་རྗེ་འཆང་ངོ༌། །སྲིད་མཐར་བྱེད་ཅེས་པ་སྲིད་པ་སྐྱེ་བ་དང་མཐར་འཇིག་པ་སྟེ། སྐྱེ་བ་དང་འཇིག་པའི་བདག་ཉིད་ཅན་གྱི་ཀཾ་ཡེ་ཤེས་འདི་ལ་ཡོད་པའི་ཕྱིར་སྲིད་མཐར་བྱེད་ཅེས་པའོ། །ཡང་ན་ཀཾ་སྲིད་པ་འཁོར་བ་མཐར་བྱེད་པའི་ཕྱིར་སྲིད་མཐར་བྱེད་ཤེས་རབ་སྟེ། སྲིད་པ་དང་མྱ་ངན་ལས་འདས་པ་དབྱེར་མེད་པ་བདག་མེད་མ་ཉིད་ཅེས་དགོངས་པའོ། །དེས་ན་འདི་ལ་རབ་འཇིག་མེད། །དེ་ཉིད་ལས་ནི་སྐྱེ་བ་མེད། །ལ་ལ་འཇིག་པས་ཟད་འགྱུར་ཏེ། །


DTG003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་མེད་ཕྱིར་ཟད་པའང་མེད། རྒྱུ་དེས་ན་རྡོ་རྗེ་འཆང་ཉིད་ལ་འཇིག་པ་དང་མྱ་ངན་ལས་འདས་པ་མེད་དོ། །གང་གི་ཕྱིར། དེ་ཉིད་ལས་ནི་སྐྱེ་བ་མེད་རང་གི་ངོ་བོ་ལས་ཏེ། ཆོས་ཐམས་ཅད་གདོད་མནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །གང་ཞིག་སྐྱེ་བའི་ཆོས་ཅན་དེ་ནི་ངེས་པར་འཇིག་པར་འགྱུར་གྱི་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་འཇིག་པ་མེད་ཅིང་ཟད་པའང་མེད་དོ། །འོང་ཞེས་པ་གང་གི་ཕྱིར་ཏེ། གང་ཞིག་ལ་ལ་ཟད་པར་འགྱུར་བ་དེ་ནི་ངེས་པར་འཇིག་པ་ལས་སོ། །དེ་མེད་པའི་ཕྱིར་སྐྱེ་བ་དང་འཇིག་པ་དག་མེད་པ་ཉིད་དོ། །དེའི་ཕྱིར་གནོད་པ་རྣམ་པ་ཐམས་ཅད་དུ་མེད་པ་ཁོ་ནའོ་ཞེས་པའི་ཚིགས་སུ་བཅད་པ་གཉིས་ཀྱི་རྣམ་པར་བཤད་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །སྤྲོས་པ་བསྒོམ་བྱ་བརྟུལ་ཞུགས་ཅན། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་རྣམས་ཀྱིས་སྤྲོས་མེད་བྱེད། །བསྐྱད་པ་ཞེས་པ་སྐྱེ་བ་སྟེ། །ལྷའི་རྣམ་པའི་རྣམ་པར་དག་པའོ། །བསྐྱེད་པའི་རིམ་པ་ནི་དེས་ཐོབ་པ་སྟེ། རྣལ་འབྱོར་ནི་འདུས་པའོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་དེས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས་སྤྲོས་པ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་བསྒོམ་ཞིང་སྙོམས་པར་འཇུག་པར་བྱའོ། །བརྟུལ་ཞུགས་ཅན་ཞེས་པ་རྣམ་པར་དག་པ་གཉིས་ངེས་པའི་བདག་ཉིད་དོ། །སྤྲོས་པ་ལྷའི་རྣལ་འབྱོར་གྱིས་རྨི་ལམ་ལྟར་བྱས་ནས། གང་ཞིག་སྤྲོས་པ་ལྷའི་རྣམ་པ་རྣམས་ཀྱིས་སྤྲོས་མེད་བྱ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་དབྱེར་མེད་པར་རྟོགས་པར་བྱའོ། །འདིས་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ལྷའི་རྣམ་པས་རྣམ་པར་སྦྱང་ཞིང་གོམས་པར་བྱེད་པ་མངོན་དུ་གྱུར་པ་ན། ཆུ་དང་འོ་མ་བཞིན་ཐ་དད་པ་ཡང་ཐ་དད་མེད་པར་སྐད་ཅིག་ལ་སྐྱེ་བར་འགྱུར་རོ་ཞེས་པའོ། །ཡང་ན་བསྐྱེད་པའི་སྒྲས་ཡང་དག་པའི་ཡེ་ཤེས་སོ། །དེའི་རིམ་པ་ནི་ཐོབ་པ་སྟེ། དེ་ཡང་རྣལ་འབྱོར་ཤེས་རབ་དང་ཐབས་དབྱེར་མེད་པ་ཡིས་ཞེས་པ་སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་ཡང་དག་པའི་ཡེ་ཤེས་ཐོབ་པ་ལས་གཉིས་སུ་མེད་པ་རྟོགས་པས་སྤྲོས་པ་སྤྲོ་བ་སྟེ། སྤྲོས་མེད་བྱ་སྡུད་པས་རྣམ་པར་གནས་པར་བྱའོ། །སྤྲོ་བ་དང་སྡུད་པའི་རང་བཞིན་འདི་ཉིད་ཡེ་ཤེས་སོ་ཞེས་པའི་དོན་ནོ། །འདི་ཇི་ལྟ་བུ་ཞེ་ན། །དེའི་ཕྱིར་


DTG003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་སྲིད་པ་བར་མ་བཞིན། །རྟག་ཏུ་གོམས་པའི་སྦྱོར་བ་ལས། །དེ་བཞིན་དཀྱིལ་འཁོར་སྣང་བར་འགྱུར། །བར་ཆད་མེད་པར་གོམས་པས་སྦྱོར་བ་གཉིས་སུ་མེད་པར་རྟོགས་པ་ལས་དཀྱིལ་འཁོར་ལྷའི་རྣམ་པར་བསྒོམ་པ་སོ་སོར་སྣང་བར་འགྱུར་རོ། །ཇི་ལྟར་སྒྱུ་མ་ཞེས་པ་མངོན་སུམ་ཉིད་ལ་བདེན་པ་མ་ཡིན་བརྫུན་པ་མ་ཡིན་ནོ། །ཇི་ལྟར་རྨི་ལམ་ཞེས་པ་མངོན་སུམ་མ་ཡིན་པ་ལ་བདེན་པ་མ་ཡིན་བརྫུན་པ་མ་ཡིན་པའོ། །ཇི་ལྟར་པར་མའི་སྲིད་པ་བཞིན། །ཞེས་པ་རྣམ་པར་ཤེས་པ་ཙམ་དམིགས་པ་མེད་པའི་རང་བཞིན་ཏེ། འདི་ལྟར་སོ་སོར་གསལ་བར་འགྱུར་རོ་ཞེས་པའོ། །ཡང་ན། ཇི་ལྟར་དཀྱིལ་འཁོར་ཡང་དག་པའི་ཡེ་ཤེས་ཉིད་དེ། དེ་བཞིན་དུ་སྒྱུ་མ་སྣང་བ་སྐུ་རྡོ་རྗེའོ། །རྨི་ལམ་མཚན་མ་གསུང་རྡོ་རྗེའོ། །བར་མ་སྲིད་པ་རྣམ་པར་ཤེས་པ་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་གསུམ་སོ་སོར་སྣང་བར་འགྱུར་རོ། །ཇི་ལྟར་ཞེ་ན། རྟག་ཏུ་བར་ཆད་མེད་པ་ཐ་དད་མེད་པའོ། །གོམས་པ་ཀུན་ནས་ཐམས་ཅད་དུ་བརྟན་པར་གནས་པ་ནི་གོམས་པ་སྟེ་ཐ་དད་པའོ། །རྟག་ཏུ་གོམས་པའི་སྒྲས་ཐ་དད་མེད་པ་དང་ཐ་དད་དོ། །དེ་དག་སྦྱོར་བ་ནི་འདུས་པ་སྟེ་རྟག་ཏུ་གོམས་པའི་སྦྱོར་བ་ལ་ཐ་དད་མེད་པ་དང་ཐ་དད་མི་དམིགས་པའི་ཕྱིར་ཞེས་པའི་དོན་ནོ། །བསྐྱེད་པ་དང་རྫོགས་པ་དག་གཉིས་སུ་མེད་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་གསུངས་པ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་ལ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །འདི་ནི་དེ་ཡི་མཐུ་ཉིད་དེ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། དཀྱིལ་འཁོར་འདི་ནི་ཞེས་པ་ལྷའི་རྣམ་པ་བསྒོམ་པའི་ཡེ་ཤེས་ཏེ། གཞན་ལས་འབྱུང་བ་མེད་གཞན་ལས་སྐྱེས་བ་མ་ཡིན་ནོ། །འདི་ནི་དེའི་མཐུ་ཉིད་དེ། །དེའི་ཞེས་པ་གང་གི་ཞེ་ན། ཇི་ལྟར་ཤེས་པའི་བདེ་ཆེན་པོ། །གང་ཞིག་རྟོགས་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་སྟེ། གང་དུ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ་ལ་ཆུའི་དབང་ལ་སོགས་པ་བདུན་པོ་རྣམས་ལའོ། །འདིས་ལྷན་ཅིག་སྐྱེས་པའི་རང་བཞིན་ཁོ་ན་དཀྱིལ་འཁོར་ཡིན་གྱི་གཞན་མ་ཡིན་ཞེས་པ་སྟེ། རིམ་པ་གཉིས་དབྱེར་མེད་པ་ཉིད་དོ་ཞེས་པའི་དོན་ནོ། །ཡང་ན་ཕྱག་རྒྱ་ཆེན་པོ་ཞེས་པ་འདི་ཆེན་པོ་དང་ཕྱག་རྒྱ་ཡང་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་སྟེ་དགའ་བ་བཞིའོ། །དེས་དབང་བསྐུར་བ་དྲི་མ་མེད་པའི་བྱ་བ་སྟེ།


DTG003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལ་ཇི་ལྟར་ཤེས་པ་གང་ཞིག་མྱང་བའོ། །བདེ་བ་ཆེན་པོ་ཡང་དག་པའི་ཡེ་ཤེས་དེའི་འདི་ཉིད་དཀྱིལ་འཁོར་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །ཁྱད་པར་ཅི་ཞེ་ན། གཞན་ལས་འབྱུང་བ་མེད། གཞན་ལྷན་ཅིག་མ་ཡིན་པ་སྟེ་བདག་མེད་མའོ། །འབྱུང་བ་རྡོ་རྗེ་འཆང་སྟེ། གཞན་དང་འབྱུང་བ་ནི་གཞན་འབྱུང་བའོ། །མེད་ཅེས་པ་དེ་ལ་ཤེས་རབ་དང་ཐབས་ཐ་དད་པ་མེད་ཅེས་པ་སྟེ་མ་ནིང་ངོ༌། །དེ་ཉིད་ཀྱི་ཕྱིར་ཕུལ་དུ་བྱུང་བའི་དངོས་པོ་ནི་མཐུ་སྟེ། རྫོགས་པའི་རིམ་པ་དང་དབྱེར་མེད་པའི་བསྐྱེད་པའི་རིམ་པ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། བདེ་བ་ནག་པོ་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་མཐའ་དག་རྒྱུ་མི་རྒྱུ། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་དུ་རུ་སྐྱེས་བདེ། །བདེ་བ་དངོས་པོ་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་དྲན། །བདེ་བ་ཞེས་པ་གང་ཞིག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ནི་ནག་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བར་གྱུར་པ་མཐའ་དག་བརྟན་པ་དང༌། གཡོ་བ་དང༌། བུད་མེད་དང༌། སྐྱེས་པ་དང༌། དེ་གཉིས་ལས་སྐྱེས་པ་ཉམས་སུ་མྱོང་བའི་ཡེ་ཤེས་དང༌། །དངོས་པོ་དང་དངོས་མེད་དང་རྡོ་རྗེ་སེམས་དཔའ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ཏེ། ཐམས་ཅད་བསྐྱེད་པའི་རིམ་པ་རང་བཞིན་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པའི་རང་བཞིན་ཉིད་དེ་རིམ་པ་གཉིས་དབྱེར་མེད་པའོ། །ཡང་ན་བདེ་བ་ཞེས་པ་སུ་ཁུ་བ་དང༌། ཁཾ་བདག་མེད་མ་སྟེ། སུ་དང་ཁཾ་ནི་བདེ་བའོ། །ཁུ་བ་དང་བདེ་བ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ནི་ནག་པོ་མི་བསྐྱོད་པའི་རང་བཞིན་ནོ། །སེར་པོ་དང༌། དམར་པོ་དང་དཀར་པོ་དང་ལྗང་གུ་དང་སྔོན་པོ་ནི་རིན་ཆེན་དབང་པོ་དང་འོད་དཔག་མེད་དང༌། རྣམ་པར་སྣང་མཛད་དང༌། དོན་ཡོད་གྲུབ་པ་དང༌། རྡོ་རྗེ་སེམས་དཔའི་རང་བཞིན་ཏེ་དེ་གཉིས་ཉིད་དོ་ཞེས་པའོ། །མཐའ་དག་ཐམས་ཅད་དེ་རྒྱུ་མི་རྒྱུ་ཞེས་པ་བརྟན་པ་དང་གཡོ་བ་དང་དབང་པོ་དང་ཡུལ་གྱི་རང་བཞིན་ནོ། །ཤེས་རབ་དང་ཐབས་ནི་རྡོ་རྗེ་དང་པདྨའོ། །ཀུན་དུ་རུ་སྐྱེས་པ་དགའ་བ་གསུམ་མོ། །དངོས་པོ་དངོས་མེད་ཅེས་པ་བདེ་བ་གཉིས་སོ། །རྡོ་རྗེ་སེམས་དཔའ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །དྲན་པ་ཞེས་པ་ཐམས་ཅད་མཁྱེན་པའོ། །ད་ནི་ཕྱག་རྒྱ་ཆེན་


DTG003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབང་བསྐུར་ལ། ཇི་ལྟར་ཤེས་པའི་བདེ་ཆེན་པོ། །འདི་ནི་དེ་ཡི་མཐུ་ཉིད་དེ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་པ་ཐུགས་ལ་གནས་པར་མཛད་ནས་རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དམ་པའི་བདེ་བ་བདེ་ཆེན་འདོད། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་དགོས་པ་ཅི། །གལ་ཏེ་གང་ཞིག་དམ་པའི་བདེ་བ་ཡེ་ཤེས་དང་ལྡན་པ་དེ་ནི། བདེ་བ་ཆེན་པོ་ཡིན་ཞིང༌། བསྐྱེད་པའི་རིམ་པ་ནི་རང་བཞིན་རྟོགས་པའོ། །གང་ཞིག་བདེ་བ་ཆེན་པོ་དེ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་འདིའོ་ཞེས་འདོད་ཅིང་རྫོགས་པའི་རིམ་པ་ལ་ཡང་བསྒོམ་པ་མེད་དོ། །དེའི་བསྐྱེད་པ་བསྐྱེད་པའི་རིམ་པ་བསྒོམ་པས་དགོས་པ་ཅི་སྟེ། དགོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨེ་མ་དད་པའི་ཤུགས་ཀྱིས་ཉམས། །བྱང་ཆུབ་སེམས་དཔའ་ཆེན་པོ་འདི། །ཨེ་མ་ཞེས་པ་བཅོམ་ལྡན་འདས་ངོ་མཚར་དུ་གྱུར་པ་ཉིད་དེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་འདི་གལ་ཏེ་དེ་ལྟར་ཞུ་བ་དེའི་ཕྱིར་འདི་ཉམས་ཏེ། འདིས་ཆོས་དང་ཆོས་མ་ཡིན་པ་མི་ཤེས་པ་ཉིད་དེ། འཇལ་བར་བྱེད་མི་ནུས་པའི་ཕྱིར་ཉམས་པའོ། །ཅི་ལྟར་ཞེ་ན་དང་པའི་ཤུགས་ཀྱིས་དད་པའི་རྗེས་སུ་འབྲང་བ་ཉིད་དེ། འདིས་ཆོས་ཀྱི་སྐུ་ཙམ་ཉིད་ཁོ་ན་ངེས་ཀྱི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཀ་ཡང་མ་ཡིན་ནོ་ཞེས་ཉིད་ཀྱི་ཐུགས་ལ་མཚར་བར་དགོངས་ནས་རྡོ་རྗེ་སྙིང་པོ་ལ་སླར་གསུངས་པ། ལུས་དངོས་མེད་ན་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་ཏེ། ཁྱབ་བྱ་ཁྱབ་བྱེད་རང་བཞིན་གྱིས། །བདེ་བས་འགྲོ་བ་ཁྱབ་བའོ། །ལུས་ཀྱི་སྒྲས་འཕེལ་བའི་མཚན་ཉིད་ཕུང་པོ་ལྔ་ལ་སོགས་པའི་བདག་ཉིད་དེའི་དངོས་པོ་མེད་ན་བདེ་བ་ཉམས་སུ་མྱོང་བའི་ཡེ་ཤེས་ག་ལ་ཡོད་དེ། བདེ་བ་ཞེས་སྨྲ་བར་མི་ནུས་པ་ཉིད་དོ། །དེའི་ཕྱིར་ཁྱབ་བྱ་ཁྱབ་བྱེད་རང་བཞིན་གྱིས་ཁྱབ་བྱ་ལུས་དང་ཁྱབ་བྱེད་བདེ་བ་སྟེ། དེ་ལྟ་བུའི་རང་བཞིན་བདེ་བ་དང་ཡེ་ཤེས་ཀྱིས་འགྲོ་བ་ཁམས་གསུམ་པ་ཁྱབ་བའོ། །ཡང་ན་ལུས་དངོས་མེད་ནི་ཞེས་པ། ཨའི་རང་བཞིན་གྱིས་དངོས་པོ་ནི་དངོས་མེད་དེ། བདག་མེད་མའི་རང་བཞིན་གྱི་རྡོ་རྗེ་འཆང་ངོ༌། །དེ་ཡང་ལུས་ཏེ་འཕེལ་


DTG003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་ཉིད་དོ། །འདི་ལུས་དང་དངོས་མེད་ཀྱང་ཡིན་པའི་ཕྱིར་ལུས་དངོས་མེད་དེ། དེ་ལྟར་གྱུར་པ་ན་འཕེལ་བའི་བདག་ཉིད་ཅན་རྡོ་རྗེ་འཆང་གི་རང་བཞིན་བདག་མེད་མ་ཉིད་ཀྱིས་སོ། །གང་ལས་ཆོས་འབྱུང་ལས་ཏེ་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །བདེ་བ་དེ་ཡང་སྨྲ་བར་མི་ནུས་ཏེ་ངག་གི་ལམ་ལས་འདས་པ་ཉིད་ཀྱི་ཕྱིར། ཁྱབ་བྱ་ཁྱབ་བྱེད་རང་བཞིན་གྱིས། །ཞེས་བ་ཁྱབ་བྱ་ཁྱབ་བྱེད་ཀྱི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་འགྲོ་བ་ཁྱབ་སྟེ་ཡང་དག་པའི་ཡེ་ཤེས་འགྲོ་བ་དང་དབྱེར་མེད་པ་ཉིད་དོ་ཞེས་པའི་དོན་ནོ། །འདི་ཉིད་དཔེས་བརྟན་པར་བྱེད་པ། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ལས་མི་རྟོགས། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་དམིགས་པ་ཉིད་མི་འགྱུར། །མེ་ཏོག་ལ་གནས་པའི་དྲི་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་ཏེ། མེ་ཏོག་གི་དངོས་པོ་མེད་པ་ལས་མ་ཡིན་པ་ཇི་ལྟ་བདེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་ཀྱི་དངོས་པོ་མེད་པས་བདེ་བ་དམིགས་པར་འགྱུར་བ་ཉིད་དོ། །དེའི་ཕྱིར་གཟུགས་ལ་མི་གནས་པ་ནི་གཟུགས་ཀྱི་དངོས་པོ་མེད་པ་ཉིད་དོ། །འདྲ་བ་ནི་ཅུང་ཟད་ཁྱད་པར་གནས་བ་ཡིན་གྱི་དེ་ཐམས་ཅད་མཚུངས་པ་ནི་མ་ཡིན་ནོ། །འོན་ཀྱང་དེའི་བདག་ཉིད་ཀྱིས་རྟོགས་པར་བྱ་སྟེ། གཟུགས་ཉིད་གཟུགས་མེད་པ་དང་གཟུགས་མེད་པ་ཉིད་གཟུགས་སོ་ཞེས་པའོ། །ཡང་ན། ཇི་ལྟར་མེ་ཏོག་ལ་གནས་དྲི། །ཞེས་པ། དྲི་ཤེས་པ་དེ་ནི་རེ་ཞིག་མེ་ཏོག་ལ་གནས་པ་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །མེ་ཏོག་ཉིད་གདོད་མ་ནས་མ་སྐྱེས་བ་ཉིད་ཀྱིས་དངོས་མེད་ལས་སྐྱེ་བ་བཀག་པའི་ཕྱིར། དྲི་དང་དྲིའི་ཤེས་པ་མི་རྟོགས་ཤིང་ཁོང་དུ་ཆུད་པར་མི་འགྱུར་ཏེ། གང་ཞིག་དྲིའི་ཤེས་པ་རྟོགས་པའི་ཤེས་པ་གཞན་མེད་པའི་ཕྱིར་རོ། །དེ་བཞིན་དུ་བདེ་བ་ཡང་དག་པའི་ཡེ་ཤེས་དམིགས་པ་ཉིད་དུ་མི་འགྱུར་ཏེ། མི་དམིགས་པའི་རང་བཞིན་ཁོ་ནའོ། །ཇི་ལྟར་ཞེ་ན། གཟུགས་ལ་སོགས་པ་དངོས་མེད་བས། །གཟུགས་ལ་སོགས་པ་རྣམས་ཀྱི་དངོས་པོ་མེད་པ་ནི་ཨའི་རང་བཞིན་གྱིས་དངོས་པོ་སྟེ། དེས་ན་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་བདག་མེད་མ་ཉིད་ཀྱིས་ཞེས་པའི་དོན་ནོ། །འདིས་ཅི་གསུངས་ན། རྫོགས་པ་བསྒོམ་པ་མེད་པ་སྟེ། །ཞེས་པའི་ཕྱོགས་འདི་


DTG003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཉིད་དོ། །དེ་ཇི་ལྟར་ཞེ་ན། བསྐྱེད་པའི་རིམ་པ་རྟོགས་པ་ལས། །ཞེས་དགོངས་པ་སྟེ། བསྐྱེད་པའི་རིམ་པ་རྣམ་པར་སྤངས་ནས་རྫོགས་པའི་རིམ་པ་མེད་པ་ཁོ་ནའོ། །དེ་ལྟར་ཡང༌། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་སྟེ། འདི་ནི་བདེན་པ་མཐོང་བ་གང་ཞིག་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པའོ། །དྲི་མ་གློ་བུར་བ་དང་ལྡན་པ་རྣམས་ལ་རྟག་ཏུ་མ་རིག་པའི་དབང་གིས་དངོས་པོའི་དེ་ཁོ་ན་རྟོགས་པ་མེད་དོ། །དངོས་པོ་དེ་ཁོ་ན་རྟོགས་པའི་ཡང་མ་རིག་པ་རྣམ་པར་བསལ་ནས་དངོས་པོ་དེ་ཁོ་ན་རྟོགས་པ་མེད་དོ། །གཉིས་ཀ་ལ་ཡང་དངོས་པོ་དེ་ཁོ་ན་རྟོགས་པ་མེད་དོ། །དངོས་པོའི་དེ་ཁོ་ན་རྟོགས་པ་ནི་ཡང་དག་པའི་ཡེ་ཤེས་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་གྱུར་པའི་རང་བཞིན་རྣམས་ནི་བདག་གིས་མི་ཤེས་ཏེ་སྐྱོན་ཅིར་ཇི་ལྟར་ཞེས་པའོ། །དེའི་ཕྱིར་རྟག་ཏུ་མ་རིག་པས་གནས་པ་རྣམས་ཀྱི་དྲི་མ་གློ་བུར་བསལ་བའི་དོན་དུ་ལྷའི་རྣམ་པའི་རྣམ་པར་དག་པའི་དངོས་པོ་ཞེས་པ་བསྐྱེད་པའི་རིམ་པ་སྟེ། དེ་ཉིད་སྐད་ཅིག་ལ་མཉམ་པ་ཉིད་ཀྱིས་མངོན་དུ་གྱུར་པའི་ཕྱིར་འདི་དང་དེའོ་ཞེས་པ་རྣམ་པར་བཅད་པར་མི་ནུས་པ་ཉིད་ཀྱིས་རྫོགས་པའི་རིམ་པ་ཐོབ་པར་འགྱུར་རོ། །ལྷའི་རྣམ་པར་དག་པ་དང་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་པ་ཐ་དད་ཅིང་གཅད་དུ་མེད་པའོ་ཞེས་པ་སྟེ། བསྐྱེད་པ་ཡིས་ནི་དགོས་པ་ཅི། །ཞེས་གང་ཞིག་རྡོ་རྗེ་སྙིང་པོའི་ཞུ་བ་འདི་ནི་དེ་རྣམ་པ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་སྤངས་པ་ཉམས་པའི་ཆོས་ཅན་ལྟ་བུ་སྟེ། ཨེ་མ་དད་པའི་ཤུགས་ཀྱིས་ཉམས། །བྱང་ཆུབ་སེམས་དཔའ་ཆེན་པོ་འདི། །ཞེས་བཅོམ་ལྡན་འདས་ཀྱིས་ཐུགས་ལ་འཁྲུངས་པའོ། །གཞན་ཡང༌། བདག་ཉིད་ཉེ་བར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྐྱེད་པའི་རིམ་པའི་དགོས་པ་ཆེན་པོ་གསུངས་པ། དངོས་ང་དངོས་པོ་མེད་པར། །དངོས་པོ་རྟོགས་ཕྱིར་སངས་རྒྱས་པ། །ཕྱག་དང་ཞལ་གྱི་རྣམ་པའི་གཟུགས་ཉིད་ཀྱིས་ང་ཉིད་རེ་ཞིག་ཐམས་ཅད་མཁྱེན་པའི་དངོས་པོ་སྟེ་དངོས་པོའི་རང་བཞིན་ནོ། །དངོས་པོ་མེད་པ་ང་ཉིད་དེ། །ཕྱག་དང་ཞལ་གྱི་རྣམ་


DTG003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་ནི་རང་བཞིན་ཉིད་ཀྱིས་གཟུགས་མེད་པའི་ཕྱིར་རོ། །སངས་རྒྱས་ང་ཉིད་དེ་རྟོགས་པ་དང་ལྡན་པའི་ཕྱིར་སངས་རྒྱས་སོ། །ཇི་ལྟར་ཞེ་ན། དངོས་པོ་རྟོགས་པ་ཉིད་ལས་སངས་རྒྱས་ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ། །དེའི་ཕྱིར་བསྐྱེད་པའི་རིམ་པ་རྟོགས་པ་ཁོ་ནས་རྫོགས་པའི་རིམ་པ་ངེས་པའོ་ཞེས་པའི་དོན་ནོ། །ཡང་ན། ང་ཨ་ཡིག་དང༌། ཧཾ་ཡིག་གི་ངོ་བོ་ཉིད་ནི་དངོས་པོ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཉིད་དངོས་པོ་མེད་པར་ང་ཉིད་དེ། གཉིས་ཀ་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་པའོ། །ང་ཉིད་སངས་རྒྱས་ཏེ་ཤེས་རབ་དང་ཐབས་དབྱེར་མེད་པར་ཤེས་པའོ། །ཇི་ལྟར་ཞེ་ན་དངོས་པོ་རྟོགས་ཕྱིར་གང་ཞིག་གཉིས་ཀ་དབྱེར་མེད་པ་མ་ཡིན་པའི་དངོས་པོ་དེ་མེད་དེ། དངོས་པོ་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཁོ་ན་ཞེས་པའོ། །རྒྱུ་དེའི་ཕྱིར། གང་ཞིག་ལེ་ལོས་བསྣུན་པ་དང༌། །རྨོངས་པ་གང་ཞིག་ང་མི་ཤེས། །དམ་པ་ང་སྤྱོད་བདེ་བ་ཅན། །རྡོ་རྗེ་བཙུན་མོའི་བྷ་ག་ལ། །རྨོངས་པ་གང་ཞིག་གཏི་མུག་གིས་བསྒྲིབས་པ་དེ་རྣམས་ཀྱིས་ང་མི་ཤེས་ཏེ། དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་ནི་རེ་ཞིག་རྨོངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཁོ་ནའོ། །ཤེས་རབ་རྣོན་པོ་ཉིད་ཀྱིས་ནི་གལ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་རྟོགས་པར་འགྱུར་བ་དེ་ལྟ་ན་ཡང༌། དངོས་པོའི་དེ་ཁོ་ན་ངེས་པར་རྟོགས་པ་ཉིད་དེ། བསྐྱེད་པའི་རིམ་པ་ལས་གཞན་པའི་རྫོགས་པའི་རིམ་པ་མེད་པ་ཁོ་ནའོ་ཞེས་གསུངས་པར་འགྱུར་རོ། །གང་ཞིག་ལེ་ལོས་བསྣུན་པ་ཞེས་པ་ལེ་ལོ་ནི་སྒྱིད་ལུག་པ་ཡིན་ཞིང༌། བསྣུན་པ་ནི་བཅོམ་པ་སྟེ་ལྷའི་རྣམ་པར་སྤྲུལ་པ་བསྒོམ་པས་ཅི་ཞེས་བརྩོན་འགྲུས་དམན་པ་ལྷའི་རྣམ་པར་དག་པ་མི་ཤེས་པའོ། །དེ་རྣམས་ཀྱིས་ཀྱང་ང་མི་ཤེས་སོ། །བསྐྱེད་པའི་རིམ་པ་གོམས་པས་ནི་གཉིས་ཀའི་རྣམ་པར་དག་པ་སྟེ། དེ་ལྟར་ན་ཡང་རྫོགས་པའི་རིམ་པ་ནི་བསྐྱེད་པའི་རིམ་པ་ལས་གཞན་མ་ཡིན་པ་ཁོ་ནའོ་ཞེས་པའོ། །དམ་པ་ད་སྤྱོད་བདེ་བ་ཅན། །རྡོ་རྗེ་བཙུན་མོའི་བྷ་ག་ལ། །ང་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་དམ་པ་མ་ནིང་གི་རང་བཞིན་ནོ། །བདེ་བ་ཅན་ཆོས་འབྱུང་ལ། །སྤྱོད་པ་སྣ་ཚོགས་པའི་སྤྲུལ་པའི་སྐུ་ཡིས་ང་རྣམ་པར་གནས་སོ། །བདེ་བ་ཅན་ཡང་གང་ཞེ་ན། གསུངས་པ། རྡོ་རྗེ་


DTG003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོའི་བྷ་ག་ཞེས་པ་གང་ཞིག་བདེ་བ་དང་ལྡན་པ་དེ་ནི་རྡོ་རྗེ་བཙུན་མོ་སྟེ། དེ་ནི་རྡོ་རྗེ་མཁའ་འགྲོ་མ་སྟེ་དེའི་བྷ་ག་ནི་ཡེ་ཤེས་སོ། །ཡང་ན་གང༌། རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ་བཙུན་མོ་ནི་བདག་མེད་མའོ། །རྡོ་རྗེ་དང་བཙུན་མོ་ནི་རྡོ་རྗེ་བཙུན་མོ་སྟེ་ཤེས་རབ་དང་ཐབས་དབྱེར་མེད་པའོ། དེའི་བྷ་ག་ལ་དེས་དབྱེར་མེད་པའི་ཡེ་ཤེས་ལའོ། །འདིས་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་བ་གསུངས་སོ། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ་གསུངས་པ། ཨེ་ཡིག་རྣམ་པའི་གཟུགས་ཅན་ནི། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཨེ་ཡིག་གི་རྣམ་པ་ནི་ཨེ་ཡིག་གི་རྣམ་པ་སྟེ། ཆོས་འབྱུང་གཞལ་ཡས་ཁང་ངོ༌། །དེའི་གཟུགས་ཅན་དེའི་རང་བཞིན་ལའོ། །ཁྱད་པར་ཅི་ཞེ་ན། སངས་རྒྱས་རིན་ཆེན་ཟ་མ་ཏོག །སངས་རྒྱས་ཀྱི་སྒྲས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའོ། །དེ་རྣམས་ཀྱི་དགའ་བ་རྒྱས་པའི་ཕྱིར་རིན་ཆེན་ཏེ། སངས་རྒྱས་རྣམས་ཀྱི་རིན་ཆེན་ནི་སངས་རྒྱས་རིན་ཆེན་ནོ། །དེའི་ཟ་མ་ཏོག་ནི་བཞིར་གྱུར་བའོ། །འདིས་ནི་སྤྱོད་ཅེས་པ་འདིས་སྣ་ཚོགས་པའི་གཟུགས་དང་སྤྱོད་པས་སྤྲུལ་པའི་སྐུ་ཉིད་དོ། །བཞེས་པ་འདིས་ནཱ་ད་གཉིས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཡང་ངའོ། །དམ་པ་ཞེས་པ་འདིས་མ་ནིང་གི་རང་བཞིན་ཉིད་ལ་ཆོས་ཀྱི་སྐུ་ཡང་ངའོ། །འདིས་ནི་སྐུ་གསུམ་གྱི་རང་བཞིན་པ་ཞེས་པའོ། །རྡོ་རྗེ་བཙུན་མོའི་བྷ་ག་ཞེས་པ་རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ། བཙུན་མོ་ནི་བདག་མེད་མའོ། །རྡོ་རྗེ་དང་བཙུན་མོ་ནི་རྡོ་རྗེ་བཙུན་མོ་སྟེ་རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་མེད་མའོ། །དེའི་བྷ་ག་ཡེ་ཤེས་ཞེས་པའི་དོན་ནོ། །ཨེ་ཡིག་རྣམ་པའི་གཟུགས་ཅན་ནི་བདག་མེད་མའི་རང་བཞིན་ནོ། །སངས་རྒྱས་རིན་ཆེན་གྱི་སྒྲས་རྡོ་རྗེ་འཆང་སྟེ། དེའི་ཟ་མ་ཏོག་ལའོ། །འདིས་རྡོ་རྗེ་འཆང་ཉིད་བདག་མེད་མ་དང་དབྱེར་མེད་པ་ཉིད་རྡོ་རྗེ་འཆང་ངོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། འཆད་པ་པོ་ང་ཆོས་ཀྱང་ང༌། །ཉན་པ་རང་དང་ཆོགས་ལྡན་ང༌། །འགྲོ་བའི་སྟོན་པ་བསྒྲུབ་བྱང༌། །འཇིག་རྟེན་པ་ང་འཇིག་རྟེན་ང༌། །འཆང་བ་བོ་ང་ཞེས་པ་ང་ཉིད་སྟོན་པའོ། །ཆོས་ཀྱང་ང་ཞེས་པ་བསྟན་པར་བྱ་བའི་རང་བཞིན་ཆོས་ཀྱང་ང་ཉིད་དོ། །ཉན་པ་ང་ཞེས་པ་ཉན་པ་པོའི་རང་བཞིན་ཡང་ང་ཉིད་དོ། །རང་དང་ཚོགས་ལྡན་ཞེས་


DTG003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་ཉིད་དང་འཁོར་ལྡན་པ་ཡང་ང་ཉིད་དོ། །བསྒྲུབ་བྱ་ང་ཞེས་པ་ང་ཉིད་འབྲས་བུའི་རང་བཞིན་ཉིད་ལས་ཆོས་ཡན་ལག་བཅུ་གཉིས་སམ་ཡན་ལག་དགུ་པོ་དེ་ལྷག་པར་རྟོགས་པའི་རང་བཞིན་ཡང་ངའོ། །ཡན་ལག་བཅུ་གཉིས་པོ་ཉིད་ཀྱང་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བ་དང༌། ཉེ་བར་བསྟན་པ་ཞེས་པའོ། །དེ་ལ་དོན་ཤིན་ཏུ་མང་པོ་མཚོན་པར་བྱེད་པའི་ཕྱིར་མདོའི་སྡེ་ཞེས་བརྗོད་དོ། །གོང་དུ་ཚིག་ལྷུག་པས་གསུངས་པའི་དོན་རྣམས་མཐར་དབྱངས་སུ་བརྡེབས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་དགའ་བ་དང་རངས་པར་བྱ་བའི་དོན་དུ་གླུར་བླངས་པ་དེ་ནི་དབྱངས་ཀྱིས་བསྙད་པའོ། །གང་དུ་འབྱུང་བར་འགྱུར་བའི་དོན་རྣམས་འདི་ལྟ་བུའི་དུས་ན་འདི་ལྟར་འབྱུང་བར་འགྱུར་རོ་ཞེས་ལུང་སྟོན་པར་བྱེད་པ་དེ་ནི་ལུང་བསྟན་པ་སྟེ། ཇི་ལྟར་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་གསུང་རབ་ལས་ལུང་བསྟན་པ་ལྟ་བུ་སྟེ། མདོ་སྡེ་འདི་དག་ནི་དྲང་བའི་དོན་ནོ། །གསུངས་པའི་དོན་རབ་ཏུ་གསལ་བར་བྱེད་པ། གདུལ་བྱའི་དོན་དུ་སྒྲ་དང་ཚིག་དང༌། ཡི་གེ་སྣ་ཚོགས་པ་རྣམས་ཀྱིས་རྐང་པ་བཞི་པ་ལ་སོགས་པས་གདུལ་བྱའི་རྗེས་སུ་མཐུན་པར་རབ་ཏུ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་སྟེ། མདོ་སྡེ་འདི་ནི་རྗེས་པའི་དོན་ནོ། །གདུལ་བྱ་སྣ་ཚོགས་པའི་སྐྱེ་བོའི་བསམ་པས་ཞུས་པའི་དོན་གསལ་བར་བྱེད་པ་ནི་ཆེད་དུ་བརྗོད་པའོ། །སོ་སོར་ངེས་པའི་ཡུལ་དང་དུས་ལ་སོགས་པ་བརྗོད་པ་ངེས་པར་བྱེད་པའི་ངག་ནི་གླེང་གཞིའོ། །སྐྱེ་བོ་རྟོགས་པར་འདོད་པ་ལ་ངེས་པ་བསྐྱེད་པའི་ཆེད་དུ་དཔེས་དོན་རྗོད་པར་བྱེད་པ་རྟོགས་པ་བརྗོད་པའོ། །སྔོན་བྱུང་བ་རྗོད་པར་བྱེད་པ་ནི་དེ་ལྟ་བུ་བྱུང་བའོ། །བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་སྐྱེ་བོ་སྣ་ཚོགས་པ་རྣམས་ལ་ལུས་སྦྱིན་པ་ལ་སོགས་པའི་སྤྱོད་པ་སྟོན་པ་ནི་སྐྱེས་རབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་


DTG003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་གཉིས་སུ་མེད་པར་རབ་ཏུ་བསྟན་པའི་ཆེད་དུ་རྣམ་པར་རྒྱས་པའི་ཆོས་བསྟན་པ་ནི་ཤིན་ཏུ་རྒྱས་པའོ། །ཆོ་འཕྲུལ་ཆེན་པོ་བསྟན་པ་ལ་སོགས་པ་ཆོས་རྨད་དུ་བྱུང་བ་སོ་སོར་བསྟན་པས་སེམས་ཅན་ལམ་ལ་འཇུག་པར་བྱེད་པ་ནི་རྨད་དུ་བྱུང་བའོ། །རྣམ་པར་བཤད་པ་སྦས་པའི་དོན་རབ་ཏུ་གསལ་བར་བྱེད་པ་ནི་ཉེ་བར་བསྟན་པ་ཞེས་པ་སྟེ་ཡན་ལག་བཅུ་གཉིས་རྣམས་སོ། །འཕགས་པ་དགེ་འདུན་ཕལ་ཆེན་བ་རྣམས་ཀྱི་ལུགས་ཀྱི་གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། ཉེ་བར་བསྟན་པའི་མིང་ཅན་ཡན་ལག་གསུམ་ནི་མདོ་སྡེ་ལ་སོགས་པ་རྣམས་ཀྱི་ནང་དུ་གཏོགས་ཤིང་ཆོས་ཡན་ལག་དགུའོ་ཞེས་པ་སྟེ་རྡོ་རྗེ་འཆང་ངོ༌། །འགྲོ་བའི་སྟོན་པ་ཞེས་པ་འཇིག་རྟེན་གསུམ་གྱི་བླ་མ་ང་ཉིད་དོ། །འཇིག་རྟེན་ང་ཞེས་པ་འཇིག་རྟེན་གསུམ་གྱི་རང་བཞིན་ང་ཉིད་དོ། །འཇིག་རྟེན་པ་ང་ཞེས་པ་འཇིག་རྟེན་གྱི་ལུགས་ཀྱི་རང་བཞིན་ཡང་ང་ཉིད་དོ་ཞེས་པའོ། །ཡང་ན་ང་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་སྟེ། འཆད་པ་པོ་ང་ཞེས་པ་འདིས་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དོ། །ཆོས་ཀྱང་ང་ཞེས་པ་གཉིས་སུ་མེད་པའི་རང་བཞིན་ཆོས་ཀྱི་སྐུའི་བདག་ཉིད་དོ། །ཉན་པར་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་སྒྲུབ་པའི་རང་བཞིན་ཡང་པའོ། །རང་དང་ཚོགས་ལྡན་ཞེས་པ་རང་སེམས་དང་ཚོགས་པ་དབང་པོ་དང་ཡུལ་རྣམས་སོ། །དེ་རྣམས་ལྡན་པ་གཉིས་སུ་མེད་པ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་བཅོམ་ལྡན་འདས་ཞེས་པའོ། །བསྒྲུབ་བྱ་བ་ཞེས་པ་གསུངས་པའི་དོན་ཁོ་ནའོ། །འགྲོ་བའི་སྟོན་པ་ཞེས་པ་འགྲོ་བ་དབང་པོ་རྣམས་སོ། །དེ་རྣམས་ཀྱི་སྟོན་པ་ནི་ངེས་པར་བྱེད་པ་སྟེ། ལྷའི་མིག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ང་ཞེས་པ་ཕུང་པོ་ལྔའི་རང་བཞིན་ང་ཉིད་དོ། །འཇིག་རྟེན་པ་ང་ཞེས་པ་གཟུགས་ལ་སོགས་པ་ཡུལ་གྱི་རང་བཞིན་ཡང་ང་ཉིད་དོ། དེ་ཉིད་ཀྱི་ཕྱིར། ལྷན་ཅིག་སྐྱེས་དགའི་རང་བཞིན་ང༌། །མཆོག་མཐའ་དགའ་བྲལ་དང་པོ་ཅན། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ང་ཉིད་དོ། །མཆོག་མཐའ་དགའ་བྲལ་དང་པོ་ཅན། །ཞེས་པ་མཆོག་གི་མཐའ་ནི་མཆོག་མཐའ་སྟེ། དེ་


DTG003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱུར་པ་ནི་དགའ་བྲལ་ལོ། །དེ་ལྷན་ཅིག་སྐྱེས་པ་གང་གི་དང་པོར་གྱུར་པ་དེ་ནི་མཆོག་མཐའ་དགའ་བྲལ་དང་པོ་ཅན་ཏེ་མ་ནིང་ངོ༌། །ཡང་ན་མཆོག་གི་མཐའ་སྟེ་དང་པོའི་དགའ་བ་གང་གིས་མཐར་གྱུར་པ་དེ་ནི་མཆོག་མཐའོ། །དགའ་བྲལ་ནི་གསུམ་པའི་དགའ་བའོ། །དང་པོ་དང་མཐའ་དག་གིས་བར་གྱི་དགའ་བ་ཡང་སྟེ་མཆོག་ཏུ་མི་འགྱུར་བ་ཉིད་ཀྱིས་ཞུགས་པའི་ཕྱིར་རོ། །གང་གིས་དང་པོ་དགའ་བ་གསུམ་ཡིན་པ་དེ་ནི་ཀཾ །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་མཆོག་མཐའ་དགའ་བྲལ་དང་པོ་ཅན་ནོ། །ཡང་ན་གང༌། མཆོག་གི་རང་བཞིན་ནི་མཐའ་ལྷན་ཅིག་སྐྱེས་པ་སྟེ་མཆོག་མཐའ་མཐའོ། །མཆོག་མཐའི་རང་བཞིན་ནི་དགའ་བྲལ་དང༌། དང་པོ་དགའ་བ་དང་པོ་སྟེ་མཆོག་མཐའ་དགའ་བྲལ་དང་པོའོ། །འདི་དག་གི་ངོ་བོ་ཉིད་ནི་ཀཾ་ཡེ་ཤེས་ཏེ་དགའ་བ་གསུམ་གྱི་བདག་ཉིད་ཅན་ཁོ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་པའོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་པ། །ཞེས་པ་འདིས་འཆད་པ་པོ་ང་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་གྲུབ་བོ་ཞེས་པའོ། །ཡང་ན་མཆོག་མཐའ་ནི་མཐའ་ནི་མཐར་ཐུག་པ་ཉིད་དོ། །ཁྱད་པར་ཅི་ཞེ་ན། མཆོག་རྨད་དུ་བྱུང་བ་སྟེ་འདི་ལ་གཞན་ཅུང་ཟད་ཀྱང་མེད་དོ་ཞེས་པའོ། །དགའ་བྲལ་དང་པོ་ཅན་གང་གི་ཕྱིར་དགའ་བྲལ་ནི་རྣམ་པར་ཆད་པ་ཉམས་པའོ། །དང་པོ་ནི་སྐྱེ་བའོ། །དགའ་བྲལ་དང༌། དང་པོ་ནི་དགའ་བྲལ་དང་པོ་སྟེ། འཇིག་པ་དང་སྐྱེ་བ་དང་དབྱེར་མེད་ཀཾ་ཡེ་ཤེས་སོ་ཞེས་པའོ། །དེ་བཞིན་དུ་ནི་རྟོགས་པ་བུ། །མུན་པ་ལ་ནི་མར་མེ་ལྟར། །ད་བཞིན་དུ་ཞེས་པ་དཔེ་གསུངས་པ་སྟེ་རྟོགས་པ་ཉམས་སུ་མྱོང་བའི་ཡེ་ཤེས་སོ། །བུ་ཞེས་པ་རྡོ་རྗེ་སྙིང་པོ་ལ་བོད་པའོ། །མུན་པ་ལ་སྒྲོན་མ་ཇི་ལྟ་བ་བཞིན་ཏེ་རབ་ཏུ་གསལ་བའི་སྣང་བ་འོད་དང་དབྱེར་མེད་པ་ནི་མུན་པ་སེལ་བར་བྱེད་པ་ཉིད་དོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་འོད་གསལ་བའི་རང་བཞིན་ཏོ། ལྟ་བ་ངན་པ་དང༌། ཉོན་མོངས་བའི་བག་ཆགས་རྗེས་སུ་འབྲེལ་བ་མ་ལུས་པ་རྣམ་པར་སྦྱོང་བར་བྱེད་པ་སྟེ། བླ་མའི་ཞབས་ཀྱི་བཀའ་དྲིན་གྱི་སྤྱོད་ཡུལ་རྟོགས་པ་ན་ཞེས་པའི་དོན་ནོ། །དེ་ནི་ང་ཉིད་དེ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །བཙུན་མོའི་བྷ་ག་བདེ་


DTG003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ། །ཁུ་བའི་མིང་གིས་རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་སྤངས་ནས་དེ་མ་ཡིན། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །ཞེས་པ་འདི་ལ་མཚན་སུམ་ཅུ་རྩ་གཉིས་ཡོད་པའི་ཕྱིར་སུམ་ཅུ་རྩ་གཉིས་མཚན་ཅན་ཏེ་ཕྱག་དང་ཞབས་འཁོར་ལོས་མཚན་པ་ཉིད་དང༌། ཕྱག་དང་ཞབས་ཤིན་ཏུ་གནས་པ་ཉིད་དང༌། ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ་ཉིད་དང༌། ཕྱག་དང་ཞབས་འཇམ་ཞིང་གཞོན་པ་ཉིད་དང༌། བདུན་མཐོ་བ་ཉིད་དང༌། སེར་མོ་རིང་བ་ཉིད་དང༌། རྟིང་པ་ཡངས་པ་ཉིད་དང༌། སྐུ་ཆེ་ཞིང་དྲང་པོ་ཉིད་དང༌། ཞབས་མཐོ་བ་ཉིད་དང༌། སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང༌། བྱིན་པ་ཨེ་ན་ཡའི་བྱིན་པ་ལྟ་བུ་ཉིད་དང༌། ཕྱག་རིང་ཞིང་མཛེས་པ་ཉིད་དང༌། གསང་བའི་གནས་སྦུབས་སུ་ནུབ་པ་ཉིད་དང༌། གསེར་གྱི་མདོག་ཉིད་དང༌། པགས་པ་སྲབ་པ་ཉིད་དང༌། སྤུའི་ཁུང་བུ་རེ་རེ་ནས་སྐྱེས་པ་ཉིད་དང༌། ཞལ་མཛོད་སྤུས་བརྒྱན་པ་ཉིད་དང༌། སྐུ་སྟོད་སེང་གེ་ལྟ་བུ་ཉིད་དང༌། ཕྲག་པ་ལེགས་ཤིང་ཟླུམ་པ་ཉིད་དང༌། ཐལ་གང་རྒྱས་པ་ཉིད་དང༌། རོ་བྲོ་བ་མཁྱེན་པ་ཉིད་དང༌། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང༌། དབུ་གཙུག་ཏོར་དང་ལྡན་པ་ཉིད་དང༌། ལྗགས་ཆེ་ཞིང་སྲབ་པ་ཉིད་དང༌། ཚངས་པའི་དབྱངས་ཉིད་དང༌། སེང་གེའི་འགྲམ་པ་ཉིད་དང༌། ཚེམས་དཀར་བ་ཉིད་དང༌། ཚེམས་མཉམ་པ་ཉིད་དང༌། ཚེམས་སྙོམས་པ་ཉིད་དང༌། ཚེམས་བཞི་བཅུ་ཚང་བ་ཉིད་དང༌། སྤྱན་མཐོན་མཐིང་ཉིད་དང༌། སྤྱན་ཀྱི་རྫིམ་པའི་ལྟ་བུ་ཉིད་དོ་ཞེས་པ་མཚན་སུམ་ཅུ་རྩ་གཉིས་པོ་རྣམས་བཅོམ་ལྡན་འདས་ཀྱི་མཆོག་ཏུ་གྱུར་པ་ཉིད་དོ། ཤེས་རབ་དང་ཐབས་རྣམ་པར་དག་པ་དབྱངས་བཅུ་དྲུག་ཉིས་འགྱུར་ཡོངས་སུ་གྱུར་པ་ཉིད་ལས་ཞེས་དགོངས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་དང་བཅས་པ་ལྟེ་བ་དང་བཅས་པ་མངའ་བའི་ཕྱིར་ཕྱག་དང་ཞབས་འཁོར་ལོས་མཚན་པ་ཉིད་དོ། །ཕྱག་དང་ཞབས་དག་མཐིལ་མཉམ་པ་ཉིད་ལས་ས་ལ་བཞག་པ་ན་མི་འབབ་པ་མེད་པའི་ཕྱིར་ཕྱག་དང་ཞབས་ཤིན་ཏུ་གནས་པ་ཉིད་དོ། །ངང་བའི་རྒྱལ་


DTG003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྐང་པ་ལྟ་བུ་མངའ་བའི་ཕྱིར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པ་ཉིད་དོ། །ཕྱག་དང་ཞབས་ཤིང་བལ་དང་མཚུངས་པའི་ཕྱིར་ཕྱག་དང་ཞབས་འཇམ་ཞིང་གཞོན་པ་ཉིད་དོ། །ཕྱག་དང་ཞབས་ཐལ་གོང་དང་མགྲིན་པ་རྒྱས་པའི་ཕྱིར་བདུན་མཐོ་བ་ཉིད་དོ། །ཕྱག་དང་ཞབས་ཀྱི་སོར་མོ་རིང་བ་ཉིད་ཀྱི་ཕྱིར་སོར་མོ་རིང་བ་ཉིད་དོ། །ཞབས་ཀྱི་རྟིང་པ་ཡངས་པ་ཉིད་ཀྱི་ཕྱིར་རྟིང་བ་ཡངས་པ་ཉིད་དོ། །སྐུ་བདུན་མཐོ་ཞིང་ཡོན་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་སྐུ་ཆེ་ཞིང་དྲང་པོ་ཉིད་དོ། །བུས་མོ་དང་ལོང་བུ་མི་མངོན་ཞིང་མཐོ་བ་ཉིད་ཀྱི་ཕྱིར་ཞབས་མཐོ་བ་ཉིད་དོ། །བ་སྤུ་གཡས་སྐོར་དུ་འཁྱིལ་པ་ཉིད་ཀྱི་ཕྱིར་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དོ། །རིམ་གྱིས་རྒྱས་ཤིང་ཟླམ་པའི་ཕྱིར་དང་ཉེ་བར་གཞོམ་པ་མེད་པ་ཉིད་ཀྱི་ཕྱིར་བྱིན་པ་ཨེ་ན་ཡའི་ལྟ་བུ་ཉིད་དོ། མཉམ་ཞིང་རྒྱས་པའི་ཕྱིར་དང་བརྐྱང་པས་ཕྱག་གི་མཐིལ་དག་གི་པུས་མོའི་ལྷ་ང་སླེབ་པའི་ཕྱིར་ཕྱག་རིང་ཞིང་མཛེས་པ་ཉིད་དོ། །གསང་བའི་གནས་མཆོག་སྦུབས་སུ་ནུབ་ཅིང་མི་མངོན་པ་ཉིད་ཀྱི་ཕྱིར་གསང་བའི་གནས་སྦུབས་སུ་ནུབ་པ་ཉིད་དོ། །མདོག་གསེར་ལྟ་བུ་ཉིད་ཀྱི་ཕྱིར་གསེར་གྱི་མདོག་ཉིད་དོ། །རྡུལ་གྱིས་ཉེ་བར་གོས་པ་མེད་པ་ཉིད་ཀྱི་ཕྱིར་པགས་པ་སྲབ་པ་ཉིད་དོ། །སྤུའི་ཁུང་བུ་ནས་གཉིས་པ་མ་ཡིན་པ་ཉིད་ཀྱི་ཕྱིར། སྤུའི་ཁུང་བུ་རེ་རེ་ནས་སྐྱེས་པ་ཉིད་དོ། །གཟི་བརྗིད་ཆེན་པོའི་མཛོད་སྤུས་སྨིན་མའི་བར་བརྒྱན་པ་ཉིད་ཀྱི་ཕྱིར་ཞལ་མཛོད་སྦུས་བརྒྱན་པ་ཉིད་དོ། །སྐུ་སྟོད་རྣམ་པར་རྒྱས་པ་ཉིད་ཀྱི་ཕྱིར་སྐུ་སྟོད་སེང་གེ་ལྟ་བུ་ཉིད་དོ། །དཔུང་མགོ་ཀུན་ནས་རྒྱས་པ་ཉིད་ཀྱི་ཕྱིར་ཕྲག་པ་ལེགས་ཤིང་ཟླུམ་པ་ཉིད་དོ། །ཟླུམ་ཤིང་རྒྱས་པ་ཉིད་ཀྱི་ཕྱིར་ཐལ་གོང་རྒྱས་པ་ཉིད་དོ། །རླུང་ལ་སོགས་པ་རྣམས་ཀྱིས་ཉེ་བར་མ་བསྣུན་པའི་རོ་བྱེད་པ་ཉིད་ཀྱི་ཕྱིར་རོ་བྲོ་བ་ཉིད་དོ། །དཀྱུས་དང་ཞེང་མཉམ་པ་ཉིད་ཀྱི་ཕྱིར་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དོ། །དབུའི་གཙུག་ཏོར་ཟླུམ་ཞིང་ཡོངས་སུ་རྫོགས་པ་གཡས་སུ་འཁྱིལ་པ་མངའ་བ་ཉིད་ཀྱི་ཕྱིར་དབུ་གཙུག་ཏོར་དང་ལྡན་པ་ཉིད་དོ། །ཨུཏྤལ་དམར་པོའི་འདབ་མ་དང་མཚུངས་པའི་ཁ་དོག་གིས་ཁྱབ་པ་ཉིད་ཀྱི་ཕྱིར་ལྗགས་ཆེ་ཞིང་སྲབ་པ་ཉིད་དོ། །དབྱིག་གི་སྙིང་པོའི་ལྟ་བུར་དབྱངས་སྙན་པ་ཉིད་ཀྱི་ཕྱིར་ཚངས་བའི་


DTG003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཉིད་དོ། །འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟ་བུར་འོད་གསལ་ཞིང་ཤིན་ཏུ་ཟླུམ་པ་ལྟ་བུར་བྱ་བ་ཉིད་ཀྱི་ཕྱིར་སེང་གེའི་འགྲམ་པ་ཉིད་དོ། །ཀུནད་དང་ཟླ་བ་ལྟ་བུར་དཀར་བ་ཉིད་ཀྱི་ཕྱིར་ཚེམས་དཀར་བ་ཉིད་དོ། །མཐོན་དམན་དུ་གྱུར་པ་མེད་པ་ཉིད་ཀྱི་ཕྱིར་ཚེམས་མཉམ་པ་ཉིད་དོ། །འོག་དང་སྟེང་ལ་ལྷག་ཆད་མེད་པ་ཉིད་ཀྱི་ཕྱིར་ཚེམས་མ་ཚང་བ་མེད་པ་ཉིད་དོ། །མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་ཚེམས་བཞི་བཅུ་ཚང་བ་ཉིད་དོ། །དཀར་པོ་དང་ནག་པོའི་ཕྱོགས་ཉམས་པ་མེད་པ་ཉིད་ཀྱི་ཕྱིར་སྤྱན་མཐོན་མཐིང་ཉིད་དོ། །སྟེང་དང་འོག་ཏུ་གནས་པའི་རྫི་མ་མ་འཛིངས་པའི་ཕྱིར་དང་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་སྤྱན་གྱི་རྫི་མ་བའི་ལྟ་བུ་ཉིད་དོ་ཞེས་པ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྟག་ཏུ་འབྱུང་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཞེས་པའི་དོན་ནོ། །སྟོན་པ་ཞེས་པ་དེ་ལྟར་གྱུར་པའི་མཚན་དང་ལྡན་པའི་སྤྲུལ་པའི་སྐུའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་འགྲོ་བའི་དོན་ལ་རབ་ཏུ་འཇུག་པའོ། །དཔེ་བྱད་བརྒྱད་ཅུ་དང་ལྡན་ཞེས་པ་ཀ་ཡིག་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་རྣམས་དང༌། ཌ་ཌྷ་ད་དྷ་ཡ་ལ་གསལ་བྱེད་དྲུག་པོ་རྣམས་ཅུང་ཟད་གསལ་བ་རྗེས་སུ་ཞུགས་པ་ལས་གསལ་བྱེད་བཞི་བཅུ་སྟེ། དེ་རྣམས་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིས་འགྱུར་གསལ་བྱེད་བརྒྱད་ཅུ་ཡོངས་སུ་གྱུར་པའི་རང་བཞིན་ལས་དཔེ་བྱད་བརྒྱད་ཅུའོ། །དེ་ལ་སེན་མོ་ཟངས་ཀྱི་མདོག་ཉིད་དོ་ཞེས་པ་དཔེ་བྱད་གཅིག་སྟེ། བཅོམ་ལྡན་འདས་ཀྱི་འདྲ་བའི་མཚན་མའོ། །སེན་མོ་སྣུམ་པ་ཉིད་དང༌། སེན་མོ་མཐོ་བ་ཉིད་དང༌། སོར་མོ་ཟླུམ་པ་ཉིད་དང༌། སོར་མོ་རྒྱས་པ་ཉིད་དང༌། སོར་མོ་བྱིན་གྱིས་ཕྲ་བ་ཉིད་དང༌། རྩ་མི་མངོན་ཞིང་མཛེས་པ་ཉིད་དང༌། རྩ་མདུད་པ་མེད་པ་ཉིད་དང༌། ཞབས་མི་མཉམ་པ་མེད་པ་ཉིད་དོ། །སེང་གེའི་སྟབས་སུ་གཤེགས་པ་ཉིད་དང༌། གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང༌། ངང་པའི་རྒྱལ་པོའི་སྟབས་སུ་གཤེགས་པ་ཉིད་དང༌། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང༌། གཡས་སྐོར་དུ་གཤེགས་པ་ཉིད་དང༌། མཛེས་པར་གཤེགས་པ་ཉིད་དང༌། སྐུ་ཡོན་པོ་མ་ཡིན་པ་ཉིད་


DTG003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐུ་འཁྲིལ་བག་ཆགས་པ་ཉིད་དང༌། སྐུ་བྱི་དོར་བྱས་པ་ཉིད་དང༌། སྐུ་རིམ་པར་འཚམ་པ་ཉིད་དང༌། སྐུ་གཙང་བ་ཉིད་དང༌། སྐུ་འཇམ་པ་ཉིད་དང༌། སྐུ་རྣམ་པར་དག་པ་ཉིད་དང༌། མཚན་ཡོངས་སུ་རྫོགས་པ་ཉིད་དང༌། སྐུའི་དཀྱིལ་འཁོར་ཡངས་ཤིང་མཛེས་པ་ཉིད་དང༌། སྤྱན་མཉམ་པ་ཉིད་དང༌། སྤྱན་རྣམ་པར་དག་པ་ཉིད་དང༌། སྐུ་ཤིན་ཏུ་གཞོན་པ་ཉིད་དང༌། སྐུ་ཞུམ་པ་མེད་པ་ཉིད་དང༌། སྐུ་རྒྱས་པ་ཉིད་དང༌། སྐུ་ཤིན་ཏུ་གྲིམས་པ་ཉིད་དང༌། ཡན་ལག་དང་ཉིང་ལག་མཛེས་ཤིང་རྣམ་པར་ཕྱེད་པ་ཉིད་དང༌། གཟིགས་པ་རབ་རིབ་མེད་ཅིང་དག་པ་ཉིད་དང་དཀུ་ཟླུམ་པ་ཉིད་དང༌། དཀུ་སྐབས་ཕྱིན་པ་ཉིད་དང༌། དཀུ་མ་ཞོམ་པ་ཉིད་དང༌། ཕྱལ་ཕྱང་དེ་བ་ཉིད་དང༌། ལྟེ་བ་ཟབ་པ་ཉིད་དང༌། ལྟེ་བ་གཡས་སུ་འཁྱིལ་པ་ཉིད་དང༌། ཀུན་ནས་མཛེས་པ་ཉིད་དང༌། ཀུན་དུ་སྤྱོད་པ་གཅང་བ་ཉིད་དང༌། སྐུ་སྨེ་བ་མེད་པ་ཉིད་དང༌། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང༌། ཕྱག་གི་རི་མོ་སྣུམ་པ་ཉིད་དང༌། ཕྱག་གི་རི་མོ་ཟབ་པ་ཉིད་དང༌། ཕྱག་གི་རི་མོ་རིང་བ་ཉིད་དང༌། ཞལ་ཧ་ཅང་མི་རིང་བ་ཉིད་དང༌། མཆུ་བིམྦ་ལྟ་བུ་གཟུགས་བརྙན་འཆར་དུ་རུང་བ་ཉིད་དང༌། ལྗགས་མཉེན་པ་ཉིད་དང༌། ལྗགས་སྲབ་པ་ཉིད་དང༌། ལྗགས་དམར་བ་ཉིད་དང༌། དབྱངས་གླང་པོ་ཆེ་དང་སྤྲིན་གྱི་སྒྲ་ལྟ་བུ་ཉིད་དང༌། གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང༌། མཆེ་བ་ཟླུམ་པ་ཉིད་དང༌། མཆེ་བ་རྣོ་བ་ཉིད་དང༌། མཆེ་བ་དཀར་བ་ཉིད་དང༌། མཆེ་བ་མཉམ་པ་ཉིད་དང༌། མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང༌། ཤངས་མཐོ་བ་ཉིད་དང༌། ཤངས་གཙང་བ་ཉིད་དང༌། སྤྱན་ཡངས་པ་ཉིད་དང༌། རྫིམ་སྟུག་པ་ཉིད་དང༌། སྤྱན་དཀར་ནག་བྱེད་ཅིང་པདྨའི་འདབ་མ་ལྟ་བུ་ཉིད་དང༌། སྨིན་མ་ཟུང་ཚུགས་རིང་བ་ཉིད་དང༌། སྨིན་མ་ཟུང་སྤུ་མཉམ་པ་ཉིད་དང༌། སྨིན་མ་ཟུང་སྣུམ་པ་ཉིད་དང༌། སྙན་སྟུག་ཅིང་རྒྱས་པ་ཉིད་དང༌། སྙན་མཉམ་པ་ཉིད་དང༌། སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང༌། དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང༌། དཔྲལ་བ་ཡངས་པ་ཉིད་དང༌། ཡན་ལག་མཆོག་ལེགས་པར་ཡོངས་སུ་རྫོགས་པ་ཉིད་དང༌། དབུ་སྐྲ་བུང་བ་ལྟ་བུ་ཉིད་དང༌། དབུ་སྐྲ་སྟུག་པ་


DTG003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང༌། དབུ་སྐྲ་སྣུམ་པ་ཉིད་དང༌། དབུ་སྐྲ་མ་འཛིངས་པ་ཉིད་དང༌། དབུ་སྐྲ་མི་བཤོར་བ་ཉིད་དང༌། དབུ་སྐྲ་དྲི་ཞིམ་པ་ཉིད་དང༌། ཕྱག་དང་ཞབས་ཀྱི་མཐིལ་དཔལ་གྱི་བེའུ་དང༌། བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་ལེགས་པར་བརྒྱན་པ་ཉིད་དོ་ཞེས་པ་སྟེ། དེ་ནི་དེ་ལྟར་དཔེ་བྱད་བརྒྱད་ཅུ་པོ་རྣམས་རྟག་ཏུ་འབྱུང་བ་གང་ཡིན་པའོ། །དེ་ལ་ཐུགས་འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱིར་སེན་མོ་ཟངས་ཀྱི་མདོག་ཉིད་དོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ཉིད་ཀྱི་ཕྱིར་སེན་མོ་སྣུམ་པ་ཉིད་དོ། །རིགས་མཐོན་པོར་འཁྲུངས་པ་ཉིད་ཀྱི་ཕྱིར་སེན་མོ་མཐོ་བ་ཉིད་དོ། །འཇུག་པ་ཁ་ན་མཐོ་པ་མེད་པ་ཉིད་ཀྱི་ཕྱིར་སོར་མོ་ཟླུམ་པ་ཉིད་དོ། །དགེ་བའི་རྩ་བ་ཉེ་བར་བསགས་པ་ཉིད་ཀྱི་ཕྱིར་སོར་མོ་རྒྱས་པ་ཉིད་དོ། །དགེ་བའི་རྩ་བ་རིམ་གྱིས་ཉེ་བར་བསྒྲུབས་པ་ཉིད་ཀྱི་ཕྱིར་སོར་མོ་བྱིན་གྱིས་ཕྲ་བ་ཉིད་དོ། །ལུས་ལ་སོགས་པའི་ལས་དང་འཚོ་བ་སྲུང་ཤིང་མཛེས་པ་ཉིད་ཀྱི་ཕྱིར་རྩ་མི་མངོན་ཞིང་མཉེན་པ་ཉིད་དོ། །ཉོན་མོངས་པའི་མདུད་པ་འབྱེད་པ་ཉིད་ཀྱི་ཕྱིར་རྩ་མདུད་པ་མེད་པ་ཉིད་དོ། །སྦས་པའི་ཆོས་ཀྱི་བློ་གྲོས་མངའ་བ་ཉིད་ཀྱི་ཕྱིར་ལོང་བུ་མི་མངོན་པ་ཉིད་དོ། །བགྲོད་པར་དཀའ་བ་ཐམས་ཅད་ལས་ངེས་པར་གྲོལ་བར་བྱེད་པ་ཉིད་ཀྱི་ཕྱིར་ཞབས་མི་མཉམ་པ་མེད་པ་ཉིད་དོ། །སྐྱེས་བུ་སེང་གེ་ཉིད་ཀྱི་ཕྱིར་སེང་གེའི་སྟབས་སུ་གཤེགས་པ་ཉིད་དོ། །སྐྱེས་བུ་གླང་པོ་ཆེ་ཉིད་ཀྱི་ཕྱིར་གླང་པོ་ཆེའི་ལྟབས་སུ་གཤེགས་པ་ཉིད་དོ། །དང་པའི་རྒྱལ་པོ་ལྟ་བུར་ནམ་མཁའ་ལ་གཤེགས་པ་ཉིད་ཀྱི་ཕྱིར་ངང་པའི་རྒྱལ་པོའི་སྟབས་སུ་གཤེགས་པ་ཉིད་དོ། །སྐྱེས་བུ་ཁྱུ་མཆོག་ཉིད་ཀྱི་ཕྱིར་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དོ། །གཡས་སྐོར་གྱི་ལམ་ཉིད་ཀྱི་ཕྱིར་གཡས་སྐོར་དུ་གཤེགས་པ་ཉིད་དོ། །མཛེས་པ་གཟིགས་པ་ཉིད་ཀྱི་ཕྱིར་མཛེས་པར་གཤེགས་པ་ཉིད་དང༌། རྟག་ཏུ་བློ་གྲོས་ཡོན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་སྐུ་ཡོན་པོ་མ་ཡིན་པ་ཉིད་དོ། །ཡོན་ཏན་རྣམ་པར་དག་པ་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་སྐུ་འཁྲིལ་བག་ཆགས་པ་ཉིད་དོ། །ཆོས་སྡིག་པ་དང་མ་འགགས་པ་ཉིད་ཀྱི་ཕྱིར་


DTG003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དོ། །རིམ་པར་འཚམ་པའི་ཆོས་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་སྐུ་རིམ་པར་འཚམ་པ་ཉིད་དོ། །སྐུ་ལ་སོགས་པའི་ཀུན་སྤྱོད་གཙང་བ་མངའ་བ་ཉིད་ཀྱི་ཕྱིར་སྐུ་གཙང་བ་ཉིད་དོ། །ཐུགས་འཇམ་པའི་རང་བཞིན་ཉིད་ཀྱི་ཕྱིར་སྐུ་འཇམ་པ་ཉིད་དོ། །ཐུགས་རྣམ་པར་དག་པའི་རང་བཞིན་ཉིད་ཀྱི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དོ། །ཆོས་འདུལ་བ་ལ་ལེགས་པར་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་མཚན་ཡོངས་སུ་རྫོགས་པ་ཉིད་དོ། །ཡོན་ཏན་ཡངས་ཤིང་ཡིད་འཕྲོག་པ་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་སྐུའི་དཀྱིལ་འཁོར་ཡངས་ཤིང་མཛེས་བ་ཉིད་དོ། །སེམས་ཅན་ཐམས་ཅད་ལ་ཐུགས་ཐུན་མོང་པ་ཉིད་ཀྱི་ཕྱིར་སྤྱན་མཉམ་པ་ཉིད་དོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པ་ཉིད་ཀྱི་ཕྱིར་སྤྱན་རྣམ་པར་དག་པ་ཉིད་དོ། །ཆོས་ཤིན་ཏུ་གོ་སླ་བ་སྟོན་པ་ཉིད་ཀྱི་ཕྱིར་སྐུ་ཤིན་ཏུ་གཞོན་པ་ཉིད་དོ། །ཐུགས་རྟག་ཏུ་ཞུམ་པ་མེད་པ་ཉིད་ཀྱི་ཕྱིར་སྐུ་ཞུམ་པ་མེད་པ་ཉིད་དོ། །དགེ་བའི་རྩ་བ་རྒྱས་པ་ཉིད་ཀྱི་ཕྱིར་སྐུ་རྒྱས་པ་ཉིད་དོ། །ཡང་སྲིད་པ་ཟབ་ཅིང་བཅོམ་པ་ཉིད་ཀྱི་ཕྱིར་སྐུ་ཤིན་ཏུ་གྲིམས་པ་ཉིད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་དང༌། དེའི་ཉིད་ལག་ཤིན་ཏུ་ཕྱེད་པ་ཉིད་ཀྱི་ཕྱིར་ཡན་ལག་དང་ཉིང་ལག་མཛེས་ཤིང་རྣམ་པར་ཕྱེད་པ་ཉིད་དོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་གཟིགས་པ་ཉིད་ཀྱི་ཕྱིར་གཟིགས་པ་རབ་རིབ་མེད་ཅིང་དག་པ་ཉིད་དོ། །བསླབ་པའི་འཇུག་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་དཀུ་ཟླུམ་པ་ཉིད་དོ། །སྲིད་པའི་སྐྱོན་དང་མ་སྤགས་པ་ཉིད་ཀྱི་ཕྱིར་དཀུ་སྐབས་ཕྱིན་པ་ཉིད་དོ། །ང་རྒྱལ་གྱི་རི་བཅོམ་པ་ཉིད་ཀྱི་ཕྱིར་སྐུ་མ་ཞོམ་པ་ཉིད་དོ། །ཆོས་ཟད་པ་རྣམ་པར་བཟློག་པ་ཉིད་ཀྱི་ཕྱིར་ཕྱལ་ཕྱང་ངེ་བ་ཉིད་དོ། །མཆོག་ཏུ་ཟབ་པའི་ཆོས་རབ་ཏུ་རྟོགས་པ་ཉིད་ཀྱི་ཕྱིར་ལྟེ་བ་ཟབ་པ་ཉིད་དོ། །ཡོན་གནས་ཀྱི་སློབ་མ་འཛིན་ཅིང་རིགས་པ་ཉིད་ཀྱི་ཕྱིར་ལྟེ་བ་གཡས་སུ་འཁྱིལ་པ་ཉིད་དོ། །སློབ་མ་ཀུན་ནས་མཛེས་ཤིང་མཉམ་པ་འདུས་པ་ཉིད་ཀྱི་ཕྱིར་ཀུན་ནས་མཛེས་པ་ཉིད་དོ། །ཐུགས་ཤིན་ཏུ་གཙང་བ་ཉིད་ཀྱི་ཕྱིར་ཀུན་དུ་སྤྱོད་པ་གཙང་བ་ཉིད་དོ། །ཆོས་འདུལ་བ་ཉེ་བར་སྟོན་པ་དུས་མ་ཡིན་པ་དང་བྲལ་བ་ཉིད་ཀྱི་ཕྱིར་སྐུ་སྨེ་བ་མེད་པ་ཉིད་དོ། །སྐུ་ཡངས་


DTG003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཤིང་བལ་ལྟར་འཇམ་པ་རབ་ཏུ་བརྙེས་པའི་ཆོས་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དོ། །སྐྱེས་བུ་སྣུམ་ཞིང་མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་རབ་ཏུ་བརྙེས་པ་ཉིད་ཀྱི་ཕྱིར་ཕྱག་གི་རི་མོ་སྣུམ་པ་ཉིད་དོ། །མཆོག་ཏུ་ཟབ་མོ་ལ་བརྟན་པར་གནས་པ་ཉིད་ཀྱི་ཕྱིར་ཕྱག་གི་རི་མོ་ཟབ་པ་ཉིད་དོ། །ཡངས་ཤིང་རྒྱ་ཆེ་བའི་ཆོས་སྟོན་པ་ཉིད་ཀྱི་ཕྱིར་ཕྱག་གི་རི་མོ་རིང་བ་ཉིད་དོ། །བསླབ་པའི་གནས་ཧ་ཅང་མང་པོ་མ་ཡིན་པ་འཆའ་བ་ཉིད་ཀྱི་ཕྱིར་ཞལ་ཧ་ཅང་མི་རིང་བ་ཉིད་དོ། །འཇིག་རྟེན་ཐམས་ཅད་གཟུགས་བརྙན་ལྟ་བུར་རྟོགས་པ་ཉིད་ཀྱི་ཕྱིར་མཆུ་བིམྦ་ལྟ་བུ་གཟུགས་བརྙན་འཆར་དུ་རུང་བ་ཉིད་དོ། །འཇམ་པའི་རིམ་པས་འདུལ་བ་ཉིད་ཀྱི་ཕྱིར་ལྗགས་མཉེན་པ་ཉིད་དོ། །སྐྱོན་སྲབ་མོར་མཛད་པ་ཉིད་ཀྱིས་ཡོན་ཏན་སྲབ་མོ་མ་ཡིན་པ་བརྙེས་པ་ཉིད་ཀྱི་ཕྱིར་ལྗགས་སྲབ་པ་ཉིད་དོ། །ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་ཉིད་ཀྱི་ཕྱིར་ལྗགས་དམར་བ་ཉིད་དོ། །གླང་པོ་ཆེའི་སྒྲ་དང་སྤྲིན་གྱི་སྒྲ་རྣམས་ལ་བསྙེངས་པ་མེད་པ་ཉིད་ཀྱི་ཕྱིར་དབྱངས་གླང་པོ་ཆེ་དང་སྤྲིན་གྱི་སྒྲ་ལྟ་བུ་ཉིད་དོ། །དབྱངས་ཤིན་ཏུ་མཉེན་ཅིང་ཡིད་འཕྲོག་པ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་ཕྱིར་གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དོ། །སྲིད་པའི་ཀུན་དུ་སྦྱོར་བ་སྤངས་པ་ཉིད་ཀྱི་ཕྱིར་མཆེ་བ་ཟླུམ་པ་ཉིད་དོ། །སྐྱེ་བོ་རྣོན་པོ་འདུལ་བར་མཁས་པ་ཉིད་ཀྱི་ཕྱིར་མཆེ་བ་རྣོ་བ་ཉིད་དོ། །ཆོས་འདུལ་བར་དཀའ་བ་ཉིད་ཀྱི་ཕྱིར་མཆེ་བ་དཀར་བ་ཉིད་དོ། །མཉམ་པའི་སའི་ཆར་ལེགས་པར་གནས་པ་ཉིད་ཀྱི་ཕྱིར་མཆེ་བ་མཉམ་པ་ཉིད་དོ། །མངོན་པར་རྟོགས་པ་མཐར་གྱིས་ཉེ་བར་སྟོན་པ་ཉིད་ཀྱི་ཕྱིར་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དོ། །ཤེས་རབ་ཀྱི་རི་བོ་མཐོན་པོར་གནས་པ་ཉིད་ཀྱི་ཕྱིར་ཤངས་མཐོ་བ་ཉིད་དོ། །གདུལ་བྱའི་སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་མངའ་བ་ཉིད་ཀྱི་ཕྱིར་ཤངས་གཙང་བ་ཉིད་དོ། །སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཡངས་པ་གཟིགས་པ་ཉིད་ཀྱི་ཕྱིར་སྤྱན་ཡངས་པ་ཉིད་དོ། །སེམས་ཅན་སྟུག་པོའི་དོན་བྱེད་པ་ཉིད་ཀྱི་ཕྱིར་རྫི་མ་སྟུག་བ་ཉིད་དོ། །སྤྱན་དཀར་ནག་ཕྱེད་ཅིང་པདྨའི་འདབ་


DTG003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟ་བུ་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་མང་པོ་རྣམས་ཀྱིས་ཀུན་དུ་དགའ་བར་བྱས་པ་ཉིད་ཀྱི་ཕྱིར་སྤྱན་དཀར་ནག་ཕྱེད་ཅིང་པདྨའི་འདབ་མ་ལྟ་བུ་ཉིད་དོ། །རྟག་ཏུ་གཟིགས་པ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་སྨིན་མ་ཟུང་ཚུགས་རིང་བ་ཉིད་དོ། །སྐྱོན་མཐའ་དག་མཁྱེན་པ་ཉིད་ཀྱི་ཕྱིར་སྨིན་མ་ཟུང་སྤུ་མཉམ་པ་ཉིད་དོ། །བྱམས་པ་ལ་སོགས་པ་དགེ་བའི་རྩ་བའི་བསོད་ནམས་ཉེ་བར་བསགས་པས་རྒྱུད་སྣུམ་ཞིང་འདུལ་བའི་སྐྱེ་བོ་མཉེན་པ་ཉིད་ཀྱི་ཕྱིར་སྨིན་མ་ཟུང་སྣུམ་པ་ཉིད་དོ། །མཆོག་ཏུ་སྟུག་ཅིང་རྒྱས་པ་མངའ་བ་ཉིད་ཀྱི་ཕྱིར་སྙན་སྟུག་ཅིང་རྒྱས་པ་ཉིད་དོ། །བདུད་རོ་མཉམ་པར་བཏུལ་བ་ཉིད་ཀྱི་ཕྱིར་སྙན་མཉམ་པ་ཉིད་དོ། །སེམས་ཉམས་པ་མེད་པར་རྣམ་པར་འདྲེན་པ་ཉིད་ཀྱི་ཕྱིར་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དོ། །ལྟ་བས་བྱས་པའི་སྐྱོན་ཐམས་ཅད་ཡོངས་སུ་གྱུར་པའི་ཆོས་ཉིད་ཀྱི་ཕྱིར་དཔྲལ་བ་ལེགས་པར་འབྱེས་པ་ཉིད་དོ། །དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ཕས་ཀྱི་རྒོལ་བ་རབ་ཏུ་བཅོམ་པ་ཉིད་ཀྱི་ཕྱིར་དཔྲལ་བ་ཡངས་པ་ཉིད་དོ། །མཆོག་གི་སྨོན་ལམ་ལེགས་པར་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་ཡན་ལག་མཆོག་ལེགས་པར་ཡོངས་སུ་རྫོགས་པ་ཉིད་དོ། །ཡུལ་གྱི་མེ་ཏོག་དང་སྦྲང་རྩི་རྣམས་ལ་དབང་པོའི་བུང་བ་དགའ་བ་རྣམ་པར་བཟློག་པ་ཉིད་ཀྱི་ཕྱིར་དབུ་སྐྲ་བུང་བ་ལྟ་བུ་ཉིད་དོ། །མཐོང་བ་དང་བསྒོམ་པ་ལེགས་པར་བསྒྲུབས་པས་བག་ལ་ཉལ་རབ་ཏུ་སྤངས་པ་ཉིད་ཀྱི་ཕྱིར་དབུ་སྐྲ་སྟུག་པ་ཉིད་དོ། །བསྟན་པའི་སྙིང་པོ་མཉེན་པའི་བློ་ཡིས་མངོན་པར་ཤེས་པ་ཉིད་ཀྱི་ཕྱིར་དབུ་སྐྲ་སྣུམ་པ་ཉིད་དོ། །རྟག་ཏུ་འཁྲུག་པ་མེད་པའི་ཐུགས་མངའ་བ་ཉིད་ཀྱི་ཕྱིར་དབུ་སྐྲ་མ་འཛིངས་པ་ཉིད་དོ། །རྟག་ཏུ་གསུང་མི་རྩུབ་པ་ཉིད་ཀྱི་ཕྱིར་དབུ་སྐྲ་མི་བཤོར་བ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་དྲི་ཞིམ་པའི་མེ་ཏོག་ལྷག་པར་མངའ་བ་ཉིད་ཀྱི་ཕྱིར་དབུ་སྐྲ་དྲི་ཞིམ་པ་ཉིད་དོ། །ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པ་ལ་སོགས་པས་བརྒྱན་པ་ལེགས་པར་བརྒྱན་ཅིང་མཛེས་པ་ཉིད་ཀྱི་ཕྱིར་ཕྱག་དང་ཞབས་ཀྱི་མཐིལ་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་ལེགས་པར་བརྒྱན་པ་ཉིད་དོ་ཞེས་པ་སྟེ། དེ་ལྟར་དཔེ་བྱད་བརྒྱད་ཅུ་པོ་རྣམས་རྟག་ཏུ་


DTG003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་གང་ཡིན་པའོ། །མཚན་དང་དཔེ་བྱད་ཀྱི་གཞི་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ནི་སྤྲུལ་པའི་སྐུ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་དང་དབྱེར་མེད་པ་ཉིད་ཀྱིས་སོ། །གཙོ་བོ་ཞེས་པ་ལ་འདིས་དེ་ཉིད་ཆོས་ཀྱི་སྐུའི་བདག་ཉིད་ཀྱང་སྟེ། དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱི་ཕྱིར་རོ། །བསྐྱེད་པའི་རིམ་པ་དང་དབྱེར་མེད་པ་ཁོ་ན་རྫོགས་པའི་རིམ་པ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་པ་སྟེ། བསྐྱེད་པ་ཡིས་ནི་དགོས་པ་ཅི། །ཞེས་གང་ཞིག་རྡོ་རྗེ་སྙིང་པོའི་རྣམ་པར་རྟོག་པ་དེ་ནི་རྣམ་པ་ཐམས་ཅད་དུ་མི་རིགས་པ་ཁོ་ནའོ་ཞེས་པའོ། །ལུས་དངོས་མེད་ན་གང་ལས་བདེ། །ཞེས་པ་ལ་སོགས་པ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ལྡན། ཞེས་པའི་བར་གྱིས་བཅོམ་ལྡན་འདས་ཀྱི་བསྐྱེད་པའི་རིམ་པ་ཉིད་རྫོགས་པ་དང༌། རྫོགས་པ་ཉིད་བསྐྱེད་པའོ་ཞེས་པ་སྟེ། འདི་དག་གཉིས་སུ་མེད་ཅིང་གཅད་དུ་མེད་པའོ། །འོན་ཀྱང་དབྱངས་བཅོ་ལྔ་ཡོངས་སུ་གྱུར་པ་ཉིད་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔ་རྣམས་ཏེ། དེ་རྣམས་ཀྱང་རྣམ་པར་བཅད་པའི་མཐའ་དབྱངས་བཅུ་དྲུག་རྣམ་པར་དག་པ་ཤེས་རབ་དང་ཐབས་རྣམ་པར་དག་པ་ཉིས་འགྱུར་ཉིད་ཀྱིས་རྩ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ཕྱག་ཞབས་ཞེས་པ་ལ་སོགས་པ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། ཆ་དང་བྲལ་བའི་རང་བཞིན་མཁའ་འགྲོ་མ་ཡོངས་སུ་གྱུར་པ་སྤྲུལ་པའི་སྐུ་ཉིད་རེ་ཞིག་ཐོབ་པར་འགྱུར་རོ། །གསལ་བྱེད་རྣམས་ཀྱང་དེ་བཞིན་གཤེགས་པ་ལ་སོགས་པ་ཡོངས་སུ་གྱུར་པ་རྣམ་པར་དག་པ་ཐབས་ཀྱི་རང་བཞིན་སྤྲུལ་པའི་སྐུའི་བདག་ཉིད་ཅན་ཏེ། ཐུགས་འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱིར་སེན་མོ་ཟངས་ཀྱི་མདོག་ཉིད་དོ་ཞེས་པ་ལ་སོགས་པ་རྣམ་པར་ཤེས་པ་རྣམ་པར་དག་པ་གསུངས་པས་ཆོས་ཀྱི་སྐུ་རབ་ཏུ་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་དེ། དེ་ལ། ཌ་ཌྷ་ད་དྷ་ཡ་ལ་ཅུང་ཟད་གསལ་བའི་ཡི་གེ་དྲུག་བསྣན་པ་ལས་དབྱངས་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུའི་རང་བཞིན་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་


DTG003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རེ་ཞིག་སྤྲུལ་པ་དང་ཆོས་ཀྱི་སྐུར་ཡང་འགྱུར་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཁོ་ན་སྐུ་གསུམ་སྟེ། རྣམ་པ་གཞན་མ་ཡིན་ནོ་ཞེས་པའོ། །ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཁོ་ན་ཡང་དག་པའི་ཡེ་ཤེས་ཡིན་པའི་ཕྱིར་བསྐྱེད་པ་ལས་གཞན་པའི་རྫོགས་པ་མེད་དེ། དབྱེར་མེད་ཅིང་གཉིས་སུ་མེད་པ་ཉིད་དོ་ཞེས་པའོ། །དེ་བཞིན་དུ་ནི་རྟོགས་པ་བཅུ། །མུན་པ་ལ་ནི་སྒྲོན་མེ་ལྟར། །ཞེས་པ་གང་ཡིན་པ་དེ་སྡུད་པ་གསུངས་པ། བཙུན་མོའི་བྷ་ག་ཞེས་མི་ལ་སོགས་པའི་གཟུགས་ཀྱི་བུད་མེད་ནི་བཙུན་མོ་སྟེ་དེའི་བྷ་ག་ཆོས་འབྱུང་ལ། ཁུ་བའི་མིང་གིས་ཁུ་བར་བརྗོད་པས་རྣམ་པར་གནས་སོ། །ཁྱད་པར་ཅི་ཞེ་ན། བདེ་བའི་གཞི་བྷ་ག་ལ་ཞེས་པའི་དོན་ནོ། །ཡང་ན། བཙུན་མོ་ནི་རྡོ་རྗེ་བཙུན་མོ་སྟེ་བདག་མེད་མའོ། །དེ་ཉིད་བྷ་ག་ཡེ་ཤེས་ཏེ། དེ་ལ་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་ཨ་བ། ཤེས་རབ་དང་ཐབས་དབྱེར་མེད་པ་གནས་ཏེ་གཡོ་བ་མེད་པའོ། །གང་དུ་བདེ་བ་ཅན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལའོ། །གང་གིས་ཁུ་བའི་མིང་གིས་བྱང་ཆུབ་ཀྱི་སེམས་སུ་མངོན་པར་བརྗོད་པས་སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་མེད་པས་ན་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མེད་པར་འགྱུར་ཏེ་བདེ་བ་མེད་དོ། །བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤངས་ཤིང་དོར་ནས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཀྱི་ཁུ་བ་ཞེས་བྱ་བ་དེ་ཡང་མ་ཡིན་ཏེ། གཉིས་དེའི་བདག་ཉིད་ཀྱི་རང་བཞིན་ཁོ་ནའོ་ཞེས་པ་སྟེ། ནུས་པ་མེད་པའི་ཕྱིར་ལྟོས་པ་དང་བཅས་པའོ། །དེ་ཉིད་ཀྱི་ཕྱིར་དེ་ཞུ་བ་བསྡུས་པ་ལས་སྐྱེས་པ་ཁ་དོག་དང་ཕྱག་དང་དབྱིབས་ཀྱི་རང་བཞིན་ནི་རྡོ་རྗེ་འཆང་ངོ༌། །དེ་ཉིད་ནི་ལྷའི་རྣལ་འབྱོར་ཏེ་གཉིས་སུ་མེད་པའི་རང་བཞིན་ནོ། །དེའི་ཕྱིར་ལྷའི་རྣལ་འབྱོར་ལས་བདེ་བ་ཡང་དག་པའི་ཡེ་ཤེས་ཞེས་པའི་དོན་ནོ། །འདི་ཉིད་ནི་རེ་ཞིག་ཉམས་སུ་མྱོང་བ་ཆེན་པོ་སྟེ། མུན་པ་ལ་ནི་སྒྲོན་མེ་བཞིན། །ཞེས་པའོ། །དེའི་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །རྒྱུ་དེའི་ཕྱིར་སངས་རྒྱས་དངོས་པོ་མིན་ཏེ་ཁུ་བའི་རང་བཞིན་ལྷན་ཅིག་སྐྱེས་པ་


DTG003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཕྱིར་སངས་རྒྱས་དངོས་པོ་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཁུ་བ་ཉིད་ཀྱི་ཕྱིར་སངས་རྒྱས་དེ་ཉིད་དངོས་མེད་ཚུལ་ཡང་མིན་ཏེ། གཉིས་ཀ་དབྱེར་མེད་པ་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །ཞལ་ཕྱག་རྣམ་པ་གཟུགས་ཅན་ཡང༌། །གཟུགས་མེད་མཆོག་ཏུ་བདེ་བ་ལས། །ཁུ་བའི་རང་བཞིན་ཉིད་ལས་ཞལ་ཕྱག་རྣམ་པའི་རང་བཞིན་ནོ། །གཟུགས་མེད་གཟུགས་ལས་འདས་པ་སྟེ་མཆོག་ཏུ་བདེ་བ་ལས་ཞེས་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་ལས་སོ། །དངོས་པོ་དང་དངོས་མེད་ཀྱི་བདག་ཉིད་ཅན་ཉིད་ཀྱིས་གཟུགས་དང་གཟུགས་མེད་པའི་རང་བཞིན་ཉིད་དོ་ཞེས་པའི་དོན་ནོ། །དེའི་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་རང་བཞིན་ཁུ་བ་ཡིན་པའི་ཕྱིར་དང༌། དེ་ཡང་རང་བཞིན་འགྲོ་བ་ཕུང་པོ་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་འགྲོ་བ་ཐམས་ཅད་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པ་ཡང་རང་བཞིན་རང་གི་ངོ་བོར་བསྒྲགས་པར་བྱའོ། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །རང་བཞིན་ཞེས་པ་ཡང་དག་པ་ཇི་ལྟ་བ་སྟེ། དེ་ཉིད་མྱ་ངན་ལས་འདས་པ་ཐར་བའོ། ཡང་དག་པ་ཇི་ལྟ་བ་ཉིད་ཇི་ལྟར་ཞེ་ན། གསུངས་པ། རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རྣམ་པ་ཕུང་པོ་ལྔ་རྣམས་སོ། །སེམས་ནི་ཡེ་ཤེས་ཏེ་དེ་གཉིས་ཀ་ཡང་གང་གི་ཚེ་རྣམ་པར་དག་པ་དེའི་ཚེ་ཞེས་པའི་དོན་ནོ། །འདིས་ནི་ཁུ་བ་དང་ལྷན་ཅིག་སྐྱེས་པ་དག་དབྱེར་མེད་པ་སྟེ་ལྷན་ཅིག་སྐྱེས་པ་ཡང་རང་བཞིན་ནོ། །རང་བཞིན་ཡང་མྱ་ངན་ལས་འདས་པ་སྟེ། དབང་པོ་ངང་ཡུལ་དང་རྣམ་པར་ཤེས་པ་འདི་དག་ཐམས་ཅད་རིམ་པ་གཉིས་ཐ་དད་མེད་པ་རྣམ་པར་དག་པའི་ཕྱིར་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། ལྷ་ཡི་གཟུགས་ཀྱི་རྣལ་འབྱོར་ནི། །སྐྱེས་པ་ཙམ་ལ་རྣམ་པར་གནས། །བཞིན་ལག་ཁ་དོག་དབྱིབས་ལས་ཏེ། །འོན་ཀྱང་བག་ཆགས་ཕལ་བས་སོ། །ལྷའི་སྒྲས་ཕུང་པོ་ལྔ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་རང་བཞིན་ནི་གཟུགས་སོ། །ཅི་ཞེ་ན། རྣལ་འབྱོར་ཤེས་རབ་དང་ཐབས་གཉིས་སུ་མེད་པ་མ་ནིང་ཏེ་དེ་


DTG003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྣམ་པར་གནས་སོ། །གང་ལས་ཤེ་ན། བཞིན་ལག་ཁ་དོག་དབྱིབས་ལས་ཏེ། བཞིན་ལག་གི་སྒྲས་ཞལ་དང་ཕྱག་ལ་སོགས་པའོ། །ཁ་དོག་གི་སྒྲས་ནག་པོ་དང་སེར་པོ་ལ་སོགས་པའོ། །དབྱིབས་ཀྱི་སྒྲས་མི་ལ་སོགས་པ་ཐ་དད་པ་དེ་རིམ་པ་དེས་རྣམ་པར་གནས་པའོ། །གང་ལ་ཞེ་ན། སྐྱེས་པ་ཙམ་ལ་རྫོགས་པའི་སྐད་ཅིག་ལའོ། །ཡང་ན་གང༌། སྐྱེས་པ་ཙམ་ལ་ཞེས་པ་ལྷ་མོ་པདྨའི་ནང་དུ་སོན་པའི་གནས་སྐབས་ལ་སོགས་པ་ཉིད་དོ། །དེ་ནི་འོན་ཏེ་དེ་ལྟར་མི་མཚོན་ཞེ་ན། གསུངས་པ། གང་གི་ཕྱིར་གྱི་དོན་ལ་ཀྱང་གི་སྒྲ་སྟེ། གང་གི་ཕྱིར་བག་ཆགས་ཕལ་བས་ཕལ་བ་ནི་མི་ཤེས་པའོ། །དེ་རྣམས་ཀྱི་བག་ཆགས་ཏེ་རྒྱུ་དེའི་ཕྱིར་རོ། །གང་ཡང་ཡེ་ཤེས་དང་ལྡན་པ་དེ་རྣམས་ཁུ་བར་གྱུར་བའི་རང་བཞིན་ཉིད་ཞལ་དང་ཕྱག་དང་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་དུ་སྨྲ་བ་ཕལ་པ་རྣམས་སླར་མཐོང་བ་མེད་དོ། །འདི་ཅི་ལྟར་ཞེ་ན། དེའི་ཕྱིར་དཔེ་ཡིས་སྟོན་པར་བྱེད་པ། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །རེ་ཞིག་དུག་གི་ནུས་པ་ནི་ཟོས་པ་ཙམ་ཉིད་ཀྱིས་སྲོག་ཆགས་ཐམས་ཅད་འཆི་བར་འགྱུར་རོ། །དུག་གི་དེ་ཉིད་ཡོངས་སུ་ཤེས་ན་དུག་དེ་ཉིད་ཀྱིས་དུག་ནི་འབིགས་པར་བྱེད་དེ་སེལ་བར་བྱེད་ཅེས་པ་སྟེ། འདི་ནི་ཐུན་མོང་མ་ཡིན་པར་བལྟ་པར་བྱའོ། །གཞན་ཡང་ཇི་ལྟར་གསུངས་པ། ཇི་ལྟར་རླུང་གིས་བཟུང་བ་ལ། །མོན་སྲན་བཟའ་བ་སྦྱིན་པར་བྱ། །སྨན་དུ་བརྟགས་པས་བཟློག་པ་ལས། །རླུང་གིས་རླུང་ནི་འཇོམས་པར་བྱེད། །རླུང་ནད་ཀྱིས་བཟུང་བ་ནི་མོན་སྲན་ཟོས་པས་སྐྱོན་ལྷག་པར་འགྱུར་རོ། །དེ་ལ་མོན་སྲན་གྱི་བཟའ་བ་སྦྱིན་པར་བྱ་སྟེ། དེ་ལས་དེའི་རླུང་ནད་འཇོམས་པར་འགྱུར་རོ། །འདིར། སྨན་དུ་བརྟགས་པ་བཟློག་པ་ལས། །ཞེས་པ་བཟློག་པ་ཉིད་སྨན་ཡིན་ཏེ་སྐྱོན་བྱེད་པ་ཉིད་ཡོན་ཏན་བྱེད་པའི་ཕྱིར་རོ། །ཡོན་ཏན་ཉིད་ཐབས་ལ་མི་མཁས་པ་ཉིད་ཀྱིས་རྣམ་པར་བསྒོམས་པ་ལས་སྐྱོན་དུ་འགྱུར་ཞིང༌། སྐྱོན་ཉིད་ཐབས་ལ་མཁས་པས་རྣམ་པར་བསྒོམས་པ་ལས་ཡོན་ཏན་དུ་འགྱུར་རོ། །དེ་ཉིད་གསུངས་པ། སྲིད་པ་སྲིད་


DTG003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱིས་དག །རྣམ་རྟོག་སོ་སོར་རྟོག་པ་ལས། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་འགུགས་པར་བྱེད། །དེ་བཞིན་སྲིད་པ་རྣམ་རྟོག་ཀྱང༌། །ངེས་པར་རྣམ་པ་རྣམས་ཀྱིས་སྦྱངས། །སྲིད་པ་སྐྱེ་བ་ཀུན་རྫོབ་ཀྱི་བདེན་པའོ། །དེ་སྲིད་པ་ཉིད་ཀྱིས་དག་པ་སྐྱེ་བ་ཉིད་ཀྱིས་ཏེ་སྐྱེ་བའི་རང་བཞིན་སྐྱེ་བ་མེད་པ་ཉིད་དུ་རྟོགས་པ་ལས་སོ། །ཀུན་རྫོབ་གྱི་བདེན་པ་ཉིད་དོན་དམ་པའི་བདེན་པ་ཞེས་པའོ། །རྣམ་རྟོག་ཅེས་པ་དངོས་པོའི་མངོན་པར་ཞེན་པ་སྟེ་ཀུན་རྫོབ་ཀྱི་བདེན་པ་རྟོག་པའོ། །དེ་ཡང་སོ་སོར་རྟོག་པ་ལས་སོ་སོ་རེ་རེའི་རྟོག་པ་ལས་ཏེ། ལྷའི་རྣམ་པའི་རྣམ་པར་དག་པ་ལས་སོ། །ཡང་ན་གང༌། རྣམ་རྟོག་ཅེས་པ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་མ་ནིང་སྟེ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པའོ། །སོ་སོར་རྟོག་པ་ལས་ཞེས་པ་སོ་སོ་རེ་རེའི་རྟོག་པ་ལས་ཏེ་ལྷའི་རྣམ་པར་དག་པ་ལས་སོ། ལྷའི་རྣམ་པར་དག་པ་ཉིད་དེ་བཞིན་ཉིད་ཀྱི་རྣམ་བར་དག་པ་སྟེ་བསྐྱེད་པའི་རིམ་པ་ཉིད་རྫོགས་པའི་རིམ་པ་ཞེས་པའི་དོན་ནོ། །ཇི་ལྟར་རྣ་པར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་འགུགས་པར་བྱེད། །དེ་བཞིན་དུ་སྲིད་པའི་རང་བཞིན་ནི་འཁོར་བའི་རང་བཞིན་རྣམ་པར་རྟོག་པ་ནི་ངེས་པ་ཁོ་ན་ར་ལྷའི་རྣམ་པ་རྣམས་ཀྱིས་སྦྱང་བར་བྱ་སྟེ། ལྷའི་རྣམ་པས་རྣམ་པར་སྦྱངས་པར་གྱུར་པའི་འཁོར་བ་གཟུགས་ལ་སོགས་པའི་ཕུང་པའི་བདག་ཉིད་ཅན་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ་ཞེས་པའི་དོན་ནོ། །དཔེ་གཞན་ཡང་གསུངས་པ། །ཇི་ལྟར་འཚེད་པས་ཚིག་པ་ནི། །སླར་ཡང་མེད་ཡིས་གདུང་པར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པའང༌། །འདོད་ཆགས་མེ་ཡིས་གདུང་བར་བྱ། །འཇིག་རྟེན་ན་ཡང་མེས་ཚིག་པ་མེ་ཉིད་ཀྱིས་གདུང་བར་བྱེད་དེ། དེས་དེ་རྣམས་ཀྱི་མེས་ཚིག་པ་ཉེ་བར་ཞི་བར་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ཀུན་དུ་ཆགས་པའི་མཚན་ཉིད་དེ། དེ་ཉིད་སྡུག་བསྔལ་སྐྱེད་པར་བྱེད་པ་ཉིད་ལ་མེ་ལྟ་བུའོ། །དེས་ཚིག་པ་ནི་ཉོན་མོངས་པར་གྱུར་པའོ། །དེ་རྣམས་ཀྱི་ཉོན་མོངས་པའི་གདུང་བ་ཉེ་བར་ཞི་བར་བྱའོ། །གང་


DTG003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འདོད་ཆགས་མེ་ཡིས་ཀུན་དུ་ཆགས་པའི་མེ་ཡིས་ཏེ། ལྷའི་རྣམ་པའི་རྣམ་པར་དག་པའི་ཀུན་དུ་ཆགས་པས་ཞེས་པའི་དོན་ནོ། །དུག་གི་དུམ་བུ་གང་ཉིད་ཀྱིས། །ཞེས་པ་ཕྱི་རོལ་གྱི་དངོས་པོས་བསྐྱེད་པའི་སྐྱོན་ཏེ། ཡུལ་གྱི་ཀུན་དུ་ཆགས་པའི་མཚན་ཉིད་དོ། །ཇི་ལྟར་རླུང་གིས་བཟུང་བ་ལ། །ཞེས་པ་ལ་སོགས་པ་གང་ཟག་ཏུ་ལྟ་བས་བསྐྱེད་པའི་དབང་པོའི་མངོན་པར་ཞེན་པའི་མཚན་ཉིད་དོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཞེས་པ་ལ་སོགས་པ་ཕྱི་རོལ་དང་ནང་གི་བདག་ཉིད་ཡུལ་དང་དབང་པོ་གཉིས་ཀ་ཀུན་དུ་ཆགས་པའི་མཚན་ཉིད་དོ། །ཇི་ལྟར་འཚེད་པས་ཚིག་པ་ནི་གཉིས་ཀའི་ཆགས་པས་བསྐྱེད་པ་བདེ་བ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བའི་མཚན་ཉིད་དེ། ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པ་ཁོ་ནའོ། །རང་གི་ངོ་བོ་ནི་རང་བཞིན་ཏེ་བདག་གི་དངོས་པོའོ། །དངོས་པོ་གང་གི་ངོ་བོ་གང་ཡིན་པ་དང་རང་བཞིན་གང་ཡིན་པ་སྟེ་དེས་ན་རང་བཞིན་ཞེས་པ་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པའོ། །བསྐྱེད་བའི་རིམ་པ་ཉིད་རྫོགས་པའི་རིམ་པ་སྟེ་དེ་ཁོ་ན་རྟོགས་པས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཁོ་ན་ཡིན་གྱི། རྣམ་པར་མ་དག་པ་ཅུང་ཟད་ཀྱང་མེད་དོ་ཞེས་སྡུད་པ་གསུངས་པ། སྐྱེ་པོ་མི་ཟད་པ་ཡི་ལས། །གང་གང་གིས་ནི་འཆིང་འགྱུར་བ། །དེ་ཉིད་ཐབས་དང་བཅས་པས་ནི། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ལའོ། །མི་བཟད་པའི་ལས་དྲག་པོའི་ལས་གང་དང་གང་གིས་སྐྱེ་བོ་སྲོག་ཆགས་རྣམས་འཆིང་བར་འགྱུར་རོ། །བཅིངས་པར་གྱུར་པའི་ལས་དེ་ཉིད་ཀྱིས་གྲོལ་ཞིང་གྲོལ་བ་ཐོབ་པར་འགྱུར་རོ། །ཁྱད་པར་ཅིས་ཤེ་ན། གང་གི་ཕྱིར་གྱི་དོན་ལ་ནིའི་སྒྲ་སྟེ། ཐབས་དང་བཅས་པས་ཐབས་དང་ལྷན་ཅིག་འཇུག་པ་སྟེ། དེ་ཐབས་དང་བཅས་པ་དེས་ཅི་ཡང་མ་ཡིན་ནོ། །ཞེས་པའི་དོན་ནོ། །ལས་ཀྱི་སྒྲས་ཀུན་དུ་རྟོག་པའི་ཡིད་དོ། །དེ་ཉིད་མ་རིག་པའི་མངོན་པར་ཞེན་པ་སྟེ་མི་བཟད་པའི་ལས་ཞེས་བརྗོད་དོ། །དེས་འཆིང་བར་འགྱུར་ཏེ་དེ་ཉིད་ཐབས་དང་བཅས་པ་ལྷའི་རྣམ་པའི་མངོན་པར་ཞེས་པས་གྲོལ་བར་འགྱུར་རོ། །དེའི་ཕྱིར་འཆིང་བ་དང་


DTG003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ཞེས་བྱ་བ་ནི་མ་རིག་པ་སྟེ་དེ་སྤངས་པའི་ཕྱིར་ཡང་རང་བཞིན་ནི་འཆིང་པ་དང་གྲོལ་བ་མེད་པ་ཉིད་དོ། །འཆིང་པའི་རྟོག་པས་གྲོལ་བའི་རྟོག་པར་འགྱུར་ཞིང་གྲོལ་བའི་རྟོག་པས་ཀྱང་འཆིང་བ་སྟེ། ཇི་ལྟར་ཐག་པ་འཁྱིལ་པ་ལ་སྦྲུལ་གྱི་ཤེས་པ་བཞིན་ནོ། །རང་བཞིན་ནི་ཐག་པའི་ཤེས་པ་འཁྲུལ་པ་མེད་པ་ཉིད་དོ། །དེ་ལ་སྦྲུལ་གྱི་ཤེས་པ་ནི་འཁྲུལ་པ་སྟེ། དེ་ཉིད་མ་རིག་པ་ཞེས་བརྗོད་ཅིང་དེའི་ས་བོན་ཡང་འཁྲུལ་པ་ཉིད་དོ། །སྦྲུལ་དུ་འཁྲུལ་པ་ལོག་པ་ན་ཐག་པ་འཁྱིལ་པ་འཁྲུལ་པ་མེད་པར་རྟོགས་པ་གྲུབ་པ་ཉིད་དེ། འཁྲུལ་པ་མེད་པར་རྟོགས་པའི་བསྒྲུབ་བྱ་འཁྲུལ་པར་རྟོགས་པ་གྲུབ་པའི་ཕྱིར། འཁྲུལ་པ་རྟོགས་པ་མེད་པས་འཁྲུལ་པ་མེད་པར་རྟོགས་པ་འགའ་ཡང་མེད་དོ། །དེའི་ཕྱིར་ཀུན་རྫོབ་ཏུ་བདེན་པ་ཉིད་དོན་དམ་པའི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཁོ་ན་ཉམས་སུ་མྱོང་བའི་རང་བཞིན་ཡང་དག་པའི་ཡེ་ཤེས་ཞེས་པའོ། །ཡང་ན་གང༌། དེ་རྣམས་འཆིང་བར་མི་འགྱུར་རོ། །གང་གིས་ཤེ་ན། མི་བཟད་པའི་ལས་ཀྱིས་ཏེ་གང་ཞིག་སྐྱེ་བོ་སྲོག་ཆགས་རྣམས་འཆིང་བར་མི་འགྱུར་རོ། །ནིའི་སྒྲ་ནི་ཁྱད་པར་གྱི་དོན་ཏེ་ཁྱད་པར་དུ་གྲོལ་བར་འགྱུར་བ་ཉིད་དོ། །གང་གིས་ཤེ་ན། ཚུལ་གྱིས་ཏེ་ཐེག་པ་ཆེན་པོ་ལུགས་ཀྱིས་བསླབ་པས་སོ། །ཇི་ལྟར་གྱུར་པས་ཤེ་ན། ཐབས་དང་བཅས་པས་ཐབས་དང་ལྡན་པ་སྟེ། གང་ཞིག་གསུངས་པ། དངོས་པོ་མེད་ཙམ་བསྒྲུབ་བྱ་ཡང༌། །དེ་ནི་ཐབས་དང་བྲལ་བའི་ཕྱིར། །རང་དང་གཞན་དོན་ནུས་མིན་ཏེ། །མེད་ཕྱིར་ནམ་མཁའི་མེ་ཏོག་བཞིན། །ཞེས་པའོ། །དེའི་ཕྱིར་རྫོགས་པའི་རིམ་པ་བསྒྲུབ་པར་བྱ་བ་ཡིན་ཡང་བསྐྱེད་པའི་རིམ་པ་ལ་ལྟོས་པ་དང་བཅས་པ་ཞེས་པའི་དོན་ནོ། །ཐུན་མོང་དུ་མངོན་པར་བརྗོད་ནས་ཁྱད་པར་དུ་ཉེ་བར་བསྟན་པའི་ཕྱིར་གསུངས་པ། ཆགས་པས་འཇིག་རྟེན་འཆིང་འགྱུར་ཏེ། །ཆགས་པ་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཆགས་པས་ཞེས་པ་ཀུན་དུ་ཆགས་པའི་མཚན་ཉིད་ཀྱིས་འཇིག་རྟེན་སྐྱེ་བ་འཆིང་བར་འགྱུར་ཏེ། ཆགས་པ་ཉིད་


DTG003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལྷའི་རྣམ་པའི་རྣམ་པར་དག་པའི་ཀུན་དུ་ཆགས་པའི་མཚན་ཉིད་ཁོ་ནས་རྣམ་པར་གྲོལ་བར་འགྱུར་རོ། །གང་གི་ཕྱིར་བཟློག་པར་བསྒོམ་པ་འདི་ཉིད་དེ། རིགས་མི་མཐུན་པ་སྙོམས་པར་འཇུག་པ་འདིའོ། །གང་གི་ཕྱིར་འདི་མི་ཤེས་ཏེ་སངས་རྒྱས་མུ་སྟེགས་རྣམས་ཀྱིས་ཞེས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་སོ། །ཁོ་བོའི་འཁོར་རྣམས་ཀྱིས་མི་ཤེས་པ་ཉིད་དུ་ག་ལ་འགྱུར། འོན་ཀྱང་གཞན་ལྟ་བ་གཞན་ལ་གནས་པ་རྣམས་ཀྱིས་ཞེས་ཐབས་ཀྱི་ཆེ་བའི་བདག་ཉིད་ཉེ་བར་བསྟན་པའོ། །ཡང་ན་གང་རྣམ་པར་བཟློག་པའི་བསྒོམ་པ་འདི་ཞེས་པ་གང་གི་ཕྱིར་རྣམ་པའི་སྒྲས་རྣམ་པ་སྣ་ཚོགས་པའི་གཟུགས་སོ། །དེས་རྣམ་པར་བཟློག་པ་དང་ལྡན་པ་འདི་ནི་སྒོམ་པ་སྟེ། རྣམ་པར་བཟློག་པའི་སྒོམ་པ་ཁམས་གསུམ་པ་བརྟན་པ་དང་གཡོ་བ་མ་ལུས་པ་ཐ་དད་པ་མེད་པའི་སྙོམས་པར་འཇུག་པའོ། །དེ་སངས་རྒྱས་མུ་སྟེགས་པ་རྣམས་ཀྱིས་མི་ཤེས་ཏེ། དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །ཡང་ན། ཆགས་པས་འཇིག་རྟེན་འཆིང་འགྱུར་ཏེ། ཞེས་པ་འཇིག་རྟེན་ནི་ཕུང་པོ་ལྔ་སྟེ་ཆགས་པ་དགའ་བ་ལ་སོགས་པ་དགའ་བྲལ་གྱི་མཐར་ཐུག་པས་འཆིང་བར་འགྱུར་ཏེ་གཡོ་བ་མེད་པ་ཉིད་དུ་འགྱུར་རོ། །ཆགས་པ་ཉིད་ཀྱིས་ཞེས་པ་དེ་ཉིད་ཀྱིས་རྣམ་པར་གྲོལ་བར་འགྱུར་ཏེ་ཡུལ་གྱི་ཆགས་པ་རྣམ་པར་གྲོལ་བ་སྐྱེ་བར་འགྱུར་རོ། །འདི་ཇི་ལྟར་ཞེ་ན། གསུངས་པ། གང་གི་ཕྱིར། རྣམ་པར་བཟློག་པའི་སྒོམ་པ་དེ། །ཞེས་པ་གཟུགས་སྣ་ཚོགས་པ་དང་ལྡན་པའི་སྙོམས་པར་འཇུག་པའོ། །དེ་མི་ཤེས་ཤིང་མི་རྟོགས་ཏེ་གང་གིས་སངས་རྒྱས་མུ་སྟེགས་ཀྱིས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱིས་སྙོམས་པར་འཇུག་པ་འདིའོ། །འདི་ཞེས་པ་དགའ་བྲལ་གྱི་དགའ་བ་སྔོན་དུ་སོང་བའི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཞེས་པའི་དོན་ནོ། །བཟློག་པའི་སྒོམ་པའི་དོན་ཉིད་མངོན་པར་གསལ་བར་བྱེད་པ་འབྱུང་བ་ལྔའི་རང་བཞིན་ལས། ཀུནྡུ་རུ་ལ་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ལ། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །དགའ་བ་ཆེན་པོ་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་གཅིག་གཉིས་སུ་མེད་


DTG003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ནའོ། །ལྔ་རུ་འགྲོ་བར་འགྱུར་ཏེ་ཡེ་ཤེས་ལྔའི་རང་བཞིན་ཉིད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། །དབྱེ་བས་ཐ་དད་དུ་བྱེད་པ་སྟེ་སྤྲོ་བའི་རང་བཞིན་གྱིས་ཞེས་པའི་དོན་ནོ། །ཀུནྡུ་རུ་ལ་ཞེས་པ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་དགའ་བ་ལ་སོགས་པ་རྣམས་སྐྱེས་པ་ན་ལྔ་རུ་འགྱུར་རོ། །འདི་ཇི་ལྟར་ཞེ་ན། གསུངས་པ། འབྱུང་བ་ལྔའི་རང་བཞིན་ལས་ཀུནྡུ་རུ་ཉིད་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །ཡང་ན། ཀུནྡུ་རུ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་ལ་གཅིག་ཉིད་དུ་འགྱུར་ཏེ། དེ་ཡང་དགའ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། ཡང་དག་རང་བཞིན་ལས་ཏེ་དེ་བཞིན་ཉིད་ཀྱི་རང་བཞིན་ལས་སོ། །དེ་ཉིད་ཀྱང་ལྔ་དང་ལྔ་ཉིད་དུ་འགྲོ་བར་འགྱུར་ཏེ་དབྱེ་བས་ལྔ་ཚན་གསུམ་གྱི་དབྱེ་བ་ལས་སོ། །གང་གི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་ཉིད་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་ཏེ། རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་པའི་གསུངས་ལས་སོ། །ཡང་ན་གང༌། གཅིག་ཉིད་དེ་བཞིན་གཤེགས་པ་ལྔ་དབྱེར་མེད་པ་སྟེ་ཐམས་ཅད་གཉིས་ཀ་དབྱེར་མེད་པ་ཉིད་དོ། །དེ་ཉིད་རྣམ་པར་མི་གསལ་པ་གསལ་བར་བྱེད་པ། བོལླ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི་བག་ཆགས་ཏེ། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་ཁུ་བ་བྱང་ཆུབ་སེམས། །ཁུ་བ་ཆུ་ཡི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་རང་བཞིན་ཕྱིར། །ཞེས་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀ་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་མེ་ལས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོང་རླུང་ལས་བྱུང་བའོ། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་བའོ། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་མཚོན་པ་སྟེ། །རིགས་ནི་ལྔ་པོ་དེ་ཉིད་ལ། །སྟོང་ཕྲག་དུ་མ་


DTG003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའོ། །དེའི་ཕྱིར་འདི་དག་རང་བཞིན་གཅིག །བདེ་བ་ཆེན་པོ་རྟག་པ་མཆོག །འདོད་ཆགས་ལ་སོགས་སེམས་ལྔ་ཡིས། །དབྱེ་བས་ལྔ་རུ་གྲོལ་བར་འགྱུར། །ཞེས་པ། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུནྡུ་རུ་ལ་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ནི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་ཚིགས་སུ་བཅད་པ་འདི་རྣམས་ཏེ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་རེག་པའོ། །སྐད་ཅིག་དེ་ལ་སྲ་བའི་བག་ཆགས་སྐྱེ་བར་འགྱུར་ཏེ་སྲ་བའི་རང་བཞིན་ཉིད་ཀྱིས་སའི་ཁམས་སོ། །དེ་ཡང་གཏི་མུག་མི་གསལ་བའི་ཆོས་ཏེ། དེ་ཉིད་རྣམ་པར་སྣང་མཛད་བརྗོད། །ཡེ་ཤེས་ལྔ་དང་སྐུ་གསུམ་དང༌། །ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བོལླ་ཀཀྐོ་ལ་སྦྱོར་བ་རེག་པ་ལས་བྱང་ཆུབ་ཀྱི་སེམས་ནང་དུ་ཐིམ་པ་གསལ་པ་མ་ཡིན་པ་གང་ཡིན་པ་དེའོ། །དེ་ནི་ཁུ་བའི་རང་བཞིན་ཏེ། །དེ་ཡང་ཆུ་ཡི་ཁམས་སུ་བརྗོད། །ཅེས་པ་ཡེ་ཤེས་ལྔ་དང༌། སྐུ་གསུམ་དང༌། ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །ཆུ་ནི་མི་བསྐྱོད་པའི་རང་བཞིན་ཉིད་ཀྱིས་ཞེ་སྡང་སྟེ། འདིར་རྣམ་པ་གཉིས་ཉིད་དོ་ཞེས་པའི་དོན་ནོ། །འདྲེན་པ་མི་བསྐྱོད་པ་ཞེས་པ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཐམས་ཅད་ཀྱི་བདག་བོ་ཡིན་པའི་ཕྱིར་རོ། །ཡང་ན་གང༌། མི་བསྐྱོད་པ་དང་འདྲེན་པ་ནི་འདྲེན་པ་མི་བ་སྐྱོད་པས་ཏེ་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེ་སྡང་ངོ༌། །འདི་ཉིད་ལ་ང་རྒྱལ་ཡང་ནང་དུ་གཏོགས་ཏེ་ཐ་དད་པ་མ་ཡིན་ནོ། །རྡོ་རྗེ་དང་པདྨ་བསྐྱོད་པས་མེའི་ཁམས་སྐྱེ་བར་འགྱུར་རོ། །དེ་ཡང་རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཉིད་ཀྱིས་རྟག་ཏུ་འབྱུང་བའི་རང་བཞིན་དེ་བཞིན་གཤེགས་པ་རིན་ཆེན་དབང་པོའོ། །དེ་ཉིད་འདོད་ཆགས་དཔག་མེད་རྡོ་རྗེ་སྟེ། དཔག་མེད་རྡོ་རྗེ་ཞེས་པ་རིན་ཆེན་འབྱུང་ལྡན་དང་དབྱེར་མེད་པའོ། །གང་གི་ཕྱིར་འདོད་ཆགས་འདོད་དཔག་མེད་དེ་གང་ལས་ཏེ། མེའི་ཁམས་ལས་སྐྱེ་བར་འགྱུར་རོ། །དེ་ཡང༌། འདུས་པའི་ངོ་བོར་འབྱུང་ཞིང་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་པོ་ནས་དབྱེར་


DTG003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ནོ། །ཀཀྐོ་ལར་ནི་གང་ཞིག་སེམས། །ཞེས་པ་ལྷ་མོའི་པདྨའི་ནང་དུ་རྒྱུའི་སེམས་སོ། །དེ་ནི་རླུང་གི་རང་བཞིན་ཏེ། གཡོ་བའི་ངོ་བོ་ཉིད་ཀྱི་རླུང་གི་ཁམས་ཞེས་པའི་དོན་ནོ། །དེ་ཡང་དོན་ཡོང་གྲུབ་པ་སྟེ་གང་གི་ཕྱིར། དོན་ཡོད་རླུང་ལས་འབྱུང་བ་སྟེ། རྟ་མཆོག་རྡོ་རྗེ་སེམས་དཔའ་ཉིད་ལས་དོན་ཡོད་ཅེས་དགོངས་པའོ། །དེ་ཡང་ཕྲག་དོག་གོ །ཡང་ན་གང་རླུང་ལས་འབྱུང་ཞེས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་བདེ་བ་ཉམས་སུ་མྱོང་བའི་མཚན་ཉིད་དེ། དེ་ཉིད་འདོད་ཆགས་སུ་འགྱུར་རོ། །ཇི་ལྟར་ཞེ་ན། ཆག་སང་སྟེ། ཀུན་དུ་ཆགས་པར་གྱུར་པའོ། །དགའ་བ་ནམ་མཁའི་མཚན་ཉིད་ཅེས་པ་བདེ་བ་ནམ་མཁའི་ཁམས་ཞེས་པའི་གསུངས་ལས་ནམ་མཁའི་ཁམས་ཏེ་ནམ་མཁའ་ཡང་སེར་སྣ་རྡོ་རྗེའོ། །སེར་སྣ་རྡོ་རྗེ་ཞེས་པ་རིན་ཆེན་དབང་པོ་དང་འོད་དཔག་མེད་དབྱེར་མེད་པའོ། །འདིས་ནི་སྔར་རིན་ཆེན་དབང་པོ་སེར་སྣ་རྣམ་པར་དག་པས་རབ་ཏུ་བསྟན་བའོ། །འདིས་ནི་འོད་དཔག་མེད་རྣམ་པར་དག་བ་ཉིད་རིན་ཆེན་དབང་པོ་དང༌། རིན་ཆེན་དབང་པོ་རྣམ་པར་དག་པ་ཉིད་འོད་དཔག་མེད་དེ། ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པ་གང་ཡིན་པ་དེ་ཉིད་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་པོ་རྣམས་དང་ཡུལ་ལྔའི་རང་བཞིན་རྣམས་སོ། །དེ་ཉིད་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང་དབང་པོ་རྣམས་སོ། །དེ་ཉིད་སྐྱེ་མཆེད་དྲུག་སྟེ་གཏི་མུག་ལ་སོགས་པའི་རང་བཞིན་རྣམས་སོ། །འདིས་ནི་དེ་ཉིད་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་རང་བཞིན་ཉིད་ཀྱིས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་པའོ། །དགའ་བ་ཆེན་པོ་ཉིད་ཀྱིས་བཞི་བའི་མཚན་ཉིད་ཀྱི་རང་བཞིན་ཏེ། གཅིག་ཉིད་ཅེས་བ་གཉིས་སུ་མེད་དེ། འདི་ནི་ཁམས་གསུམ་བ་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་ཉིད་གསལ་བར་བྱེད་པ་སེམས་གཅིག་ཉིད་བྱང་ཆུབ་ཀྱི་སེམས་ཏེ། ཆེན་པོ་ནི་གང་ལྔས་ལྔའི་གཟུགས་ཀྱིས་མཚོན་ཅིང་རྟོགས་པའོ། །རིགས་ལྔ་བོ་རྣམས་ལ་སྐྱེས་པར་གྱུར་བ་སྟེ། གཅིག་པོ་དེ་ཉིད་ལ་སྟོང་ཕྲག་དུ་མར་འགྱུར་རོ། །གཅིག་ཉིད་ལྔའི་དབྱེ་བས་དུ་མར་འགྱུར་


DTG003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་དེ་ལས་སླར་ཡང་རེ་རེ་ལ་ལྔ་ལྔའི་དབྱེ་བས་ཕྱེ་པར་གྱུར་བ་ན་བརྒྱ་དང་སྟོང་དུ་འགྱུར་ཞིང་རིགས་མཐའ་ཡས་པར་འགྱུར་ཏེ་མངོན་པར་གསལ་ལོ། །དེའི་ཕྱིར་འདི་དག་རང་བཞིན་ཉིད་བདེ་བ་ཆེན་པོ་སྟེ། ཐམས་ཅད་དབྱེར་མེད་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མཆོག་ཏུ་རྟག་པ་རྣམ་པ་ཐམས་ཅད་གཅིག་པའི་རང་བཞིན་ཏེ། དབྱེར་མེད་པ་ཉིད་དབྱེ་བས་ཡོངས་སུ་བརྟགས་པར་གྱུར་པ་ན་ལྔ་རུ་འགྲོ་བར་འགྱུར། ཡེ་ཤེས་ལྔའི་ངོ་བོ་ཉིད་ཀྱིས་རྟོགས་པར་བྱའོ། །འདོད་ཆགས་ལ་སོགས་སེམས་ལྔ་ཡིས། །འོད་དཔག་མེད་ཉིད་དང་པོ་གཙོ་བོའི་རྒྱུ་སྟེ། གང་ལས་དེ་རྣམ་པར་ཤེས་པ་ལྔ་པོ་རྣམས་ཀྱིས་ཞེས་དགོངས་པའོ། །སྟོང་ཕྲག་དུ་མ་ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི། གངྒཱའི་ཀླུང་ནི་བཅུ་ཡི་བྱེ་མ་སྙེད། །རིགས་གཅིག་རྣམས་ལ་དེ་བཞིན་གཤེགས་ཆོགས་རྣམས། །རིགས་ཀྱི་ཚོགས་ལ་མཐའ་ཡས་རིགས་རྣམས་ཏེ། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །ད་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ནི་མང་པོ་རྣམས་སུ་འགྱུར། །བྱེ་བའི་རིགས་ལ་གྲངས་མེད་རིགས་རྣམས་ཏེ། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །རིགས་གཅིག་རྣམས་ལ་ཞེས་པ་དེ་བཞིན་གཤེགས་པ་གཅིག་ལ་མང་བོའི་ཚིག་ནི་སྡུད་པའི་ཚུལ་གྱིས་གཅིག་ལ་མཐའ་ཡས་པའི་མཐར་ཐུག་པའི་རང་བཞིན་ཉིད་ཀྱིས་རྣམ་པར་གནས་སོ་ཞེས་པའོ། །དེ་བཞིན་གཤེགས་པའི་ཚོགས་ཇི་སྙེད་ཅེ་ན། དེ་བཞིན་གཤེགས་པ་ལྔ་ནི་དམན་པའི་སེམས་ཅན་གྱི་དབང་དུ་བྱས་ནས་གསུངས་པ་སྟེ། དེ་ཡང་ཁྱད་པར་ཅི་ཞེ་ན། གངྒའི་ཀླུང་ནི་བཅུའི་བྱེ་མ་སྙེད་དང་མཉམ་པའོ། །འདིས་བགྲངས་བས་མཐར་ཐུག་པ་ལྟ་བུར་མཚོན་པར་བྱ་སྟེ། མཐར་ཐུག་པ་མེད་པར་ཡང་གསུངས་པ་ནི་བར་མའི་སེམས་ཅན་གྱི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་གངྒའི་ཀླུང་བཅུའི་བྱེ་མ་སྙིད་དང་མཚུངས་པ་རྣམས་ལ་མཐའ་ཡས་པའི་རིགས་རྣམས་ཏེ་གྲངས་མེད་པའི་རིགས་རྣམས་སོ། །མཆོག་གི་སེམས་ཅན་གྱི་དབང་དུ་བྱས་ནས་གསུངས་པའོ། །ཇི་ལྟར་མཐའ་ཡས་པའི་རིགས་ཉིད་ཅེ་ན།


DTG003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གསུངས་པ། དེ་རྣམས་རིགས་ལ་ཞེས་པ་དེས་པར་འཛིན་བ་ལ་བདུན་པ་སྟེ། དེ་རྣམས་ཀྱི་ནང་ནས་ཅུང་ཟད་རིགས་གཅིག་གང་ཡིན་བའོ། །དེ་ཉིད་ལ་མང་བོའི་ཚིག་ཀྱང་དེ་ཉིད་མང་པོ་ཉིད་ཀྱི་ཚིག་གོ །རིགས་ནི་རྣམས་པ་བརྒྱ་ཞེས་པ་འབྱུང་བ་ཆེན་པོ་བཞི་དང༌། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཏེ་རེ་རེ་ལ་ལྔ་པ་ལྔ་སྟེ། ཉི་ཤུ་རྩ་ལྔར་འགྱུར་ཞིང་བཞི་ཡིས་བསྒྱུར་བས་བརྒྱ་རུ་འགྱུར་ཏེ་རིགས་བརྒྱ་རྣམས་སོ། །དེ་རྣམས་ཀྱང་ལྔའི་དབྱེ་བས་ལྔ་བརྒྱ་སྟེ། སྟོང་དང་ཁྲི་ལ་སོགས་བའི་དབྱེ་བས་འབུམ་ཕྲག་རིགས་རྣམས་སོ། །དེ་ཉིད་ཀྱི་ཕྱིར་རེ་ཞིག་ཆེན་བོ་སྟེ་དེ་རྣམས་ཀྱང་རྣམ་པ་ལྔས་ཕྱེ་བར་གྱུར་པ་འབུམ་ཕྲག་ལྔ་ལ་སོགས་པའི་དབྱེ་བས་འབུམ་ཕྲག་ཉི་ཤུ་རྩ་ལྔ་རྣམས་སོ། །འབྱུང་པ་ཆེན་པོ་བཞིའི་བདག་ཉིད་ཀྱིས་དེ་རྣམས་བཞི་འགྱུར་བྱེ་བའི་རིགས་རྣམས་སོ། །དེ་ལྟར་རེ་ཞིག་མང་པོ་རྣམས་སུ་འགྱུར་རོ། །བྱེ་བའི་རིགས་ལ་གྲངས་མེད་རིགས་རྣམས་ཏེ། དེ་ཁོ་ན་ལྟར་རྣམ་པ་ལྔའི་དབྱེ་བས་གྲངས་མེད་པའི་རིགས་སུ་འགྱུར་རོ། །གྲངས་མེད་རིགས་རྣམས་ཞེས་པ་མང་པོའི་ཚིག་གིས་ནི་མཐའ་མེད་པ་ཉིད་ཀྱི་ཕྱིར་རིགས་མཐའ་ཡས་པའོ་ཞེས་གྲུབ་པོ། །སྡུད་པ་གསུངས་པ། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པ་མཆོག་ཏུ་དགའ་བའི་སྒྲས་ལྷན་ཅིག་སྐྱེས་པའི་དགའ་བ་བརྗོད་དེ། དེ་ལས་བྱུང་པ་ནི་ཁམས་གསུམ་པ་ཐམས་ཅད་དེ། འདི་དག་གཉིས་སུ་མེད་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །སེམས་ཅན་ཇི་ལྟ་འགྲུབ་པར་འགྱུར། །ཞེས་དངོས་གྲུབ་ཀྱི་དགོས་པ་ནི་རིམ་པ་གཉིས་དབྱེར་མེད་པས་གྲངས་མེད་པའི་རིགས་ལས། མཆོག་ཏུ་དགའ་བའི་རིགས་ལས་འབྱུང་བར་འགྱུར་ཞེས་པ་འདིས་བཅོམ་ལྡན་འདས་ཉིད་ཀྱིས་རྣམ་པར་གསལ་བར་མཛད་དོ་ཞེས་པའོ། །ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྔོམ་པར་དངོས་གྲུབ་གཏན་ལ་དབབ་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་བའོ། །ཀྱེའི་རྡོ་རྗེ་ཞེས་པ་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པའོ། །མཁའ་འགྲོ་མ་དྲ་པའི་སྔོམ་པ་ཞེས་པ། མཁའ་འགྲོ་མ་དྲ་བའི་སྒྲས་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་རྣམས་སོ། །སྔོམ་པའི་


DTG003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་རྡོ་རྗེ་འཆང་སྟེ། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་ཡེ་ཤེས་གཉིས་ཀ་ལ་དབྱེར་མེད་པར་རྟོགས་པ་ས་ནི་ངེས་པར་གདོན་མི་ཟ་བར་དངོས་གྲུབ་འབྱུང་བར་འགྱུར་བའི་ཕྱིར་དངོས་གྲུབ་གཏན་ལ་དབབ་པའོ། །དེ་ལྟར་གྱུར་པའི་ལེའུ་ནི་སྦས་པའི་དོན་གསལ་བར་བྱེད་པ་སྟེ། གཉིས་པ་ནི་གཉིས་ཀྱིས་རྫོགས་པ་གཉིས་ཀའི་རང་བཞིན་ནོ། །ཡང་ན་གང་གཉིས་པ་ནི་གཉིས་སུ་མེད་པའི་རང་བཞིན་ཏེ། གཉིས་ཀ་དབྱེར་མེད་པ་ཉིད་ཀྱི་ཕྱིར་ཞེས་བའི་དོན་ནོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་གཉིས་པའོ།། །།

གསུམ་པ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུའི་འགྲེལ་བཤད།


DTG003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དངོས་གྲུབ་གཏན་ལ་ཕབ་པས་ཐེ་ཚོམ་མེད་པ་ཉིད་ཀྱིས་རྣམ་པར་གནས་པ་ནི་མི་གཡོ་བའི་སར་ཞུགས་པའི་མཐར་ཐུག་པར་བདུད་ཀྱི་རིས་ཀྱི་སེམས་ཅན་གྱི་འཇུག་པས་གསུངས་པའི་དོན་རེས་འགའ་བརྗོད་པར་འགྱུར་རོ་ཞེས་དགོས་པ་ན། བཅོམ་ལྡན་འདས་རང་ཉིད་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ཐབས་རྣལ་འབྱོར་མ་རྣམས་ལ་སྟོན་པར་མཛད་དོ་ཞེས་པ་སྟེ། དེ་གསུངས་པ། དེ་ནས་རྡོ་རྗེ་ཅན་གྱིས་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས། རྣལ་འབྱོར་མ་རྣམས་ལ་བཀའ་སྩལ་པ་ཞེས་པའོ། །རྒྱུད་ཐམས་ཅད་ཀྱི་སྒྲས་ཡེ་ཤེས་རྣམ་པར་ཤེས་པ་ལ་སོགས་པ་མ་ལུས་པའི་ནུས་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ནི་རྒྱུད་ཐམས་ཅད་དེ། དེའི་གླེང་གཞི་ནི་དང་བོའི་རྒྱུའོ། །དེ་ནས་ཞེས་པ་དེ་མ་ཐག་བར་མ་ཆད་པ་ཉིད་ཀྱིས་སོ། །རྡོ་རྗེ་ཅན་ཞེས་པ་མི་ཕྱེད་པའི་སྐུའོ་ཞེས་བྱ་བ་ནི་བརྡ་ཙམ་སྟེ། འདི་ནི་གང་གི་ཡུལ་ལས་འདས་པའོ། །དེ་ཉིད་རྡོ་རྗེ་ཅན་ཞེས་བརྗོད་དོ། །དེ་ཡང་ཐབས་ཏེ་རྡོ་རྗེ་འཆང་གི་ཡེ་ཤེས་ཏེ་གང་རྣམས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་སྟེ། རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་དང་དབྱེར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་གི་ཡེ་ཤེས་བདག་མེད་པ་ལ་སོགས་པ་རྣམས་ཀྱིའོ། །བཀའ་སྩལ་པ་ཞེས་པ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཆོས་བསྟན་པ་མངོན་པར་གསལ་བས་མངོན་པར་བརྗོད་པར་མཛད་པ་སྟེ། གང་ཞིག་འཕགས་པས་གསུངས་པ། གང་གི་བརྩེ་བས་བསྟན་པའི་ཆོས། །རྗོད་བྱེད་རྣམས་ཀྱིས་བརྗོད་ཡ་མིན། །ཞེས་པའོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ཐབས་དེ་ཉིད་གསུངས་པ། སྡོམ་བ་དང་ནི་དབང་


DTG003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དང༌། དེ་བཞིན་དགོངས་པའི་སྐད་ཉིད་དང༌། །དགའ་བ་སྐད་ཅིག་དབྱེ་བ་དང༌། །གཞན་ཡང་བཟའ་ལ་སོགས་པའོ། །ཞེས་པ་འདི་ནི་མདོར་བསྡུས་པ་སྟེ་འདིའི་རྣམ་པར་བཤད་པ་གསུངས་པ། དེ་ལ་ཞེས་པ་སྡོམ་པ་ལ་སོགས་པ་གསུངས་པ་ལ་རེ་ཞིག་སྡོམ་པ་བཀའ་སྩལ་པ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་སོ་སོར་གནས། །དེ་ཡང་དབང་ལས་ཤེས་འགྱུར་ཏེ། །རང་གིས་རིག་བྱ་བདེ་ཆེན་པོ། །སྡོམ་པའི་སྒྲས་ལེའུ་དང་པོར་མདོར་བསྟན་པའི་རྒྱས་པར་བཤད་པ་སྟེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི་སྡུད་ཅིག་པའོ། །སོ་སོར་གནས་ཏེ་སོ་སོ་རེ་རེར་གནས་སོ། །གང་དུ་ཞེ་ན། ཨེ་ཝཾ་ཡི་གེར་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཡེ་ཤེས་ལའོ། །ཡང་ན་གང་སངས་རྒྱས་ཀུན་གྱི་ཞེས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱི་ཨེ་ཝཾ་ཡི་གེར་ཤེས་རབ་དང་ཐབས་གཉིས་སུ་མེད་པ་རྟོགས་པ་ལས་སྡོམ་བ་རྡོ་རྗེ་འཆང་གེ་ཡེ་ཤེས་སོ་སོར་གནས་ཏེ། སོ་སོ་རེ་རེར་གནས་སོ། །འདིས་ཤེས་རབ་དང་ཐབས་དབྱེར་མེད་པ་རྟོགས་པ་ཞེས་བྱ་བ་སྤྲོ་བ་དང་སྡུད་པའི་རང་བཞིན་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་ཉིད་དོ་ཞེས་པ་སྟེ། ཨེ་ཝཾ་མ་ཡཱ་ཞེས་པ་ལ་སོགས་པ་ལེའུ་དང་པོར་མདོར་བསྟན་པའི་ཨེ་ཝཾ་ཉིད་གླེང་གཞིའི་ཚིག་གོ །སྡོམ་པ་དེ་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། གསུངས་པ། དབང་ལས་ཞེས་པ་དབང་བསྐུར་བའི་ལེའུར་མདོར་བསྟན་པའི་རྒྱས་པར་བཤད་པ་སྟེ། དབང་བསྐུར་དང་ཞེས་མདོར་བསྡུས་པའི་རྣམ་པ་བཤད་པ་ལས་ཤེས་པར་འགྱུར་ཞིང་རྟོགས་པར་འགྱུར་རོ། །ཁྱད་པར་ཅི་ཞེ་ན། སྡོམ་པ་དེ་ཡང་སྟེ་མ་ནིང་ངོ༌། །རང་གིས་རིག་བྱ་བདེ་ཆེན་པོ། །ཞེས་བྱ་བ་ཡང་དག་པའི་ཡེ་ཤེས་ཏེ། དེ་ལ་ཞེས་པ་ཨེ་ཝཾ་རྣམ་པར་གནས་པ་ལའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་རྣལ་འབྱོར་མ་རྣམས་ཀྱིས་ཨེ་ཝཾ་ཞུས་པ་དེ་ནས་ཞེས་པ་བར་མཆད་པར་རྡོ་རྗེ་སེམས་དཔའ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་སྟེ། བཅོམ་ལྡན་འདས་ཞེས་པ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་མཐའ་དག་དང་ལྡན་པའོ། །རྣལ་འབྱོར་མ་རྣམས་ཞེས་པ་བདག་མེད་མ་ལ་སོགས་པ་


DTG003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། ཨེ་ཝཾ་གཉིས་སུ་མེད་པ་ཞུས། །ཞེས་པ་འཆད་པར་འགྱུར་བཞུས་པ་སྟེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། མཁའ་འགྲོ་མ་ཡི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་ཇི་ལྟར་བརྗོད། །བཅོམ་ལྡན་སྟོན་པ་འགྲོ་བའི་བླ། །ཇི་ལྟར་རིགས་པ་བཤད་དུ་གསོལ། །གལ་ཏེ་རེ་ཞིག་སངས་རྒྱས་ཐམས་ཅད་ཀྱི་སྡོམ་པ་ཨེ་ཝཾ་ཡིན་པ་དེ་བཞིན་དུ་མཁའ་འགྲོ་མ་རྣམས་ཀྱི་ཡང་སྡོམ་པ་ཨེ་ཝཾ་ཡི་གེ་མ་ནིང་སྟེ། ཨེ་ཝཾ་ཡི་གེ་དེ་ཉིད་ཇི་ལྟར་བརྗོད་པར་བྱ། །དེ་བཅོམ་ལྡན་སྟོན་པ་ཞེས་པ་སྟོན་པ་པོའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བའི་བླ་མ་སྟེ་བཤད་དུ་གསོལ་ཞེས་པ་བཤད་པ་མངོན་པར་གསལ་བས་སོ་སོར་བསྟན་དུ་གསོལ། ཇི་ལྟར་རིགས་པ་ཞེས་པ་གོ་རིམས་བཞིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་ཡིག་ཆ་བྱད་བཟང་པོ་གང༌། །དབུས་སུ་བཾ་ཡིག་གིས་བརྒྱན་པ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་བྲ་མ་ཏོག །ཨེ་ཡིག་ཆ་བྱད་ནི་ཨེ་ཡིག་གི་དབྱིབས་ཏེ་བཟང་པོ་གང་ཞེས་པ་ལྷའི་གཞིའོ། །དེ་ཇི་ལྟར་ཞེ་ན། དབུས་སུ་དེའི་ནང་དུ་བཾ་ཡིག་གིས་བརྒྱན་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་བརྒྱན་པའོ། །དེ་ཉིད་ཀྱི་ཕྱིར་བདེ་པ་ཐམས་ཅད་ཀྱི་ནི་གནས། ཡེ་ཤེས་མ་ལུས་པ་རྣམས་ཀྱི་གཞིར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་རིན་ཆེན་ཟ་མ་ཏོག་མཛོད་དོ། །ཡང་ན། ཨེ་ཡིག་ཆ་བྱད་བདག་མེད་མའི་རང་བཞིན་གང་ཡིན་པ་དེ་བཟང་པོ་ཞེས་པ་ལྷ་ཐམས་ཅད་ཀྱི་རང་བཞིན་ནོ། །དབུས་སུ་ཞེས་པ་དེའི་ཕྱོགས་སུ་ཆུད་བ་ཉིད་དེ། བཾ་ཡིག་གིས་བརྒྱན་པ་ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་པ་དེ་ཉིད་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་ཡེ་ཤེས་ལྔ་དང༌། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་བཞི་པ་ལྷན་ཅིག་སྐྱེས་པའི་རང་བཞིན་རྡོ་རྗེ་འཆང་གི་ཡེ་ཤེས་ཞེས་པའི་དོན་ནོ། །འདེ་དག་ནི། དེ་ཡང་དབང་ལས་ཤེས་འགྱུར་ཏེ། །རང་གིས་རིག་བྱ་ཞེས་གང་གསུངས་བདེ་བཤད་པའོ། །བདེ་ཆེན་


DTG003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་པ་གང་ཡིན་པ་དེ་སྟོན་པར་བྱེད་པ། སྐད་ཅིག་དབྱེ་བས་ཕྱེ་བ་ཡིས། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་ཤེས་པས་བདེ་ཤེས་པ། །ཨེ་ཝཾ་ཡི་གེར་སོ་སོར་གནས། །དེ་ལ་ཞེས་པ་ཨེ་ཝཾ་ཡི་གེ་དེ་ལ་དགའ་བ་བཞིར་འགྱུར་རོ། །ཇི་ལྟར་ཞེ་ན། སྐད་ཅིག་གི་དབྱེ་བས་ཕྱེ་བར་གྱུར་པའོ། །སྐད་ཅིག་ཡོངས་སུ་ཤེས་པ་ལས་བདེ་བ་སྟེ། བདེ་བ་ཉམས་སུ་མྱོང་བའོ། །དེ་ཉིད་ཡེ་ཤེས་ཡང་དག་པའི་ཡེ་ཤེས་སོ། །འདིས་ཨེ་ཝཾ་ཡི་གེར་བདེ་བ་ཆེན་པོ་སོ་སོར་གནས་ཏེ། དགའ་བ་ལ་སོགས་པ་བཞིའི་དབྱེ་བ་ནི་སྐད་ཅིག་གི་དབྱེ་བ་ལས་སོ། །སྐད་ཅིག་བཞི་ཡང་བདེ་བ་བཞི་ལས་ཏེ། འདིས་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའི་ཡེ་ཤེས་ཨེ་ཝཾ་ཡི་གེའི་རང་བཞིན་ཡང་དག་པའི་ཡེ་ཤེས་ཉིད་དོ་ཞེས་པ་སྟེ། དོན་དམ་པར་ནི་དབྱེ་བ་འགའ་ཡང་མེད་དོ་ཞེས་པའོ། །དགའ་བ་བཞི་ནི་གཞན་དུ་གསུངས་པའི་ཕྱིར་སྐད་ཅིག་བཞི་གསུངས་པ། རྣམ་པ་སྣ་ཚོགས་རྣམ་སྨིན་དང༌། །རྣམ་ཉིད་དེ་བཞིན་མཚན་ཉིད་བྲལ། །སྐད་ཅིག་བཞི་ནི་རབ་རྟོགས་ནས། །ཨེ་ཝཾ་རྣལ་འབྱོར་པས་ཤེས་འགྱུར། །རྣལ་འབྱོར་པ་ཞེས་པ་གཉིས་སུ་མེད་པར་རྟོགས་པས་གནས་པའོ། །ཨེ་ཝཾ་ཞེས་པ་ཤེས་རབ་དང་ཐབས་དང་རང་བཞིན་ཏེ་ཤེས་པར་འགྱུར་རོ། །ཅི་བྱས་ནས་ཤེ་ན། རབ་རྟོགས་ནས་ཡང་དག་པར་རྟོགས་ནས། ཅི་ཞེ་ན། སྐད་ཅིག་བཞི་རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་བཞིའོ། །ཡང་ན་གང༌། སྐད་ཅིག་བཞི་ནི་སྐད་ཅིག་བཞི་པ་ལྷན་ཅིག་སྐྱེས་པ་སྟེ། དེ་ཤེས་ནས་ཞེས་པའི་དོན་ནོ། །རྣམ་པ་སྣ་ཚོགས་ལ་སོགས་པའི་དོན་གསུངས་པ། འཁྱུད་དང་ཙུམ་བ་ན་ལ་སོགས། །སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བའོ། །བདག་གིས་བདེ་བ་ཟོས་སོ་ཞེས། །བགྲོད་པ་རྣམ་པར་ཉེད་པར་བརྗོད། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དང་པོའི་དགའ་བ་སྣ་ཚོགས་ལ། རྣམ་སྨིན་ལ་ནི་མཆོག་དགའོ། །དགའ་བྲལ་དགའ་བ་རྣམ་ཉིད་ལ། །མཚན་ཉིད་བྲལ་ལ་ལྷན་སྐྱེས་དགའ། །དགའ་བས་སྣ་ཚོགས་པའི་ཀུན་དུ་ཆགས་པ་སྤངས་པའི་


DTG003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཆགས་པ་གཅིག་པུ་ཉམས་སུ་མྱོང་བའོ། །དགའ་བྲལ་གྱི་དགའ་བས་བདག་གིས་བདེ་བ་ཉམས་སུ་མྱོང་ངོ་ཞེས་སེམས་པ་དང་སེམས་མེད་པའོ། །ལྷན་ཅིག་སྐྱེས་པའི་དགའ་བས་མཚོན་བྱ་དང་མཚོན་བྱེད་དང་མཚོན་པ་པོ་ཉེ་བར་མི་དམིགས་པའི་ཡེ་ཤེས་སོ། །སྣ་ཚོགས་རྣམ་པ་སྣ་ཚོགས་ཞེས་པ་ལ་སོགས་པ། མཚན་ཉིད་བྲལ་ལ་ལྷན་སྐྱེས་དགའ། །ཞེས་པའི་བར་ཚིགས་སུ་བཅད་པ་གསུམ་གྱིས་གང་གསུངས་པ། དེའི་དོན་ནི་འདི་ཡིན་ཏེ། དགའ་བ་ལ་སོགས་པ་བཞི་པོ་ཉིད་དབང་བཞིའོ་ཞེས་རབ་ཏུ་བསྟན་པའོ། །དེ་གསུངས་པ། སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་བོ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཞེས་བྱ། །སློབ་དཔོན་གྱི་སྒྲས་རྡོ་རྗེའོ། །གསང་བའི་སྒྲས་ཆོས་འབྱུང་སྟེ་གཉིས་ཀ་དབྱེར་མེད་པས་རྡོ་རྗེ་གསུམ་དབྱེར་མེད་པའོ། །ཤེས་རབ་ནི་དགའ་བྲལ་གྱི་དགའ་བ་སྟེ་བཞི་པ་ལྷན་ཅིག་སྐྱེས་པ་གང་ཡིན་པའོ། །དེ་ཡང་དེ་བཞིན་ཞེས་པ་སྔ་མ་བཞིན་ཞེས་པའི་དོན་ནོ། །དགོད་པ་དག་པ་སློབ་དཔོན་ཏ། །ལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅངས་ལ་ནི་ཤེས་རབ་སྟེ། །དེ་ཡང་གཉིས་གཉིས་རྒྱུད་ལའོ། །དགོད་བ་དག་པ་ཞེས་བ་བྱ་བ་སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་ཞེས་པ་སྟེ་བྱ་བ་སྤྱོད་པའི་རྒྱུད་ནི་དགོད་པ་ཞེས་བརྗོད་དོ། །རྣལ་འབྱོར་གྱི་རྒྱུད་ནི་ལྟ་བ་ཞེས་པའོ། །རྣལ་འབྱོར་བལ་མའི་རྒྱུད་ནི་ལག་བཅངས་ཞེས་པའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་གཉིས་གཉིས་འཁྱུད་ཅེས་པ་སྟེ། རྒྱུད་ནི་བཞི་པོ་རྣམས་ཀྱིས་ཀྱང༌། །དགོངས་པའི་སྐད་ནི་མ་བསྒྲགས་པ། ཞེས་བཤད་དོ། །འདིས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་གི་རང་བཞིན་དགའ་བའི་ངོ་བོ་སློབ་དཔོན་དུ་མངོན་པར་བརྗོད་པ་དགོད་པའི་སྒྲའི་དོན་ངེས་པར་བྱ་བ་སྤྱོད་པའི་རྒྱུད་རྣམ་པར་དག་པ་སྐད་ཅིག་བཞིའི་རང་བཞིན་རྣམ་པ་སྣ་ཚོགས་ལ་སོགས་པའོ། །དེ་ལྟར་རྣམ་པར་སྨིན་པའི་རང་བཞིན་མཆོག་ཏུ་དགའ་བའི་ངོ་བོ་གསང་བར་མངོན་པར་བརྗོད་པ་ལྟ་བུའི་སྒྲའི་དོན་ངེས་པ་རྣལ་འབྱོར་གྱི་རྒྱུད་རྣམ་པར་དག་པ། སྐད་ཅིག་


DTG003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་རང་བཞིན་དགའ་བ་ལ་སོགས་པའོ། །དེ་ལྟར་རྣམ་པར་ཉེད་པའི་རང་བཞིན་དགའ་བྲལ་གྱི་དགའ་བའི་ངོ་བོ་ཤེས་རབ་ཏུ་མངོན་པར་བརྗོད་པ་ལག་བཅངས་ཀྱི་སྒྲའི་དོན་ངེས་པ་རྣལ་འབྱོར་བླ་མའི་རྒྱུད་རྣམ་པར་དག་པ་སྐད་ཅིག་བཞིའི་རང་བཞིན་སློབ་དཔོན་ལ་སོགས་པའོ། །དེ་ལྟར་མཚན་ཉིད་དང་བྲལ་བའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་དེ་ཡང་ཞེས་པ་མངོན་པར་བརྗོད་པ་གཉིས་ཀྱི་རྒྱུད་སྒྲའི་དོན་ངེས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམ་པར་དག་པ་སྐད་ཅིག་བཞིའི་རང་བཞིན་དགོད་པ་ལ་སོགས་པའོ་ཞེས་པ་བཞི་ཚན་བཞི་ནི་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ཉིད་དེ། དེ་ལྟར་ཐམས་ཅད་བཞིའོ་ཞེས་མདོར་བསྟན་པའི་དོན་རྒྱས་པར་བཤད་པའོ། །ཡང་ན། དགོད་པའི་སྒྲས་གསལ་བའི་རང་བཞིན་རྣམ་པར་ཤེས་པ་ཙམ་མོ། །བལྟ་བའི་སྒྲས་འདི་དང་དེ་ཞེས་ཁྱད་པར་གྱི་རང་བཞིན་ལ་ཡིད་འཇུག་པའི་རྣམ་པར་ཤེས་པའོ། །ལག་བཅངས་ཀྱི་སྒྲས་ལྔའི་བདག་ཉིད་ཅན་གཉིས་ཏེ། དབང་པོ་དང་ཡུལ་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པས་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་མཚན་ཉིད་ཀྱི་རྣམ་པར་ཤེས་པའོ། །གཉིས་གཉིས་ཀྱི་རྒྱུད་ཀྱི་སྒྲས་ཤེས་རབ་དང་ཐབས་དབྱེར་མེད་པ་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཅན་བདེ་བ་ལ་སོགས་པའི་གཟུང་བའི་རང་བཞིན་འོད་གསལ་བའི་ཡེ་ཤེས་གང་ཡིན་པ་སྟེ། དེ་ཉིད་ལྷན་ཅིག་སྐྱེས་པ་ཞེས་པའོ། །འདིར་ཡང་དགའ་བ་ལ་སོགས་པ་ཉམས་སུ་མྱོང་བའི་མཚན་ཉིད་ཀྱིས་རྣམ་པར་བཤད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་གསུངས། །དབང་གི་དོན་ཉིད་གསུངས་པ། བླུགས་དང་འཁྲུད་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །འཁྲུད་པ་ཞེས་པ་དྲི་མ་མེད་པར་བྱེད་པ་སྟེ། རིམ་པ་གཉིས་ཀྱིས་གཉིས་ཀ་རྣམ་པར་དག་པར་གྱུར་པའོ། །གློ་བུར་གྱི་དྲི་མ་བསལ་བས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསྒྲུབ་པའི་ཕྱིར་ཞེས་པ་དབང་གི་དོན་ནོ། །དབང་རྣམ་པ་བཞི་པོ་ཉིད་གསུངས་པ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་


DTG003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་ལས། །སློབ་དཔོན་གྱི་ནི་དབང་དུ་འདོད། །བླ་མའི་རིམ་པ་ལས་དོན་གོ་སླ་བ་ཉིད་དོ། །ཡང་ན་ལག་པ་དག་གིས་ཞེས་པ་ཡུལ་དང་དབང་པོ་དག་གིས་ཡང་དག་པར་འཁྱུད་ཅིང་དབྱེར་མེད་པར་བྱས་ཏེ། ཤེས་རབ་ཅེས་པ་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་སོ། །ཁྱད་པར་ཅི་ཞེ་ན། གསུངས་པ། བཅུ་དྲུག་ལོན་པ་སྟེ། ཡེ་ཤེས་དེ་ངེས་པར་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ། །ཇི་ལྟར་ཞེ་ན། དྲིལ་བུ་ཞེས་པ་ནཱ་དའི་ཕྲེང་བ་གཉིས་ཏེ་རྡོ་རྗེ་ཞེས་པ་དེ་དག་དབྱེར་མེད་པའོ། །མཉམ་པར་སྦྱོར་བའི་སྒྲས་མཉམ་པ་དབྱེར་མེད་པས་ཁྱབ་པའི་རྣལ་འབྱོར་ནི་སྦྱོར་བའོ། །དེའི་ཕྱིར་སློབ་དཔོན་ཞེས་པ་རྡོ་རྗེ་འཆང་གེ་ཡེ་ཤེས་ཏེ། དབང་ཞེས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །འདོད་ཅེས་པ་ཡེ་ཤེས་ཀྱི་རྣམ་པའོ། །ཡང་ན་གང༌། རྡོ་རྗེ་དྲིལ་བུའི་སྒྲས་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའི་རིམ་པས་དགའ་བ་བཞི་ལ་སོགས་པ་རྟོགས་པ་རྣམ་པར་དག་པ་སྟེ། སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་པའི་དོན་བརྗོད་ཟིན་པ་ཉིད་དོ། །འདི་ནི་སློབ་དཔོན་གྱི་དབང་གི་མིང་བཞིན་ནོ། །གསང་བའི་དབང་གསུངས་པ། ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །གཟུགས་དང་ལང་ཚོས་བརྒྱན་པ་ཉིད། །ཐུ་བོ་མིང་མེད་དག་གིས་ནི། །སློབ་མའི་ཁ་རུ་གཞུག་པར་བྱ། །སྟོན་པས་ཤེས་རབ་མཆོད་བྱ་ཞིང༌། །རྗེད་པར་བྱས་ནས་གཏད་པར་བྱ། །སྟོན་པ་ཞེས་པ་བླ་མ་སྟེ། །ཤེས་རབ་བཙུན་མོ་མཆོད་པར་བྱ་ཞིང་བསྟེན་པར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཤིན་ཏུ་བཞིན་བཟངས་ཞེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རོ། །རྗེད་པར་བྱས་ནས་ཞེས་པ་བསྟེན་པར་བྱས་ནས་སློབ་མའི་ཁ་རུ་གཞུག་པར་ཞེས་པ་སློབ་མའི་ཞལ་དུ་བྱང་ཆུབ་ཀྱི་སེམས་ཏེ། སྦས་པའི་དོན་ནི་གདམས་ངག་ལས་རྟོགས་པར་བྱའོ། །གང་གིས་ཤེན་ཐུ་བོ་མིང་མེད་དག་གིས་ནི་སོར་མོ་གཉིས་ཀྱིས་སོ། །ཡང་ན་གང༌། མཐེ་བོང་གཉིས་ཀྱིས་རྡོ་རྗེ་བསྟན་ནས་སློབ་མའི་ཁར་བྱང་ཆུབ་ཀྱི་སེམས་ལྟུང་བར་བྱའོ་ཞེས་པ་འདེའི་དོན་ནི་གདམས་ངག་ལས་རྟོགས་པར་བྱའོ། །དེའི་བར་མ་ཆད་པར་ཤེས་རབ་དེ་སློབ་མ་ལ་གཏད་པར་


DTG003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་པའོ། །ཡང་ཤིན་ཏུ་བཞིན་བཟངས་ཞེས་པ་གསུང་རྡོ་རྗེའི་རང་བཞིན་ནོ། །མིག་ཡངས་མ་ཞེས་པ་ཐུགས་སུ་གཅིག་པའི་སྐུའོ། །གཟུགས་དང་ལང་ཚོས་བརྒྱན་པ་ཉིད། །ཅེས་པ་ཞལ་དང་ཕྱག་རྣམ་པ་ལ་སོགས་པ་སྐུའི་རང་བཞིན་ནོ། །དེ་ལྟར་གྱུར་པའི་སྐུ་གསུམ་གྱི་རང་བཞིན་གྱི་ཤེས་རབ་བདག་མེད་མ་ལ་སྟོན་པ་རྡོ་རྗེ་འཆང་གིས་མཆོད་པར་བྱ་ཞིང་ཡང་དག་པར་སྦྱིན་པར་བྱའོ། །ཇེ་ལྟར་ཞེ་ན། གང་ལས་ཐུ་བོ་མིང་མེད་དག་གིས་ནི། གཏད་པར་བྱ། ཐུ་བོ་རྡོ་རྗེ་འཆང་དང་མིང་མེད་བདག་མེད་མ་སྟེ། དེ་དག་གིས་དབྱེར་མེད་པར་མཉམ་པས་གཏད་ཅིང་རྣམ་པར་གནས་པར་བྱའོ། །དེ་ལྟར་གྱུར་བའི་གཉིས་སུ་མེད་པའི་ཡེ་ཤེས་སློབ་མའི་ཁ་རུ་དབང་པོ་དང་ཡུལ་ལས་གཞུག་པར་བྱ་ཞིང་བསྡུ་བར་སྟེ། དབང་པོ་དང་ཡུལ་དབྱེར་མེད་པ་ཁོ་ན་སྐུ་གསུམ་གྱི་རང་བཞིན་ཤེས་རབ་དང་ཐབས་ཀྱིས་བདག་ཉིད་ཅན་ཡང་དག་པའི་ཡེ་ཤེས་ཞེས་པའི་དོན་ནོ། །འདིས་ནི། སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་པའི་བར་གྱིས་སློབ་དཔོན་གྱི་དབང་ངོ༌། །ཐུ་བོ་མིང་མེད་དག་གིས་ནི། །སློབ་མའི་ཁ་རུ་གཞུག་པར་བྱ། །སྟོན་པས་ཤེས་རབ་མཆོད་བྱ་ཞིང༌། །ཞེས་པ་འདིས་གསང་བའི་དབང་བསྐུར་བར་གསུངས་སོ། །རྗེད་པར་བྱས་ནས་གཏད་པར་བྱ། །ཞེས་པ་འདིས་ཤེས་རབ་ཀྱི་དབང་བསྐུར་བའི་སྐབས་ཉེ་བར་རྩོམ་པར་མཛད་དོ། །དེ་ཉིད་གསུངས་པ། སྟོན་པས་སྨྲས་པ་སེམས་དཔའ་ཆེ། །ཕྱག་རྒྱ་བདེ་བ་ལྡན་པ་ཟུང༌། །འདི་ཉིད་བརྗོད་དེ་གཏད་པར་བྱ། །ཕྲག་དོག་ཁྲོ་བ་སྤངས་པ་ཡི། །སློབ་མ་ཆེར་གྱུར་ཤེས་ནས་ནི། །སྟོན་པས་དེ་ལ་གནང་པ་སྦྱིན། །ཀུནྡུ་རུ་གྱིས་རྡོ་རྗེ་འཛིན། །ཕྲག་དོག་ཁྲོ་བ་སྤངས་པ་ནི། །ཉོན་མོངས་པ་དང་མི་ལྡན་པའོ། །ཆེར་འགྱུར་ཞེས་པ་ཆུའི་དབང་ལ་སོགས་པས་དབང་བསྐུར་བའོ། །ཀུནྡུ་རུ་གྱིས་ཞེས་པ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་བྱོར་ཞེས་པའོ། །སྟོན་པ་བལ་མས་ཡང་དག་པར་བསྒྲུབ་པར་བྱ་བའི་གནང་བ་སྦྱིན་པར་བྱའོ། །སློབ་མས་ཀྱང་དེའི་གནང་བ་ཐོབ་ནས་གང་ཞིག་བསྒྲུབ་པར་བྱ་བ་དེ་གསུངས་པ། ཇི་ལྟར་དབང་བསྐུར་གསོལ་གདབ་པའི། །སློབ་མའི་བྱ་བ་རབ་


DTG003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་བྱ། །བླ་མ་ཕྱག་རྒྱ་ལྡན་མཐོང་ནས། །བསྟོད་དང་མཆོད་པ་ཇི་བཞིན་བྱ། །བཅོམ་ལྡན་ཞི་པ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་མཆོག་དེ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ཡང་དག་འབྱུང༌། བཅོམ་ལྡན་ཀྱེ་ཞེས་པ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །ཞི་བ་ཆེན་པོ་ཞེས་པ་ཉོན་མོངས་པའི་བག་ཆགས་ཀྱི་བུད་ཤིང་བསྲེགས་པའི་ཕྱིར་རོ། །རྡོ་རྗེ་རྣལ་འབྱོར་གཅིག་མཆོག་དེ། །ཞེས་པ་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །ཕྱག་རྒྱ་སྒྲུབ་པ་པོ་ཞེས་པ་ཕྱག་རྒྱའི་དངོས་གྲུབ་བསྒྲུབ་པའི་ཕྱིར་རོ། །མི་ཕྱེད་ཅེས་པ་མཐའ་ཡས་པའི་རིགས་རང་བཞིན་གཅིག་པའི་ཕྱིར་རོ། །རྡོ་རྗེ་རྣལ་འབྱོར་ཡང་དག་འབྱུང༌། །ཞེས་པ་རིམ་པ་གཉིས་ཕྱིན་ཅི་མ་ལོག་པའི་ཚུལ་སྟོན་པར་བྱེད་པའི་ཕྱིར་ཞེས་པའོ། །བཅོམ་ལྡན་ཀྱེ་ཞེས་པ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དོ། །ཞི་བ་ཆེན་པོ་ཞེས་པ་མི་བསྐྱོད་པའི་སྐུའོ། །རྡོ་རྗེ་རྣལ་འབྱོར་གཅིག་མཆོག་སྟེ། །ཞེས་པ་བསྐྱོད་པའི་སྦྱོར་བ་ལས་རིན་ཆེན་དབང་པོའི་རང་བཞིན་ནོ། །ཕྱག་རྒྱ་སྒྲུབ་པ་པོ་ཞེས་པ་འོད་དཔག་མེད་ཀྱི་རང་བཞིན་ནོ། །མི་ཕྱེད་ཅེས་པ་དོན་ཡོད་གྲུབ་པའི་རང་བཞིན་ནོ། །རྡོ་རྗེ་རྣལ་འབྱོར་ཡང་དག་འབྱུང༌། །ཞེས་པ་རྡོ་རྗེ་སེམས་དཔའ་འཛག་པ་མེད་པའི་རང་བཞིན་ཏེ། ཡེ་ཤེས་ལྔ་དང་སྐུ་གསུམ་དང་ཤེས་རབ་དང་ཐབས་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་རྡོ་རྗེ་བླ་མ་ཞེས་པའི་དོན་ནོ། །བདག་ཉིད་ཆེན་པོ་ཁྱེད་ཇི་བཞིན། །གཙོ་བོ་བདག་ཀྱང་མཛད་དུ་གསོལ། །འཁོར་བ་འདམ་གྱི་ཚོགས་སུ་ནི། །བྱིང་བ་སྐྱབས་མེད་བདག་སྐྱབས་མཛོད། །བདག་ཉིད་ཆེན་པོ་ཞེས་པ་སྔར་བརྗོད་པའི་བསྟོད་པའི་རིམ་པས་སོ། །ཁྱེད་ཇི་ལྟ་བ་དེ་བཞིན་དུ་བདག་ཀྱང་མཛད་དུ་གསོལ། །འཁོར་བའི་འདམ་རྫབ་སྟུག་པོར་བྱིད་བ་སྐྱབས་མེད་བདག་སྐྱབས་མཛོད། སྐྱབས་མེད་པ་བདག་སྐྱབས་ཏུ་གསོལ་ཞེས་པ་སྟེ། སྟོན་པ་སྤངས་ནས་འཁོར་བའི་རྒྱ་མཚོ་ལས་གདོན་པར་བཟོད་པ་གཞན་འགའ་ཡང་མེད་དོ་ཞེས་པའོ། །དེ་ལྟར་གསོལ་བ་བཏབ་པའི་རྗེས་ལ་མཆོད་པ་གསུངས་པ། ཞིམ་པའི་བཟའ་བ་བཏུང་བ་དང༌། །མད་ན་དང་བ་ལ་ཆེ། །བདུག་པ་ལྷ་བཤོས་ཕྲེང་བ་ཆེ། །


DTG003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་རྒྱལ་མཚན་བྱུག་པ་སྟེ། །སློབ་མས་མཆོད་པ་འདི་རྣམས་ཀྱིས། །རྡོ་རྗེ་འཛིན་པ་མཆོད་པར་བྱ། །བ་ལ་ཆེ་ཞེས་པ་རྒྱལ་པོ་ཤ་ལིའོ། །དེ་ལྟར་བསྟོད་པ་དང་གསོལ་བ་གདབ་པ་དང་མཆོད་པ་རྣམས་ཀྱང་བརྗོད་ནས་བླ་མའི་གདམས་ངག་ལས་རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་ལ་སོགས་པའི་རིམ་པས་དགའ་བ་ལ་སོགས་པ་མངོན་དུ་གྱུར་པ་ན་བླ་མའི་གནང་བ་གསུངས་པས། དབང་བཞི་པའི་སྐབས་ཉེ་བར་རྩོམ་པར་མཛད་དོ། །མཆོག་དགའ་ལེགས་པར་ཡང་དག་ཐོབ། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་གཟུང་བར་བྱ། །སྟོན་པ་བླ་མས་སྨྲས་པ་ཞེས་པ་གསུངས་པའོ། །དེ་ཅི་ཞེ་ན། ཀྱེ་སེམས་དཔའ་ཆེན་པོ་ད་ནི་ཁྱོད་ཡེ་ཤེས་ཆེན་པོའི་རོས་གང་བའོ་ཞེས་བོད་བ་སྟེ། ཁྱོད་ཀྱིས་གཟུང་བར་བྱ་ཞིང་བརྟེན་པར་བྱའོ། །དེ་ཅི་ཞེ་ན། བདེ་བ་ཆེན་པོ་ཡང་དག་པའི་ཡེ་ཤེས་སོ། །གང་གི་ཚེ་ཞེ་ན། མཆོག་ཏུ་དགའ་བའི་སྐད་ཅིག་ལ། །བཞི་པ་ལེགས་པར་ཡང་དག་ཐོབ། །ལེགས་པར་གོ་རིམས་བཞིན་ཡང་དག་པར་ཐོབ་པ་ནའོ། །ཁྱད་པར་ཅི་ཞེ་ན། སྣ་ཚོགས་སྤངས་པ་ཐ་དད་པ་སྤངས་པ་སྟེ། དབྱེར་མེད་པ་ཁམས་གསུམ་པ་རོ་གཅིག་པའི་རང་བཞིན་དུ་གྱུར་པ་ནའོ། །འདིས་ནི། སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་དབང་བཞི་གསུངས་སོ། །ཡང་ན་བདེ་བ་ཆེན་པོ་ཡང་དག་པའི་ཡེ་ཤེས་ཏེ་མཆོག་རྨད་དུ་བྱུང་བའོ། །དགའ་བ་ནི་དགའ་བ་བཞིའོ། །སུ་ཁུ་བ་དང༌། སཾ་བདེ་བ་སྟེ་ལེགས་པ་ཡང་དག་གོ །དེ་ཐོབ་པ་དགའ་བ་བཞི་ཕུལ་དུ་བྱུང་བས་ཐོབ་པ་ནའོ། །དེ་ཉིད་ཀྱི་ཕྱིར། སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །གཟུང་བར་བྱ་ཞེས་པའོ། །ད་ནི་དབང་བསྐུར་ནས་རྗེས་སུ་གནང་བ་སྟེར་བ། བྱང་ཆུབ་སྙིང་པོའི་བར་དུ་ནི། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །སློབ་མའི་བྱ་པ་རྫོགས་བྱིན་ནས། །རྡོ་རྗེ་ཅན་གྱིས་འདི་སྐད་བརྗོད། །བྱང་ཆུབ་ཀྱི་སྒྲས་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ཉིད་སྙིང་པོ་སྟེ་བསྟན་པའོ། །བྱང་ཆུབ་སྙིང་པ་ཉིད་ཀྱི་བར་ཏེ་མཐར་ཐུག་པའོ། །དེ་རྟོགས་པ་ནི་བྱད་


DTG003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྙིང་པོའི་བར་ཏེ། སེམས་ཅན་དོན་གྱིས་འགྲོ་བའི་དོན་བསྒྲུབ་པར་བྱའོ། །ཀྱེ་རྡོ་རྗེ་འཛིན་ཀྱེ་རྡོ་རྗེ་འཆང་གི་ཡེ་ཤེས་དང་ལྡན་པའོ། །རྡོ་རྗེ་ཅན་རྡོ་རྗེ་བླ་མས་སློབ་མ་ལ་འདི་སྐད་བརྗོད་པར་བྱའོ། །ཅི་བྱས་ནས་ཤེ་ན། བྱ་བ་རྫོགས་པ་བྱིན་ནས་ཆུ་ལ་སོགས་པའི་ཆོག་རབ་ཏུ་བསྒྲུབས་ནས་སོ། །ཡང་ན་གང༌། འཆད་པར་འགྱུར་བའི་བྱ་བ་རྫོགས་པ་བརྗོད་པར་བྱ་སྟེ། དེ་ལྟར་སློབ་མ་ལ་ནི་བྱིན་ནས་ཆུ་ལ་སོགས་པའི་ཆོ་ག་བཞི་པ་རྟོགས་པའི་མཐར་ཐུག་པ་སོ་སོར་བསྒྲུབས་ནས་ཞེས་པའོ། །ད་ནི་དབང་བསྐུར་ཞིང་རྗེས་སུ་གནང་བ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རྣམ་པར་གནས་པར་བྱ་བའི་ཆེད་དུ་གསུངས་པ། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་མེད་གཉིས་ཀྱི་རང་བཞིན་ཏེ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་པར་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་སྣང༌། །འདི་ནི་ལེའུ་དང་པོར། ལུས་གནས་ཡེ་ཤེས་ཆེན་པོ་ནི། །ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་སྟེ་ཐམས་ཅད་ལུས་ལ་ཞེས་པའི་སྒྲས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་བ་ཐམས་ཅད་ལ་རྣམ་པ་སྣ་ཚོགས་པའི་རང་བཞིན་ཨ་བ། བདག་མེད་མ་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་གནས་ཏེ། གཡོ་བ་མེད་པའི་རང་བཞིན་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། གཉིས་མེད་གཉིས་ཀྱི་རང་བཞིན་ཏེ་དངོས་པོ་དང་དངོས་མེད་ཀྱི་བདག་ཉིད་ཅན་སྐྱེ་བ་དང་འཇིག་པ་དབྱེར་མེད་བའི་ཡེ་ཤེས་སོ། །གཙོ་བོ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཁའ་འགྲོ་མ་རྣམས་ཀྱི་མངའ་བདག་མ་ནིང་ངོ༌། །ཐམས་ཅད་ལུས་ལ་རྣམ་པར་གནས་པའི་དོན་ཉིད་གསུངས་པ། ཡང་དག་པའི་ཡེ་ཤེས་བརྟན་པ་དང་གཡོ་བ་ཁྱབ་པར་གནས་པ་གཡོ་བ་མེད་པའི་རང་བཞིན་བསྐྱེད་པར་བྱའོ། །དེ་ཉིད་ཀྱི་ཕྱིར། སྒྱུ་མའི་གཟུགས་ཅན་ཉིང་དུ་སྣང༌། །ཞེས་པ་འགྲོ་བའི་རང་བཞིན་འོད་གསལ་བའི་ངོ་བོ་ཉིད་ཅེས་པའོ། །འདི་ལྟ་བུའི་ཡེ་ཤེས་རྟོགས་ཤིང་མངོན་དུ་གྱུར་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གསུངས་པ། དཀྱིལ་འཁོར་འཁོར་ལོ་ཐབས་དང་པོས། །རྟག་ཏུ་ངེས་པར་འགྲོ་བར་འགྱུར། །དཀྱིལ་འཁོར་ནི་དཀྱིལ་འཁོར་གྱི་གཙོ་བོ་ཉི་ཀྱིས་རྡོ་རྗེ་འཆང་སྟེ། འཁོར་


DTG003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ནི་མི་ཤེས་པ་གཅོད་པ་ཉིད་ལས་བདག་མེད་མའོ། །དཀྱིལ་འཁོར་དང་འཁོར་ལོ་ནི་དཀྱིལ་འཁོར་འཁོར་ལོ་སྟེ། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །དེ་ཉིད་ཐབས་དང་པོ་གླིང་གཞི་སྟེ་དང་པོའི་རྒྱུའོ། །རྒྱུ་དེས་རྟག་ཏུ་གོམས་པར་གྱུར་པ་ནི་ངེས་པར་སོམ་ཉི་མེད་པ་ཉིད་དུ་འགྲོ་བར་འགྱུར། རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པར་འགྱུར་རོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་རྣལ་འབྱོར་མ་ཐམས་ཅད་ལ་བཟོད་པར་གསོལ་ནས། རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ནས་ཞེས་པ་བར་མཆད་པ་སྟེ། དེ་ཡང་རྡོ་རྗེ་སྙིང་པོས་བཅོམ་ལྡན་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་བྱས་ནས་ཤེ་ན། རྣལ་འབྱོར་མ་རྣམས་ལ་བཟོད་པར་གསོལ་ནས་ཏེ། རྣལ་འབྱོར་མ་ཐམས་ཅད་བཟོད་པར་གྱུར་ནས་སོ། །ཁྱད་པར་ཅི་ཞེ་ན། བཅོམ་ལྡན་འདས་མ་སྟེ། རང་གི་དམ་ཚིག་གི་བརྡ་ཐམས་ཅད་པར་གནས་པ་རྣམས་སོ། །ཡང་ན་གང༌། བྷ་ག་ཡེ་ཤེས་ཏེ་འདི་རྣམས་དེ་དང་ལྡན་པའི་ཕྱིར་བཅོམ་ལྡན་མའོ། །དེ་རྣམས་ཀྱི་དཀྱིལ་འཁོར་འཁོར་ལོ་ཐབས་དང་པོས་རྟག་ཏུ་ངེས་པར་འགྲོ་བར་འགྱུར་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཉིད། དཀྱིལ་འཁོར་འཁོར་ལོ་ཅི་ཞིག་བརྗོད། །སངས་རྒྱས་ཀུན་བདག་གྲོང་ཁྱེར་ལ། །བཅོམ་ལྡན་བདག་ནི་འཁྲུལ་པར་གྱུར། །ཇི་ལྟར་རིགས་པ་བཤད་དུ་གསོལ། །བཅོམ་ལྡན་འདས་བཤད་དུ་གསོལ་ཞེས་པ་མང་པོའི་ཚིག་ནི་ཞེས་པ་ལས་སོ། །དཀྱིལ་འཁོར་འཁོར་ལོ་གང་ཡིན་པ་དེ་ཅི་ཞིག་མངོན་པར་བརྗོད། །དེ་ཡང་གྲོང་ཁྱེར་ནི་ལུས་སོ། །ཁྱད་པར་ཅི་ཞེ་ན། སངས་རྒྱས་ཀུན་བདག་ཅེས་པ་ཡུལ་རྣམས་སོ། །སངས་རྒྱས་ནི་དེ་བཞིན་གཤེགས་པ་སྟེ་དབང་པོ་རྣམས་སོ། །བདག་ཅེས་པ་སེམས་ཏེ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའོ། །དེ་གསལ་བར་བྱེད་པའི་ཕྱིར་སངས་རྒྱས་ཀུན་གྱི་བདག་ཉིད་ཅན་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་རང་བཞིན་རྡོ་རྗེ་གསུམ་གྱི་ངོ་བོ་ཇི་སྲིད་པའོ། །དེ་ལྟ་བུའི་ཚུལ་གྱི་གྲོང་ཁྱེར་དཀྱིལ་འཁོར་འཁོར་ལོ་དེ་ཉིད་ཅི་ཞིག་མངོན་པར་བརྗོད་ཅེས་པ་རྡོ་རྗེ་སྙིང་པོའི་ཞུ་བ་སྟེ། ཇི་ལྟར་རིགས་པ་ཞེས་པ་ཇི་ལྟར་བསྐྱེད་


DTG003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྫོགས་པའི་རིམ་པ་གཉིས་འགལ་བ་མེད་པ་དེ་ལྟར་ཞེས་པའོ། །དེ་ལྟར་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །དཀྱིལ་གྱི་སྒྲས་སྙིང་པོ་མཆོག་བརྗོད་དེ། དེ་ཡང་མ་ནིང་ངོ༌། །དེ་ཅི་ཞེ་ན། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ཉིད་བདེ་པ་ཆེན་པོའོ། །དེ་ཅི་ཞིག་བྱེད་ཅེ་ན། དེ་ནི་ལེན་པར་བྱེད་པའི་ཕྱིར། །འདུས་པ་དཀྱིལ་འཁོར་ཡིན་པར་འདོད། །སྙིང་པོ་དེ་ལེན་ཅིང་འཛིན་པའི་ངོ་བོར་བྱེད་ལ་རྫོགས་པར་བྱེད་པའི་ཕྱིར་དཀྱིལ་འཁོར་རོ། །གང་ཞིག་དཀྱིལ་འཁོར་དེ་ནི་འདུས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའོ། །འདོད་ཅེས་པ་ཡང་དག་པའི་ཡེ་ཤེས་ཏེ། རེ་ཞིག་དཀྱིལ་འཁོར་གྱི་སྒྲའི་དོན་ནོ། །འཁོར་ལོའི་སྒྲའི་དོན་བརྗོད་པར་བྱ་སྟེ། འཁོར་ལོ་ཚོགས་པ་མཁའ་ཁམས་བརྗོད། །ཡུལ་ལ་སོགས་རྣམས་རྣམ་པར་སྦྱོང༌། །ཚོགས་པ་ཞེས་པ་ཡུལ་ཤེས་པའོ། །མཁའི་སྒྲས་དབང་པོ་ཞེས་པའོ། །ཁམས་ཀྱི་སྒྲས་འབྱུང་བ་ཆེན་པོ་ཞེས་པའོ། །མཁའ་དང་ཁམས་ནི་མཁའ་ཁམས་ཏེ། འདི་དག་གིས་བརྗོད་ཅིང་བཤད་པ་གང་ཡིན་པ་དེ་ནི་འཁོར་ལོའོ། །དེ་ཉིད་ཀྱི་ཕྱིར་ཡུལ་ལ་སོགས་པ་རྣམས་པར་སྦྱོང༌། དྲི་མ་མེད་པར་བྱེད་པའོ། །འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དཀྱིལ་འཁོར་དང༌། ཡུལ་ལ་སོགས་པ་རྣམ་པར་དག་པ་ཡང་འཁོར་ལོའོ། །འདི་གཉིས་ནི་གང་ཞིག་དེའི་བདེ་བ་ཡེ་ཤེས་རྟོགས་པར་འགྱུར་ཞིང་ཤེས་པར་འགྱུར་རོ། །རྒྱུ་གང་གིས་ཤེ་ན། གསུངས་པ། བོལླ་ཀཀྐོ་ལ་སྦྱོར་བས། །བོལླ་རྡོ་རྗེ་དཀྱིལ་འཁོར་དང་ཀཀྐོ་ལ་པདྨ་འཁོར་ལོ་སྟེ། དེ་གཉིས་ཀ་དབྱེར་མེད་པའི་སྦྱོར་བའོ། །དེས་དཀྱིལ་འཁོར་འཁོར་ལོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ཡུལ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ཟུང་དུ་འཇུག་པར་གྱུར་པའི་རིམ་པ་ནི་དཀྱིལ་འཁོར་འཁོར་ལོ་ཞེས་མངོན་པར་བརྗོད་དོ་ཞེས་པའི་དོན་ནོ། །འདིར་དེ་གཉིས་ཀ་དབྱེར་མེད་པའི་ཕྱིར་གནས་པ་མེད་པའི་རྣལ་འབྱོར་གྱིས་དམིགས་


DTG003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །རྡོ་རྗེ་སྙིང་པོས་གསོལ་པ། །སྡོམ་པ་ཞེས་བྱ་གང་གིས་དང༌། །དམ་ཚིག་གང་གིས་གནས་པར་བགྱི། །གལ་ཏེ་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའོ། །དམ་ཚིག་དེས་དམ་ཚིག་གི་རྒྱུས་གནས་པར་བགྱི་སྟེ། གནས་པའི་ཕྱིར་དམིགས་པར་འགྱུར་རོ། །གལ་ཏེ་སྡོམ་པ་ནི་སྡུད་པ་སྟེ། བདག་མེད་མ་སོ་སོར་རྟོགས་པས་ཡུལ་ལ་སོགས་པ་རྣམ་བར་དག་པའོ། །དེ་ལྟར་ན་ཡང་སྡོམ་པ་དེས་སྡོམ་པའི་བྱེད་པས་ཀྱང་གནས་པར་བགྱི་སྟེ་གནས་པ་ནི་མི་དམིགས་པའོ། །དེ་ཅིས་གནས་པ་མེད་པའི་རྣལ་འབྱོར་ལ་གནས་པ་ཞེས་བགྱི་ཞེས་པའོ། །ཡང་ན་གང༌། དམ་ཚིག་གང་གིས་ཇི་ལྟ་བུའི་ལྷའི་རྣལ་འབྱོར་གྱིས་དང༌། སྡོམ་པ་གང་གིས་ཇི་ལྟ་བུའི་ལྷ་སྤྲོས་པ་དང་སྡུད་པ་གནས་པར་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཞེས་པ་འདི་ནི་དམ་ཚིག་སྟེ། །བར་ཆད་མེད་པར་བྱ་བ་ལ་འཇུག་པའོ། །ཁྱོད་ཀྱིས་མ་བྱིན་པར་ཡང་བླང༌། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་པ་འདི་ནི་སྡོམ་པའི་བསླབ་བའོ། །ཡང་ན་གང༌། སཾ་ཡང་དག་པ་སྟེ། ཝ་ར་མཆོག་གོ །འདི་དག་ཉིད་གལ་ཏེ་སྒྲ་ཇི་བཞིན་པ་ནི་བཀག་པའི་ཕྱིར་དེའི་ཚེ་མི་དགེ་བའི་སྐྱོན་དང་སྒྲིབ་པར་འགྱུར་རོ། །དེའི་དོན་དུ་སྲོག་ཆགས་གསོད་པ་ལ་སོགས་པའི་དོན་དགེ་བ་ཉིད་ཀྱིས་ཡེ་ཤེས་ཀྱི་རང་བཞིན་དུ་མངོན་པར་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་གཅིག་སྲོག་ཆགས་གསོད་པ་སྟེ། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །འཇིག་རྟེན་བསྒྲལ་བར་བྱ་ཞེས་པ། །བརྫུན་གྱི་ཚིག་ཏུ་གྲགས་པ་སྟེ། །བཙུན་མོའི་ཁུ་བ་མ་བྱིན་པ། །ཕ་རོལ་བུད་མེད་རང་མཚུངས་མཛེས། །སེམས་གཅིག་ཅེས་པ་ལྷན་ཅིག་མ་ཡིན་པའི་སེམས་ཏེ་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བའོ། །དེ་ནི་སྲོག་ཆགས་གསོད་པ་སྟེ། །ཇི་ལྟར་ཞེ་ན། གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །རྒྱུ་གང་གི་ཕྱིར་སྲོག་གི་བརྡ་ནི་སེམས་ཞེས་པའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་བརྒྱད་སྟོང་པར་གསུངས་པ། བདག་


DTG003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སེམས་ཅན་ཐམས་ཅད་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བརྗོད་ཀྱང༌། དེ་ནི་གང་གིས་གང་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བ་མེད་དོ། །གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་པ་མཁྱེན་པ་དང་ལྡན་པའི་གསུང་དབྱངས་ཀྱི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་སུ་སེམས་ཅན་སེམས་ཅན་ཞེས་ཚིག་ཏུ་བརྗོད་ཀྱང༌། དེ་ན་སེམས་ཅན་འགའ་ཡང་སྐྱེས་པའམ། སྐྱེ་བར་འགྱུར་བའམ། སྐྱེ་བའམ། འགག་པའམ། འགག་པར་འགྱུར་པའམ། འགག་པ་ཡང་ག་ལ་ཡོད་དེ་སེམས་ཅན་གྱི་ཁམས་གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་པའོ། །དེའི་ཕྱིར་ཡང་གང་གི་ཡང་སྐྱེ་བ་དང་འགག་པ་ཡང་ཉེ་བར་མི་གནས་པ་དེ་རྣམས་བསྒྲལ་བར་བྱའོ་ཞེས་སྨྲ་བ་ནི་བརྫུན་གྱི་ཚིག་སྟེ། འདི་ལྟར་འདི་ནི་བརྫུན་སྨ་བ་བརྫུན་གྱི་དོན་ཡང་དག་པར་བདེན་པ་མེད་པའོ། །ཡང་ན། གྲག་པ་ནི་སྒྲ་སྟེ་བརྫུན་ནི་བདེན་པ་མེད་པའོ། །གང་གི་ཚིག་ནི། བཱ་བྱང་ཆུབ་ཀྱི་སེམས་དང་ཨ་བདག་མེད་མ་སྟེ། བཱ་གཉིས་ཀའོ། །དེ་ཡང་སྦྱིན་ཞིང་གཏང་བའི་ཕྱིར་བཱ་དང༌། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གང་ཡིན་པ་གྲག་པ་སྟེ། ནཱ་དའི་ཕྲེང་བ་གཉིས་སོ། །དེ་དབྱེར་མེད་པར་རྟོགས་པ་ཡོངས་སུ་སྤོང་བ་ཡང་བརྫུན་ཏེ། དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །གང་ཞིག་རབ་འབྱོར་གྱིས་སྨྲས་པ་ཁོ་པོ་ནི་གལ་ཏེ་མྱ་ངན་ལས་འདས་པ་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཆོས་འགའ་ཞིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའོ་ཞེས་པ་བརྫུན་གྱི་ཚིག་ཏུ་གྲགས་པའོ། །བཙུན་མོའི་བྱང་ཆུབ་ཀྱི་སེམས་མ་བྱིན་པར་ལེན་པ་ནི་ཕ་རོལ་གྱི་རྫས་འཕྲོག་པའོ། །ཡང་ན་བཙུན་མོ་བདག་མེད་མ་དང་ཁུ་བ་རྡོ་རྗེ་འཆང་སྟེ། བཙུན་མོ་དང་ཁུ་བ་ནི་བཙུན་མོའི་ཁུ་བའོ། །དེ་མ་བྱིན་པ་ནི་མི་སྤོང་བ་སྟེ་རྟག་ཏུ་སྐྱེད་པའི་ངོ་པོའི་ཕྱིར་རོ། །ཕ་རོལ་བུད་མེད་ཅེས་པ་མཆོག་གི་ཤེས་རབ་སྟེ་དེ་ནི་རང་མཚུངས་མཛོས་རང་གི་སྒྲས་རྡོ་རྗེ་འཆང་ངོ༌། །དེ་དང་མཚུངས་པ་དེ་ནི་རང་བཞིན་གྱི་ཤེས་རབ་སྟེ་མཛེས་པ་ནི་ཐམས་ཅད་མཆོག་ཏུ་གྱུར་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་རྣལ་འབྱོར་མ་ཐམས་ཅད་ལ་


DTG003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་གསོལ་ནས་དཀྱིལ་འཁོར་འཁོར་ལོ་ལ་སོགས་པའི་དོན་ཞུས་ཤིང་བཅོམ་ལྡན་འདས་ཀྱིས་ཀྱང་ཞུ་བའི་ལུང་བསྟན་པའོ། །ད་ནི་བདག་མེད་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ནི་ཆ་དང་བྲལ་བའི་རང་བཞིན་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་འཁོར་ལོ་ལ་སོགས་པའི་ཐབས་ལ་ཐེ་ཚོམ་སྟེ། དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་ཡང་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པའི་དོན་དམ་པའི་བརྡས་གསུངས་སོ་ཞེས་རྣལ་འབྱོར་མ་རྣམས་སོ་མ་ཉེར་གྱུར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། དེ་ནས་རྣལ་འབྱོར་མ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ནས་ཞེས་པ་ཁ་སྦྱོར་ཏེ། རྣལ་འབྱོར་མ་ཐམས་ཅད་ཅེས་པ་མ་ལུས་པའི་རྣལ་འབྱོར་དང་ལྡན་པའོ། །འདི་སྐད་ཅེས་གསོལ་ཏོ་ཞེས་པ་ཨེ་ཝཾ་ཡི་གེའི་རང་བཞིན་ཁོ་ནས་དུས་གསུམ་ཁྱབ་པར་གྱུར་པའོ། །དེ་ནས་རྣལ་འབྱོར་མ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ་ཉིད་གསུངས་པ། ཡུལ་དེ་རྣམས་ཀྱང་ཅི་ལགས། དབང་པོ་རྣམས་ནི་གང་ལགས། སྐྱེ་མཆེད་རྣམས་ནི་ཅི་ལགས། ཕུང་པོ་རྣམས་ནི་གང་ལགས། ཁམས་དེ་རྣམས་ཀྱང་ཅི་ལགས་ཞེས་པ་ཕུང་པོ་ལྔའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པའོ། །འདི་རྣམས་ཀྱི་རང་བཞིན་ཅི་ལགས་ཞེས་པ་འདི་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པ་ནི་དོན་དམ་པའི་བདེན་པའོ་ཞེས་པ་གྲོས་ཏེ། རྣལ་འབྱོར་མ་རྣམས་ཀྱི་ཞུ་བའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་རྣམས་ནི་དྲུག་སྟེ། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་ཁམས་ཀྱི་རང་བཞིན་ཏེ། །འདི་རྣམས་ཡུལ་ནི་དྲུག་ཏུ་འདོད། །དབང་པོ་རྣམས་ནི་རྣམ་དྲུག་སྟེ། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་དེ་བཞིན་ཡིད། །འདི་རྣམས་དབང་པོ་དྲུག་ཡིན་ཏེ། །གཏི་མུག་རྡོ་རྗེ་ལ་སོགས་ལྡན། །ཡུལ་དང་ཡུལ་ཅན་དག་གིས་ནི། །སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར། །ཕུང་པོ་ལྔ་ནི་གཟུགས་ལ་སོགས། །འདུ་བྱེད་མཐར་ཐུག་སྙིང་རྗེ་ཆེ། །དབང་པོ་དང་ནི་ཡུལ་ཉིད་དང༌། །དབང་པོ་རྣམ་པར་ཤེས་པ་ཉིད། །རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར། །ཁམས་


DTG003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཅོ་བརྒྱད་རྣམས་སུ་བཤད། །རང་བཞིན་གདོད་ནས་མ་སྐྱེས་ཉིད། །བདེན་མིན་བརྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །འདི་ལྟ་སྟེ། གཙུབ་ཤིང་དང༌། གཙུབ་གཏན་དང༌། སྐྱེས་བུའི་ལག་པའི་རྩོལ་བ་ལས་གློ་བུར་དུ་མེ་སྐྱེ་བར་འགྱུར་རོ། །མེ་དེ་མི་གཙུབ་ཤིང་ལ་མི་གནས། གཙུབ་གཏན་ལ་མ་ཡིན། སྐྱེས་བུའི་ལག་པ་དག་ལ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཅལ་ན་གཅིག་ལ་ཡང་མེད་དོ། །མེ་དེ་ཡང་བདེན་པ་མ་ཡིན། བརྫུན་བམ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མ་རྣམས་ཀྱིས་ཡིད་ལ་གྱིས་ཤིག་ཅེས་པའོ། །རྡོ་རྗེ་སྙིང་པོ་ནི་ཐབས་ཀྱི་ངོ་བོ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཏེ་དོན་དམ་པའི་བདེན་པས་གསུངས་སོ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མ་ཤེས་གྱིས། །འདི་ལྟར་སྟེ། གཙུབ་ཤིང་དང༌། གཙུབ་གཏན་དང་སྐྱེས་བུའི་ལག་པའི་རྩོལ་པ་ལས་གློ་བུར་དུ་མེ་སྐྱེ་བར་འགྱུར་རོ། །མེ་དེ་ནི་གཙུབ་ཤིང་ལ་མི་གནས། གཙུབ་གཏན་ལ་མ་ཡིན། སྐྱེས་བུའི་ལག་པ་ལ་ཡང་མ་ཡིན་ཏེ་ཞེས་པ་ལ་སོགས་པ་རྣལ་འབྱོར་མ་རྣམས་ནི། ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་དོན་དམ་པའི་རང་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པས་གསུངས་སོ་ཞེས་པ་ཚིགས་སུ་བཅད་པ་རྣམས་ཀྱི་བསྡུས་པའི་དོན་ནོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱང་རྒྱུད་ཐམས་ཅད་ཀྱི་གླེང་གཞིར་གྱུར་པ་རྡོ་རྗེ་རིགས་ཀྱི་ལེའུ་ལ་སོགས་པའི་བདག་ཉིད་ཅན་ཀྱེའི་རྡོ་རྗེ་རྒྱུད་རྫོགས་པའི་མཐར་ཐུག་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོས། དཀྱིལ་འཁོར་འཁོར་ལོ་ཅི་ཞིག་བརྗོད། །ཅེས་བཅོམ་ལྡན་འདས་ལ་ཞུས་ཤིང༌། བཅོམ་ལྡན་འདས་ཀྱིས་ཀྱང༌། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པ་དང༌། འཁོར་ལོ་ཆོགས་པ་མཁའ་ཁམས་བརྗོད། །ཡུལ་ལ་སོགས་རྣམས་རྣམ་པར་སྦྱོང༌། །ཞེས་པ་ལ་སོགས་པ་རབ་ཏུ་བསྟན་ཏོ། །དེ་ལ་རྡོ་རྗེ་སྙིང་པོ་ནི་ཐབས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། འཁོར་ལོ་ཚོགས་པ་མཁའ་ཁམས་བརྗོད། །ཡུལ་ལ་སོགས་རྣམས་རྣམ་པར་སྦྱོང༌། །ཞེས་པ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་


DTG003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་བཞེད་པ་ཉིད་དེ། །དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པ་རྫོགས་པའི་རིམ་པ་དང་བསྐྱེད་པའི་རིམ་པ་ཕྱིན་ཅི་མ་ལོག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དང་པོ་ཁོ་ནར་རྡོ་རྗེ་སྙིང་པོས་ཞུས་པ་ནི་རབ་ཏུ་བསྟན་ཏོ། །ད་ནི་རྣལ་འབྱོར་མ་རྣམས་ནི་རང་བཞིན་མེད་པ་ཉིད་ཀྱིས་ཆ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པ་ཞེས་པ་ཉིད་དེ། འཁོར་ལོ་ཚོགས་པ་མཁའ་ཁམས་བརྗོད། །ཡུལ་ལ་སོགས་རྣམས་རྣམ་པར་སྦྱོང༌། །ཞེས་པ་སོམ་ཉིར་གྱུར་ཅིང་དེ་ཉིད་བློ་ལ་གནས་པར་བྱས་ནས་ཡུལ་དེ་རྣམས་ཀྱང་ཅི་ལགས་ཞེས་པ་ལ་སོགས་པ་མགོ་བོ་བསྐྱོད་པ་སྔོན་དུ་འགྲོ་བས་ཞུ་བ་མཛད་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་རྣམས་ནི་དྲུག་སྟེ་གཟུགས་སྒྲས་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱང་ཁྱད་པར་ཅི་ཞེ་ན། གཏི་མུག་རྡོ་རྗེ་སོགས་ལྡན། །དྲུག་སྟེ། གཏི་མུག་རྣམ་པར་སྣང་མཛད་དང་རྡོ་རྗེ་མ་ནི་ནང་གི་རིམ་པར་གནས་པའི་མཁའ་འགྲོ་མ་སྟེ། གཏི་མུག་དང་རྡོ་རྗེ་མ་ནི། གཏི་མུག་རྡོ་རྗེ་མ་ནིང་མིག་གི་དབང་པོའོ། །གཏི་མུག་རྡོ་རྗེ་གང་གིས་དང་པོ་ཡིན་པ་དེ་རྣམས་ནི། གཏི་མུག་རྡོ་རྗེ་ལ་སོགས་ཏེ། དེ་རྣམས་དང་ལྡན་པ་ནི་འདུས་པ་དབྱེར་མེད་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དྲུག་ནི་ལྔའི་ནང་དུ་འདུས་པ་དབྱེར་མེད་པ་ཉིད་དེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྟོགས་པ་ལས་ཞེས་པའི་བརྡ་ལས་སོ། །ཡུལ་འབའ་ཞིག་མ་ཡིན་གྱི་དབང་པོ་རྣམས་ཀྱང་གཏི་མུག་རྡོ་རྗེ་ལ་སོགས་པ་དང་ལྡན་པའོ། །ཡང་ན། གཏི་མུག་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔའོ། །རྡོ་རྗེ་མ་ལ་སོགས་པ་ནི་མཁའ་འགྲོ་མ་བཞི་སྟེ། གཏི་མུག་རྡོ་རྗེ་ལ་སོགས་སོ། །དེ་བཞིན་རྟོགས་པ་ལས་ཞེས་པའི་བརྡ་ལས་སོ། །དེ་རྣམས་དང་ལྡན་པ་ནི་དབྱེར་མེད་པ་སྟེ་རྡོ་རྗེ་མ་ལ་སོགས་པ་མཁའ་འགྲོ་མ་བཞི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་དང༌། གཏི་མུག་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཕུང་པོ་ལྔ་ནི་གཟུགས་ལ་སོགས་པ་འདུ་བྱེད་ཀྱི་མཐར་ཐུག་པའོ། །སྙིང་རྗེ་ཆེ་ཞེས་པ་རྡོ་རྗེ་སྙིང་པོ་ལ་བོད་པ་སྟེ། དེའི་ཐེ་


DTG003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་ཉིད་ཀྱི་ཕྱིར་རོ། །ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ལ་ཡང་གཟུགས་ལ་སོགས་པ་ཕུང་པོ་ལྔ་ལྷག་པར་གནས་པ་ཉིད་ཀྱིས་དབྱེ་བ་ཐ་དད་པ་ཉི་ཤུའོ། །དེ་ཡང་གཟུགས་ལ་སོགས་པ་ཕུང་པོ་ལྔ་རེ་རེ་ལས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ལྷག་པར་གནས་པ་ཉིད་ཀྱིས་རྣམ་པ་ཐ་དད་པ་བརྒྱའོ། །རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱང་རེ་རེ་ལ་རྣམ་པ་ལྡར་ཕྱེ་བར་གྱུར་ན་དེ་དག་ཐུག་པ་མེད་པའོ། །ཡུལ་དང་ཡུལ་ཅན་དག་གིས་ནི། །སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར། །གཟུགས་ལ་སོགས་པ་ཡུལ་དྲུག་དང༌། །མིག་ལ་སོགས་པ་དབང་པོ་དྲུག་རྣམས་ཏེ་གཉིས་པོ་དག་གིས་སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར་རོ། །ཡང་ན། ཡུལ་འབྱུང་བ་ཆེན་པོ་བཞི་དང་ཡུལ་ཅན་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །ཡུལ་དང་ཡུལ་ཅན་ནི་ཡུལ་ཅན་ཏེ་མ་ནིང་ངོ༌། །དེ་ལེན་པ་དང་འཛིན་པར་བྱེད་པའི་ཕྱིར་ཞེས་པའི་ངེས་ཚིག་གིས་ན་ཡི་གེ་ལ་ཡི་གེ་སྟེ་ཡུལ་དང་ཡུལ་ཅན་ལའོ། །དེ་གསལ་བར་སྟོན་པའི་ཕྱིར་ཡུལ་དང་ཡུལ་ཅན་ལ་ཀ་སྟེ། དེ་དག་གིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་ཏེ་ཁམས་རྣམས་ཀྱི་རང་བཞིན་གདོད་མ་ནས་མ་སྐྱེས་པ་ཉིད་དོ། །རང་གི་དངོས་པོ་ནི་རང་བཞིན་ནོ། །ཁམས་ནི་བཅོ་བརྒྱད་རྣམས་སུ་བཤད། །ཁམས་ནི་ས་ལ་སོགས་པ་འབྱུང་བ་བཞི་ཕུང་པོ་ལྔ་ལྷག་པར་གནས་པ་དགུ་སྟེ། ཉིས་འགྱུར་བཅོ་བརྒྱད་རྣམས་སུ་བཤད་དོ་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྣམས་ཀྱི་གོ་བྱའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུའོ། །རྡོ་རྗེ་གསུམ་རྗེས་སུ་ཞུགས་པས་སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར་རོ། །ཕུང་པོ་ལྔ་ནི་ཇི་སྙེད་ཅེ་ན་གཟུགས་ལ་སོགས་པ་སྟེ། འདུ་བྱེད་མཐར་ཐུག་ཅེས་པ་འདིས་འབྱུང་བ་བཞི་པོ་ཉིད་མཚོན་པའོ། །འདིས་ནི་དབང་པོ་ལྔ་དང་ཡུལ་བཞི་སྟེ་དགུའོ། །དབང་པོ་རྣམ་པར་ཤེས་པ་ཉིད། །ཅེས་པ་དབང་པོ་ནི་ཡུལ་ལས་གཞན་ན་མེད་པ་ཉིད་ཀྱི་ཕྱིར། དབང་པོའི་རྣམ་པར་ཤེས་པ་ཡང་དགུ་སྟེ་འདིས་ནི་དགུ་ཚན་གཉིས་སོ། །གང་ཞིག་གང་དང་གང་གི་རང་བཞིན་དེ་ནི་མ་ནིང་སྟེ། གང་གི་ཕྱིར་ཞེ་ན། གང་ལས་གདོད་ནས་མ་


DTG003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཉིད་དོ། །གདོད་མ་ནས་དང་པོ་ཉིད་ནས་མ་སྐྱེས་པ་སྟེ། དང་པོར་མ་སྐྱེས་པའི་རང་བཞིན་ཉིད་ཀྱི་ཕྱིར་ཐོག་མ་དང་ཐ་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་བདེན་མིན་བདེན་པ་བཀག་པའོ། །བདེན་པ་བཀག་པའི་ཕྱིར་ཕ་རོལ་དང་ཚུ་རོལ་གྱི་རིག་པས་བརྫུན་མིན་ཞེས་པ་བརྫུན་པ་བཀག་པའོ། །དཔེ་ཅུང་ཟད་ཐ་དད་པ་ལྷག་པར་གནས་པ་བསྟན་པར་བྱེད་པ། ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་པ་ད་ལྟར་ཡང་དག་པ་ཡོངས་སུ་ཤེས་པ་གང་ཆགས་པ་ཉིད་དེ་ཐམས་ཅད་སྤངས་པ་ཡིན་པའི་ཕྱིར་སྤང་བར་བྱའོ་ཞེས་པ་དོན་དམ་པའི་བདེན་པ་ཡང་མཚོན་པའོ། །གལ་ཏེ་འདོད་པས་ཡོངས་སུ་ཤེས་པ་ཡིན་ན་འདོད་ཉིད་ཇི་ལྟར་དེའི་ཕྱིར་གསུངས་པ། གཙུབ་ཤིང་ཞེས་པ་གཙུབ་པར་བྱེད་པའི་དབྱུག་པའོ། །གཙུབ་གཏན་ཞེས་པ་ཤིང་གཏན་ནོ། །སྐྱེས་བུ་ལག་པའི་རྩོལ་བ་ཞེས་པ་ལག་པའི་བྱ་བའོ། །འདི་དག་ཚོགས་པའི་བྱ་བ་ལས་གློ་བུར་དུ་སྐྱེ་བར་འགྱུར་རོ། །བློ་བུར་དུ་ཞེས་པ་གང་གི་ཕྱིར་མེད་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་མི་དམིགས་པའི་ཕྱིར་ཏེ། མེ་དེ་གཙུབ་ཤིང་ལ་མི་གནས། གཙུབ་གཏན་ལ་མ་ཡིན། སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་བཙལ་ན་གཅིག་ལ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་གློ་བུར་དུ་སྐྱེ་བར་འགྱུར་ཏེ། སྐྱེ་བ་མེད་པ་ཉིད་སྐྱེ་པས་ཡོངས་སུ་བརྟག་པར་བྱའོ། །མེ་དེ་ཡང་བདེན་པ་མ་ཡིན་བརྫུན་པ་མ་ཡིན་པ་ཇི་ལྟ་བ་དེ་ལྟར་ཆོས་ཐམས་ཅད་དེ་ཡོངས་སུ་ལག་པའི་རྩོལ་བས་མ་བཀོད་པ་སྟེ་བྱས་པ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །མེ་ཡང་མེའི་ཁམས་ཉིད་ཀྱིས་ཆ་ཤས་དང་བྲལ་བ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཏེ། ཆ་ཤས་དང་བྲལ་བ་ཉིད་ལས་ཅུང་ཟད་ཐ་དད་པ་ལྷག་པར་གནས་པའི་དཔེ་ཡིས་ཉེ་བར་བསྟན་པའོ། །བདེན་པ་གཉིས་དབྱེར་མེད་པ་དབང་པོ་ལས་འདས་པ་ཟུང་དུ་འཇུག་པར་འགྱུར་བའི་རིམ་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ། བླ་མ་དམ་པའི་ཞབས་ཀྱི་བཀའ་དྲིན་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཞེས་པ་ཨེ་ཝཾ་ཡི་གེའི་རྒྱས་བཏབ་པ་སྟེ། ཆོས་ཐམས་ཅད་ནི་ཡུལ་ལ་སོགས་པ་རྣམས་སོ། །ཀྱེ་རྣལ་འབྱོར་མ་རྣམས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་རྣམས་ཏེ། ཡིད་


DTG003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྱིས་ཤིག་ཆོས་ཀྱི་དབྱིངས་ལ་རབ་ཏུ་ཞུགས་ཤིག་ཅེས་པའོ། །དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་བདུད་རྩི་ལྔ་དང༌། དམ་ཚིག་གི་རྫས་བཟུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔལ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཏེ། བཅོམ་ལྡན་འདས་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །མཆོད་པར་བྱེད་པར་བ་ཏུ་དང་བའི་སེམས་ཀྱིས་སྦྱིན་པ་སྟེ། དམ་ཚིག་དེ་ཉིད་ཀྱིས་བདག་གི་སེམས་རྣམ་པར་གནས་པར་བྱེད་པའོ། །ཅི་བྱས་ནས་ཤེ་ན། བདུད་རྩི་ལྔ་རྣམ་པར་སྣང་མཛད་ལ་སོགས་པ་དང༌། དམ་ཚིག་གི་རྫས་ཤོ་ཀུད་ཧན་ལ་སོགས་པ་གཟུང་སྟེ། ངེས་པར་འདི་ལྟ་བུ་ཁོ་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་ནོ་ཞེས་བརྟན་པའི་སེམས་བསྐྱེད་ནས་ཏེ། བདུད་རྩི་ལྔ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་དང༌། དམ་ཚིག་གི་རྫས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའོ། །འདིས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ནས་མཆོད་པར་བྱེད་དོ་ཞེས་བཤད་པའི་དོན་ཉིད་དོ། །ཀུནྡུ་རུའི་སྦྱོར་བས་རྗེས་སུ་ཆགས་པར་བྱེད་བཅོམ་ལྡན་འདས་ལ་ཞེས་སྦྱར་རོ། །ཡང་ན། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པར་རྟོགས་པས་རྣམ་པར་གནས་པར་བྱེད་པའོ། རྡོ་རྗེ་བདུད་རྩིའི་རོ་ཡང་བཏུང་བར་སྟོབ་པར་བྱེད་དེ་བཅོམ་ལྡན་འདས་ལའོ། །ཡང་ན། རྡོ་རྗེ་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའོ། །དེའི་རོ་ཉམས་སུ་མྱོང་བའི་མཚན་ཉིད་དེ། །དེས་ཚིམ་པར་བྱེད་པའོ། །ཡང་ན་གང་རང་གི་བློ་ལ་ཇི་སྲིད་སྡུད་པར་བྱེད་པ་ཞེས་པའོ། །དེ་ཕྱིར་ཕྱི་ནས་བཅོམ་ལྡན་འདས་དགྱེས་པར་གྱུར་པ་ན་བྱིན་གྱིས་བརླབ་པ་བསྟན་པ་འདིས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་ཀུནྡུ་རུའི་སྦྱོར་བས་རྗེས་སུ་ཆགས་པ་དང༌། བདུད་རྩིའི་རོ་འཐུངས་པ་ལས་ཡང་བཅོམ་ལྡན་འདས་དགྱེས་པར་གྱུར་ཏོ། །བཅོམ་ལྡན་འདས་དགྱེས་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབ་པ་བསྟན་པའོ། །ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ། །བདག་གི་སྦས་པའི་དེ་ཉིད་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །རྡོ་རྗེ་ཆོད་པའི་མཐུ་ཡི་ནི། །བཤད་ཀྱིས་འདོད་པས་མཉམ་པར་བྱོས། །གང་ཞིག་སྦས་པའི་དེ་ཉིད་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་དེ་


DTG003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱ་ཡིས་འདོད་པས་མཉན་པར་བྱོས་ཞེས་པ་རྣ་བའི་སྤྱོད་ཡུལ་གྱིས་ཏེ། བརྗོད་དུ་མེད་པ་ཉིད་བརྗོད་པས་སྟོན་པར་བྱེད་པའོ། །འདི་ཉིད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་མཐུའོ། །ཡང་ན་གང་བྱིན་གྱིས་བརླབ་པ་བསྟན་པ་ཞེས་པ་སྤྲུལ་པའི་སྐུའི་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དབྱེར་མེད་པ་སྒྲུབ་པར་བྱེད་པའོ། །ཡང་ན། ཀུནྡུ་རུའི་སྦྱོར་བས་ཞེས་པ་རྡོ་རྗེ་པདྨའི་སྦྱོར་བས་རྗེས་སུ་ཞེས་པ་རིམ་གྱིས་ཆགས་པར་བྱེད་དོ། །ཞེས་པ་ཆགས་པར་བྱེད་པ་དང༌། ཆགས་པ་བར་མ་དང༌། ཤིན་ཏུ་ཆགས་པ་སྟེ་དགའ་བྲལ་གྱི་དགའ་པའི་མཐར་ཐུག་པའོ། །དེ་ཐོབ་པར་བྱེད་པ་སྟེ་དེའི་ཕྱིར་རྡོ་རྗེ་བདུད་རྩིའི་རོ་ཡང་བཏུང་བར་སྟོབ་པར་བྱེད་དེ། བདུད་རྩི་ཁུ་བ་དང་རོ་བདེ་བ་ཆེན་པོ་སྟེ་བདུད་རྩིའི་རོའོ། །དེ་ནི་རྡོ་རྗེ་མི་ཕྱེད་པའོ། །དེ་བཏུང་བར་སྟོབ་པར་བྱེད་དེ་དེས་མཉེས་པའི་རང་བཞིན་ཁོ་ནར་རྟོགས་པར་བྱེད་དོ་ཞེས་པ་སྟེ་བཞི་པ་རྫོགས་པའོ། །དེའི་ཕྱིར་རྒྱུ་དེ་ཉིད་ལས་བཞི་པ་ཉིད་དེ། གང་གི་ཕྱིར་ཕྱི་ནས་ལྷག་མ་མཐར་ཐུག་པ་ལས་སོ། །གང་གི་ཕྱིར་བཞི་པ་ཉིད་མཐར་ཐུག་པ་ཡིན་ཞིང་དེ་ཉིད་བཅོམ་ལྡན་འདས་སོ་ཞེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་དགྱེས་པར་གྱུར་པ་ན་ཞེས་པ་ཆགས་པ་ཐམས་ཅད་ཞི་གནས་ཀྱི་རང་བཞིན་དུ་མཉམ་པར་གྱུར་པ་ན་བྱིན་གྱིས་བརླབས་པ་ཞེས་བརྗོད་དེ། ཐམས་ཅད་ཁྱབ་པ་ཉིད་ཀྱི་ཕྱིར་དང༌། དུས་ཐམས་ཅད་པ་ཉིད་ཀྱི་ཕྱིར་དང༌། རྣམ་པ་ཐམས་ཅད་གཅིག་ཏུ་སྡོམ་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསྟན་པ་ཞེས་པ་སྣ་ཚོགས་པའི་སྤྲུལ་པའི་སྐུའི་རང་བཞིན་ཏེ། སྤྲུལ་པའི་སྐུ་བརྒྱ་བྱིན་གྱི་གཞུ་ལྟ་བུར་གྱུར་པའོ། །དེའི་ཕྱིར་སྤྲུལ་པའི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པའོ། །ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ། །བཤད་ཀྱིས་མཉན་པར་བྱོས་ཞེས་པ་ལན་གཉིས་སུ་བོད་པ་ནི་མི་ཕྱེད་པ་མཁའ་ལ་སྤྱོད་པའི་སྒྲའོ། །དེའི་ཕྱིར་དེ་དང་དབྱེར་མེད་པ་ཉིད་ཆོས་ཀྱི་སྐུ་སྟེ། སྦས་པའི་དེ་ཉིད་ཅེས་པ་ཆོས་ཀྱི་སྐུ་དེ་དབང་པོ་ལས་འདས་པའོ། །ཇི་ལྟར་ཞེ་ན། རྡོ་རྗེ་མཆོད་པའི་མཐུ་ཡིས་ནི། །ཞེས་པ་མཆོད་པ་ནི་མཆོད་པའི་བྱ་བ་རྡོ་རྗེ་གསུམ་མི་ཕྱེད་པའི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་ཞེས་པ་རྡོ་རྗེ་འཆང་ངོ༌། །དེ་ཉིད་མཐུ་ཤིན་ཏུ་རྣམ་


DTG003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཀུན་རྫོབ་ཀྱི་བདེན་པ་སྟེ། དེས་མི་ཕྱེད་པའི་ངོ་བོ་ཉིད་ཀྱིས་ཞེས་དགོངས་པའོ། །བདག་གིས་ཞེས་པ་རང་ཉིད་དོ། །སངས་རྒྱས་ཀུན་གྱིས་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་ཡིས་ཕྱག་མཛད་པ་ཞེས་པ་རྡོ་རྗེ་གསུམ་མི་ཕྱེད་པ་ཉིད་ཀྱིས་ངེས་པར་གྱུར་པ་ཞེས་པའོ། །དེ་ནས་ལྷ་མོ་ཐམས་ཅད་དགའ་བར་གྱུར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བདེར་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་གསུང་ཉན་ཏོ་ཞེས་པ་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡང་དག་པའི་ཡེ་ཤེས་ཁོང་དུ་ཆུད་དེ། ལྷ་མོ་ཐམས་ཅད་རོལ་པ་མ་ལུས་པ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་དགའ་བར་གྱུར་པ་སྤྲོ་བ་དང་སྡུད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དེ་ནས་ཞེས་པ་བདེན་པ་གཉིས་དབྱེར་མེད་པ་རྟོགས་པར་གྱུར་པ་ན་བཏུད་ནས་སྐུ་གསུང་ཐུགས་དབྱེར་མེད་པས་ཕྱག་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བྱས་ཏེ་ཞེས་པ་ཚུལ་དེ་ལྟར་བྱས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉན་པར་བྱེད་དོ་ཞེས་པའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བཏུང་ཇི་ལྟར་སྙེད་པ་དང༌། །བགྲོད་དང་བགྲོད་མིན་སྤང་མི་བྱ། །ཡུལ་ལ་སོགས་པ་མ་ལུས་པ་རྣམས་ཀྱི་རང་བཞིན་གདོད་ནས་མ་སྐྱེས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱིས་དེ་ལ་བཟའ་བཏུང་ལ་སོགས་པའི་རྣམ་པར་རྟོག་པ་མེད་དོ་ཞེས་དགོངས་པ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་བ་ཉིད་ཀྱི་སྤྲོས་པ་མེད་པའི་སྤྱོད་པས་གནས་པའི་ཕྱིར་ཞེས་དགོངས་པའོ། །ཡང་ན། བཟའ་བཏུང་ཇི་ལྟར་རྙེད་པར་སྤང་མི་བྱ་ཞེས་པ་སྣང་བ་དང་མངོན་པར་བརྗོད་པ་རྣམ་པར་དག་པའོ། །བགྲོད་དང་བགྲོད་མིན་སྤང་མི་བྱ། །ཞེས་པ་ཡང་དག་པར་རིག་པ་རྣམ་པར་དག་པ་སྟེ། འདིས་ནི་རྡོ་རྗེ་གསུམ་རྣམ་པར་དག་པ་འདི་ཉིད་ཡེ་ཤེས་ཞེས་པའོ། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། གྲོང་པའི་ཆོས་ནི་སྤང་མི་བྱ། །ཁྲུས་ནི་འཁྲུད་པར་བྱེད་པའོ། །གཙང་སྤྲ་ནི་མི་གཙང་བ་སེལ་བར་བྱེད་པ་སྟེ་དེའི་ཕྱིར་དེ་ཁོ་ནའི་རྣལ་འབྱོར་པས་མི་བྱའོ། །གྲོང་པའི་ཆོས་ནི་སྤང་མི་བྱ། །གྲོང་པའི་ཆོས་སྒྲིབ་པ་ཡང་བྱ་བ་ཉིད་དོ་ཞེས་པའོ། །ཡང་ན་ཁྲུས་


DTG003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབང་བསྐུར་བའོ། །དེས་དྲི་མ་མེད་པར་བྱེད་པ་ནི་གཙང་སྤྲ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའོ། །དེ་མི་བྱ་སྟེ་གཉེན་པོ་བསྒོམས་པས་རྣམ་པར་དག་པ་མེད་དོ་ཞེས་པའོ། །གང་གི་ཕྱིར། ངེས་པར་དངོས་པོ་ཐམས་ཅད་ཀྱི། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཅེས་བའི་གསུང་ལས་སོ། །དེ་ཉིད་ཀྱི་ཕྱིར། གྲོང་པའི་ཆོས་ནི་སྡང་མི་བྱ། །དེ་ཉིད་ལ་བཞི་པའི་ཕྱག་རྒྱས་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་རྟོགས་པའི་ཕྱིར་ཞེས་དགོངས་པའོ། །གཞན་ཡང༌། །བློ་ལྡན་སྔགས་ཉིད་མི་བཟླ་ཞིང༌། །བསམ་གཏན་ཉིད་ནི་དམིགས་མི་བྱ། །གཉིད་ནི་སྤང་བར་མི་བྱ་ཞིང༌། །དབང་པོ་རྣམས་ནི་མི་དགག་གོ །ཞེས་པ་ཕྱི་རོལ་གྱི་བཟླས་པ་ལ་གཞོལ་བ་ནི་རྡོ་རྗེའི་བཟླས་པ་མངོན་པར་མི་ཤེས་ན་འགྲུབ་པར་མི་འགྱུར་བའི་ཕྱིར་སྔགས་བཟླས་པ་བཀག་པའོ། །དེ་ཉིད་ཀྱི་ཕྱིར། །བློ་ལྡན་བསམ་གཏན་ཉིད་ནི་དམིགས་མི་བྱ། །ཞེས་པ་ཞལ་དང་ཕྱག་དང་རྣམ་པ་ལ་སོགས་པ་སྤྲུལ་པའི་སྐུའི་ལྷ་བསྒོམ་པ་ནི་རྡོ་རྗེ་བཟླས་པའི་ནང་དུ་ཐིམ་པ་ཉིད་དོ་ཞེས་ལྷའི་བསམ་གཏན་བཀག་པའོ། །གཉིད་ནི་སྤང་བར་མི་བྱ་ཞིང༌། །ཞེས་པ་སྐྱེ་བ་དང༌། འཆི་བའི་ཀུན་དུ་རྟོག་པ་ཡོངས་སུ་སྤངས་པ་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །དབང་པོ་རྣམས་ནི་མི་དགག་གོ །ཞེས་པ་ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པ་ཉིད་དོན་དམ་པའི་བདེན་པའོ་ཞེས་ཐེ་ཚོམ་མེད་པར་རྙེད་པ་ཤེས་པའི་ཕྱིར་ཞེས་པའོ། །ཡང་ན། བློ་ལྡན་སྔགས་ཉིད་མི་བཟླ་ཞིང༌། །ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཉིད་བསྟན་པའོ། །བསམ་གཏན་ཉིད་ནི་དམིགས་མི་བྱ། །ཞེས་པ་ཆོས་ཀྱི་སྐུའི་རང་བཞིན་ཉིད་བསྟན་པའོ། །གཉིད་ནི་སྤང་བར་མི་བྱ་ཞིང༌། །ཞེས་པ་གཏི་མུག་སྤོང་བ་བཀག་པ་ལས་འདིའི་སྤྲུལ་པའི་སྐུ་ཡང་བསྟན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་འདི་རྣལ་འབྱོར་མ་རྣམས་ལ་བསྟན་པས་ཐོག་མ་ཁོ་ནར་བྱུང་ཞིང༌། རྗེས་ལ་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་ཡང་ཉེ་བར་བསྟན་ཏོ་ཞེས་པའོ། །ད་ནི་སྐུ་གསུམ་དབྱེར་མེད་པ་ཉིད་མངོན་པར་གསལ་བར་བྱེད་པ། བ་ལ་ཐམས་ཅད་བཟའ་བར་བྱ། །རིགས་ལྔ་ལ་ནི་མཉམ་པར་སྤྱད། །དོགས་པ་མེད་པའི་སེམས་ཀྱིས་ནི། །བཙུན་མོ་ཐམས་ཅད་དགའ་བར་བྱ། །ཆོས་ཐམས་ཅད་ཀྱི་དབྱིངས་ལས་བྱུང་པ་ཉིད་ཀྱི་ཕྱིར་བླང་དོར་བྱ་བ་


DTG003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་བ་ལ་ཐམས་ཅད་བཟའ་བར་བྱའོ། །རྒྱུའི་སྦྱོར་བ་དང་བྲལ་བས་ཀྱང་ཆོས་ཐམས་ཅད་མཚན་མ་མེད་པའི་རང་བཞིན་ཉིད་ཀྱིས། རིགས་ལྔ་ལ་ནི་མཉམ་པར་སྤྱད། །རྣམ་པར་རྟོག་པ་མ་ལུས་པ་ཡོངས་སུ་སྤངས་པ་ཉིད་ལས་རེག་པར་བྱ་བ་དང་རེག་པར་བྱ་བ་མ་ཡིན་པའི་ཀུན་དུ་རྟོག་པ་མེད་པའི་ཕྱིར་རོ། །བཙུན་མོ་ཐམས་ཅད་དགའ་བར་བྱ་བ་འདི་ཇི་ལྟར་ཞེ་ན་གསུངས་པ། དོགས་པ་མེད་པའི་སེམས་ཀྱིས་ནི། །རྒྱུ་ཡིས་རྣམ་པར་མི་རྟོག་པའི་སེམས་ཉིད་ལས་ཏེ། འདིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏོ་ཞེས་པའོ། །ཡང་ན། བ་ལ་ཐམས་ཅད་བཟའ་བར་བྱ། །ཞེས་པ་སྐུ་རྣམ་པར་དག་པའོ། །རིགས་ལྔ་ལ་ནི་མཉམ་པར་སྤྱད། །ཅེས་པ་གསུང་རྣམ་པར་དག་པའོ། །བཙུན་མོ་ཐམས་ཅད་དགའ་བར་བྱ། །ཞེས་པ་ཐུགས་རྣམ་པར་དག་པའོ། །དོགས་པ་མེད་པའི་སེམས་ཀྱིས་ནི། །ཞེས་པ་རྡོ་རྗེ་གསུམ་མི་ཕྱེད་པ་རྣམ་པར་དག་པའོ། །གཞན་ཡང་གསུངས་པ། བཤེས་ལ་སྡུག་པར་མི་བྱ་ཞིང༌། །དེ་བཞིན་སྡུག་ལ་སྡང་མི་བྱ། །རྡོ་ཤིང་འཇིམ་པའི་རང་བཞིན་གྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །ཞེས་པ་བཤེས་དང་བཤེས་མ་ཡིན་པའི་ཀུན་དུ་རྟོག་པ་ཡོངས་སུ་སྤངས་པ་ཉིད་ཀྱི་ཕྱིར། བཤེས་ལ་སྡུག་པ་ཞེས་པ་ལ་སོགས་པ་ཕྱེད་སྔ་མའོ། །ནང་གི་ལྷའི་རང་བཞིན་ཉིད་ལས་སེམས་གཡོ་བ་མེད་པས་ཕྱི་རོལ་གྱི་ལྷའི་རྣམ་པར་རྟོག་པ་ལ་ཡིད་དགའ་བ་མེད་པའི་ཕྱིར་རྡོ་ཤིང་འཇིམ་པའི་རང་བཞིན་གྱི་ལྷ་འདི་རྣམས་མདུན་དུ་བྱུང་བ་ན་ཕྱག་མི་བྱ་ཞེས་པའོ། །ཡང་ན། བཤེས་ཀྱི་སྒྲས་དབང་པོ་རྣམས་སོ། །སྡུག་པ་ནི་ཆགས་པ་སྟེ་དེ་མི་བྱའོ། །སྡུག་པ་ཞེས་པ་མ་ནིང་སྟེ། བྱམས་པ་བསྒོམས་པས་མཉམ་པ་ཉིད་ཀྱིས་མ་ནིང་ཉིད་ཀྱི་ཕྱིར་རོ། །གདུག་ལ་སྡང་ཞེས་པ་གདུག་པའི་སེམས་ལ་ཞེ་སྡང་གཉིས་སུ་འདོད་པར་མི་བྱ་སྟེ། སྡང་ཞེས་པ་ནི་མ་ནིང་གཉིས་སུ་མེད་པས་སོ། །ལྷ་ནི་རོལ་པར་བྱེད་པ་སྟེ། འདི་རྣམས་ལ་རོལ་པ་དེ་ཡོད་པའི་ཕྱིར་རོ། །ལྷ་ཡུལ་རྣམས་སོ། །ལྷ་དེ་རྣམས་ལ་ཕྱག་མི་བྱ་སྟེ་དེའི་མངོན་པར་ཞེན་པ་མེད་པར་བྱའོ། །ཁྱད་པར་ཅི་ཞེ་ན། རྡོ་ཤིང་འཇིམ་པའི་རང་བཞིན་རྣམས་ཏེ་བེམས་


DTG003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་པར་རྟོག་པས་རྣམ་པར་གནས་པ་ཞེས་དགོངས་པའོ། །རིགས་ལྔ་ལ་ནི་མཉམ་པར་སྤྱད། །ཅེས་མདོར་བསྟན་པའི་དོན་རྒྱས་པར་བཤད་པ། གཡུང་པོ་གདོལ་པ་ཀོ་ལྤགས་མཁན། །ཕྱག་དར་མཁན་སོགས་རིགས་ངན་དང༌། །བྲམ་ཟེ་རྒྱལ་རིགས་རྗེ་དམངས་རྣམས། །བདག་གི་ལུས་ལྟར་རེག་པར་བྱ། །ཞེས་པ་དོན་རབ་ཏུ་གསལ་བ་ཁོ་ནའོ། །ཡང་ན། གཡུང་པོ་ལ་སོགས་པ་ལྔ་དང༌། བྲམ་ཟེ་རྒྱལ་རིགས་ལ་སོགས་པ་ལྔ་པ་གཉིས་ནི་ཕྱི་དང་ནང་གི་བདག་ཉིད་གཉིས་བསྟན་པའོ། །བདག་གི་ལུས་ལྟར་ཞེས་པ་སེམས་ཀྱི་ལུས་ཉིད་ཀྱི་ཕྱིར་རང་གི་ལུས་ལྟ་བུར་ཆོས་ཐམས་ཅད་ལ་རེག་པར་བྱ་སྟེ། སེམས་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་དུ་རྟོགས་པར་བྱའོ་ཞེས་པའོ། །བདུད་རྩི་ལྔ་དང་བུ་རམ་ཆང༌། །དུག་དང་ནིམ་པ་བུ་བཙས་སྐྱེས། །སྐྱུར་དང་མངར་དང་བསྐ་བ་སོགས། །ཁ་བ་ལན་ཚྭ་ཚ་བ་དང༌། །དྲི་དང་དྲི་ཞིམ་ཆུ་དང་ཁྲག །བྱང་ཆུབ་སེམས་ཀྱིས་བཟའ་བར་བྱ། །བྱང་ཆུབ་སེམས་ཀྱི་སྒྲས་གཉིས་སུ་མེད་པ་རྟོགས་པ་སྟེ། ཐེ་ཚོམ་དང་བྲལ་བ་ཉིད་ཀྱིས་ཀུན་དུ་སྤྱད་པར་བྱའོ་ཞེས་པ་སྟེ་དོན་གོ་སླ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །རང་བྱུང་མེ་ཏོག་རྙེད་ནས་ནི། །པདྨའི་སྣོད་དུ་གཞག་བྱ་ཞིང༌། །ལུད་པ་དང་ནི་སྣབས་དག་གིས། །བསྲེས་ནས་བརྟུལ་ཞུགས་ཅན་གྱིས་བཏུང༌། །རང་བྱུང་གི་སྒྲས་ཁུ་བ་སྟེ་མེ་ཏོག་ནི་རིན་ཆེན་དབང་པོའོ། །འདི་གཉིས་རྙེད་ནས་པདྨའི་སྣོད་དུ་ཐོད་པར་གཞག་པར་བྱ་ཞིང༌། བརྟུལ་ཞུགས་ཅན་ངེས་པ་བརྟན་པའོ། །ལུད་པ་དང་ནི་སྣབས་དག་གིས། །གཅིག་ཏུ་བྱས་ནས་བཏུང་བར་བྱའོ་ཞེས་པའི་དོན་འདི་ནི་འདིའི་དོན་ནོ། །ཡང་ན། ལུད་པ་དང་ནི་སྣབས་ངག་གིས། །ཞེས་པ་ཁ་དང་སྣའི་བུ་ག་དག་བསྲེས་ཏེ། ནཱ་ངའི་ཕྲེང་བ་གཉིས་ཁ་དང་སྣའི་བུ་ག་ལས་འོག་ཏུ་དྲངས་ཏེ། ཁུ་བའི་གཟུགས་ཀྱིས་པདྨའི་སྣོད་དུ་ལྷ་མོའི་ནང་དུ་གཞག་པར་བྱའོ། །དེ་ནས་རང་བྱུང་མེ་ཏོག་ཁུ་བ་དང་བདེ་བའི་རྣམ་པར་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་བཏུང་ཞིང་བསྡུ་བར་བྱའོ། །རྙེད་པ་ནི་ཡང་དག་པའི་ཡེ་ཤེས་འདི་ཉིད་ཅེས་པ་ངེས་པའི་དོན་ནོ། །བདུད་


DTG003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ལྔ་ལ་སོགས་པ་ཐམས་ཅད་མི་བཟའ་ཅུང་ཟད་ཡོད་མ་ཡིན་ཞེས་པའི་བར་གྱིས་སྐུ་རྡོ་རྗེའི་མངོན་པར་ཞེན་པ་ཡོངས་སུ་སྤོང་བའོ། །རང་བྱུང་མེ་ཏོག་རྙེད་ནས་ནི། །བཏུང་བར་བྱ་ཞེས་པའི་བར་གྱིས་ཐུགས་རྡོ་རྗེའི་མངོན་པར་ཞེན་པ་ཡོངས་སུ་སྤོང་བའོ། །ལུད་པ་དང་ནི་སྣ་བས་དག་གིས། །བསྲེས་ནས་པདྨའི་སྣོད་དུ་བཞག་པར་བྱ་ཞིང་ཞེས་པའི་བར་གྱིས་གསུང་རྡོ་རྗེའི་མངོན་པར་ཞེན་པ་ཡོངས་སུ་སྤོང་བའོ། །ད་ནི་རྡོ་རྗེ་གསུམ་གྱི་མངོན་པར་ཞེན་པ་ཡོངས་སུ་སྤང་བ་གསུངས་པ། སྨད་གཡོགས་ཁ་དོག་སྣ་ཚོགས་དང༌། །རོ་བསྲེགས་ཐལ་བས་དེ་བཞིན་བརྒྱན། །མེ་ཏོག་ཡི་དགས་གནས་རྙེད་པས། །མགོ་སྐྱེས་མཆོག་ནི་བཅིང་བར་བྱ། །སྐུ་ཆོས་འབྱུང་ནམ་མཁའི་ཁམས་ལ་གཡོགས་པ་རྡོ་རྗེ་གསུམ་དབྱེར་མེད་པ་སྐུ་རྡོ་རྗེའོ། །སྣ་ཚོགས་ཀྱི་སྒྲས་རྡོ་རྗེ་གསུམ་དབྱེར་མེད་པ་ཐུགས་རྡོ་རྗེའོ། །ཁ་དོག་ཅེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་གསུང་རྡོ་རྗེའོ། །ཇི་ལྟར་ཞེ་ན། རོ་བསྲེགས་ཐལ་བས་ཆོས་ཀྱི་དབྱིངས་བདག་ཉིད་མཆོག་ཏུ་གྱུར་པའི་རྒྱུ་ཡིས་སོ། །འདི་ནི་རྡོ་རྗེ་གསུམ་དབྱེར་མེད་པ་སྟེ། རྡོ་རྗེ་གསུམ་བརྒྱན་པ་མཆོག་བླ་མ་དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཡང་མགོ་སྐྱེས་ཏེ་སྤྱི་བོར་རང་གི་དབང་པོར་འགྱུར་རོ་ཞེས་པའི་གསུང་ལས་སོ། །དེ་ཇི་ལྟར་དགུའི་བདག་ཉིད་ཅན་ཡིན་ཞེ་ན། གསུངས་པ། མེ་ཏོག་བདག་མེད་མ་རྙེད་པ་ནི་ཡི་དགས་གནས་རྡོ་རྗེ་འཆང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་བཅིང་པར་བྱའོ། །གཉིས་ཀ་དབྱེར་མེད་པར་གནས་པར་བྱའོ། །དེའི་ཕྱིར་དགུའི་བདག་ཉིད་ཅན་ཞེས་བརྗོད་དོ། །ཀུན་རྫོབ་ཀྱི་དོན་ནི་སྨད་གཡོགས་ཞེས་པ་ཤམ་ཐབས་སོ། །ཁ་དོག་སྣ་ཚོགས་ཞེས་པ་སྟག་གི་པགས་པའོ། །ཡང་ན་གང༌། ཁ་དོག་སྣ་ཚོགས་ནི་ཕྱག་དར་ཁྲོད་པ་ཉིད་དོ། །རོ་བསྲེགས་ཐལ་བས་བརྒྱན་ཞེས་པ་ཐལ་བ་རྣམས་ཀྱིས་རྣལ་འབྱོར་པ་དེ་བརྒྱན་པའོ། །མེ་ཏོག་ཡི་དགས་གནས་ཞེས་པ་དུར་ཁྲོད་གྱི་ས་གཞིར་རྙེད་པས། མགོ་སྐྱེས་མཆོག་ནི་བཅིང་བར་བྱ། །ཞེས་པའི་བར་གྱིས་ཡུལ་མ་ལུས་པའི་རྣམ་པར་དག་པའོ་ཞེས་ཤིན་ཏུ་གསལ་བ་ཁོ་ནར་བསྟན་ཏེ། བཟའ་བཏུང་ཇི་ལྟར་རྙེད་པ་ལ་སོགས་


DTG003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱ་བ་རྣམས་ཀྱང་དབང་པོ་རྣམ་པར་དག་པ་མེད་ན་འགྲུབ་པར་མི་འགྱུར་རོ་ཞེས་དོགས་ནས། དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། ཐམས་ཅད་ཡུལ་གྱི་རྣམ་དག་པ། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་ཏེ། །ངེས་པར་དབང་པོ་དྲུག་གི་གྲངས། །རྣམ་པར་དག་པ་མ་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཡུལ་གྱི་རྣམ་པར་དག་པ་སྔར་གསུངས་ཏེ། དབང་པོ་དྲུག་གི་རྣམ་པར་དག་པ་ནི་མ་གསུངས་སོ་ཞེས་རྡོ་རྗེ་སྙིང་པོའི་ཞུ་བའོ། །དེ་ལྟར་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། མིག་ལ་གཏི་མུག་རྡོ་རྗེ་མ། །ཞེས་པ་གཏི་མུག་རྣམ་པར་སྣང་མཛད་དེ། རྡོ་རྗེ་མ་ནི་རྣམ་པར་དག་པའི་མཁའ་འགྲོ་མའོ། །འདིས་ནི་གཉིས་ཀ་དབྱེར་མེད་པ་རྣམ་པར་དག་པ་མིག་གི་དབང་པོའོ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །ཞེས་པ་ཞེ་སྡང་རྡོ་རྗེ་མ་དབྱེར་མེད་པ་རྣམ་པར་དག་པ་རྣ་བའི་དབང་པོའོ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཅེས་པ་སེར་སྣ་དང་རྡོ་རྗེ་མ་དབྱེར་མེད་པ་རྣམ་པར་དག་པ་སྣའི་དབང་པོའོ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ཞེས་པ་འོད་དཔག་མེད་དང་རྡོ་རྗེ་མ་དབྱེར་མེད་པ་རྣམ་པར་དག་པ་ལྕེའི་དབང་པོའོ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཞེས་པ་ཕྲག་དོག་དོན་ཡོང་གྲུབ་པ་དང་དེ་རྣམ་པར་དག་པའི་མཁའ་འགྲོ་མ་སྟེ། དེ་གཉིས་དབྱེར་མེད་པ་རྣམ་པར་དག་པ་ལུས་ཀྱི་དབང་པོའོ། །ཡིད་ལ་བདག་མེད་རྣལ་འབྱོར་མ། ཞེས་པ་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའི་མཁའ་འགྲོ་མ་རྣམ་པར་དག་པ་ཡིད་ཀྱི་དབང་པོའོ་ཞེས་པའོ། །དབང་པོ་རྣམས་ཀྱི་རྣམ་དག་ཕྱིར། །འདིས་ནི་གོ་ཆ་སེམས་དཔའ་ཆེ། །གཏི་མུག་ལ་སོགས་པ་འདི་རྣམས་ཀྱིས་གོ་ཆ་བརྟན་པར་གཡོགས་པའོ། །གང་གི་ཞེ་ན། དབང་པོ་མིག་ལ་སོགས་པ་རྣམས་ཀྱི་ཅིའི་དོན་དུ་ཞེ་ན། གསུངས་པ། རྣམ་དག་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཆེད་དུའོ། །དེ་ཉིད་ཀྱི་ཕྱིར་སེམས་དཔའ་ཆེ་ཞེས་པ་རྡོ་རྗེ་སྙིང་པོ་ལ་བོད་པ་སྟེ། སེམས་དཔའ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཉིད་ལས། གང་གི་ཕྱིར་


DTG003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་སྐུ་ནི་འགྲོ་བའི་དོན་གྱི་བྱ་བ་རབ་ཏུ་འཇུག་པའོ། །རྒྱུ་དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོ་ཡང་སྡུད་པར་བྱེད་པ་པོ་ཞེས་བརྗོད་དོ། །འདིས་ཅི་གསུངས་ན། སྐྱེ་བོ་མི་བཟད་པ་ཡི་ལས། །གང་གང་གིས་ནི་འཆིང་འགྱུར་བ། །དེ་ཉིད་ཐབས་དང་བཅས་པས་ནི། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་པ་དང༌། གཞན་ཡང་གསུངས་པ། སྲིད་པ་སྲིད་པ་ཉིད་ཀྱིས་དག །ཅེས་པ་ལ་སོགས་པའོ། །ད་ནི་དབང་པོ་རྣམ་པར་དག་པ་ཡོངས་སུ་ཞུས་པ་ན་རྣམ་པར་མ་དག་པ་རྣམ་པར་དག་པ་ལྟ་བུ་སྟེ། དགོངས་པའི་དམ་ཚིག་གི་བརྡ་དང་ཐ་སྙད་ནི་མཚོན་པར་དཀའོ་ཞེས་བློ་ལ་གནས་པར་མཛད་ནས་རྡོ་རྗེ་སྙིང་པོས་གསོལ་པ། དགོངས་པའི་སྐད་ནི་ཅི་ཞིག་བརྗོད། །རྣལ་འབྱོར་མ་ཡི་དམ་ཚིག་ཆེ། །ཉན་ཐོས་སོགས་ཀྱིས་མི་ཕིགས་པ། །དགོང་དང་ལྟ་བ་དག་དང་ནི། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །བཞི་པོ་རྣམས་ཀྱི་རྒྱུད་ཀྱིས་ནི། །དགོངས་པའི་སྐད་ནི་མ་བསྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །ཞེས་པ་དགོངས་པའི་སྐད་ནི་མཚམས་སྦྱོར་གྱི་སྐད་དང༌། ཐུན་མཚམས་གྱི་སྐད་དོ། །མཚམས་སྦྱོར་བ་ནི་མཚམས་སྦྱོར་ཏེ། ནཱ་ད་གཉིས་དབྱེར་མེད་པའི་ནཱ་དའོ། །དེ་ཡང་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྣམས་ཀྱི་དམ་ཚིག་འབྱུང་བ་སྟེ་དེ་ཡང་མ་ནིང་ངོ༌། །སྐད་ནི་དམ་ཚིག་ཀྱང་སྟེ། དེ་ཡང་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མི་ཕིགས་པའོ། །ཐུན་མཚམས་ཀྱི་སྐད་ཅེས་པའི་ཕྱོགས་ལ་མཚན་མོ་མ་ཡིན་ཉིན་མོ་མ་ཡིན་པ་གཉིས་ཀ་དབྱེར་མེད་པའི་སྐད་ཅིག་ནི་ཐུན་མཚམས་ཏེ་སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་པ་གང་ཡིན་པ་དེ་ནི་ཐུན་མཚམས་སོ། །དེ་ལྟར་གྱུར་པའི་སྐད་ནི་མཚན་མ་སྟེ་མ་ནིང་ངོ༌། །དེ་ཉིད་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་གོ་ཞེས་པ་སྟེ་བརྗོད་པའི་དོན་ནོ། །ཡང་ན་མཚམས་སྦྱོར་བའི་སྐད་ཅེས་པ་བུད་མེད་དང་སྐྱེས་པ་དང་མ་ནིང་གི་རང་བཞིན་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་སྐད་ཅིག་གཞོམ་དུ་མེད་པའི་རང་བཞིན་འོད་གསལ་པའི་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་སྟེ། འདི་རྣམས་ལ་རྣལ་འབྱོར་ཡོད་པའི་ཕྱིར་རྣལ་འབྱོར་མ་རྣམས་སོ། །ཁྱད་པར་དུ་འཕགས་


DTG003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ལས་ཨི་ནའི་མཐའ་ཅན་ཉིད་ལས་རྟག་ཏུ་རྣལ་འབྱོར་དང་ལྡན་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཉིད་དོ། །དེ་རྣམས་ཀྱི་དམ་ཚིག་ནི་དེ་དང་དབྱེར་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཞེས་པའོ། །དེ་ཡང་མ་ནིང་དམ་ཚིག་གོ ། དེ་ཡང་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མི་ཕིགས་པ་སྟེ། མཚན་མར་འཛིན་པ་ལ་སོགས་པ་རྣམས་ཀྱིས་ཉེ་བར་མི་མཚོན་པའོ། །གང་ཞིག་བཅོམ་ལྡན་འདས་ཀྱིས་འཕགས་པ་བརྒྱད་སྟོང་པར་གསུངས་པ། བདག་སྤྱོད་དོ་ཞེས་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བདག་བྱང་ཆུབ་སེམས་དཔའོ་ཞེས་སྤྱོད་ན་མཚན་མ་ལ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཐབས་ལ་མི་མཁས་པར་རིག་པར་བྱའོ་ཞེས་པའོ། །འདི་ཇི་ལྟར་ཞེ་ན། གསུངས་པ་གང་གི་ཕྱིར་མཚམས་སྦྱར་བའི་སྐད་དམ་ཐུན་མཚམས་ཀྱི་སྐད་ཀྱང་རུང་སྟེ་མ་བསྒྲགས་ཤིང་མ་བཤད་པའོ། །གང་གིས་ཤེ་ན། རྒྱུད་ཀྱིས་རྒྱུན་ཆགས་པ་ཡིས་སོ། །གང་གི་ཞེ་ན། བཞི་པོ་རྣམས་ཀྱིའོ། །བཞི་པོ་ཉིད་གང་གིས་ཤེ་ན། གསུངས་པ། གང་གི་ཕྱིར། དགོད་དང་ལྟ་བ་དག་དང་ནི། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །ཞེས་པ་ཇི་ལྟར་འཁྱུད་པ་དང་གཉིས་སྦྱོར་བ་དེ་བཞིན་ནོ་ཞེས་པའི་དོན་ནོ། །འདིས་ཅི་གསུངས་ན་བྱ་སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླན་མེད་པའི་རྒྱུད་རྣམས་ཀྱིས་ཀྱང་དགོངས་པའི་སྐད་མ་གསུངས་པ་ཉིད་དེ། དགོངས་པའི་སྐད་འདི་ནི་ཉན་ཐོས་ལ་སོགས་པའི་སྦྱོར་ཡུལ་མ་ཡིན་པ་མ་ནིང་ཞེས་པའོ། །ཡང་ན་མཚམས་སྦྱར་བའི་སྐད་དམ་ཐུན་མཚམས་ཀྱི་སྐད་ཀྱང་རུང་སྟེ་མ་བསྒྲགས་པའོ། །དགོངས་པའི་སྐད་ཅེས་བཞི་པ་སྒྲའི་ཡུལ་མ་ཡིན་པའི་མཚན་མ་ལས་འདས་པ་སྟེ་ཆ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གང་གིས་ཤེ་ན། བཞི་པོ་རྣམས་ཀྱི་ཞེས་པ་དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་མཐར་ཐུག་པ་རྣམས་ཀྱི་འོ། །གང་གིས་ཤེ་ན། རྒྱུད་ཀྱི་ཁྱད་པར་བསྐྱེད་པ་ཡིས་སོ། །གང་དག་གིས་ཤེ་ན། དགོད་དང་ལྟ་བ་དག་གིས་ནི། །རྣམ་པ་སྣ་ཚོགས་དང་རྣམ་བར་སྨིན་པ་དག་གིས་སོ། །འཁྱུད་དང་གཉིས་གཉིས་རྣམས་ཀྱིས་ཞེས་པ་རྣམ་པར་ཉེར་པ་དང་


DTG003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་བྲལ་བ་རྣམས་ཀྱིས་ཀྱང་སྟེ་བསྡུས་པ་ལས་མང་པོའི་ཚིག་གོ །དེ་བཞིན་ཞེས་པ་བཞི་པ་དེ་ཡང་དེ་བཞིན་ཞེས་པའི་གསུང་ལས་སོ། །མཚན་མ་ལས་འདས་པ་ཉིད་ཀྱིས་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་དེ་བརྗོད་དུ་མེད་པ་ཉིད་ཀྱང་ངོ༌། །བརྗོད་དུ་མེད་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། རིག་མ་མེད་པའི་རང་བཞིན་ཡང་སྟེ། རྡོ་རྗེ་གསུམ་དབྱེར་མེད་པ་ཁོ་ན་དགོངས་པའི་སྐད་གཞོམ་དུ་མེད་པ་འོད་གསལ་བ། གདོད་མ་ནས་མ་སྐྱེས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ་ཞེས་པ་སྒྱུ་མ་ལ་སོགས་པ་དཔེ་བཅུ་གཉིས་རྣམས་ཀྱིས་སྦྱར་བར་བྱ་ཞིང་སྐུ་གསུམ་གྱི་རང་བཞིན་ཐམས་ཅད་ཁྱབ་པར་འགྲོ་བའི་དོན་གྱི་བྱ་བ་ལ་འཇུག་པའི་རྒྱུར་གྱུར་པའོ་ཞེས་པའོ། །སྐབས་འདི་ལ་རྡོ་རྗེ་སེམས་དཔས་གསུངས་པ་ཡུལ་འདི་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །དེ་ཅི་ཞིག་ཅེ་ན། ངས་བཤད་ཀྱིས། ཁྱོད་ནི་རྩེ་གཅིག་སེམས་ཀྱིས་ཉོན། །ང་ཞེས་པ་ནཱ་ད་གཉིས་ཉིད་དེ་གསུང་གི་བྱ་བའོ། །དེ་ཡང་མཉན་པའི་ཡུལ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཁྱོད་ཅེས་པ་སྤྲུལ་པའི་སྐུའོ། །རྩེ་གཅིག་སེམས་ཀྱིས་ཞེས་པ་ཆོས་ཀྱི་སྐུ་དང་དབྱེར་མེད་པས་སྐུ་གསུམ་དབྱེར་མེད་པའོ། །དེ་ཉིད་གསུངས་པ། མཚམས་སྦྱར་བའི་སྐད་དམ་ཐུན་མཚམས་ཀྱི་སྐད་ཀྱང་རུང་སྟེ། སྐད་ཆེན་པོ་དམ་ཚིག་བརྡ་ནི་རྒྱས་པ་རུ། དགོངས་པའི་སྐད་ཅེས་པ་བརྗོད་པའི་དོན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སྐད་ཆེན་པོ་སྟེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དམ་ཚིག་བརྡ་ནི་རྒྱས་པའོ། །ཞེས་པ་ནི་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ལྷ་སྤྲོ་བའི་ས་བོན་ཉིད་ཀྱིས་བརྡ་རྒྱས་པ་ཞེས་པ་སྟེ། སྒྲ་ཇི་བཞིན་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་རྩ་བ་ཉིད་ཀྱི་ཕྱིར་རོ། །དགོངས་པའི་སྐད་ཉིད་གསུངས་པ། མ་ད་ན་ཆང་བ་ལ་ཤ །འདུ་བ་མ་ལ་ཡ་ཛར་བརྗོད། །འགྲོ་བ་ཁེ་ཊ་རོ་ཤཱ་པ། །རུས་པའི་རྒྱན་ནི་ནི་རཾ་ཤུ། །འོང་བ་ཕྲེཾ་ཁན་ཤེས་རབ་ཅན། །ཅང་ཏེའུ་ཀྲྀ་བི་རུ་ཏ་བརྗོད། །སྐལ་མེད་དུནྡུ་ར་ཞེས་བརྗོད། །སྐལ་ལྡན་ཀཱ་ལཉྫ་རང་འདོད། །རེག་མིན་ཌིཎྜི་མ་ཞེས་བརྗོད། །ཐོད་པ་པདྨ་བྷཱ་ཛ་ན། །བཟའ་བ་ཏྲིཔྟི་ཀར་ར་ཤེས། །ཚོད་མ་མཱལ་ཏཱིནྡྷ་ན། །བཤད་བ་


DTG003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཏུཿ་ས་མར་བརྗོད། །ག་ཅིབ་ཀཙྖུ་རི་ཀར་བརྗོད། །རང་བྱུང་སིཧླར་ཤེས་པར་བྱ། །ཁུ་བཀ་པྤུ་ར་ཀར་འདོད། །ཤ་ཆེན་ཤཱ་ལིཉྫ་ཞེས་བརྗོད། །དབང་པོ་གཉིས་སྦྱོར་ཀུནྡུ་རུ། །རྡོ་རྗེ་བོལླ་ཞེས་བརྗོད་དེ། །པདྨ་ཀཀྐོ་ལ་རུ་འདོད། །ཡི་གེའི་དབྱེ་བས་ཕྱེ་བ་སྟེ་རིགས་ནི་རྣམ་པ་ལྔ་རུ་བཤད། །འདི་ནི་དགོངས་པའི་སྐད་ཡིན་ཏེ། །སངས་རྒྱས་རིགས་ལྔ་ལས་བྱུང་བ། །གཡུང་མོ་རྡོ་རྗེ་རིགས་སུ་བཤད། །གར་མ་པདྨའི་རིགས་སུ་འདོད། །རང་འཚེད་མ་ཉིད་རིན་ཆེན་རིགས། །གཉིས་སྐྱེས་དེ་བཞིན་གཤེགས་པར་འདོད། །ཚོས་མ་ལས་ཀྱི་རིགས་ཉིད་དེ། །ཕྱག་རྒྱ་འདི་རྣམས་ལེགས་གྲུབ་སྦྱིན། །མ་ད་ན་ཆང་ཞེས་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །བ་ལ་ཤ་ཞེས་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ནོ། །འདུ་བ་མ་ལ་ཡ་ཛ་ར་བརྗོད། །ཅེས་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ཏེ། ཆོས་ཀྱི་སྐུ་ལ་བསྟན་པའི་སྐུ་གསུམ་ཉེ་བར་བསྟན་པའོ། །འགྲོ་བ་ཁེ་ཌ་ཞེས་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། །རོ་ཤྲཱ་པ་ཞེས་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ནོ། །རུས་པའི་རྒྱན་ནི་ནི་རཾ་ཤུ། །ཞེས་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པའི་སྐུ་གསུམ་ཉེ་བར་བསྟན་པའོ། །འོང་བ་ཕྲེཾ་ཁ་ཎ་ཞེས་པ་ཐུགས་རྡོ་རྗེའི་ཏིང་འཛིན་ནོ། །ཤེས་རབ་ཅན་ཞེས་པ་བོད་པ་སྟེ་རྣལ་འབྱོར་མའི་འཁོར་ལོ་རྣམ་པར་དག་པར་སྟོན་པར་བྱེད་པའོ། །ཅང་ཏེའུ་ཀྲི་པཱི་ཊ་རུ་བརྗོད། །ཅེས་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། །སྐལ་མེད་དུ་ཉུར་ཞེས་བརྗོད། །ཅེས་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏེ་སྤྲུལ་པའི་སྐུ་ལ་བརྟེན་པའི་སྐུ་གསུམ་ཉེ་བར་བསྟན་པའོ། །ལུགས་ལས་བཟློག་པས། རིགས་ནི་རྣམ་པ་ལྔ་རུ་བཤད། །ཅེས་པ་འདི་དག་རེ་རེ་ལ་ཡང་རིགས་རྣམ་པར་ལྔར་གྱུར་པ་སྟེ། མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་རེ་རེའོ། །གང་ཞིག་བཅོམ་ལྡན་འདས་ཀྱིས་གསུངས་པ། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་སྤངས་པ་ཉིད། །ཅེས་པའོ། །འདི་ཇི་ལྟར་ཞེ་ན། ཡི་གེའི་དབྱེ་བར་གྱུར་པ་སྟེ་ཡི་གེའི་དབྱེ་བས་ཨ་ཡིག་ལ་སོགས་པ་མཐར་ཐུག་བ་དབྱངས་བཅོ་ལྔ་རྣམས་སོ། །དེ་རྣམས་ཀྱི་དབྱེ་བ་ནི་སྣ་ཚོགས་པ་ཉིད་དེ། དེས་ཕྱེ་བས་ནི་དེ་ལས་བྱུང་བའི་


DTG003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་རྣམས་ཉིད་དོ། །རྩ་བའི་གཟུགས་དང་སྔགས་ཀྱི་གཟུགས་དང༌། ཉམས་སུ་མྱོང་བའི་གཟུགས་ཀྱིས་འཁོར་ལོ་བཞིར་སོན་པའོ། །དེ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པ་རྡོ་རྗེ་གསུམ་གྱི་རང་བཞིན་མཁའ་འགྲོ་མ་བཅོ་ལྔའི་ངོ་བོ་ཨ་ཡིག་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐྱེས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལས་སྐྱེས་པ་སྟེ། པདྨ་ཡེ་ཤེས་དང་ཀཀྐོ་ལ་ཞེས་པ་ཆོས་འབྱུང་བདག་མེད་མའོ། །ཀཾ་ཞེས་པ་རྡོ་རྗེ་འཆང་སྟེ། འདོད་ཅེས་པ་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་ཉིད་དོ་ཞེས་པའི་དོན་ནོ། །སྐལ་ལྡན་ཀཱ་ལི་དྫ་རར་འདོད། །ཅེས་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། །རེག་མིན་ཌིཎྜི་མ་ཞེས་བརྗོད། །ཅེས་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །ཐོད་པ་པདྨ་བྷཱ་ཛ་ན། །ཞེས་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པའི་སྐུ་གསུམ་ཉེ་བར་བསྟན་པའོ། །བཟའ་བ་ཏྲིཔྟི་ཀ་རར་ཤེས། །ཞེས་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ནོ། ཚོད་མ་མཱ་ལ་ཏཱིནྡྷ་ན། །ཞེས་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། །བཤང་བ་ཙ་ཏུཿ་ས་མར་བརྗོད། །ཅེས་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཏེ་སྤྲུལ་པའི་སྐུ་ལ་བརྟེན་པའི་སྐུ་གསུམ་མཉེ་བར་བསྟན་པའོ། །གཅི་བ་ཀཙྪ་རི་ཀར་བརྗོད། །ཅེས་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །རང་བྱུང་སིཧླར་ཤེས་པར་བྱ། །ཞེས་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། །ཁུ་བ་ཀཔྤུ་ར་ཀར་འདོད། །ཅེས་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཏེ། ཆོས་ཀྱི་སྐུ་ལ་བརྟེན་པའི་སྐུ་སུམ་ཉེ་བར་བསྟན་པའོ། །འདིས་ནི་རྡོ་རྗེ་གསུམ་དབྱེར་མེད་པ་རེ་རེ་ལ་སྐུ་གསུམ་ལུགས་དང་མཐུན་པ་དང༌། ལུགས་ལས་བཟློག་པས་རྡོ་རྗེ་གསུམ་ལྷག་པར་གནས་པ་ཉིད་ཀྱི་ཕྱིར་དགུའི་བདག་ཉིད་རྡོ་རྗེ་འཆང་གི་དཀྱིལ་འཁོར་རོ། །འདི་ཉིད་རིགས་རེ་རེ་ལ་ལུགས་དང་མཐུན་པ་དང་ལུགས་ལས་བཟློག་པས་དེ་བཞིན་གཤེགས་པ་ལྔ་ལྷག་པར་གནས་པའོ། །དེ་ཡང་ཇི་ལྟར་ཞེ་ན། ཡི་གེའི་དབྱེ་པས་ཕྱེ་བར་གྱུར་པ་སྟེ་ཀ་ཡིག་ལ་སོགས་པ་ཡི་གེ་ལྔ་ལྔ་རྣམས་ཀྱིས། ཡི་གེ་རེ་རེ་ལ་དེ་བཞིན་གཤེགས་པ་ལྔ་ལྷག་པར་གནས་པ་ཉིད་ཀྱིས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ། སྒྱུ་མ་ལྟ་བུ་ལ་སོགས་པ་དཔེ་ཡིས་ཉེ་བར་བསྟན་པ་སྐུ་གསུམ་གྱི་རང་བཞིན་འགྲོ་བའི་དོན་གྱི་བྱ་བ་ལ་འཇུག་


DTG003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཁའ་འགྲོ་མ་དང་བདག་མེད་མ་ཁ་སྦྱོར་ཞེས་པ་སྟེ། པདྨ་ཀཀྐོ་ལ་རུ་འདོད། །ཅེས་པ་གསུངས་པའི་དོན་ཉིད་དོ། །རྡོ་རྗེ་གསུམ་པོ་ཉིད་སྡུད་པ་གསུངས་པའི་དོན་ཉིད་དོ། །ཤ་ཆེན་ཤཱ་ལ་ཉྫ་ཞེས་བརྗོད། །ཅེས་པ་རང་བྱུང་གི་ཡེ་ཤེས་སོ། །དབང་པོ་གཉིས་སྦྱོར་ཀུན་དུ་རུ། །ཞེས་པ་དེ་ཉིད་ཤེས་རབ་དང་ཐབས་དབྱེར་མེད་པའོ། །རྡོ་རྗེ་བོལླ་ཞེས་བརྗོད་དེ། །ཞེས་པ་དེ་ཉིད་སྐུ་གསུང་ཐུགས་ཀྱི་རང་བཞིན་ཞེས་པའི་དོན་ནོ། །སྡུད་པ་གསུངས་པ། འདི་ནི་དགོངས་པའི་སྐད་ཡིན་ཏེ། སངས་རྒྱས་རིགས་ལྔ་ལས་བྱུང་བ། །ཞེས་པ་སངས་རྒྱས་རྣམ་ལྔའི་གྲངས་ཀྱི་རིམ་པས་འབྱུང་བར་འགྱུར་བའོ། །གང་དུ་ཞེ་ན་དགོངས་པའི་སྐད་ཉིད་དེ། ནཱ་ད་རྣམས་ཀྱིས་རེ་རེ་ལ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་ཡེ་ཤེས་ལྔ་ལྷག་པར་གནས་པ་ཉིད་ཀྱི་ཕྱིར་དེ་ཉིད་དུ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་དགོངས་པའོ། །རིགས་ལྔ་ལས་བྱུང་བ་ཞེས་པ་མཐའ་ཡས་པའི་གྲངས་ཉིད་དོ། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །ཅེས་པ་ལ་སོགས་པ། ཚོས་མ་ལས་ཀྱི་རིགས་ཉིད་དེ། །ཕྱག་རྒྱ་འདི་རྣམས་ལེགས་གྲུབ་སྦྱིན། །ཞེས་པའི་བར་གྱིས། གཡུང་མོ་རྡོ་རྗེའི་རིགས་རྣམ་པར་དག་པ་སྟེ་མི་བསྐྱོད་པ་རྣམ་པར་དག་པ་ཞེས་པའི་དོན་ནོ། །གར་མ་པདྨའི་རིགས་རྣམ་པར་དག་པ་སྟེ་འོད་དཔག་མེད་རྣམ་པར་དག་པ་ཞེས་པའི་དོན་ནོ། །རང་འཚེད་མ་རིན་པོ་ཆེའི་རིགས་རྣམ་པར་དག་པ་སྟེ། རིན་ཆེན་དབང་པོ་རྣམ་པར་དག་པ་རང་འཚེད་མ་ཞེས་པའི་དོན་ནོ། གཉིས་སྐྱེས་དེ་བཞིན་གཤེགས་པ་ཞེས་པ་རྣམ་པར་སྣང་མཛད་རྣམ་པར་དག་པ་ཞེས་པའི་དོན་ནོ། །ཆོས་མ་ལས་ཀྱི་རིགས་ཉིད་དེ། །ཞེས་པ་དོན་ཡོད་གྲུབ་པ་རྣམ་པར་དག་པ་ཚོས་མ་ཞེས་པའི་དོན་ནོ། ཕྱག་རྒྱ་འདི་རྣམས་ལེགས་གྲུབ་སྦྱིན། །ཞེས་པ་ལགས་པའི་དངོས་གྲུབ་ནི་ལེགས་གྲུབ་སྟེ་ཕྱག་རྒྱ་ཆེན་པོའོ། །དེ་སྦྱིན་པར་བྱེད་ཅེས་པའི་དོན་ནོ། །འདིས་ཅི་གསུངས་ན་མཁའ་འགྲོ་མ་ལྔ་པོ་འདི་རྣམས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམ་པར་དག་པའོ། །འདི་རྣམས་ཀྱི་ཡང་རིགས་མཐའ་ཡས་པ་ཉིད་གསུངས་སོ་ཞེས་པ་སྟེ། དཀྱིལ་འཁོར་


DTG003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དབྱེར་མེད་པ་ཉིད་དགོངས་བའི་སྐད་ཅེས་པའོ། །འདི་རྣམས་ཁུ་བ་རྡོ་རྗེར་འགྱུར། །བརྟུལ་ཞུགས་ཅན་གྱིས་མཆོད་ནས་བཏུང༌། དོན་གསལ་བ་ཉིད་དོ། །ཡང་ན་འདི་རྣམས་ནི་བསྐྱེད་པ་སྟེ་ཉོན་མོངས་པའི་བག་ཆགས་རྗེས་སུ་འབྲེལ་པ་སྤང་བའི་ཕྱིར་བདག་མེད་མ་ཉིད་དོ། །རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ། གཉིས་ཀ་མཆོད་ནས་གང་ཞིག་ཁུ་བ་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་དེ་བཏུང་ཞིང་ཡང་དག་པར་སྡུད་པས་རྣམ་པར་གནས་པར་བྱའོ། །འདི་སུ་ཞིག་ཅེ་ན་བརྟུལ་ཞུགས་ཅན་ཡང་དག་པའི་ཡེ་ཤེས་ངས་པའི་བདག་ཉིད་ཅེས་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་བསྡུ་བ་གསུངས་པ། རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །དགོངས་པའི་སྐད་ནི་མཚར་ཆེ་བ། །ང་ཡིས་ཁྱོད་ལ་གང་བཤད་པ། །དེ་ཀུན་གུས་བཅས་གཟུང་བར་བྱ། །དོན་གསལ་བ་ཉིད་དོ། །ཡང་ན་མཚམས་སྦྱར་བའི་སྐད་དམ་ཐུན་མཚམས་ཀྱང་རུང་སྟེ་དེ་ནི་གང་ཞིག་འོད་གསལ་བ་གཞོམ་དུ་མེད་པའོ། །མཚར་ཆེ་བ་ནི་གང་གི་ཕྱིར་མཚན་ཉིད་མཚན་མ་མེད་པའོ། །དེ་ཅི་ཞེ་ན། ཐམས་ཅད་ལྷག་མ་མེད་པ་སྟེ་བཞི་པ་ཡང་དག་པའི་ཡེ་ཤེས་སོ། །གུས་བཅད་ཞེས་བ་བར་མ་ཆད་པར་གཟུང་བར་བྱ་ཞིང་བསྟན་པར་བྱའོ། །དེ་ཉིད་གསུངས་པ་ཁྱོད་ལ་ཞེས་པ་སྤྲུལ་པའི་སྐུ་རང་བཞིན་ལ་རྡོ་རྗེ་སྙིང་པོ་ཞེས་པ་ཆོས་སྐུའི་བདག་ཉིད་དེ། སེམས་དཔའ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །ང་ཡིས་ཞེས་པ་སྐུ་གསུམ་གྱི་རང་བཞིན་གྱིས་བཤད་པ་ཞེས་བརྗོད་པའི་སྒོ་ཉིད་ཀྱིས་བསྟན་པའོ། །གང་ཞེས་པ་དེ་རང་རིག་པར་བྱ་བ་ཉིད་ཀྱིས་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ཉིད་དགོངས་པའི་སྐད་ཡང་དག་པའི་ཡེ་ཤེས་སོ། །འདི་ནི་དྲན་པ་མ་ཉམས་པའི་སྦྱོར་བས་རྟག་ཏུ་བྱའོ་ཞེས་གསུངས་པ། ཀྱེ་རྡོ་རྗེ་འདིར་དབང་བསྐུར་གང༌། །དགོངས་པའི་སྐད་ཀྱིས་མི་སྨྲ་བ། །དེ་ཡི་དམ་ཚིག་རིགས་ཉམས་པ། །སྐྱེ་འགྱུར་འདི་ལ་ཐེ་ཚོམ་མེད། །འཚེ་བ་དང་ནི་རྐུན་མ་དང༌། །གདོན་དང་རིམས་དང་དུག་གིས་ཀྱང༌། །གལ་ཏེ་སངས་རྒྱས་དགོངས་པའི་སྐད། །མི་གསུངས་ན་ཡང་འགྲོངས་པར་འགྱུར། །གང་གི་དམ་ཚིག་རིག་རྙེད་ནས། །གལ་ཏེ་ཚིག་འདི་མི་སྨྲ་ན། །གནས་བཞི་ལས་སྐྱེས་རྣལ་འབྱོར་མ། །


DTG003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་སྐྱོད་པར་བྱེད་པར་འགྱུར། །གང་ཞིག་ཀྱེའི་རྡོ་རྗེའི་རྒྱུད་འདིར་དབང་བསྐུར་བ་དེ་ནི་ངེས་པར་དམ་ཚིག་རིག་པའོ། །དེ་ནི་གལ་ཏེ་དགོངས་པའི་སྐད་ཀྱིས་མི་སྨྲ་བ། །དེའི་ཚེ་དེའི་དམ་ཚིག་ཉམས་པ་སྐྱེ་འགྱུར་དམ་ཚིག་ཉམས་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་པ་ཉིད་དོ། །དེའི་ཚེ་གསུངས་པ། འཚེ་བ་རྡོ་རྗེ་ལྟུང་བ་ལ་སོགས་པའོ། །རྐུན་མ་འཕྲོག་པར་བྱེད་པའོ། །དེ་རྣམས་དང་གདོན་དང་རིམས་དང་དུག་གིས་ཀྱང་གདོན་ལ་སོགས་པ་རབ་ཏུ་གྲགས་པ་ཉིད་དེ། འདི་རྣམས་ཀྱིས་འཆིང་བར་འགྱུར་རོ། །འདི་དག་ནི་རེ་ཞིག་སེམས་ཅན་ཐུན་མོང་བ་སྟེ་སངས་རྒྱས་ཀྱང་ངོ༌། །ཇི་ལྟར་ཞེ་ན། གལ་ཏེ་དགོངས་པའི་སྐད་མི་གསུང་ན་སྟེ་དེའི་སྐྱོན་འདི་རྣམས་འགའ་ཞིག་མ་ཡིན་གྱི་གཞན་ཡང་འགྱུར་རོ་ཞེས་གསུངས་པ། རང་གི་དམ་ཚིག་རིག་པ་ནི་རང་གི་དམ་ཚིག་ཤེས་པར་གྱུར་པ་རྙེད་ནས་གལ་ཏེ་ཚིག་འདི་མི་སྨྲ་ན་དེའི་ཚེ་རྣལ་འབྱོར་མ་རྣམས་ཀྱང་སྐྱོད་པར་བྱེད་པར་འགྱུར་རོ། །གནས་བཞི་ལས་སྐྱེས་པ་གྲུབ་པའི་རྣལ་འབྱོར་མ་ཞེས་པའི་དོན་ནོ། །དེ་དག་བསྐྱོད་པ་ལས་ངེས་པར་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་དགོངས་པའོ། །ཡང་ན་ཀྱེའི་རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་སུ་གང་ཞིག་དབང་བསྐུར་བ་དང་སྒྲིབ་པ་དང་བྲལ་བ་ཉིད་ཐོབ་པར་གྱུར་པ་དེ་གལ་ཏེ་མི་སྨྲ་བ་གཞོམ་དུ་མེད་པའི་རང་བཞིན་གྱིས་འོད་གསལ་བ་ཉིད་ལས་མི་གནས་པའོ། །དེ་ཉིད་ཀྱི་ཕྱིར་དེའི་དམ་ཚིག་རིག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་ཉམས་པ་སྐྱེ་བར་འགྱུར་ཏེ། དེ་ཡེ་ཤེས་ལས་ཉམས་པར་འགྱུར་རོ། །འདི་ལ་ཐེ་ཚོམ་མེད་དོ། །དེ་ལས་གཡོ་བར་འགྱུར་བ་འཚེ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡེ་ཤེས་ཉམས་པ་ཉིད་ལས་འཆི་བར་འགྱུར་ཏེ། གལ་ཏེ་སངས་རྒྱས་ཡང་དག་པའི་ཡེ་ཤེས་བརྙེས་པ་དང་ལྡན་པ་ཡང་དགོངས་པའི་སྐད་གཞོམ་དུ་མེད་པའི་རང་བཞིན་འོད་གསལ་བའི་ཡེ་ཤེས་མི་གསུང་ཞིང་མཚོན་པར་མི་བྱེད་ན་ཡང་ཞེས་པའི་དོན་ནོ། །རང་གི་སྒྲས་སེམས་ཏེ་དེའི་དམ་ཚིག་ནི་འདུས་པའོ། །དེའི་ཕྱིར་རིག་པའི་ཡེ་ཤེས་ཏེ་དེ་རྣམས་གང་གི་དམ་ཚིག་རིག་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་


DTG003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །དེ་རྣམས་ཀྱི་ཚིག་ནི་དེ་རྣམས་དང་འབྲེལ་པ་དགོངས་པའི་སྐད་དོ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་ཡོངས་སུ་རྫོགས་པ་ཉིད་ལས་དེ་རྣམས་ཀྱི་ཨཱ་ལི་ཀཱ་ལི་ནཱ་ད་རྣམས་རེ་རེ་ལ་ཡང་རྡོ་རྗེ་གསུམ་གསུམ་དབྱེར་མེད་བའི་རང་བཞིན་ཉིད་ཀྱིས་འོད་གསལ་བའི་རང་བཞིན་ཉིད་ཀྱི་ཕྱིར་དགོངས་པའི་སྐད་ནི་ཆིག་ཅེས་པའོ། །དེ་ལ་གལ་ཏེ་མི་སྨྲ་ཞིང་ཡང་དག་པའི་སྦྱོར་བས་རྫོགས་པར་མི་བྱེད་ན་དེའི་ཚེ་རྣལ་འབྱོར་མ་རྣམས་སྐྱོད་པར་བྱེད་པར་འགྱུར་ཏེ། ཨ་ཡིག་ལ་སོགས་པའི་དབྱངས་ཡོངས་སུ་གྱུར་པའི་སྔགས་ཀྱི་སྐུ་རྣམས་མི་འདུ་བར་འགྱུར་རོ། །དེའི་ཕྱིར་དགོངས་པའི་སྐད་ཉིད་མ་ཡིན་ནོ་ཞེས་པའོ། །གཞན་ཡང་དེ་རྣམས་ཁྱད་པར་ཅི་ཞེ་ན། གསུངས་པ། གནས་བཞི་ལས་སྐྱེས་པ་འཁོར་ལོ་བཞིར་སོན་པ། འབྱུང་བ་ཆེན་པོ་བཞིའི་རང་བཞིན་ལ་ཝར་ཡའི་ནཱ་ད་ལས་ཡོངས་སུ་རྫོགས་པ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཏེ། ཡེ་ཤེས་ལྔ་དང་སྐུ་གསུམ་དང༌། ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །ལྡོག་པའི་སྒོ་ནས་རྗེས་སུ་འགྲོ་བས་སྡུད་པ་གསུངས་པ། དགོངས་པའི་སྐད་རྙེད་ནས་སླར་དགོངས་པའི་སྐད་རྟོགས་པར་བྱེད་པ་ནི་གཞོམ་དུ་མེད་པ་དེ་གསལ་པའི་ཡེ་ཤེས་མངོན་དུ་འགྱུར་རོ་ཞེས་པ་སྟེ། རང་གི་དམ་ཚིག་རིག་པ་ཞེས་པ་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཡང་མཁའ་འགྲོ་མའི་རང་བཞིན་ཉིད་ཀྱིས། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་དགོངས་པའི་སྐད་དུ་འགྱུར་ཞིང༌། རྣལ་འབྱོར་མ་རྣམས་ཀྱི་ཡང་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཀྱིས་ནཱ་དའི་ཕྲེང་བ་གཉིས་དགོངས་པའི་སྐད་དུ་འགྱུར་གྱི། གལ་ཏེ་ནཱ་དེའི་ཕྲེང་བ་གཉིས་པོ་མེད་པར་རྣམ་པ་ཐམས་ཅད་དུ་སྔགས་དང་ལྷ་ལ་སོགས་པ་དེ་ཁོ་ན་ར་མི་འགྱུར་རོ་ཞེས་པའོ། །བརྟག་པ་གཉིས་པར་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་དགོངས་པའི་སྐད་ཅེས་བྱ་བའི་ལེའུ་གསུམ་པའོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་གསུམ་པའོ།། །།

བཞི་པ། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུའི་འགྲེལ་བཤད།


DTG003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཐེ་ཚོམ་དུ་གྱུར་ཡིད་མི་བདེ་བར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །


DTG003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དགོངས་པའི་སྐད་བཤད་པའི་ལེའུ་འདི་ཐོས་ནས་སོམ་ཉིར་གྱུར་ཏེ། རྡོ་རྗེ་སྙིང་པོ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་འཆད་པར་འགྱུར་བ་ཞུས་པ་སྟེ། བཅོམ་ལྡན་འདས་ཐེ་ཚོམ་བསལ་དུ་གསོལ། །སྤྱོད་པའི་ལེ་འུར་གང་བཤད་པ། །གླུ་དང་གར་ཡང་དངོས་གྲུབ་སྦྱིན། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །ཀླུ་ནི་ཅི་ལགས་གར་ཡང་ཅི། །ལྷ་དང་དབང་བསྐུར་བ་ཡང་གང༌། །ཞེ་སྡང་ལ་སོགས་རྒྱས་གདབ་གསུང༌། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །གང་གིས་རྒྱས་གདབ་ཕྱག་རྒྱ་ཅི། །སྔགས་ཀྱི་ལེའུར་གང་གསུངས་པ། །བདག་མེད་ལ་སོགས་ས་བོན་ཏེ། །དེ་ལ་བདག་ནི་འཁྲུལ་པ་སྐྱེ། །གང་གིས་ས་བོན་ས་བོན་གང༌། །རིགས་ཀྱི་ལེའུར་གང་གསུངས་པ། །བཅུ་དྲུག་གཉིས་ཀྱི་བདག་ཉིད་རྩ། །བཅོམ་ལྡན་བདག་ནི་འཁྲུལ་པར་གྱུར། །དེ་རྣམས་རྣམ་དག་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་ལྟར་ཞུས་པ་ན་རེ་ཞིག་གླུ་ཉིད་ཐོག་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཀོལླ་ཨི་རེཊྛི་ཨ་བོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཊ་ཧོ་བཱ་ཛྫ་ཨི། ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨི། གྷཱ་ཊྷེཾ་མ་ཨ་ཎའ་པིཛྫ་ཨ་ཨི། །ཧ་ལེ་ཀཱ་ལིཾ་ཛ་ར་པཱ་ཎི་ཨ་ཨི། དུནྡུ་ར་ཏ་ཧིཾ་བཱིཛྫ་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རཱི་སིདྷླཱ། ཀཱ་པྦུ་ར་ལཱ་ཨ་ཨི། མཱ་ལ་ཨིནྡྷ་ཎ་ཤཱ་ལིཛྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཾ་ཤུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ཤ་རཱ་ཝ་པཱ་ཎི་ཨ་ཨི། མ་ལ་ཡ་ཛེ་ཀུནྡུ་རུ་བཱ་ཊ་ཨི། ཌིཾ་ཌི་མ་ཏ་ཧིཾནྣ་པཱ་ཛྫི་ཨ་ཨི། ཀོལླ་ཨི་རིཊྛ་ཨ་པོ་ལ་ཞེས་པ་ལ་སོགས་པ་སྒྲ་ཇི་བཞིན་པའི་དོན་ནི་རབ་ཏུ་གྲགས་པ་ཉིད་དེ། སྦས་པའི་དོན་སླར་བརྗོད་པར་བྱའོ། །ཀོལླ་ཨི་རེཊྛ་ཨ་བོ་ལཱ་ཞེས་པ་བོ་ལཱ་རྡོ་རྗེ་ཧཾ་ཡིག་སྟེ། དེ་ནི་ལླ་རི་ཨིཊྛ་ཨ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོར་ཋི་ཨ་གནས་པའོ། །མུམྨུ་ཎི་རེ་ཀཀྐོ་ལ་ཞེས་པ་ཀཀྐོ་ལ་པདྨ་ཨཾ་ཡིག་སྟེ། མུམྨ་ཎི་རེ་ལྟེ་བའི་དཀྱིལ་འཁོར་དུ་སྤྲུལ་པའི་འཁོར་ལོ་གནས་པའོ། །གྷ་ཎ་ཀྲི་པི་ཊ་ཧོ་བཱ་ཛྫ་ཨི་ཞེས་པ་ཨཾ་ཡིག་དང་ཧ་ཡིག་གི་ནཱ་ད་གཉིས་པོ་དེ་དག་ལས་གྷ་ཎ་བར་མ་


DTG003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པར་ཚོགས་ཤིང་འདུས་པས། ཀྲི་པི་ཊ་ཧོ་པཱཛྫ་ཨི། ཅང་ཏེའུ་ཀྲི་པི་ཊ་རུ་བརྗོད། །ཅེས་པའི་གསུངས་ལས་ཅང་ཏེའུ་ཡང་ནཱ་དའི་རང་བཞིན་ཉིད་ཀྱིས་བཱཛྫ་ཨི་སྒྲ་བྱའོ་ཞེས་པ་སྟེ། ཨཾ་ཧཾ་ནཱ་ད་གཉིས་དབྱེར་མེད་པའི་ནཱ་གཉིས་ལྟེ་བའི་དབུས་ནས་བཞེངས་པ་སྨིན་མ་འདི་དབུས་སུ་སོན་བ་ནི་ནཱ་ད་གཉིས་དབྱེར་མེད་པ་སྤུལ་བ་དང་ལོངས་སྤྱོད་རྫོགས་པའི་སྐུ་དབྱེར་མེད་པར་གྱུར་པའོ། །ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། །ཀ་རཱུ་ཎེ་ཞེས་པ་བྱང་ཆུབ་ཀྱི་སེམས་ཁུ་བའི་རྣམ་པ་ཆོས་ཀྱི་སྐུའོ། །དེས་རོལ་འགལ་བ་སྟེ་ཀི་ཨ་ཨི་ན་མི་བྱའོ་ཞེས་པ་སྐུ་གཉིས་དབྱེར་མེད་པ་ཆོས་ཀྱི་སྐུ་འབྱུང་བར་འགྱུར་རོ། །ཀ་རུ་ཎེ་ཀེ་ཨ་ཨི་ན་རོ་ལཱ་ཀ་རུ་ཎ་ཞེས་པ་ཀཾ་བདེ་བ་འགོག་པའི་ཕྱིར་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ཁུ་བའོ། །དེས་རོ་ལཱ་འགལ་བར་མི་བྱའོ། །འདི་ལྟར་གསུངས་ཏེ་སྤྲུལ་པའི་འཁོར་ལོའི་པདྨའི་ནང་དུ་སོན་པའི་ཨཾ་ཡིག་གི་ཐིག་ལེའི་འོད་ཟེར་གྱིས་བདེ་བ་ཆེན་པོར་གནས་པའི་ཧཾ་ཡིག་གི་ཐིག་ལེ་ལས་གང་ཞིག་སྤྲོས་པའི་བདུད་རྩི་འཛག་པའོ། །དེ་ཉིད་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་ཙམ་སྟེ་ལུས་ཐམས་ཅད་ཁྱབ་པར་འཇུག་བའོ། །འདི་ལྟ་བུའི་རྣལ་འབྱོར་བསྐྱེད་པ་ནི་ཅིར་འགྱུར་ཞེ་ན་དེའི་ཕྱིར་གསུངས་པ། ཏ་ཧི་བཾ་ལ་ཁཱཛྫ་ཨི། ཏ་ཧིཾ་དེའི་ཚེ་བ་ལ་བཟའ་བར་བྱ་སྟེ་སྐུ་མངོན་པར་ཞེན་པ་སྐྱེ་པར་མི་འགྱུར་བའོ། །སྐུའི་མངོན་པར་ཞེན་པ་མི་སྐྱེ་བ་འབའ་ཞིག་མ་ཡིན་གྱི། ཐུགས་ཀྱི་མངོན་པར་ཞེན་པ་ཡང་མི་འབྱུང་ངོ༌། །གསུངས་པ། གཱ་ཊྷེཾ་མ་ཨ་ནཱ་པིཛྫ་ཨ་ཨི། གཱཊྷེ་ཞེས་པ་ཤིན་ཏུ་བརྟན་པ་ཕུལ་དུ་བྱུང་བ་ཉིད་ཀྱིས་མདན་སེམས་པར་བྱ་སྟེ་སེམས་མེད་བ་ཉིད་དུ་རྟོགས་པར་བྱའོ། །ཐུགས་ཀྱི་མངོན་པར་ཞིན་པ་མི་སྐྱེ་བ་འབའ་ཞིག་མ་ཡིན་གྱི། དེ་ལ་གསུང་གི་མངོན་པར་ཞེན་པ་ཡང་མི་འབྱུང་ངོ་ཞེས་གསུངས་པ། ཧ་ལེ་ཀཱ་ལིཾ་ཛ་ར་པ་ཎི་ཨ་ཨི། ཧ་ལེ་ཞེས་པ་ཧཾ་ཡིག་གཞོམ་དུ་མེད་པའི་རང་བཞིན་ནོ། །ལེ་ཞེས་པ་དེ་ལེན་པ་སྟེ་ཨཾ་ཡིག་གིས་ཞེས་པ་བལྟ་བར་བྱའོ། །ཨཾ་ཡིག་དང་ཧཾ་ཡིག་དག་ལས་འདྲེས་པར་གྱུར་པ་ན། ཀཱ་ལིཾ་ཛར་པ་ཎི་ཨ་ཨི་ཀཱ་སྒྲ་ཡིས་ཀ་ལ་སོགས་པའོ། །གཉིས་ཀ་ཨཱ་ལི་སྟེ་གཉིས་ཀའི་ནཱ་དའི་འཕྲེང་བ་གཉིས་སོ། །ཛ་ར་ཞེས་པ་དེ་གནས་པ་མེད་པ་སྟེ་དེ་ནི་སྐལ་ལྡན་ཀཱ་ལིཾ་ཛ་རའོ། །པ་ཎི་ཨ་


DTG003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཞེས་པ་དེ་དག་ལས་དེའི་བདག་ཉིད་ཀྱིས་དེ་ཉིད་ཞུགས་པར་གྱུར་པའོ། །རིམ་པ་འདིས་སྐུ་གསུང་ཐུགས་ཀྱི་མངོན་པར་ཞེན་པ་ལ་ཡལ་བར་གྱུར་པ་ནཱ་བ་དེ་རེས་འགའ་སྟོང་པ་འབའ་ཞིག་མངོན་པར་ཞེན་པར་འགྱུར་རོ་ཞེས་དོགས་ནས་གསུངས་པ། དུནྡུར་ཏ་ཧིཾ་བཱཛྫ་ཨི་ཨི། སྐལ་མེད་དུ་ནྡུ་ར་ཞེས་བརྗོད། །ཅེས་པ་སྟོང་པའི་ཀུན་ཏུ་རྟོག་པ་ཉིད་སྐལ་མེད་ཅེས་པའི་དོན་ནོ། །ནཱ་ད་གཉིས་ཀྱི་རྣལ་འབྱོར་ཉིད་ཇི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། ཙ་ཨུ་ས་མ་ཀསྠུར་རཱི་སིཧླཱ། ཀཔྤུར་ར་ལཱ་ཨི་ཨ་ཨི། །ཙ་ཨུ་ས་མའི་སྒྲས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །ཀསྛུ་རིའི་སྒྲས་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །སིཧླཱའི་སྒྲས་དེ་བཞིན་གཤེགས་པ་རིན་ཆེན་དབང་པོའོ། །ཀཔྤུ་རའི་སྒྲས་དེ་བཞིན་གཤེགས་པ་འོད་དཔག་མེད་དེ། འདི་རྣམས་ཀྱང་དེའི་བདག་ཉིད་ཀྱིས་དེ་ལ་ཐིམ་པར་གྱུར་པའོ། །དོན་ཡོད་གྲུབ་པ་ནི་ནཱ་ད་གཉིས་དབྱེར་མེད་པ་ཉིད་ཀྱི་རླུང་གི་ཁམས་ཉིད་ཡིན་པའི་ཕྱིར་དེ་འདིར་ཐ་དད་དུ་མ་གསུངས་སོ། །ཡང་ན་གང་ཙ་ཨུ་ས་མའི་སྒྲས་བཞི་མཉམ་སྟེ། ཡ་ར་ལ་ཝ་རླུང་དང་མེ་དང་ས་དང་ཆུ་རྣམས་ཀྱི་བསྐྱེད་པར་གྱུར་པ། རིམ་པས་ལྷ་མོ་སྒྲོལ་མ་དང༌། གོས་དཀར་མོ་དང༌། སྤྱན་མ་དང༌། མཱ་མ་ཀཱི་རྣམས་ཀྱི་བདག་ཉིད་ཅན་ནོ། །འདི་རྣམས་ཀྱང་ཆོས་ཀྱི་འཁོར་ལོ་དང༌། ལོངས་སྤྱོད་རྫོགས་པའི་འཁོར་ལོའི་པདྨའི་འདབ་མ་རྣམས་དང་དབང་ལྡན་ལ་སོགས་པའི་རིམ་པས་འདབ་མ་ནི་སྦྱར་བར་བྱའོ། །ཀསྠུ་རི་ཧཱུཾ་ཡིག་སྟེ། དེ་ཡང་ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ་སྦྱར་བར་བྱའོ། །སིཧླ་ཨོཾ་ཡིག་སྟེ། དེ་ཡང་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་ལྟེ་བ་ལ་འགོད་པར་བྱའོ། །ཀཔྤུ་ར་དབྱངས་བ་བཅུ་དྲུག་རྣམས་ཏེ། བདེ་བ་ཆེན་པོའི་འཁོར་ལོའི་འདབ་མ་རྣམས་ལ་སྦྱར་བར་བྱའོ། །མ་ལ་ཨི་ཞེས་པ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཏེ། ས་ལ་བའི་འཁོར་ལོའི་ཤར་ལ་སོགས་པའི་འདབ་མ་བརྒྱད་པོ་རྣམས་ལ་རིམ་པས་དགོད་པར་བྱའོ། །ཨིནྡྷ་ཎ་ཞེས་པ། ཨ་ཨཱ། ཨ་ཨཱུ། ཨེ་ཨཻ་ཞེས་པའི་དབྱངས་རྣམས་སོ། །དེའི་ཆོས་ཀྱི་འཁོར་ལོ་དབང་པོ་ལ་སོགས་པའི་འདབ་མ་བཞི་ལ་དབྱངས་ཐུང་ངུ་བཞིའོ། །ལོངས་སྤྱོད་རྫོགས་པའི་འཁོར་


DTG003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་དབང་པོ་ལ་སོགས་པའི་འདབ་མ་བཞི་ལ་དབྱངས་རིང་པོ་བཞིའོ། །ཤཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི་ཞེས་པ་ཤཱ་ལི་ཉྫའི་སྒྲས་ཕུང་པོ་དང་ཁམས་ལ་སོགས་པའོ། །ཏ་ཧིཾ་དེར་བྷ་རུ་མང་པོ་བཟའ་བར་བྱ་སྟེ། ཉེ་བར་ལོངས་སྤྱོད་པར་བྱའོ་ཞེས་པའི་དོན་ནོ། །འདིས་ཕུང་པོ་ཁམས་ལ་སོགས་པ་རྣམ་པར་དག་པ་གསུངས་ཏེ། ཕུང་པོ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པ་ནི་དམ་པའི་བདེ་བ་ཐོབ་པར་འགྱུར་རོ་ཞེས་པའོ། །གཞན་ཡང་སྐད་ཅིག་དེ་ལ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ན་དུ་ཨ་ཨི། ཕྲེཾ་ཁ་ཎ་ཞེས་པ་ལྟེ་བ་སྤྲུལ་པའི་འཁོར་ལོར་གནས་པའི་དབྱངས་དང་པོའི་ཐིག་ལེའི་འོད་ཟེར་ལས་ཏེ་སྟེང་དུ་འགྲོ་བའོ། །ཁེཌ་ཞེས་པའི་འོད་ཟེར་དེས་བདེ་བ་ཆེན་པོའི་འཁོར་ལོའི་གནས་པ་ཁ་འོག་ཏུ་ཕྱོགས་པའི་ཧཾ་ཡིག་བཞུ་བ་ལས་སྐྱེས་པའི་བདུད་རྩིའི་ཐིག་ལེའི་འོག་ཏུ་འགྲོ་བའོ། །དེ་ལྟར་གྱུར་པ་ན་དག་དང་མ་དག་པ་ཡང་ཤེས་པར་མི་འགྱུར་ཏེ་དེ་ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་ཀྱིས་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་དགོངས་པའོ། །གཞན་ཡང་གསུངས་པ། ནི་རཾ་ཤུ་ཨ་ཞེས་པ་གང་གི་མ་ལུས་པས་དག་པའི་ཨཾ་ཤུགས་ལ་བ་དེ་ནི་ནི་རཾ་ཤུ་སྟེ་ཟླ་བ་ཕྱེད་པའོ། །ཡང་ན་གང༌། གང་གི་ཆ་ཤས་དང་བྲལ་བའི་ཆ་དེ་ནི་རཾ་ཤུ་སྟེ་ཟླ་བ་ཕྱེད་པའོ། །དེ་ཨཾ་ག་འཁོར་ལོ་བཞིར་གནས་པ་ཐམས་ཅད་ཀྱི་ཡན་ལག་མཆོག་ལ། ཙ་ཌ་ཝི་ཨ་བྱིན་ནས། ཏ་ཧིཾ་ངེ་ལ་ཛའི་གླས་ངག་གི་རྒྱན་ནོ། །ཤཱ་ར་བ་པ་ཎི་ཨ་ཨི་ཞེས་པ་རོ་ཤྲཱ་པ་སྟེ་ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དེ་ཡང་པ་ནི་ཨ་ཨི་གཞུག་པར་བྱ་ཞིང་ཇི་སྲིད་སྦྱིན་པར་བྱའོ་ཞེས་པ་སྟེ། འདིས་ཐིག་ལེའི་རྣལ་འབྱོར་གསུངས་སོ། །ཕྲ་མོའི་རྣལ་འབྱོར་གསུངས་པ། མལ་ཡ་ཛ་ཀུནྡུ་རུ་བ་ཌ་ཨི་ཞེས་པ་ལྟེ་བ་ལས་སྟེང་དུ་སོར་མོ་བཞིའི་བར་དུ་འོག་གི་འོད་ཟེར་དང༌། སྟེང་གི་བདུད་རྩིའི་ཐིག་ལེ་ཕྲད་པ་ནི་མ་ལ་ཡ་ཛའོ། །དེར་བསྐྱོད་པ་ཙམ་གྱི་སེམས་འཛིན་པ་ནི་ཀུནྡུ་རུ་སྟེ། ཀུནྡུ་རུའི་སྒྲས་ཀྱང་ལྷུང་བ་ཉིད་ཀྱིས་ཀུནྡུ་རུ་ཞེས་པར་འགྱུར་རོ། །འདི་ནི་ཚོགས་པ་དང་ཕྲད་པའི་བྱ་བའོ། །གང་དུ་བསྐྱེད་པ་བྱ་ཞེ་ན། གསུངས་པ། ཌིཾ་ཌི་མ་ཧིཾ་ན་བཱཛྫི་ཨ་ཨི་རེ་ཞེས་པ་ཌིཾ་ཌི་མ་ཨ་བ་དྷུ་ཏཱིའ་


DTG003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དེར་དེ་སྤང་བར་མི་བྱ་སྟེ། དེ་ཉིད་དུ་དེའི་རང་བཞིན་ཉིད་ཀྱི་ཐམས་ཅད་མཉམ་པར་སྦྱོར་བ་ལས་ཞེས་དགོངས་པའོ། །རེའི་སྒྲ་ནི་བོད་པ་སྟེ། འདི་ནི་ཚིག་ཁ་སྐོང་བའོ། །ད་ནི་བསྡུས་པའི་དོན་དུ་བསྟན་པར་བྱ་སྟེ། ལྟེ་བར་པདྨ་ཁ་དོག་སེར་པོ་འདབ་མ་དྲུག་ཅུ་རྩ་བཞི་པའི་དབུས་སུ་དབྱངས་དང་པོ་ཟླ་བ་ཕྱེད་པ་དང་བཅས་པ་ཐིག་ལེ་དང་ལྡན་པ་སྟེ། ཤར་ལ་སོགས་པའི་འདབ་མ་བརྒྱད་པོ་རྣམས་ལ་རིམ་པ་ཇི་ལྟ་བར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཟླ་བ་ཕྱེད་པ་དང་བཅས་པའི་ཐིག་ལེ་དང་ལྡན་པ་རྣམས་སོ། །སྙིང་གར་པདྨ་ཁ་དོག་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་ཁ་འོག་ཏུ་ཕྱོགས་པའི་ཧཱུཾ་ཡིག་སྟེ་ཤར་ལ་སོགས་པའི་འདབ་མ་བཞི་ལ་ཨ་ཨི་ཨུ་ཨེ་དབྱངས་ཡིག་བཞི་ཟླ་བ་ཕྱེད་པ་དང་བཅས་པ་ཐིག་ལེས་བརྒྱན་པ་དང༌། དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་རིམ་པ་ཇི་ལྟ་བར་ཡ་ར་ལ་ཝ་རྣམས་ཟླ་བ་ཕྱེད་པ་དང་བཅས་པ་ཐིག་ལེ་དང་ལྡན་པའོ། །མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོར་པདྨ་ཁ་དོག་དམར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ཨོཾ་ཡིག་ཁ་འོག་ཏུ་ཕྱོགས་པ་སྟེ། ཕྱོགས་ཀྱི་འདབ་མ་བཞི་ལ་རིམ་པ་ཇི་ལྟ་བར་ཨཱ་ཨཱི་ཨཱུ་ཨཻ་དབྱངས་རིང་པོ་བཞི་ཟླ་བ་ཕྱེད་པ་དང་བཅས་པ་ཐིག་ལེས་བརྒྱན་པ་དང༌། དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་དེ་ཁོ་ན་ལྟར་ཡ་ར་ལ་ཝ་རྣམས་སོ། །སྨིན་མའི་དབུས་སུ་པདྨ་ཁ་དོག་སྣ་ཚོགས་པ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཧཾ་ཡིག་ཁ་འོག་ཏུ་ཕྱོགས་པ་སྟེ། ཤར་ལ་སོགས་པའི་འདབ་མ་གཅིག་གི་ས་བར་དུ་ཆོད་པ་དེ་རྣམས་ལ་དབྱངས་བཅུ་དྲུག་རྣམས་ཟླ་བ་ཕྱེད་པ་དང་བཅས་པ་ཐིག་ལེ་དང་ལྡན་པའོ། །ལྟེ་བར་སྤྲུལ་པའི་འཁོར་ལོ་ཁ་དོག་སེར་པོའི་དབུས་ཀྱི་ལྟེ་བ་ལ་དབྱངས་དང་པོ་ཟླ་བ་ཕྱེད་པ་དང་བཅས་པ་ཐིག་ལེ་ས་བརྒྱན་པ་སྟེ། ཤར་ལ་སོགས་པ་ཕྱོགས་ཀྱི་འདབ་མ་རྣམས་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་སོ། །དབང་ལྡན་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་ལ་ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་པོ་རྣམས་དང་ཀ་ཡིག་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་པོ་རྣམས་དང༌། ཅུང་ཟད་གསལ་བའི་ཊ་ཋ་ད་དྷ་ཡ་ལ་རྣམས་ཏེ། དེ་ལྟར་འདབ་མ་དྲུག་ཅུ་རྩ་བཞི་པོ་རྣམས་ལ་སྦྱར་བར་བྱའོ། །གང་ཞིག་ཙཎྜ་ལཱིའི་མིང་ཅན་དེ་ནི་དབྱངས་དང་པོ་སྟེ། དེ་ཉིད་པདྨའི་རྩ་བ་


DTG003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཤིན་ཏུ་ཕྲ་མོས་སྟེང་དུ་སོང་བས་ཇི་སྲིད་ལོངས་སྤྱོད་རྫོགས་པའི་བར་དུ་སོན་པའི་འོད་ཟེར་གྱིས་ཆོས་དང༌། ལོངས་སྤྱོད་རྫོགས་པར་གནས་པའི་ཧཱུཾ་ཡིག་དང༌། ཨོཾ་ཡིག་དག་གི་ཐིག་ལེ་གཉིས་བཞུ་ནས་བདེ་བ་ཆེན་པོའི་འཁོར་ལོར་སོན་པས་ཧཾ་ཡིག་ཐིག་ལེར་བཞུ་བར་བྱའོ། །དེ་ནས་ཧཾ་ཡིག་ཐིག་ལེར་ཞུ་བ་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་འོད་ཟེར་ལ་ཁྱབ་ཅིང༌། ཙཎྜ་ལཱིའི་ཐིག་ལེ་ལ་ཞུགས་པར་གྱུར་པ་དེ་ནི་ཙཎྜ་ལཱི་སྟེ། དེའི་ཡང་ཐིག་ལེ་སྔར་གྱི་བྱ་བ་བཞིན་བྱའོ་ཞེས་པ་ཕྲ་མོའི་རྣལ་འབྱོར་གྱི་རིམ་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷ་མོའི་སྐུའོ། །ཐིག་ལེའི་རྣལ་འབྱོར་ཡང་ལྟེ་བ་ལས་སྟེང་དུ་སོར་མོ་བཞིའི་ཆ་སྤངས་པར་དེའི་འོད་ཟེར་དང་ཧཱུཾ་ཡིག་ཐིག་ལེའི་རང་བཞིན་གྱི་ཐིག་ལེ་ཡང་ཆོས་ཀྱི་འཁོར་ལོའི་འོག་ཏུ་སྟེ། དེ་ལྟར་རྟེན་དང་བརྟེན་པ་གཉིས་ཀ་དངོས་པོ་ལ་ཏིལ་ཙམ་ཡང་འཛིན་པ་མེད་པ། ལྷ་ཐམས་ཅད་འབྱུང་བ་མེད་པ་ནི་ཐིག་ལེའི་རིམ་པ་དང་ཕྲ་མོའི་རྣལ་འབྱོར་རོ། རྣལ་འབྱོར་འདི་དག་ལ་གོང་ནས་གོང་དུ་བསྙེན་བ་དང་དགའ་བ་ལ་སོགས་པ་ལ་ལྷག་པར་མོས་པར་བྱའོ། །འདི་ཡང་རྣལ་འབྱོར་དཀྱིལ་འཁོར་རྒྱལ་པོ་མཆོག་གི་བར་མཆད་པར་ལས་རྒྱལ་པོ་མཆོག་བརྗོད་པར་བྱ་སྟེ། འདི་དག་ནི་ཆགས་པ་དང་བཅས་པ་དང༌། ཆགས་པ་དང་བྲལ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སྦྱར་བར་བྱའོ། །རྣལ་འབྱོར་འདིས་ཐ་མལ་བའི་ང་རྒྱལ་གྱི་རང་བཞིན་བསྲེགས་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་པར་སྦྱོང་བར་བྱེད་པའོ། །དེའི་ཕྱིར། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །ཅེས་པ་རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་ཚིགས་སུ་བཅད་པའི་དོན་ཤིན་ཏུ་ངེས་པར་གྱུར་བའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་རྣམས་ཉིད་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་པ་ཕུང་པོ་ལྔ་ནི་གཟུགས་ལ་སོགས་བ་སྟེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །སྦྱོར་བ་འདིས་རྣམ་པར་སྦྱང་བར་གྱུར་པ་ནི་མདོར་བསྡུས་པ་སངས་རྒྱས་ལྔར་འགྱུར་རོ། །


DTG003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐྱེ་མཆེད་རྣམས་གཉིས་ནི། །ཞེས་པ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་སྤྱན་མ་ལ་སོགས་པ་ལྷ་མོ་བཞི་སྟེ། ས་ལ་སོགས་པ་ཕུང་པོ་ལྔས་བསྡུས་ཤིང་སྐྱེ་མཆེད་རྣམས་ཀྱང་ཕུང་པོ་ལྔ་ཉིད་ཀྱིས་བསྡུས་པའོ་ཞེས་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་དོ་ཞེས་པའི་རིམ་པ་འདིས་དང་པོའི་སྦྱོར་བ་ཡང་མཚོན་པ་སྟེ། ཏིང་ངེ་འཛིན་གསུམ་པ་ལ་དང་པོའི་སྦྱོར་བ་ནི་ཕུང་པོ་ལ་སོགས་པ་རྣམས་པར་དག་པས་སྣང་བ་རྣམ་པར་དག་པ་ཞེས་པའོ། །དཀྱིལ་འཁོར་རྒྱལ་པོ་མཆོག་ནི་འཁོར་ལོ་བཞིར་གནས་པ་ནཱ་དའི་བདག་ཉིད་ཅན་ས་བོན་གྱི་ལུས་ལྷའི་རང་བཞིན་ཞེས་པའོ། །ལས་རྒྱལ་པོ་མཆོག་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཟླ་བ་དང་ཉི་མའི་བདག་ཉིད་ཅན་ཞེས་བའོ། །ཡང་ན་གང༌། ཀོལླ་ཨི་རེ་ཊྛི་ཨ་བོ་ལཱ་ཞེས་པ་བོ་ལཱ་ནི་རྡོ་རྗེ་འཆང་ངོ༌། །མུ་མྨུ་ཎི་རེ་ཀཀྐོ་ལཱ་ཞེས་པ་ཀཀྐོ་ལཱ་ནི་པདྨ་སྟེ། ཆོས་འབྱུང་བདག་མེད་མའོ། །གྷཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི། རྟག་ཏུ་གཉིས་ཀ་དབྱེར་མེད་པ་ཁོ་ན་ཞེས་པའོ། །ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། །འདིས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པ་ནི་ཀ་ཀ་རུ་ཎ་སྟེ་ཀཾ་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་འགོག་པའི་ཕྱིར་རྡོ་རྗེ་བྱང་ཆུབ་ཀྱི་སེམས་སོ། །དེས་རོ་ལཱ་འགལ་བའི་བྱ་བ་མེད་པ་སྟེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་བཞི་པ་ལྷན་ཅིག་སྐྱེས་པ་ཞེས་པའོ། །ཏ་ཧིཾ་བ་ལ་ཁཱ་ཛྫ་ཨི། གཱ་ཌྷེཾ་ཏ་ཧིཾ་དེའི་ཚེ་ལྷན་ཅིག་སྐྱེས་པའི་དགའ་བར་གྱུར་པ་ན་སྐུའི་མངོན་པར་ཞེན་པ་མེད་དོ། །མ་ཨ་ཎཱ་པིཛྫ་ཨ་ཨི། ཞེས་པ་ཐུགས་ཀྱི་མངོན་པར་ཞེན་པ་ཡང་མེད་དོ། །ཧ་ལེ་ཀཱ་ལིཾ་ཛ་ར་པ་ཎི་ཨ་ཨི་ཞེས་པ་སྟོང་པའི་མངོན་པར་ཞེན་པ་ཡང་མེད་དོ། །འདི་ཇི་ལྟར་ཞེ་ན་གསུངས་པ། གང་ཕྱིར་ཙ་ཨུ་ས་མ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ནོ། །ཀསྠུ་རཱི་སིཧླཱ་ཀཱཔྤུ་ར་ལ་ཨི་ཨ་ཨི་ཞེས་བ་དེ་སྐུ་གསུམ་དབྱེར་མེད་པ་ཡང་ངོ༌། །མཱ་ལ་ཨ་ཨིནྡྷ་ན་ཞེས་བ་དེ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཡང་ངོ༌། །ཤཱ་ལིཾ་ཛ་ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི་ཞེས་པ་འདི་དག་ཐམས་ཅད་ཉིད་ཤཱ་ལིཾ་ཛ་ཏེ། དེ་ཏ་ཧིཾ་དེར། བྷ་རུ་


DTG003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ། །ཁ་ཨེ་ཨ་ཨི་ཞེས་བྱ་བཟའ་བར་བྱ་སྟེ། འཛིན་པ་མེད་པའི་ཚུལ་གྱིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཉིད་དུ་སྐྱེ་བར་འགྱུར་རོ། །འདི་ཉིད་ཇི་ལྟར་ཞེ་ན་གསུངས་པ། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་ཞེས་པ་འོང་པ་ཕྲེཾ་ཁ་ཎ་སྟེང་སྡུད་པ་དོན་དམ་པའི་བདེན་པའོ། །འགྲོ་བ་ཁེ་ཊ་སྟེ་སྤྲོ་བ་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་དང་དབྱེར་མེད་པའོ། །ཅི་ཞེ་ན་གསུངས་པ། ཤུདྡྷ་ཨ་ཤུདྡྷ་ན་མུ་ཎི་ཨ་ཨི་ཤུདྡྷ་ཞེས་པ་དོན་དམ་པའི་བདེན་པའོ། །ཨ་ཤུདྡྷ་ཞེས་པ་ཀུན་རྫོབ་ཀྱི་བདེན་པའོ། །གཉིས་ཀ་དབྱེར་མེད་པའི་ཕྱིར་གཉིས་ཀ་ཡང་མེད་དོ། །གཞན་ཡང་ཅི་ཞེ་ན་གསུངས་པ། ནི་རཾ་ཤུ་ཨ་ཨཾ་ག་ཙ་ཌཱ་ཝི་ཨ། ཏ་ཧིཾ་ཛ་ཤ་རཱ་བ་པ་ཎི་ཨ་ཡི། ནི་རཾ་ཤུ་འོད་གསལ་བ་སྟེ། ཨཾ་ག་ཛ་ཌཱ་ཝི་ཨ་སྐུ་གསུམ་འདིའི་རང་བཞིན་ཉིད་དུ་བྱས་ནས་དེར་ཛ་ཤ་རཱ་བ་པ་ཎི་ཨ་ཨི། །ཛ་དོན་ཡོད་གྲུབ་པ་རླུང་སྟེ་ཇི་སྲིད་ནཱ་ད་ཞེས་པའོ། །ཤ་རཱ་བ། རོ་ཤྲཱ་བ་སྟེ་ཆོས་ཀྱི་དབྱིངས་ཐིག་ལེའོ་ཞེས་པ་ནཱ་ད་ཐིག་ལེར་རབ་ཏུ་གཞུག་པར་བྱའོ། །འདི་ཇི་ལྟར་ཞེ་ན་མ་ལ་ཡ་ཛ་འདུ་བ་སྟེ་གཉིས་སུ་མེད་པའོ། །ཀུནྡུ་རུ་བཱ་ཊ་ཨི་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པ་སྐྱེ་བར་འགྱུར་རོ། །ཌི་ཎྜི་མ་ཧ་ཧིཾ་ན་བཱིཛྫ་ཨ་ཨི་རེ་ཞེས་པ་ཌི་ནྜི་མ་ཨ་ཝ་དྷཱུ་ཏཱི་བདག་མེད་མའོ། །དེ་ཡང་དེར་ན་བཱིཛྫ་ཨ་ཨི་སྤང་བར་མི་བྱ་ཞིང་དོར་བར་མི་བྱ་སྟེ། སྤངས་པའི་རང་བཞིན་ནི་སྤང་པར་མི་ནུས་སོ། །འདི་དག་གིས་ཅི་གསུངས་ན་སྒྱུ་མ་ལྟ་བུ་ལ་སོགས་པ་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་ལམ་ཟུང་དུ་འཇུག་པའི་རིམ་པའོ་ཞེས་པ་གླུའི་དོན་ཏེ་སྒྲ་ཇི་བཞིན་པའི་དོན་གྱིས་དང་པོར་སྦྱོར་པའོ། །སྦས་པའི་དོན་གྱིས་དཀྱིལ་འཁོར་རྒྱལ་པོ་མཆོག་གོ །ཤིན་ཏུ་རྒྱས་པའི་དོན་གྱིས་ལས་རྒྱལ་པོ་མཆོག་གོ་ཞེས་པ་སྟེ། ཏིང་ངེ་འཛིན་གསུམ་བཤད་དོ། །གར་ཡང་གསུངས་པ། དྲན་པ་མི་འཕྲོགས་རྣལ་འབྱོར་ལས། །ཧེ་རུ་ཀ་ཡི་གཟུགས་ཀྱི་གར། །ཞེས་པ་གར་བྱེད་པ་ནི་གར་ཏེ་རྐང་སྟབས་བརྒྱད་དོ། །གང་གི་གཟུགས་ཀྱིས་ཤེ་ན་ཧེ་རུ་ཀའི་གཟུགས་ཕྱིས་ཞེས་པ་ཧེ་རུ་ཀའི་རང་བཞིན་གྱིས་སོ། །ཧེ་རུ་ཀའི་གཟུགས་ཉིད་ཇི་ལྟར་ཞེ་ན་གསུངས་པ། དྲན་པ་མི་འཕྲོགས་རྣལ་འབྱོར་ལས། །


DTG003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ་ཕྱག་གཉིས་པ་ལ་སོགས་པའི་གཟུགས་རྗེས་སུ་དྲན་པས་ཞེས་པའོ། །འདི་ཉིད་ཇི་ལྟར་ཞེ་ན། གསུངས་པ། ཆགས་པའི་སེམས་ཀྱིས་བསྒོམ་པ་སྟེ། བསྒོམ་པའི་རྗེས་སུ་ཆགས་པའི་ཡིད་ཀྱིས་སོ། །དེ་ཉིད་ཇི་ལྟར་ཞེ་ན། རྟག་ཏུ་གོམས་པའི་སེམས་ཀྱིས་ནི། །རྒྱུན་དུ་བར་ཆད་མེད་པར་གུས་པ་དང་བཅས་པས་དུས་ཡུན་རིང་མོར་གོམས་པ་ལས་ཞེས་པའི་དོན་ནོ། །འདིས་རྟག་ཏུ་བསྒོམ་པའི་རྗེས་སུ་ཆགས་བས་དམན་པ་ཇི་ཧེ་རུ་ཀའི་གཟུགས་ཉིད་མ་ཡིན་ནོ། །རིམ་པ་དེས་གང་ཞིག་གར་བྱེད་པ་དེ་ཉིད་ནི་མཆོག་སྟེ། གཞན་ནི་གར་མ་ཡིན་ནོ་ཞེས་པའི་དོན་ནོ། །ཡང་ན། གར་ནི་གར་བྱེད་པ་སྟེ་གནས་པ་མེད་པའོ། །ཐམས་ཅད་ཁྱབ་པ་ཉིད་ཀྱིས་གཡོ་བ་མེད་པ་སྟེ་གཡོ་བ་མེད་པ་ཉིད་ཇི་ལྟར་ཞེ་ན། ཧེ་རུ་ཀའི་གཟུགས་ཀྱིས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རང་བཞིན་གྱིས་སོ། །འདི་ཉིད་ཇི་ལྟར་ཞེ་ན། གསུངས་པ། ཆགས་པའི་སེམས་ཀྱིས་བསྒོམ་པ་སྟེ། བསྒོམ་པ་ཞེས་པ་སྙོམས་པར་འཇུག་པ་སྟེ། དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་པས་ཆགས་པ་ནི་འདོད་མ་སྟེ་བདག་མེད་མའོ། །སེམས་ཀྱིས་ཞེས་པ་བདག་མེད་མའི་ཡེ་ཤེས་ཀྱིས་སོ། །གླུ་དང་གར་གཉིས་པོ་འདི་དག་ཀྱང་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་བྱའོ་ཞེས་སྡུད་པ་གསུངས་པ། རྡོ་རྗེ་ཆོས་དང་སངས་རྒྱས་དང༌། མ་མོ་རྣལ་འབྱོར་མ་རྣམས་ཀྱིས། །ཞེས་པ་རྡོ་རྗེ་ཆོས་ནི་ཆོས་ཀྱི་སྐུའི་རང་བཞིན་སྐུ་གསུམ་གྱིས་ཏེ་མང་པོའི་ཚིག་གོ །སངས་རྒྱས་དང་ཞེས་པ་སྤྲུལ་པའི་སྐུའི་རང་བཞིན་སྐུ་གསུམ་གྱིས་སོ། །མ་མོ་རྣལ་འབྱོར་མ་རྣམས་ཀྱིས། །ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་སྐུ་གསུམ་ཉིད་ཀྱིས་སོ། །རེ་རེ་ལ་མང་པོའི་ཚིག་ཉིད་ཀྱིས་སྐུ་གསུམ་ཉིད་བསྟན་ཏོ་ཞེས་པའོ། །དེ་ནི་གང་ཞིག་གླུ་དང་གར་མཆོག་སྟེ། གླུ་དང་གར་འདི་དག་ཉིད་མཆོག་ཡིན་གྱིས་གཞན་ཐ་མལ་པ་ལ་སོགས་པའི་གླུ་དང་གར་དག་གིས་ནི་མ་ཡིན་ཏེ། ཀོལླ་ཨི་རེཌྛི་ཨ་བོ་ལཱ་ཞེས་པའི་གླུའི་དོན་ཉིད་ཀྱིས་མཆོག་གི་གླུ་བླང་བར་བྱ་ཞིང༌། ཧེ་རུ་ཀའི་གཟུགས་ཀྱིས་གར། །ཞེས་པ་ལ་སོགས་པ་རྣམས་པར་བཤད་པའི་དོན་ཉིད་ཀྱིས་མཆོག་གི་གར་བྱའོ་ཞེས་པ་སྟེ། གླུ་དང་གར་ནི་འདི་དག་གིས། །མཆོག་གི་གླུ་བླང་གར་བྱའོ། །


DTG003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལེགས་པར་གནས་པའོ། །གླུ་དང་གར་དག་གིས་མཆོག་ཉིད་གསུངས་པ། འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང༌། །དེ་བཞིན་བདག་ཀྱང་བསྲུང་བ་ཉིད། །འདིས་ནི་འཇིག་རྟེན་དབང་དུ་བྱེད། །འདིས་ནི་བསྔགས་ཀྱིས་བཟླས་པའོ། །ཚོགས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྟེ་དེ་རྣམས་ཀྱི་བསྲུང་བའོ། །ཁྱད་པར་གྱི་དོན་ལ་ནིའི་སྒྲ་སྟེ། འདི་ཉིད་ཀྱིས་ཞེས་པ་དགོངས་པ་བཞི་མངོན་པར་བརྗོད་པ་འདིས་ཡིན་གྱི་གཞན་གྱིས་མ་ཡིན་ནོ་ཞེས་པའི་དོན་ནོ། །བདག་ཀྱང་བསྲུང་ཞེས་པ་སེམས་བསྲུང་བ་སྟེ། དེ་བཞིན་ཞེས་པ་སེམས་བསྲུང་བ་ཉིད་ཚོགས་བསྲུང་བའོ་ཞེས་དགོངས་པའོ། །འདིས་ནི་གར་དང་འབྲེལ་པ་མངོན་པར་བརྗོད་པ་ས་གཞན་གྱིས་མ་ཡིན་ནོ་ཞེས་པའི་དོན་ནོ། །གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ། སྐུ་གསུམ་དབྱེར་མེད་པས་ཚོགས་བསྲུང་བའོ། །སྐུ་དང་གསུངས་ཐུགས་རྡོ་རྗེ་སྐུ་གསུམ་དབྱེར་མེད་པས་བདག་བསྲུང་བ་སྟེ་གཞན་གྱིས་མ་ཡིན་ནོ་ཞེས་པའི་དོན་ནོ། །འདིས་ཅི་གསུངས་ན། ཇི་སྙེད་ཡན་ལག་བསྐྱོད་པ་དང༌། །ཚིག་རྣམས་རབ་ཏུ་སྤྲོ་བ་ཡང༌། །དེ་སྙེད་སྔགས་དང་ཕྱག་རྒྱར་འགྱུར། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ཞེས་པ་ཚིགས་སུ་བཅད་པ་འདི་ཤིན་ཏུ་ངེས་པ་སྟེ། ལེའུ་དེ་དང་སྤྱོད་པའི་ལེའུ་གཉིས་སུ་མེད་པར་ངེས་པའོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། བསྲུང་བ་ཞེས་པ་བརྟེན་པ་སྟེ། །དབང་ཞེས་པ་དེའི་སེམས་དབང་དུ་གྱུར་པའོ་ཞེས་གསུངས་པ་འདིས་ནི་དབང་དུ་བྱེད་ཅེས་པ་འདིས་གར་གསུངས་ཏེ། ཁམས་གསུམ་པ་ཐམས་ཅད་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་འཇིག་རྟེན་ནི་སྣང་བ་དང་མཚན་མ་སྟེ། ཕུང་པོ་ལྔའི་དོན་ནོ། །ཡང་ན་འཇིག་རྟེན་ཕུང་པོ་ལྔ་ལ་དབང་ཞིང་དབང་དུ་གྱུར་པ་མཉམ་པ་ཉིད་དུ་གཅིག་པའི་མཚན་ཉིད་གཡོ་བ་མེད་པའི་རང་བཞིན་ནི་གར་རོ། །འདིས་ནི་སྔགས་ཀྱི་བཟླས་པའོ། །ཞེས་པ་གླུ་གསུངས་པ་སྟེ་མཚན་མ་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་ཞེས་དགོངས་པའོ། གླུ་དང་གར་དག་དང༌། གར་དང་གླུ་དག་དགོངས་པའི་སྐད་ཀྱིས་འདི་དག་དབྱེར་མེད་པར་གསུངས་སོ་ཞེས་པ་སྟེ། འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང༌། །ཞེས་པ་ལ་སོགས་པའི་དོན་གཞན་རབ་


DTG003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསལ་བ་ཉིད་ཀྱི་ཕྱིར་འདིར་མ་གསུངས་སོ། །གླུ་དང་གར་གྱི་བྱིན་རླབས་གསུངས་པ། གལ་ཏེ་འདི་ཉིད་མཆོག་གི་གླུ་དང་གར་ཡིན་ཏེ་དེ་ཉིད་བརྗོད་པར་བྱའོ། །གང་དུ་གུས་བཅས་གླུ་ལེན་དང༌། །གང་དུ་གུས་བཅས་གར་བྱེད་པ། །ཚོགས་ཀྱི་བདག་པོས་སྔར་བྱས་ནས། །དེ་ལ་དྲི་ནི་མཚོན་པར་བྱ། །དོན་རབ་ཏུ་གསལ་བ་ཉིད་དོ། །གསང་བའི་དོན་བརྗོད་པར་བྱ་སྟེ། གུས་བཅས་ཞེས་པས་འབད་པ་དང་བཅས་པའོ། །གླུ་ལེན་ཞེས་པ་གསུངས་པའི་གླུའི་དོན་གྱིས་འཇུག་པའོ། །གང་དུ་ཞེས་པ་དེའི་ཚེ་སྐད་ཅིག་བཞི་པ་ལའོ། །གང་དུ་གུས་བཅས་གར་བྱེད་པ་དེ་བཞིན་དུ་གར་གྱི་དོན་གྱིས་འཇུག་པའོ། །དེ་ལ་དྲི་ནི་མཚོན་པར་བྱ། །དྲི་ཞེས་པ་མཚོན་བྱ་དང་མཚོན་བྱེད་དང་མཚོན་པ་པོ་ནི་དྲི་ཉིད་དོ། །གཉིས་ཀའི་ནཱ་དའི་ཕྲེང་བ་གཉིས་ཀྱི་བདག་ཉིད་ཅན་དེ་དཱ་དའི་ཕྲེང་བ་གཉིས་དྲིའོ། །དེ་ཉིད་མཚོན་པར་བྱ་སྟེ། མཚོན་པ་ཉིད་ཀྱིས་རྣམ་པར་གནས་པར་བྱའོ། །གཉིས་ཀའི་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པ་སྐུ་གསུམ་སྟེ། གཞན་ཅུང་ཟད་ཀྱང་མེད་དོ་ཞེས་དགོངས་པའོ། །གླུ་དང་གར་དག་ལས་བཅོམ་ལྡན་འདས་ཀྱི་སྐུ་གསུམ་གྱི་རང་བཞིན་གྱིས་རྒྱས་བཏབ་པའོ་ཞེས་ངེས་པའོ། །སྒོག་པ་དང་པོའི་དྲི་ཡིན་ཏེ། དེ་ནས་ཡང་ནི་བྱ་རྒོད་དྲི། །ག་པུར་མལ་ལ་ཛའི་དྲི། །ཞེས་པ་འདི་ནི་གར་གྱི་བྱིན་རླབས་ཏེ་རབ་ཏུ་གྲགས་སོ། །ཡང་ན། ལ་སུ་ན་ཞེས་པ་རོལ་རྩེད་ཀྱི་ངེས་པའི་ཚིག་གིས་དང་པོའི་དྲི་ཞེས་པ་དགའ་བའི་ཡེ་ཤེས་སོ། །བྱ་རྒོད་དྲི་ཞེས་པ་མངོན་པར་འདོད་པ་ལ་དྲི་གང༌། ཏྲི་དྷ་འདོད་པ་དང་མངོན་པར་འདོད་པའོ། །དེ་ནས་དེའི་བར་མཆད་པར་མཆོག་དགའི་ཡེ་ཤེས་སོ། །ཡང་ག་བུར་དྲི་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་སོ། །མ་ལ་ཡ་ཛ་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཏེ། ག་པུར་མ་ལ་ཡ་ཛ་ཞེས་པ་བདེ་བ་སྤངས་ནས་དེ་མ་ཡིན་ཞེས་པ་བསྡུས་པས་ལྷན་ཅིག་སྐྱེས་པའོ་ཞེས་གར་གྱི་བྱིན་རླབས་ཀྱི་མཚན་ཉིད་གསུང་པའོ། །དེའི་རྗེས་ལ་གླུའི་བྱིན་རླབས་ཀྱི་མཚན་ཉིད་ནི། །ངང་པ་དང་ནི་བུང་བའི་སྒྲས། །གླུ་ཡི་མཐའ་ནས་མཉན་པར་བྱ། །ཅེ་སྦྱང་དག་གི་སྒྲ་ཡང་ནི། །ཕྱི་རོལ་ཚལ་དུ་མཚོན་པར་བྱ། །དོན་གོ་སླ་བ་ཉིད་དོ། །གསང་བའི་དོན་བརྗོད་པར་བྱ་སྟེ་སྒྲ་ཞེས་པ་ནཱ་


DTG003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དའོ། །དེ་ཡང་ངང་བ་ནི་ཧཾ་ཡིག་ཐུགས་རྡོ་རྗེའི་རང་བཞིན་ནོ། །བུང་བའི་ཞེས་པ་རྐང་པ་དྲུག་པ་སྟེ་དྲུག་པ་རང་བཞིན་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །གླུའི་མཐའ་ཆ་དང་བྲལ་བ་སྟེ་མཉན་པར་བྱ་ཞེས་པ་མཉན་པའི་སྒོ་ཡིས་རྟོགས་པར་བྱའོ། །ཨཱ་ལི་ཀཱ་ལི་ནཱ་ད་དབྱེར་མེད་པ་ལས་གང་ཞིག་འཛག་པ་བྱང་ཆུབ་ཀྱི་སེམས་ཟླ་བ་ཞུ་བ་ལས་འབྱུང་བ་སྟེ་དེ་ཉིད་སེམས་ཀྱི་རྡོ་རྗེ་དང་སེམས་མེད་པའི་རང་བཞིན་ནོ། །གོའི་སྒྲས་དབང་པོ་རྣམས་སོ། །གཟུང་བ་དང་འཛིན་པ་དེས་ཡོངས་སུ་གཅོད་པའི་ཕྱིར་ཅེས་སྦྱང་སྟེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའོ། །དེའི་སྒྲ་ཡང་དེའི་དོན་རྟོགས་པའོ། །ཕྱི་རོལ་ཚལ་དུ་ཞེས་པ་ཕྱི་རོལ་ནི་དབང་པོ་དང་ཡུལ་རྣམས་སོ། །ཚལ་ནི་རབ་ཏུ་རྟོགས་པའི་ཚུལ་ཏེ་ཡང་དག་པའི་ཡེ་ཤེས་སོ། །ཕྱི་རོལ་ཉིད་ཚལ་ཏེ་ཕྱི་རོལ་ཚལ་དེར་ཞེས་པ་ཕྱི་རོལ་ནི་དབང་པོ་དང་ཡུལ་རྣམས་སོ། །ཚལ་ནི་རབ་ཏུ་རྟོགས་པའི་ཚུལ་ཏེ་ཡང་དག་པའི་ཡེ་ཤེས་སོ། །ཕྱི་རོལ་ཉིད་ཚལ་ཏེ་ཕྱི་རོལ་ཚལ་དེར་མཚོན་པར་བྱ། ཡེ་ཤེས་ཀྱི་མིག་གིས་ཐམས་ཅད་དབྱེར་མེད་པ་ཉིད་རྟོགས་པར་བྱའོ་ཞེས་པ་གླུའི་བྱིན་རླབས་སོ། །གར་གྱི་བྱིན་གྱི་རླབས་ཀྱིས་སྐུ་གཉིས་སོ། །གླུའི་བྱིན་རླབས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་གཉིས་ཀའི་བྱིན་རླབས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གསུམ་བསྟན་ཏེ་ཞེས་པའོ། །ལྷ་དང་དབང་བསྐུར་བར་ཡང་གང༌། །ཞེ་སྡང་ལ་སོགས་རྒྱས་གདབ་གསུངས། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །གང་གིས་རྒྱས་གདབ་ཕྱག་རྒྱ་ཅི། །ཞེས་ཞུས་པ་གསུངས་པ། རྒྱས་གདབ་རྟགས་དང་མཚན་མ་སྟེ། །མཚན་མས་རིགས་ནི་མཚོན་པར་བྱ། །རིགས་འཆོལ་སྒོམ་པ་སྦྱོར་བ་ཡིས། །དངོས་གྲུབ་མིན་ཅིང་སྒྲུབ་པའང་མིན། །དབང་པོ་གང་གིས་ཡུལ་གང་ཞིག་གཟུང་བར་བྱ་བ་དེ་ནི་དེའི་ཡུལ་ཏེ། མིག་གིས་གཟུང་བྱ་གཟུགས་ཡིན་ཏེ། །རྣ་བས་མཉན་པར་བྱ་བ་སྒྲ། །སྣ་ཡིས་རེག་བྱ་དྲི་ཡིན་ནོ། །ཞེས་པ་ལ་སོགས་པའི་དབང་པོའི་ཡུལ་ངེས་པ་ཉིད་དེ། འདི་ཉིད་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་རིགས་བརྒྱའི་དབྱེ་བས་རིགས་ཞེས་བརྗོད་དོ། །འཚོལ་བར་གྱུར་པ་ན་སྒོམ་པ་སྙོམས་པར་འཇུག་པ་སྟེ། དེའི་སྦྱོར་བ་མིན་ཞིང་འདུ་བ་མིན་པའོ། །དེའི་ཕྱིར་དངོས་གྲུབ་མིན་ཏེ་ཡང་དག་པའི་ཡེ་ཤེས་མི་


DTG003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའོ། །སྒྲུབ་པོའང་མིན་ཞེས་པ་ཡང་དག་པའི་ཡེ་ཤེས་འགྲུབ་པའི་རྒྱུ་ཡང་མ་ཡིན་ནོ། །འདི་ཉིད་རིགས་མ་འཆོལ་བའི་སྦྱོར་བ་ཉིད་གསུངས་པ། ཞེ་སྡང་ཕྱག་རྒྱས་བདག་མེད་མ། །གཏི་མུག་ཕྱག་རྒྱས་རྡོ་རྗེ་མ། །སེར་སྣའི་ཕྱག་རྒྱས་དཀར་མོ་སྟེ། །ཆགས་པས་ཆུ་མ་ཕྱག་རྒྱས་གདབ། །ཕྲག་དོག་ཕྱག་རྒྱས་མཁའ་འགྲོ་མ། །ཞེས་སྡང་ཕྱགས་རྒྱས་པུཀྐ་སཱི། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་སྟེ། །ཡང་ན་དཀར་མོ་ཞེ་སྡང་གིས། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །གཏི་མུག་ཕྱག་རྒྱས་ས་སྤྱོད་མ། །འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་མ། །འདོད་པས་རྒྱས་གདབ་ཤེས་པར་གྱིས། །ཞེས་པ་འདིའི་དོན་ནི་འདི་ཡིན་ཏེ་ནང་གི་རིམ་པར་གནས་པའི་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་ལྔ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་དེའི་བདག་ཉིད་ཀྱིས་རྒྱས་གདབ་པར་ཤེས་པར་བྱའོ། །ཞེ་སྡང་ནི་མི་བསྐྱོད་པ་རྣམས་པར་ཤེས་པའི་ཕུང་པོ་སྟེ། རྣམ་པར་ཤེས་པའི་ཕུང་པོ་དད་བདག་མེད་མ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱེད་མེད་ཐ་དད་མེད་ཅིང་གཅད་དུ་མེད་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་སྟེ། གཟུགས་ཀྱི་ཕུང་པོ་དང་རྡོ་རྗེ་མ་འདི་ནི་གཉིས་སུ་མེད་པའོ། །སེར་སྣ་ནི་རིན་ཆེན་དབང་པོ་ཚོར་བའི་ཕུང་པོ་སྟེ། ཚོར་བའི་ཕུང་པོ་དང་དཀར་མོ་འདི་ནི་གཉིས་སུ་མེད་པའོ། །འདོད་ཆགས་ནི་འོད་དཔག་ཏུ་མེད་པ་འདུ་ཤེས་ཀྱི་ཕུང་པོ་སྟེ་འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་རྣལ་འབྱོར་མ་འདི་ནི་གཉིས་སུ་མེད་པའོ། །ཕྲག་དོག་ནི་དོན་ཡོང་གྲུབ་པ་འདུ་བྱེད་ཀྱི་ཕུང་པོ་སྟེ། འདུ་བྱེད་ཀྱི་ཕུང་པོ་དང་རྡོ་རྗེ་མཁའ་འགྲོ་མ་འདི་ནི་གཉིས་སུ་མེད་པའོ། །འདིས་ནི་ཕུང་པོ་ལྔའི་རང་བཞིན་དང་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ཐ་དད་མེད་ཅིང་གཅད་དུ་མེད་པའོ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །ཞེས་བ་ཞེ་སྡང་མི་བསྐྱོད་པ་རྣམ་པར་ཤེས་པའི་ཕུང་པོ་སྟེ། དེ་དང་པུཀྐ་སཱི་འདི་ནི་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །ཞེས་པ་གཏི་མུག་ནི་རྣམ་པར་


DTG003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་གཟུགས་ཀྱི་ཕུང་པོ་སྟེ་དེ་དང་རི་ཁྲོད་མ་འདི་ནི་གཉིས་སུ་མེད་པའོ། །སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །ཞེས་པ་སེང་སྣ་ནི་རིན་ཆེན་དབང་པོ་ཚོར་བའི་ཕུང་པོ་སྟེ། དེ་དང་གདོལ་པ་མོ་འདི་ནི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་སྟེ། །ཞེས་པ་འདོད་ཆགས་ནི་འོད་དཔག་ཏུ་མེད་པ་འདུ་ཤེས་ཀྱི་ཕུང་པོ་སྟེ། དེ་དང་གཡུང་མོ་འདི་ནི་གཉིས་སུ་མེད་པའོ། །ཡང་ན་དཀར་མོ་ཞེ་སྡང་གིས། །ཞེས་པ་ཞེ་སྡང་ནི་མི་བསྐྱོད་པ་རྣམས་པར་ཤེས་པའི་ཕུང་པོ་སྟེ། དེ་དང་དཀར་མོ་འདི་ནི་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །ཞེས་པ་གཏི་མུག་ནི་རྣམ་པར་སྣང་མཛད་ཕུང་པོ་སྟེ། དེ་དང་ཆོམ་རྐུན་མ་འདི་ནི་གཉིས་སུ་མེད་པའོ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །ཞེས་པ་སེར་སྣ་ནི་རིན་ཆེན་དབང་པོ་ཚོར་པའི་ཕུང་པོ་སྟེ། དེ་དང་རོ་ལངས་མ་འདི་ནི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །ཞེས་པ་འདོད་ཆགས་ནི་འོད་དཔག་མེད་འདུ་ཤེས་ཀྱི་ཕུང་པོ་སྟེ་དེ་དང་གྷསྨ་རཱི་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་ས་སྤྱོད་མ། །ཞེས་པ་གཏི་མུག་ནི་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་སྟེ། དེ་དང་ས་སྤྱོད་མ་འདི་ནི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་མ། །ཞེས་པ་འདོད་ཆགས་ནི་འོད་དཔག་མེད་འདུ་ཤེས་ཀྱི་ཕུང་པོ་སྟེ། དེ་དང་མཁའ་སྤྱོད་མ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ཐ་དད་མེད་ཅིང་གཅད་དུ་མེད་པའོ། །མཁའ་འགྲོ་མ་རྣམས་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་གསུམ་བྱིན་གྱིས་བརླབ་པ་བསྟན་པ་ནི་ཆོས་ཀྱི་སྐུ་ཉིད་སྐུ་གསུམ་ཞེས་པ་སྟེ། ཞེ་སྡང་ཕྱག་རྒྱས་བདག་མེད་མ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །ཡང་ན་དཀར་མོ་ཞེ་སྡང་གིས། །ཞེས་པ་རྣམ་པར་ཤེས་པ་དང་དབང་པོ་དང་ཡུལ་རྣམས་ནི་རྣམ་པར་ཤེས་པ་ཁོ་ནའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་གང་དབང་པོའི་ལམ་ཉིད་དུ། །དེ་དེའི་རང་བཞིན་གྱིས་འགྲོ་སྟེ། །མཉམ་པར་མ་བཞག་སྦྱོར་བ་ཡི། །རྟག་ཅུ་མཉམ་པར་གཞག་པ་ཉིད། །ཅེས་པའོ། །གཟུགས་ཀྱི་ཕུང་པོར་རྡོ་རྗེ་མ། །ཚོར་བའི་ཕུང་པོར་དཀར་མོ་སྟེ། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །ཞེས་པ་སྐུ་གསུམ་གྱི་རང་བཞིན་མཁའ་འགྲོ་མ་གསུམ་མོ། །འདུ་བྱེད་ཕུང་པོའི་རང་བཞིན་ནོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ། །ཞེས་པ་དོན་ཡོད་


DTG003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས་བྱིན་གྱིས་བརླབ་པའི་ཕྱིར། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པ་ཁོ་ན་ཁ་སྦྱོར་ཀྱེའི་རྡོ་རྗེ་ཉིད་དོ་ཞེས་པའོ། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་སྟེ། །ཞེས་པ་སྐུ་གསུམ་གྱི་རང་བཞིན་མཁའ་འགྲོ་མ་གསུམ་མོ། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །ཞེས་པ་མཁའ་འགྲོ་མ་གསུམ་པོ་འདི་ཡང་སྐུ་གསུམ་གྱི་རང་བཞིན་ནོ། །བདག་མེད་མ་དང་པུཀྐ་སཱི། །དཀར་མོ་རྣམ་ཤེས་མཁའ་འགྲོ་གསུམ། །ཤེས་རབ་ཐབས་ནི་མཉམ་ལྡན་པ། །རྡོ་རྗེ་མཁའ་འགྲོ་མ་ཞེས་ངེས། །རི་ཁྲོད་གདོལ་པ་གཡུང་མོ་ནི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཅན། །དེ་བཞིན་ཆོམ་རྐུན་ལ་སོགས་གསུམ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཅན། །གཉིས་མེད་གཉིས་ཀྱི་རང་བཞིན་དང༌། །གསུམ་ནི་རིགས་དྲུག་ཏུ་བརྗོད་དེ། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །གསུམ་ནི་རིགས་དྲུག་ཏུ་འགྱུར་རོ། །གཉིས་ཀྱི་རང་བཞིན་གསུམ་ཉིད་དང༌། །གཉིས་མེད་གཅིག་གི་རང་བཞིན་ཅན། །དེ་ཡང་རྣམ་པ་ལྔ་ཞེས་བརྗོད། །མདོར་བསྡུས་པ་ལས་ངེས་པ་སྟེ། །གཉིས་དང་གཉིས་མེད་རང་བཞིན་ནི། །དབྱེ་བས་གསུམ་དུ་འགྲོ་བར་འགྱུར། །བཞི་པ་བསྒྲུབ་བྱའི་རང་བཞིན་ཏེ། །དེ་ཉིད་བརྗོད་པར་ནུས་མ་ཡིན། །གང་ཕྱིར་ཞེ་སྡང་གིས་རྒྱས་བཏབ། །དེ་ཕྱིར་རིགས་འཆོལ་ཤེས་པ་ལས། །དངོས་གྲུབ་མིན་ཅིང་སྒྲུབ་པོའང་མིན། །ཞེས་པ་ལ་སོགས་པ་སྟེ་རིགས་འཚོལ་བ་བསྒོམ་པའི་སྦྱོར་བ་འདི་ནི་རིགས་འདྲེས་པ་བསྒོམ་པ་སྦྱོར་བ་ཉིད་རིགས་འཆོལ་བ་བསྒོམ་པའི་སྦྱོར་བའོ་ཞེས་དགོངས་པ་སྟེ། རིགས་རྣམས་འཆོལ་པ་ཁྱད་པར་གྱི་ཞུགས་པ་གང་གི་ཚེ་སྙོམས་པར་འཇུག་པའི་སྦྱོར་བ་ལ་དེ་ནི་རིགས་འཆོལ་བ་སྒོམ་པའི་སྦྱོར་བའོ། །དེའི་ཕྱིར་དངོས་གྲུབ་མེད་འབྲས་བུ་མེད་པའོ། །སྒྲུབ་པ་པོ་མེད་པ་ནི་རྒྱུ་མེད་པ་སྟེ་རྒྱུ་དང་འབྲས་བུ་དག་རང་བཞིན་དབྱེར་མེད་པའི་ཕྱིར་རོ། །ཡང་ན་གང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་མངོན་པར་བརྗོད་པ་ལ་སོགས་པ་རྣམས། གང་ཚེ་བསྒོམ་པའི་སྦྱོར་བ་ལ་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་ཞུགས་ཤིང་


DTG003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པའི་རིགས་རྣམས་ཏེ་དེ་ནི་རིགས་འཆོལ་བསྒོམ་པའི་སྦྱོར་བའོ། །དེའི་ཕྱིར། དངོས་གྲུབ་མེད་ཅིང་སྒྲུབ་པོ་མེད། །ཅེས་པའི་རིགས་འཆོལ་བ་མེད་པ་བསྒོམ་པའི་སྦྱོར་བ་ལས་གང་ཞིག་ཟུང་དུ་འཇུག་པ་ཐོབ་པའི་རིགས་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། རྣལ་འབྱོར་མ་རྣམས་འདོད་པས་ཤེས་པར་གྱིས། །འདོད་པས་ཤེས་པའི་སྒྲ་འདོད་པ་མེད་པས་རྣལ་འབྱོར་མ་རང་བཞིན་གྱིས་དག་པའི་སྦྱོར་བ་དང་ལྡན་པ་ཞེས་པའི་དོན་ནོ། །གླུ་དང་གང་དང་རྒྱས་གདབ་པའི་ཐེ་ཚོམ་གཏན་ལ་དབབ་པའོ། །ད་ནི་སྔགས་ཀྱི་ལེའུར་གསུངས་པའི་སྔགས་བཏུབ་གསུངས་པ། ཨཱ་ལི་དང་པོ་བདག་མེད་མ། །ཨཱ་ལི་གཉིས་པ་རྡོ་རྗེ་མ། །ཨཱ་ལི་གསུམ་པ་དཀར་མོ་སྟེ། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ཨ་ཨཱ་ཨི་ཨཱི་ཟླ་བ་ཕྱེད་པས་བརྒྱན་པ་སྟེ། ཨཾ་ཨཱཾ་ཨིཾ་ཨཱིཾ་མཁའ་འགྲོ་མ་བཞིའི་ས་བོན་ནོ། །ཡང་ན་གང༌། ཨཱ་ལི་དང་པོ་བདག་མེད་མ། །ཞེས་པ་ཐུགས་རྡོ་རྗེའོ། །ཨཱ་ལི་གཉིས་པ་རྡོ་རྗེ་མ། །ཞེས་པ་སྐུ་རྡོ་རྗེའོ། །ཨཱ་ལི་གསུམ་པ་དཀར་མོ་སྟེ། །ཞེས་པ་གསུང་རྡོ་རྗེའོ། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའོ། །ཡང་ན་དགའ་བ་དང་མཆོག་དགའ་དང་དགའ་བྲལ་གྱི་དགའ་བའི་རང་བཞིན་མཁའ་འགྲོ་མ་གསུམ་མོ། །བཞི་པ་ཆུ་བྱང་ཆུབ་ཀྱི་སེམས་ཏེ། འདི་ལ་དེའི་རྣལ་འབྱོར་ཡོད་པའི་ཕྱིར་ཆུའི་རྣལ་འབྱོར་མའོ། །བདེ་བ་སྤངས་ནས་དེ་མ་ཡིན། །ཞེས་པའི་གསུང་ལས་བཞི་པ་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྔ་བ་རྡོ་རྗེ་མཁའ་འགྲོ་མ། །དྲུག་པ་པུཀྐ་སཱི་རུ་བརྗོད། །བདུན་པ་ཉིད་ནི་རི་ཁྲོང་མ། །བརྒྱད་པ་གདོལ་པ་མོ་རུ་འདོད། །དགུ་པ་ཡང་ནི་གཡུང་མོ་ཉིད། །ཡང་ནི་དཀར་མོ་ལྔ་པ་གཉིས། །ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཞེས་པ་རིམ་པ་བཞིན་ས་བོན་དྲུག་སྟེ། ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པར་གྱུར་པ། །ཨུཾ་ཨཱུཾ་རྀཾ་རཱྀཾ་ལྀཾ་ལཱྀཾ་མཁའ་འགྲོ་མ་དྲུག་གི་ས་བོན་རྣམས་སོ། །ཡང་ན་གང༌། ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་བཞི་པ་དེ་ཉིད། ལྔ་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ནི་རྡོ་རྗེ་མཁའ་འགྲོ་ཞེས་བརྗོད་དོ། །དེ་ཉིད་དྲུག་པ་སྟེ། ཞེ་སྡང་ཕྱག་རྒྱ་པུཀྐ་སཱི། །ཞེས་པའི་གསུང་ལས་དྲུག་པ་རྡོ་རྗེ་འཆང་གི་ཡེ་ཤེས་ནི་པུཀྐ་


DTG003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སཱི་ཞེས་པའོ། །དེ་ཉིད་བདུན་པ་སྟེ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རང་བཞིན་ནི་ལྔ་པ་ཡེ་ཤེས་ལྔ་སྤྲོ་བའི་རང་བཞིན་ཐབས་དང༌། དྲུག་པ་ནི་དྲུག་པ་རྡོ་རྗེ་འཆང་གི་ཡེ་ཤེས་ཤེས་རབ་བོ། །དེ་གཉིས་ཀ་དབྱེར་མེད་པ་ནི་བདུན་པ་བྱང་ཆུབ་ཀྱི་སེམས་རི་ཁྲོད་མར་འདོད་དོ། །བརྒྱད་པ་ཞེས་པ་དེ་ཉིད་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་རྡོ་རྗེ་གསུམ་གྱི་རང་བཞིན་ནི་གདོལ་བ་མོ་ཞེས་བརྗོད་དེ། ཨཱ་ལི་ཀཱ་ལི་སྙོམས་པར་ཞུགས་པ་བདག་མེད་མས་བྱིན་གྱིས་བརླབས་པའི་རང་བཞིན་ལས་གདོལ་པ་མོ་ནི་ཙཎ་ཌཱ་ལཱི་བརྒྱད་པ་ཞེས་བརྗོད་དོ། །དགུ་པ་ཡང་ནི་གཡུང་མོ་ཉིད་སླར་ཡང་བཞི་པ་སྟེ། གཡུང་མོ་ནི་རེག་པ་མིན་པ་ཨ་ཝ་དྷཱུ་ཏཱི་བདག་མེད་མ་རྡོ་རྗེ་མཁའ་འགྲོ་མའོ། །དེ་ཉིད་ཡང་ཞེས་པ་ཡང་བཞི་པ་སྟེ། སྔར་ནི་སྡུད་པའི་རང་བཞིན་གྱིས་བཞི་པ་གསུངས་ལ། ད་ནི་ལྔ་པ་རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ལ་སོགས་པ་སྤྲོ་བའི་རང་བཞིན་གྱིས་བཞི་པ་གསུངས་ཏེ། སྤྲོ་བ་དང་སྡུད་པའི་རང་བཞིན་ཁོ་ན་བཞི་པ་ཞེས་པའོ། །དེའི་ཕྱིར་གསུངས་པ། དཀར་མོ་ལྔ་པོ་གཉིས་ཞེས་པ་གཉིས་ཀ་ཡང་ལྔ་པ་གཉིས་ཏེ། ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །ཅེས་པའི་དོན་ནོ། །བཅུ་གཅིག་ཆོམ་རྐུན་མ་རུ་བརྗོད། །བཅུ་གཉིས་རོ་ལོངས་མ་རུ་འདོད། །བཅུ་གསུམ་པ་ནི་གྷསྨ་རཱི། །བཅུ་བཞི་པ་ནི་ས་སྤྱོད་མ། །བཅོ་ལྔ་པ་ནི་མཁའ་སྤྱོད་མ། །རྣལ་འབྱོར་མ་ཡི་ས་བོན་ནོ། །ཞེས་པ། ཨེ་ཨཻ་ཨོ་ཨཽ། ཨི་ཟླ་བ་ཕྱེད་པ་ཐིག་ལེས་བརྒྱན་པ་སྟེ། ཨེཾ་ཨཻཾ། ཨོ་ཨཽཾ་ཨཾ་ཡང་ཨཱཾ་ངོ༌། །ཡང་ན་གང༌། ལྔ་པོ་དེ་ཉིད་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ནི་བཅུ་ཡིན་ལ། བཅུ་པོ་དེ་ཉིད་གཅིག་གཉིས་སུ་མེད་པར་བརྗོད་ཅེས་རབ་ཏུ་གྲགས་ཏེ། འོད་གསལ་བ་ཇི་སྙེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་པའོ། །བཅུ་གཉིས་ཞེས་པ་དེ་ཉིད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཏེ། འདོད་ཅེས་པ་ཡང་དག་པའི་ཡེ་ཤེས་སོ། །བཅུ་གསུམ་ཞེས་པ་དེ་ཉིད་སྐུ་གསུམ་གྱི་བདག་ཉིད་དེ། ཀཾ་ཞེས་པ་ཡང་དག་པའི་ཡེ་ཤེས་སོ། །བཅུ་བཞི་པ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་བཞི་པ་ནི་བཅུ་བཞི་པའོ། །གཉིས་ཀའི་ཡེ་ཤེས་ལྔ་ནི་ས་སྤྱོད་མ་སྟེ། ས་སྤྱོད་མའི་སྒྲས་ས་བརྟན་པའི་ཡེ་ཤེས་དང༌། ས་སྤྱོད་མ་སྤྲོ་བའི་ཡེ་ཤེས་ཏེ། སྤྲོ་བ་


DTG003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡུད་པའི་རང་བཞིན་ཁོ་ན་བཞི་པ་ཞེས་དགོངས་པའོ། །བཅོ་ལྔ་པ་ཞེས་པ་ལྔ་ཉིད་བཅུ་པའོ། །མཁའ་སྤྱོད་མ་ཞེས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། ཆོས་ཀྱི་དབྱིངས་ཉིད་བཞི་པའོ། །ད་ཉིད་ལྔ་དང་བཅུ་པ་སྟེ་བཅོ་ལྔ་པ་ཞེས་པའོ། །འདིས་ཅི་གསུངས་ན། བཞི་པ་ཆུ་ཨི་རྣལ་འབྱོར་མ། །ཞེས་པ་སྟེ། །ཨཱ་ལི་དང་པོ་བདག་མེད་མ། །ཞེས་པ་ལ་སོགས་པས་སྡུད་པ་དང༌། ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ལ་སོགས་པ་སྡུད་པས། བཅུ་གཅིག་ཆོམ་རྐུན་མ་རུ་བརྗོད། །ཅེས་པ་ལ་སོགས་པས་སྤྲོ་བ་དང་སྡུད་པ་དབྱེར་མེད་པ་ཡང་དག་པའི་ཡེ་ཤེས་ཞེས་པ་ངེས་པའོ། །མཁའ་འགྲོ་མ་བཞི་པོ་རྣམས་ཀྱིས་འབྱུང་བ་ཆེན་པོ་བཞི་དང༌། ལྔ་པོ་རྣམས་ཀྱིས་ཡེ་ཤེས་ལྔ་དང༌། དྲུག་པོ་རྣམས་ཀྱིས་སྐྱེ་མཆེད་དྲུག་སྟེ་ཁམས་གསུམ་པ་འདི་དག་ཐམས་ཅད་རེ་རེ་ལ་ལྔའི་རང་བཞིན་ནི་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་ཞེས་པའོ། །རྣལ་འབྱོར་མ་ཡི་ས་བོན་ནོ། །ཞེས་པ་རྣལ་འབྱོར་མའི་སྒྲས་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་སྐུ་རྡོ་རྗེ་སྤྲུལ་པའི་སྐུའོ། །ས་བོན་གྱི་སྒྲས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀཾ་ཞེས་པ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའོ། །རྣལ་འབྱོར་མ་ཡི་ས་བོན་ནོ། །ཞེས་པ་སྐུ་གསུམ་དབྱེར་མེད་པ་ཨཱ་ལི་ནཱ་དའི་རང་བཞིན་ཏེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་བདེན་པ་གཉིས་ཟུད་དུ་འཇུག་པས་རྒྱས་བཏབ་པ་བླ་མ་དམ་པའི་ཞབས་ཀྱི་བཀའ་དྲིན་ལས་ཁོང་དུ་ཆུད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་པའི་ལམ་ཞེས་པ་སྟེ། སྔགས་ཀྱི་ལེའུར་ཉེ་བར་མཚན་པའོ། །རིགས་ཀྱི་ལེའུར་གསུངས་པ། རིགས་ཀྱི་ལེའུར་རྩ་རྣམས་གང༌། །བཅུ་དྲུག་གཉིས་ཀྱི་བདག་ཉིད་གསུངས། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེར་རིམ་པ་བཞིན་དུ་འདོད། །རིགས་ཀྱི་ལེའུར་ཞེས་པ་རྡོ་རྗེ་རིགས་ཀྱི་ལེའུར་རྩ་རྣམས་གང་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་ཞེས་གསུངས་པའི་རྩ་གཉིས་གཉིས་ཀྱིས་རྣལ་འབྱོར་མ་རེ་རེ་གསུངས་སོ། །རིམ་བཞིན་ཞེས་པ་གོ་རིམས་བཞིན་ཏེ། མི་ཕྱེད་མ་དང༌། འཇལ་མ་ཞེས་པ་གཉིས་ནི་རྡོ་རྗེ་མའོ། །ཕྲ་གཟུགས་མ་དང་རངས་མ་ཞེས་པ་གཉིས་ནི་སྦས་པའི་དཀར་མོའོ། །རྩི་བ་མ་དང་སྤྱི་མ་ཞེས་པ་གཉིས་ནི་ཆུ་མའོ། །གཡོན་པ་མདང་རྒྱུ་སྦྱིན་མ། །ཞེས་པ་


DTG003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་མཁའ་འགྲོ་མའོ། །ཐུང་དུ་མ་དང་སྦྱོར་བྲལ་མ་ཞེས་པ་གཉིས་ནི་པུཀྐ་སཱིའོ། །རུས་སྦལ་སྐྱེས་མ་དང་སྡུ་གུ་མ་ཞེས་པ་གཉིས་ནི་ཤ་བ་རཱིའོ། །སྒོམ་པ་མོ་དང་གྲུབ་མ་ཞེས་པ་གཉིས་ནི་ཙཎྡ་ལཱིའོ། །དབང་མ་དང་འཚེད་མ་ཞེས་པ་གཉིས་ནི་གཡུང་མོའོ། །སྐྱོན་མ་དང་ཡིད་བཟངས་མ་ཞེས་པ་གཉིས་ནི་གཽ་རཱི་འོ། །འཇུག་མདང་སུམ་སྐོར་མ་ཞེས་པ་གཉིས་ནི་ཙཽ་རཱིའོ། །མ་མོ་དང་འདོད་མ་ཞེས་པ་གཉིས་ནི་བེཏྟཱ་ལཱིའོ། །མཚན་མོ་དང་ཁྱིམ་མ་ཞེས་པ་གཉིས་ནི་གྷསྨ་རཱིའོ། །བསིལ་སྦྱིན་མ་དང་གཏུམ་མོ་ཞེས་པ་གཉིས་ནི་ས་སྤྱོད་མའོ། །ཚ་བ་མོ་དང་འདོད་པ་མ་ཞེས་པ་གཉིས་ནི་མཁའ་སྤྱོད་མ་སྟེ། འདི་ནི་ཤེས་རབ་དང་ཐབས་རྣམ་པར་དག་པས་མཁའ་འགྲོ་མ་བཅུ་བཞི་རྣམས་སོ། །ལ་ལ་ནཱ་ད་དང་ཨ་ཝ་དྷཱུ་ཏཱི་དང་ར་ས་ནཱ་ཞེས་པ་གསུམ་ནི་བདག་མེད་མའོ། །དེ་ཉིད་གསུངས་པ། བརྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་རུ་འདོད། །འབད་པས་ཀུན་གྱི་ལྷག་མ་སྤང༌། །གང་ཕྱིར་བཅུ་དྲུག་ཆ་མེད་པས། ཀུན་གྱི་ལྷག་མ་ཞེས་པ་ཏཱ་རི་ཀ་སྤང་ཞིང་དོར་བར་བྱ་སྟེ་རྣམ་པར་བཅད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །འདི་ཇི་ལྟར་ཞེ་ན། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འགྲིབ་པ་དང་འཕེལ་བ་དག་གིས་ཚེས་བཅོ་ལྔ་རྣམས་ཆའི་རིམ་པས་ཚེས་གཅིག་ལ་སོགས་པ་ལ་འགྲིབ་པ་ལ་བརྟེན་ནས་གནམ་སྟོང་ལ་ཐིམ་པར་འགྱུར་རོ། །དེ་ཉིད་ཚེ་ས་གཅིག་ལ་སོགས་པ་ལ་འཕེལ་བ་ཉིད་ལ་བརྟེན་ནས་འཕེལ་བར་འགྱུར་རོ། །དེའི་ཕྱིར་ཟླ་བ་ནི་བཅོ་ལྔའི་བདག་ཉིད་ཁོ་ན་སྟེ། དེའི་ཆ་བཅུ་དྲུག་མེད་པ་ཁོ་ནའོ། །རྒྱུ་ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། ཆ་མེད་པའི་ཕྱིར་དོན་གྱི་བྱ་བ་ཡང་མེད་དོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཟླ་བར་གྱུར་པ་བྱང་ཆུབ་སེམས། །བཅོ་ལྔ་ཆ་ཡི་བདག་ཉིད་ཅན། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཟླ་བར་གྱུར་བ་ནི་ཀུན་དུ་དགའ་བར་བྱེད་པའོ། །གང་ཞེ་ན། བྱང་ཆུབ་སེམས་བདུད་རྩིའི་ཁུ་བའོ། །དེ་ཡང་ཆ་བཅོ་ལྔའི་བདག་ཉིད་ཅན་ནཱ་ད་བཅོ་ལྔའི་སྐུ་སྟེ། དེ་ཉིད་ཀྱི་ཕྱིར་ཨཱ་ལིའི་གཟུགས་སོ། །དེ་ཉིད་བདེ་བ་ཆེན་པོ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་དགའ་བྲལ་གྱི་དགའ་བའོ། །དེ་ཉིད་རྣལ་འབྱོར་མ་


DTG003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཏེ། དེ་ཡིས་ཤེས་པ་བྱང་ཆུབ་ཀྱི་སེམས་བདུད་རྩི་ཁུ་བའི་ཆ་ཤས་སུ་གྱུར་པ་ནི་ཆའོ། །འདིས་ནི་ཆ་ཤས་རྣམས་རྡུལ་ཕྲ་རབ་ཀྱི་རང་བཞིན་གྱིས་ཆ་དང་བྲལ་བ་ཉིད་ཀྱི་ཕྱིར། རང་བཞིན་དབྱེར་མེད་པའི་རྣལ་འབྱོར་ལྡན་པ་ཉིད་རྣལ་འབྱོར་མ་རྣམས་ཏེ། དེའི་ཆ་ཞེས་པ་བདེ་བ་ཆེན་པོ་དང་དབྱེར་མེད་པ་བདུད་རྩི་ཁུ་བའི་ཞེས་པའོ། །ཕྱི་རོལ་གྱི་ཟླ་བ་ཡང་རྩ་གཉིས་ཀྱི་བདག་ཉིད་ཅན་ཆ་བཅོ་ལྔའི་ཆ་ཡི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར་བཅུ་དྲུག་པ་དཱ་རི་ཀར་བརྗོད་པ་ནི་ཆ་མེད་པ་ནཱ་དའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཀུན་གྱི་ལྷག་མ་བཞི་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་གཟུགས་ཅན་མའོ། །དེ་ཉིད་ཀྱི་ཕྱིར་འབད་པ་དང་རབ་ཏུ་འབད་པ་ཉིད་ཀྱིས་སྤང་ཤིང་རབ་ཏུ་དོར་ཏེ། རྣམ་པར་བཅད་པ་ཉིད་ཀྱིས་རྣམ་པར་གནས་པར་བྱའོ། །རྒྱུ་ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །དམིགས་པ་ཐམས་ཅད་སྤང་བའི་ཕྱིར། །ཞེས་པའི་དོན་ནོ། །ཟླ་བ་བྱང་ཆུབ་སེམས་ཀྱང་དོན་གྱི་བྱ་བ་ལ་བདེ་བ་ཆེན་པོའི་རང་བཞིན་དུ་སྒྲུབ་པར་བྱེད་པ་ནི། བཅོ་ལྔའི་ཆ་ཡིས་བདག་ཉིད་ཅན། །ཞེས་རྟོགས་ནས་རྡོ་རྗེ་སྙིང་པོས་གསོལ་པ། ག་པུར་ཅུང་ཟད་ངེས་མི་སྤང༌། །རྣལ་འབྱོར་མ་ཀུན་ལས་བྱུང་བ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཡང༌། །མི་ཟད་ཟད་པའི་གཟུགས་ཅན་ནོ། །མི་ཟད་ཚོགས་པ་མཁའ་འགྲོའོ། །ཞེས་ཀྱང་ཀློག་གོ །ག་པུར་ནི་བདུད་རྩིའི་ཁུ་བའོ། །དེ་ནི་ཅུང་ཟད་ཀྱང་ངེས་པར་མི་སྤང་ཞིང་སྤང་བར་མི་བྱའོ། །གང་གི་ཕྱིར་རྣལ་འབྱོར་མ་ཀུན་ལས་བྱུང་བ། གང་གིས་རྣལ་འབྱོར་མ་ཐམས་ཅད་ལས་བྱུང་བ་དེའམ་གང་གི་ཕྱིར་བྱུང་བ་དེ་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱུང་བའོ། །འདིས་རྣལ་འབྱོར་མ་ཐམས་ཅད་བསྡུས་པའི་རང་བཞིན་དེ་ནི་བྱང་ཆུབ་ཀྱི་སེམས་ཏེ། བྱང་ཆུབ་ཀྱི་སེམས་ལས་ཀྱང་རྣལ་འབྱོར་མ་ཐམས་ཅད་དོ། །ཡང་གི་སྒྲ་ནི་ཚིག་ཕྲད་དེ་ཚིག་ཕྲད་དེ་རྣམས་དོན་དུ་མ་ཉིད་ཀྱི་ཕྱིར་སླར་ཡང་གི་དོན་ལའོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཡང་མི་ཟད་པ་སྟེ། ཐིམ་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཉིད་ཟད་པའི་རང་བཞིན་ཏེ་སྤངས་པའི་རང་བཞིན་གྱིས་ཀཾ་ཡེ་ཤེས་སོ། །ཐིམ་པ་མེད་པའི་ཕྱིར་ཟད་པ་མེད་ཅེས་པའི་དོན་ནོ། །མི་ཟད་ཚོགས་པ་མཁའ་འགྲོའོ། །ཞེས་པ་འདི་ནི་དོན་ཡང་བརྗོད་པར་བྱ་སྟེ། གཟུགས་མེད་པས་མི་ཟད་པ་བདག་མེད་


DTG003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རང་བཞིན་གྱིས་རང་བཞིན་མེད་པའོ། །ཚོགས་པ་ཞེས་པ་ཆེན་པོ་སྟེ་ཀུན་རྫོབ་གྱི་བདེན་པ་ཉིད་ཀྱིས་རྡོ་རྗེ་འཆང་གི་རང་བཞིན་ནོ། །མཁའ་འགྲོ་མ་ཞེས་པ་གཉིས་ཀ་དབྱེར་མེད་པ་སྟེ། མཁའ་རིན་ཆེན་དབང་ཉི་མ་དང༌། འགྲོ་བ་འོད་དཔག་མེད་ཟླ་བ། གཉིས་ཀ་དབྱེར་མེད་པ་ཞེས་པའི་དོན་ནོ། །ཡང་ན་གང༌། མཁའ་འགྲོ་ཞེས་པ་མཁའ་ཆོས་འབྱུང་ངོ༌། །དེར་འགྲོ་ཞིང་རྟོགས་པ་སྟེ་དེ་དང་དབྱེར་མེད་པའི་རང་བཞིན་གྱིས་ཞེས་པ་ཁ་གའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་ཇི་ལྟར་ཁྱོད་ཀྱིས་སྨྲས་པ་དེ་བཞིན་ནོ། །ཇི་ལྟར་བརྗོད་པ་འདི་ཉིད་ཁོ་བོ་ཡང་བཞེད་དོ། །ཡང་ན་གང༌། ཨེ་ཝཾ་གྱི་རང་བཞིན་འདི་ནི་མི་ཟད་པའི་རང་བཞིན་ཅན་ཞེས་པའམ། མི་ཟད་ཚོགས་པ་མཁའ་འགྲོའོ། །ཞེས་པ་གང་ཡིན་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱི། བྱང་ཆུབ་ཀྱི་སེམས་ཞེས་པ་ཟླ་བ་སྤངས་པ་མ་ཡིན་པའོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཡང་མི་ཟད་པའི་རང་བཞིན་ཅན་སྤངས་པ་སྟེ། དེ་གཉིས་ཀ་ཡང་ཐབས་གང་གིས་བསྐྱེད་པར་བགྱི་ཞེས་པ་སྐྱེ་བའི་རང་བཞིན་གྱིས་སྤངས་པ་ཀུན་རྫོབ་དང༌། དེ་ཉིད་ཀུན་རྫོབ་མ་ཡིན་པའི་རང་བཞིན་གྱིས་དོན་དམ་པའི་བདེན་པ་ཉིད་ཀྱིས། བསྐྱེད་པར་བགྱི་ཞིང་ཡང་དག་པར་ཤེས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀྱིལ་འཁོར་འཁོར་ལོ་ཐབས་དང་པོས། །རང་བྱིན་བརླབ་པའི་རིམ་པས་ཀྱང༌། །སྒྲིབ་མེད་སྒྲིབ་པའི་རང་བཞིན་ཅན། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དཀྱིལ་འཁོར་ཞེས་པ་ལྷ་འབྱུང་བའོ། །འཁོར་ལོ་ཞེས་པ་རྣལ་འབྱོར་མ་རྣམས་ཀྱིས་བསྐྱེད་པ་དང་གནས་པ་སྟེ། དཀྱིལ་འཁོར་དང་དབྱེར་མེད་པ་ནི་འཁོར་ལོའོ། །འཁོར་ལོ་དང་དབྱེར་མེད་པ་ཡང་དཀྱིལ་འཁོར་ཏེ། གང་གི་ཕྱིར་དཀྱིལ་འཁོར་ཉིད་འཁོར་ལོ་དང༌། འཁོར་ལོ་ཉིད་དཀྱིལ་འཁོར་རོ་ཞེས་པ་དཀྱིལ་འཁོར་འཁོར་ལོ་སྟེ། དེ་བཞིན་གཤེགས་པ་ཉིད་མཁའ་འགྲོ་མ་རྣམས་དང་མཁའ་འགྲོ་མ་ཉིད་དེ་བཞིན་གཤེགས་པ་རྣམས་ཏེ། འདི་ཉིད་དང་པོ་གཙོ་བོ་ཡིན་ཞིང་ཐབས་རྒྱུའོ། །དེས་ན་རྒྱུ་དང་འབྲས་བུ་གཉིས་ཀྱིས་སོ། །རང་བྱིན་གྱིས་བརླབ་པ་ནི་རང་


DTG003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པའོ། །དེས་རིམ་གྱིས་རྟོགས་པའི་ཕྱིར་རང་བྱིན་གྱིས་བརླབ་པའི་རིམ་པ་སྟེ། དེས་ན་རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་ཐམས་ཅད་དམིགས་པ་མེད་པས་ཞེས་དགོངས་པའོ། །འདིས་ནི་དཀྱིལ་འཁོར་འཁོར་ལོ་ཐབས་དང་པོས་བསྐྱེད་པར་བྱ་སྟེ། རྡོ་རྗེ་པདྨ་མཉམ་པར་སྦྱོར་བས་ལྟེ་བའི་དབུས་སུ་སོན་པ་མི་སྤང་བའོ། །རང་བྱིན་གྱིས་བརླབ་པའི་རིམ་པས་ཀྱང་སྤང་པ་སྟེ། ཁྱབ་པའི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། སྒྲིབ་མེད་སྒྲིབ་པའི་རང་བཞིན་ཅན། །སྒྲིབ་མེད་ནི་སྒྲིབ་པ་དང་བྲལ་པ་སྟེ་དོན་དམ་པའི་བདེན་པའོ། །དེ་ཉིད་ཀུན་རྫོབ་སྟེ། སྒྲིབ་པ་ནི་སྒྲིབ་པ་དང་ལྡན་པ་ཀུན་རྫོབ་ཀྱི་བདེན་པའོ། །ཨེ་ཝཾ་གྱི་གཟུགས་ཀྱི་རང་བཞིན་གྱི་ཡེ་ཤེས་བདེན་པ་གཉིས་དབྱེར་མེད་པ་ཉིད་དེ། མི་ཟད་པའི་རང་བཞིན་མི་ཟད་པ་ཡང་དག་པའི་ཡེ་ཤེས་བཞི་པ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ནོ། །གཉིས་ཀའི་རང་བཞིན་ཉིད་གསུངས་པ། ཀུན་རྫོབ་ཀུནད་ལྟ་བུ་སྟེ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །བུད་མེད་ཀཀྐོ་ལ་བདེ་བ་ཅན། །ཨེ་ཝཾ་ཡི་གེའི་རང་བཞིན་ནོ། །ཀུནད་ལྟ་བུ་ཞེས་པ་བདུད་རྩི་ཁུ་བའི་རང་བཞིན་སྤངས་པ་མ་ཡིན་པ་ཀུན་རྫོབ་བོ། །བདེ་བའི་གཟུགས་ཅན་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་སྤངས་པའི་དོན་དམ་པའོ། །འདི་དག་ཀྱང་བུད་མེད་ཀཀྐོ་ལ་ཞེས་པ་བུད་མེད་ཀྱི་གཟུགས་ཅན་ཀཀྐོ་ལ་སྟེ། བུད་མེད་ཀྱི་གཟུགས་དང་ཀཀྐོ་ལ་ཆོས་འབྱུང་དེ་ལ། བུད་མེད་ཀྱི་གཟུགས་ཀཀྐོ་ལ་དེ་ཉིད་ཇི་ལྟ་བུ་ཞེ་ན། གསུངས་པ། ཨེ་ཝཾ་ཡི་གེའི་རང་བཞིན་ནོ། །དེ་ལ་གང་གིས་ཆོས་འབྱུང་དེ་ཉིད་ཤེས་རབ་དང་ཐབས་དབྱེར་མེད་པ་ཞེས་པ་སྟེ། དེ་ཉིད་ཨེ་ཝཾ་ཡི་གེའི་རང་བཞིན་བདེབ་ཅན་གཞིར་གྱུར་བའོ། །འདི་ཇི་ལྟར་ཞེ་ན། གསུངས་པ། བདེ་བ་བསྲུང་བ་ཉིད་ཀྱི་ཕྱིར། །བདེ་བ་ཅན་ཞེས་བསྒྲགས་པ་སྟེ། །སུ་ཁུ་བ་རྡོ་རྗེ་འཆང་དང་ཁཾ་ཆོས་འབྱུང་བདག་མེད་མ་སྟེ། རྡོ་རྗེ་འཆང་དང་དབྱེར་མེད་པའི་ཡེ་ཤེས་ནི་བདེ་བའོ། །དེ་བསྲུང་བ་ཉིད་ཀྱི་ཕྱིར་གཡོ་བ་མེད་པའི་རང་བཞིན་གྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཅན་ཞེས་བསྒྲགས་པ་དེ། ཞེས་པ་སྒྲའི་ཡུལ་དུ་བྱ་ས་པ་དང༌། ཆ་དང་བཅས་པ་ཉིད་ཆ་དང་བྲལ་ཞེས་པའི་དོན་ནོ། །


DTG003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །སངས་རྒྱས་ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་ལ་གནས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ལམ་ཤེས་པ་ཉིད་ཀྱི་ལམ་ལ་གནས་པ་རྣམས་སོ། །རྡོ་རྗེ་འཛིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་གནས་པ་རྣམས་ཏེ། གཉིས་སུ་མེད་པ་ཉིད་ཀྱི་ཕྱིར་གཅིག་གི་ཚིག་གོ །འདི་རྣམས་ཀྱི་གཞི་ནི་གནས་སོ། །དེ་ཉིད་ཀྱི་ཕྱིར་ཨེ་ཝཾ་ཉིད་འཁོར་བ་སྟེ། མྱ་ངན་ལས་འདས་པ་ཨེ་ཝཾ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཨེ་ཡིག་དང་བཾ་ཡིག་གི་རང་བཞིན་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་ཉིད་ནི་འཁོར་བ་ཀུན་རྫོབ་ཀྱི་བདེན་པ་སྟེ་མ་ནིང་ངོ༌། །དེ་བཞིན་དུ་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པ་ཡང་ངོ༌། །དེ་ཉིད་ཀྱི་ཕྱིར་གཉིས་ཀ་གཉིས་ཀའི་བདག་ཉིད་ཅན་ཉིད་ལས། འཁོར་བ་ལས་ཐ་དད་པའི་མྱ་ངན་ལས་འདས་པ་རྟོགས་པར་མི་འགྱུར་ཏེ། འཁོར་བ་ཉིད་མྱ་ངན་ལས་འདས་པ་དང་མྱ་ངན་ལས་འདས་པ་ཉིད་འཁོར་བའོ། །འཁོར་བ་ཉིད་གསུངས་པ། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་སོ། །གཟུགས་དང་སྒྲ་ལ་སོགས་ཞེས་པ་སྐྱེ་མཆེད་དྲུག་གོ །ཚོར་བ་ལ་སོགས་ཞེས་པ་ཕུང་པོ་ལྔའོ། །དབང་བོ་རྣམས་ཉིད་དེ་ཞེས་པ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཉིད་དོ། །ཞེ་སྡང་ལ་སོགས་སོ་ཞེས་པ་ཉོན་མོངས་པ་སྟེ་དེ་རྣམས་ཉིད་འཁོར་པའོ། །འདི་རྣམས་ཆོས་ནི་མྱ་ངན་འདས། །དེ་ཉིད་ཀྱི་ཕྱིར་གཟུས་ལ་སོགས་པའི་ཆོས་རྣམས་ནི་མྱ་ངན་ལས་འདས་པ་སྟེ་གཟུགས་ལ་སོགས་པ་དབྱེར་མེད་པའོ། །ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་མ་ཡིན་པའོ། །འདིས་ནི་འཁོར་བ་ཉིད་བདེན་པ་གཉིས་ཀྱི་བདག་ཉིས་ཀྱི་བདག་ཉིང་ཅན་ཏེ་མྱ་ངན་ལས་འདས་པ་ཡང་ངོ༌། །འདི་ཉིད་ཆོས་རྣམས་སོ། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་ཕྱིར་ཞེས་པ་རང་རིག་པ་རྟོགས་པ་མེད་པའི་ཕྱིར་གཟུང་པ་དང་འཛིན་པའི་མངོན་པར་ཞེན་པ་ཉིད་ཀྱིས་འཁོར་བའི་གཟུགས་ཅན་ཏེ་སྐྱེ་བ་དཔའ་དགག་པའི་ཆོས་ཅན་ནོ། །


DTG003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་མེད་འཁོར་བ་དག་པ་ཡི། །འཁོར་བ་མྱ་ངན་འདས་པར་འགྱུར། །འཁོར་བ་དེ་ཉིད་དག་པས་སླར་རྨོངས་པ་མེད་པ་རང་རིག་པའི་རང་བཞིན་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། རྨོངས་མེད་འཁོར་བ་དག་པ་ཡིས། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་པའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་ནི་སྒྲིབ་མེད་དེ་བྱང་ཆུབ་སེམས་ནི་སྒྲིབ་པའོ། །སྒྲིབ་མེད་ཅེས་པ་དོན་དམ་པའི་བདེན་པ་སྟེ། དེ་ཉིད་བྱང་ཆུབ་སེམས་ཞེས་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་དྲན་པའོ། །ཞེས་པའི་གསུང་ལས་ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པའོ། །བྱང་ཆུབ་སེམས་ནི་སྒྲིབ་པའོ། །ཞེས་པ་བདེན་པ་གཉིས་དབྱེར་མེད་པ་ཉིད་ཀུན་རྫོབ་ཀྱི་བདེན་པ་སྟེ། ཁུ་བ་དང་བདེ་བ་དག་གཉིས་སུ་མེད་པའི་ཕྱིར་རོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རིམ་པ་ཉིད་གསུངས་པ། །ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །གཟུགས་དང་ལང་ཚོས་བརྒྱན་པ་ཉིད། །བསྔོ་བ་སངས་བརྟན་པ་རིགས་ལྡན་མ། །སིཧླ་ག་པུར་ཡང་དག་འབྱུང༌། །རང་གིས་དབང་བསྐུར་ཀྱེ་རྡོ་རྗེར། །སྐྲ་བཟངས་སྒྲུབ་པ་པོ་ལ་དགའ། །དེ་ལ་ཆང་ཡང་བཏུང་བར་བྱ། །རང་ཡང་བཏུང་བྱ་བརྟུལ་ཞུགས་ཅན། །ཕྱི་ནས་ཕྱག་རྒྱར་རྗེས་ཆགས་བྱ། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །པོ་ལ་ཀཀྐོ་ལར་བཅུག་ནས། །ཀུནྡུ་རུ་ཡི་བརྟུལ་ཞུགས་ཅན། །ཤིན་ཏུ་བཞིན་བཟངས་ཞེས་པ་བཞིན་མཛེས་པའོ། །མིག་ཡངས་མ་ཞེས་པ་མིག་མཛེས་པའོ། །གཟུགས་དང་ལང་ཚོས་བརྒྱན་པ་ཉིད། །ཅེས་པ་གཟུགས་དང་ལྡན་ཞིང་ན་ཚོད་གཞོན་པ་ཇི་སྲིད་ལོ་བཅུ་དྲུག་ལོན་པའོ། །སྔོ་བསངས་ཞེས་པ་དམར་བ་དང་དཀར་བའི་མདོག་གོ །བརྟན་པ་ཞེས་པ་གྱ་གྱུ་མེད་པའོ། །རིགས་ལྡན་མ་ཞེས་པ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པའོ། །སིཧླ་ག་པུར་ཡང་དག་འབྱུང་། །ཞེས་པ་ཁུ་བ་དང་ཁྲག་འཕེལ་བའོ། །རང་གིས་དབང་བསྐུར་ཞེས་པ་རང་ཉིད་ཀྱིས་དབང་བསྐུར་བའོ། །ཀྱེའི་རྡོ་རྗེར་ཞེས་པ་ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་པའི་ཚེགས་སོ་། །སྐྲ་བཟངས་ཞེས་པ་ནག་པོ་མ་ཡིན་པ་དང་རྒས་པ་སྤངས་པའོ། །སྒྲུབ་པ་པོ་ལ་དགའ་ཞེས་པ་


DTG003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་ལ་རྗེས་སུ་ཆགས་པའི་རིགས་སོ། །དེ་ལ་ཞེས་པ་འདིས་ལྟ་བ་ངན་པ་སྤོང་ཞིང་འདོར་བའོ། །ཇི་ལྟར་གྱུར་པ་རྙེད་ནས་ཅི་བྱ་ཞེ་ན། དེ་ལ་ཆང་མྱོས་བྱེད་ཀྱང་བཏུང་བར་བྱའོ། །རང་ཡང་བཏུང་བྱ་རང་ཉིད་ཀྱང་མྱོས་བྱེད་བཏུང་བར་བྱ་སྟེ། བརྟུལ་ཞུགས་ཅན་ཞེས་པ་བྱང་ཆུབ་ཀྱི་ལམ་ལ་གནས་པའོ། །ཕྱི་ནས་བར་མ་ཆད་པར་ཕྱག་རྒྱ་དེ་ལ་རྗེས་སུ་ཆགས་པར་བྱ་སྟེ། མཉམ་པའི་ཆགས་པ་དང་ལྡན་པར་བྱའོ། །ཅིའི་དོན་དུ་ཞེ་ན། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །གཉིས་ཀའི་ཡང་དངོས་གྲུབ་ཀྱི་དོན་དུའོ། །རྗེས་སུ་ཆགས་པ་ཉིན་གསུངས་པ། བོ་ལ་རྡོ་རྗེ་ཀཀྐོ་ལ་པདྨར་བཅུག་ནས་ཀུནྡུ་རུ་མཉམ་པར་སྦྱོར་བ་གྱིས་བརྟུལ་ཞུགས་ཅན་ཞེས་པ་བླ་མའི་ཉེ་བར་བསྟན་པ་རྟོགས་པའི་རིམ་པ་ལ་མཁས་པའོ། །ཡང་ན། ཀུནྡུ་རུ་ཁ་སྦྱོར་བྱ་སྟེ་གཉིས་སུ་མེད་པ་ཉིད་བསྒྲུབ་པར་བྱའོ། །བརྟུལ་ཞུགས་ཅན་ཞེས་པ་བཟུང་དུ་འཇུག་པ་ངེས་པའོ། །ཟུང་དུ་འཇུག་པ་ཉིད་ཇི་ལྟར་ཞེ་ན་གསུངས་པ། བོལླ་ཀཀྐོ་ལར་བཅུག་ནས་ཆོས་འབྱུང་གི་རང་བཞིན་རྡོ་རྗེ་བསྒྲུབས་ཏེ། བདག་མེད་མ་དང་དབྱེར་མེད་པ་རྡོ་རྗེ་འཆང་གི་རང་བཞིན་དུ་ཞུགས་པ་ཞེས་པ་ཇི་སྲིད་པའོ། །ཅིའི་དོན་དུ་ཞེ་ན། རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །སུ་ཁུ་བ་དང་ཨ་བདག་མེད་མ་བདེ་བ་ཞེས་པ་སྭའོ། །དེའི་ཕྱིར་གཞན་གཉིས་ཀ་དབྱེར་མེད་པའི་ཕྱིར་གཉིས་ཀ་ལས་འདས་པའོ། །དེ་ཉིད་དོན་ཏེ་དོན་དམ་པའོ། །དེར་ཕུལ་དུ་བྱུང་བ་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །འདི་ནི་དེའི་དོན་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ་ཞེས་པའོ། །འདིས་རྒྱས་འདེབས་ཤིང་མཚོན་པར་བྱེད་པའི་ཕྱིར་ཕྱག་རྒྱའོ། །དེ་ལ་ཆགས་པར་བྱ་སྟེ་ཆགས་པ་ཉིད་འོད་དཔག་མེད་ཡིན་ལ། འོད་དཔག་མེད་དང་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོ་ནི་ཕྱི་ནས་ཞེས་པ་ལྷག་མ་སྟེ། བཞི་པའི་རང་བཞིན་ལས་ཞེས་པའི་དོན་ནོ། །ཁྱད་པར་ཅི་ཞེ་ན། ཤིན་ཏུ་བཞིན་བཟངས་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །མིག་ཡངས་མ་ཞེས་པ་ཆོས་ཀྱི་སྐུའི་རང་བཞིན་ནོ། །གཟུགས་དང་ལང་ཚོས་བརྒྱན་པ་ཉིད། །ཅེས་པ་སྤྲུལ་བའི་སྐུའི་རང་བཞིན་ནོ། །སྡོ་བསངས་ཞེས་པ་ཤེས་


DTG003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དང་ཐབས་དབྱེར་མེད་པའོ། །བརྟན་པ་ཞེས་པ་གཡོ་བ་མེད་པའི་རང་བཞིན་གྱིས་གཉིས་སུ་མེད་པའོ། །རིགས་ལྡན་མ་ཞིས་པ་རིགས་ལྔའི་ཆ་དང་ལྡན་པའོ། །སི་ཧཱ་ག་པུར་ཡང་དག་འབྱུང༌། །ཞེས་པ་སིཧླ་ཉི་མ་དང་ག་པུར་ཟླ་བ་སྟེ། གཉིས་ཀ་ལས་ཡང་དག་འབྱུང་བའོ། །འབྱུང་བ་ནི་རྡོ་རྗེ་འཆང་དམ་ཚིག་གི་དཀྱིལ་འཁོར་རོ། །ཨཾ་བདག་མེད་མས་བརྒྱན་པ་ཉིད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གཉིས་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་དབང་བསྐུར་རང་བཞིན་ཉིད་ཀྱིས་དྲི་མ་མེད་པར་གྱུར་བའོ། །གང་དུ་ཞེ་ན། ཀྱེའི་རྡོ་ཇེ་གཉིས་སུ་མེད་པར་རྟོག་པ་ལས་འདས་པ་ལྷན་ཅིག་སྐྱེས་པ་མངོན་པར་གསལ་བ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་སྐྲ་བཟངས་མཇེས་པའི་ཡེ་ཤེས་གསལ་བ་དང་ལྡན་པའོ། །སྒྲུབ་པ་པོ་ལ་དགའ་ཞེས་པ་རྡོ་རྗེ་འཆང་གི་རང་བཞིན་ནོ། །ཆང་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་ཉོན་མོངས་པའི་བག་ཆགས་སྤོང་པ་ནི་བཏུང་བ་སྟེ་བསྲུང་བའོ། །རང་ཡང་བདག་ཉིད་ཀྱང་ངོ༌། །དེ་ཉིད་ཀྱི་ཕྱིར་བཏུང་ཞིང་བསྡུ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་བརྟུལ་ཞུགས་ཅན་སྤྲོ་བ་དང་སྡུད་པའི་རང་བཞིན་གྱི་ཡེ་ཤེས་དང་ལྡན་པ་ཞེས་པའི་དོན་ནོ། །འདིས་ནི་བརྟན་པ་ཞེས་པ་གཉིས་སུ་མེད་པའི་ཕྱིར་གཅིག་གི་རང་བཞིན་ཏེ། སྔོ་བསངས་ཞེས་པ་གཉིས་སུ་མེད་པའི་ཕྱིར་རོ། །བཞིན་བཟངས་གཟུགས་དང་ལང་ཚོས་བརྒྱན་པ་ཉིད་ཅེས་བ་སྐུ་གསུམ་གྱི་རང་བཞིན་ཉིད་ཀྱིས་རྣམ་པ་གསུམ་མོ། །རང་གི་དབང་བསྐུར་ཀྱེའི་རྡོ་རྗེར། །ཞེས་པ་བཞི་བའི་རང་བཞིན་ནོ། །རིགས་ལྡན་མ་ཞེས་པ་རིགས་ལྔའི་ཆ་དང་ལྡན་པ་ཉིད་ཀྱིས་ཡེ་ཤེས་ལྔའི་རང་བཞིན་ནོ། །སྐྲ་བཟངས་ཞེས་པ་ཡེ་ཤེས་གསལ་བ་ཉིད་ཀྱིས་འདོད་པ་ཐམས་ཅད་ཀྱི་རང་བཞིན་ནོ། །སྒྲུབ་པ་པོ་ལ་དགའ་ཞེས་པ་དྲུག་པ་རྡོ་རྗེ་འཆང་ལས་འདས་པ་གཉིས་ཀའི་ཡེ་ཤེས་དང་ལྡན་པའོ། །སིཧླ་ག་པུར་ཡང་དག་འབྱུང༌། །ཞེས་པ། དཀྱིལ་འཁོར་གཉིས་དབྱེར་མེད་པ་ཉིད་ཀྱིས་སྤྲོ་བ་དང་སྡུད་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་ལ་ཆང་ཡང་བཏུང་བར་བྱ། །རང་ཡང་བཏུང་བྱ་བརྟུལ་ཞུགས་ཅན། །ཞེས་པ་བསྡུས་པའི་དོན་ནོ། །ཀུནྡུ་རུའི་སྦྱོར་བ་ལ་གང་ཡིན་པ་དེ་གསུངས་པ། སྦྱོར་བ་དེ་ལ་གང་འབྱུང་བ། །ག་པུར་མཁས་པས་མི་


DTG003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་སྟེ། །དེ་ཕྱིར་ལག་པས་མི་སླང་ཞིང༌། །ཉ་ཕྱིས་དུང་ཆོས་དག་ཏུ་མིན། །ངེས་པར་སྟོབས་ནི་འཕེལ་བའི་ཕྱིར། །མི་འཆི་ལྕེ་ཡིས་བླང་བར་བྱ། །ག་པུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་རང་བཞིན་ཅན། །སྦྱོར་བ་དེ་ལ་གང་བྱུང་བ། །བྱང་ཆུབ་ཀྱི་སེམས་ཀྱང་སྤང་བར་མི་བྱའོ། །དེ་ལ་ལག་པས་མི་བླང་ཞིང་དེའི་ཕྱིར་ཉ་ཕྱིས་དང་དུང་ཆོས་དག་གི་གཞི་ལ་མ་ཡིན་ཏེ། དེ་ཡང་མི་འཆི་ལྕེ་ཡིས་བླང་བར་བྱ། །ངེས་པར་སྟོབས་ནི་འཕེལ་བའི་ཕྱིར། །ནུས་པ་འཕེལ་བའི་ཕྱིར་ཞེས་པའོ། །འདི་ཇི་ལྟར་ཞེ་ན། གསུངས་པ། གང་གི་ཕྱིར། ག་པུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་རང་བཞིན་ཅན། །དེའི་ཕྱིར་ཞེས་པའི་དོན་ནོ། །ཡང་ན། སྦྱོར་བ་དེ་ལ་ཞེས་པ་གཉིས་ཀ་དབྱེར་མེད་པ་ལ་གང་བའི་ག་པུར་ཡང་དག་པར་སྐྱེས་པའི་བྱང་ཆུབ་ཀྱི་སེམས་མི་སྤང་སྟེ། སྤང་བྱའི་ངོ་བོར་བརྟག་པར་མི་བྱའོ། །མཁས་པ་ཡེ་ཤེས་དང་ལྡན་པའོ། །དེའི་ཕྱིར་ལག་པས་མི་བླང་ཞིང་རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་མེད་མའི་ཡེ་ཤེས་ཀྱིས་བླང་བྱའི་ངོ་བོར་ཡང་བསྒྲུབ་པར་མི་བྱའོ། །གང་དུ་ཞེ་ན་ཉ་ཕྱིས་སུ་མིན་ཏེ་ཆོས་འབྱུང་དུ་མ་ཡིན་ནོ། །དུང་ཆོས་སུ་མིན་ཏེ་རྡོ་རྗེར་མ་ཡིན་ནོ། །གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་ཉིད་ལས་སྤང་བྱ་དང་བླང་བྱ་དག་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མི་འཆི་ལྕེ་ཡིས་ཏེ། བློ་ཡིས་བླང་བར་བྱ་ཞིང་བདེན་པ་གཉིས་དབྱེར་མེད་པ་རྟོགས་པས་ངེས་པར་བྱའོ། །ཅིའི་དོན་དུ་ཞེ་ན། སྟོབས་ནི་འཕེལ་བའི་ཕྱིར་ཏེ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །སྟོབས་ནི་ཞེས་བ་ཉེ་བར་མཚོན་པའོ། །འདི་ཉིད་ཇི་ལྟར་ཞེ་ན། གསུངས་པ། ག་པུར་ཉིད་ནི་བདག་མེད་མ། །རྡོ་རྗེ་འཆང་ཉིད་བདག་མེད་མའི་རང་བཞིན་ཅན་ཡེ་ཤེས་བདེ་བ་ཡང་དག་པའི་ཡེ་ཤེས་སོ། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །གནས་པ་ལྟེ་བའི་དཀྱིལ་འཁོར་དུ། །དང་པོའི་དབྱངས་ཀྱི་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །དེ་ཡི་བདེ་བ་ཞེས་པ་ཡང་དག་པའི་ཡེ་ཤེས་དེའི་ཡོངས་སུ་ཤེས་པའོ། །ཇི་ལྟར་ཞེ་ན། གསུངས་པ་ཕྱག་རྒྱ་ཆེ། འདི་ཆེན་པོ་དང་ཕྱག་རྒྱ་ཡང་ཡིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་


DTG003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཡང་གནས་པ་ཡང་དག་པར་གཡོ་བ་མེད་པའི་རང་བཞིན་ནོ། །གང་དུ་ཞེ་ན། ལྟེ་བའི་དཀྱིལ་འཁོར་དུ་ཆུའི་ཁམས་བྱང་ཆུབ་ཀྱི་སེམས་པའོ། དང་པོའི་དབྱངས་ཀྱི་རང་བཞིན་ཏེ། །དེ་ཡང་དབྱངས་དང་པོའི་རང་བཞིན་ཅན་ནོ། །དེ་ལྟར་ན་ཡང་ཇི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །རྟོགས་པའི་ངོ་བོས་སངས་རྒྱས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམས་ཀྱིས་བརྟགས་ཏེ་ཕུལ་དུ་བྱུང་བས་ཡོངས་སུ་བཅད་པའོ། །དེ་ཉིད་ཅི་ཞེ་ན། གསུངས་པ། དེ་ཉིད་བཅོམ་ལྡན་ཤེས་རབ་མ། །ཇི་ལྟར་ཞེ་ན། རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །རྣལ་འབྱོར་ཞེས་པ་དབྱེར་མེད་པའི་ཕྱིར་རོ། །རྫོགས་པ་ཞེས་པ་གྲུབ་པ་ཉིད་དོ། །དེ་ཉིད་དང་ཁྱད་པར་ཅི་ཞེ་ན། གསུངས་པ། དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱང་ལས་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་མོ། །ཞེས་པ། དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །ཞེས་པ་ཚིག་བཞི་པོ་ཡང་དེ་དབྱེར་མེད་པ་ཞེས་གསུངས་པའོ། །དྲི་དང་རོ་དང་མྱང་ལས་འདས། །ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ཡང་དེ་ཉིད་ཅས་པའོ། །དེ་ཉིད་ཀྱི་ཕྱིར། ལྷན་ཅིག་སྐྱེས་དགའ་བྱེད་པ་མོ། །ཀ་ཀཱ་ལི་ཨ་ཨཱ་ལིའོ། །ར་གཉིས་ཀ་འདོར་བའི་ཕྱིར་ཀཱ་རའོ། །དེ་འདི་ལ་ཡོད་པའི་ཕྱིར། ལྷན་ཅིག་སྐྱེས་དགའ་བྱེད་པ་མོ། །དེ་ཉིད་ལ་སྐུ་གསུམ་མོ་ཞེས་གསུངས་པ། དེ་ལ་སྐྱེ་འགྱུར་རྣལ་འབྱོར་པ། །དེ་ཡི་བདེ་བ་ཟ་བ་སྟེ། །དེ་དང་ལྷན་ཅིག་འགྲུབ་པར་འགྱུར། །ཕྱག་རྒྱ་ཆེན་པོ་བདེ་བ་སྦྱིན། །འདི་ལ་རྣལ་འབྱོར་ཡོད་པའི་ཕྱིར་རྣལ་འབྱོར་པ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ༌། །དེ་ནི་གཞིའི་རང་བཞིན་བདག་མེད་མ་དེ་ལ་སྐྱེ་འགྱུར་ཡེ་ཤེས་མཆོག་འཐོབ་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བའོ། །བདག་མེད་མ་དེའི་བདེ་བ་ཡེ་ཤེས་ཟ་བ་སྟེ། དེ་ལ་ཡང་རྣམ་པར་གནས་པར་བྱེད་དོ། །དེ་ལོངས་སྤྱོད་པ་ཉིད་ལས་ཞེས་པའི་དོན་ནོ། །དེ་དང་ལྷན་ཅིག་འགྲུབ་པར་འགྱུར། །ཞེས་པ་དེའི་མཚན་ཉིད་དང་བྲལ་བའི་གྲུབ་པ་མེད་པའི་ཕྱིར་ཞེས་པའི་དོན་ནོ། །སྐྱེ་བ་ལས་སྤྲུལ་པའི་སྐུའོ། །ཟ་བ་ལས་ལོངས་སྤྱོད་


DTG003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུའོ། །དེ་དང་ལྷན་ཅིག་འགྲུབ་པས་ཆོས་ཀྱི་སྐུའོ་ཞེས་བ་སྐུ་གསུམ་གྱི་བདག་ཉིད་ཅན་ཁོ་ན་བཅོམ་ལྡན་འདས་ཞེས་པ་སྟེ། ཕྱག་རྒྱ་ཆེན་པོ་བདེ་བ་སྦྱིན། །ཞེས་པ་བསྡུས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང༌། །ཤེས་རབ་ཉིད་ཀྱིས་ལོངས་སྤྱོད་བྱ། །དེ་བཞིན་དུ་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་ཉིད་དོ། །གང་གི་ཕྱིར་ཤེས་རབ་ཉིད་ཀྱིས་ཕུལ་དུ་བྱུང་བའི་ཡེ་ཤེས་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ལོངས་སྤྱད་པར་བྱ་སྟེ། ཇི་ལྟར་མངོན་པར་ཤེས་པ་རྣམས་ཀྱིས་རྣམ་པར་གནས་པར་བྱའོ། །འདི་ཇི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། བདེ་ཆེན་ལྷ་ཡི་རྣལ་འབྱོར་མ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་དང༌། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། ལྷན་ཅིག་སྐྱེས་པའི་གཟུགས་ཞེས་པ་འདིས་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་དོ། །བདེ་ཆེན་ཞེས་པ་འདི་ཡང་དག་པའི་ཡེ་ཤེས་ཉེ་བར་བསྟན་ཏོ། །ལྷའི་རྣལ་འབྱོར་མ་ཞེས་པ་འདིས་སྤྲོ་བ་དང་སྡུད་པའི་རང་བཞིན་ཉིད་ཉེ་བར་བསྟན་ཏོ། །འདིས་ཡེ་ཤེས་ཀྱི་རང་བཞིན་གཉིས་དང་གཉིས་སུ་མེད་པའོ། །མངོན་པར་ཤེས་པ་ལྔའི་ཡོན་ཏན་འབྱུང་བའི་མཚན་ཉིད་ལྔ་གསུངས་པ། དེ་ནི་མེ་ལོང་ཡེ་ཤེས་གཟུགས། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཡང་དག་གྱུར་པ་སོ་སོར་རྟོག །བྱ་བ་གྲུབ་པ་ཉིད་ཀྱང་སྟེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །དེ་ཉིད་དཀྱིལ་འཁོར་བདག་པོ་ང༌། །དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། མེ་ལོང་ཡེ་ཤེས་གཟུགས་ཞེས་པ་འདིས་སྤྲུལ་པའི་སྐུ་ཉིད་དོ། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཞེས་པ་འདིས་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དོ། །ཡང་དག་གྱུར་པ་སོ་སོར་རྟོག །ཅེས་པ་འདིས་ཆོས་ཀྱི་སྐུ་ཉིད་དོ། །བྱ་བ་གྲུབ་པ་ཉིད་ཀྱང་སྟེ། །ཞེས་པ་འདིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་གསུམ་དབྱེར་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། །ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །ཞེས་པ་དེ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་སྟེ། དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཉིད་དཀྱིལ་འཁོར་


DTG003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་ང༌། །ཞེས་པ་འདིས་ཨ་ཡིག་དང་ཧཾ་ཡིག་ནཱ་ད་གཉིས་དབྱེར་མེད་པ་རྡོ་རྗེ་འཆང་གི་ཡེ་ཤེས་ཉིད་དོ། །དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཞེས་པ་འདིས་བདག་མེད་རྣལ་འབྱོར་མའི་རང་བཞིན་ཁོ་ན་རྡོ་རྗེ་འཆང་གི་ཡེ་ཤེས་ཞེས་པའོ། །རྡོ་རྗེ་སྙིང་པོས་གསོལ་བ། འཁོར་ལོ་བསྒོམ་པའི་ལམ་དང་ནི། །ལྷ་རྣམས་ཇི་ལྟར་འབྱུང་བ་དང༌། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། །སྡོམ་པ་བདག་ལ་བཤད་དུ་གསོལ། །འཁོར་ལོ་ཞེས་པ་བདག་མེད་མའི་དཀྱིལ་འཁོར་རོ། །སྒོམ་པའི་ལམ་དེ་ཉིད་ཟུང་དུ་འཇུག་པའོ། །ལྷ་རྣམས་ཇི་ལྟར་འབྱུང་བ་དག །ཅེས་པ་ཡང་དག་པའི་ཚུལ་གྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ། བཅོམ་ལྡན་འདས་ཀྱིས་སྔར་གསུངས་སོ། །ཡང་ན་གང༌། འཁོར་ལོ་ཞེས་པ་རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་རྩའི་འཁོར་ལོའི་རིམ་པས་སྤྲུལ་པའི་སྐུའོ། །བསྒོམ་པའི་ལམ་ཞེས་པའི་སྔགས་ཀྱི་ལེའུར་གསུངས་པའི་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ལྷ་རྣམས་ཇི་ལྟར་འབྱུང་བ་དག །ཅེས་ལྷའི་ལེའུར་གསུངས་པའི་ཞལ་དང་ཕྱག་དང༌། ཁ་དོག་དང༌། དབྱིབས་དབྱེར་མེད་པ་ཆོས་ཀྱི་སྐུའོ། །འདིས་ནི་སྐུ་གསུམ་གསུངས་པའོ། །འདིའི་སྡོམ་པ་སྡུད་པ་བཤད་དུ་གསོལ། ཞེས་ཞུས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྣལ་འབྱོར་མ་ལུས་དབུས་གནས་པ། །ཨཾ་ཡིག་སྡོམ་པ་གནས་པ་སྟེ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །སྡོམ་པ་དེ་ནི་རབ་ཏུ་གསལ། །ཨཾ་ཡིག་གང་ཡང་དག་པ་མཆོག་བླ་མ་སྟེ། དེ་ཡང་དེ་བཞིན་གྱི་ངོ་བོ་ཉིད་ལས་གནས་པ་གཡོ་བ་མེད་པའོ། །དེ་ཡང་རྣལ་འབྱོར་མ་ནི་འདི་ལ་རྣལ་འབྱོར་འདུས་པ་ཡོད་པའི་ཕྱིར་རྣལ་འབྱོར་མ་སྟེ། རང་བཞིན་རྣལ་འབྱོར་དང་ལྡན་པ་ཉིད་དོ་ཞེས་པའི་དོན་ནོ། །རྒྱུ་དེའི་ཕྱིར་ཆོས་འབྱུང་སྟེ། དེའི་དབུས་གནས་པ་ནི་དེ་ཉིད་གྲུ་གསུམ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར། ཇི་ལྟར་ཕྱི་རོལ་སྐུ་གསུང་ཐུགས། དེ་བཞིན་དུ་ནང་ཡང་སྟེ། དེ་ནི་རབ་ཏུ་གསལ་བ་དོན་གསལ་བ་ཉིད་དོ་ཞེས་པའོ། །དེ་ཉིད་གསུངས་པ། བོལླ་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐབས་ཡིན་ཏེ། །གསང་བའི་སྙོམས་པར་འཇུག་པ་འདིས། ཕྱི་


DTG003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གཉིས་གཉིས་བསྟན་པ་མེད། །བོལླ་བདེ་བ་ཞེས་པ་གང་ཞིག་མི་ཕྱེད་པའི་ཡེ་ཤེས་ཏེ། དེ་ནི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་སྐྱེ་མཆེད་ཅེས་པ་རྡོ་རྗེ་ཉིད་སྐྱེ་མཆེད་དེ། །ཡེ་ཤེས་འབྱུང་བའི་རྒྱུར་གྱུར་བའོ། །དེ་ཉིད་ཐབས་ཡིན་ཏེ་ཐབས་ནི་ཡེ་ཤེས་སོ། །གསང་བའི་སྙོམས་པར་འཇུག་པ་འདིས། །ཞེས་པ་རྡོ་རྗེ་པདྨ་དང༌། དབྱེར་མེད་པ་ཉིད་རྡོ་རྗེའོ། །པདྨ་རྡོ་རྗེ་དང་དབྱེར་མེད་པ་ཉིད་པདྨ་སྟེ། གསང་བའི་སྙོམས་པར་འཇུག་པ་མཉམ་པར་སྦྱོར་བའོ། །རྒྱུ་དེས་ན་ཕྱི་རོལ་གཉིས་གཉིས་ཕྱི་རོལ་གྱི་ཟུང་བསྟན་པ་མེད་དོ། །དེ་ཉིད་ཀྱི་ཕྱིར། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་པའོ། །ནང་ཉིད་གསུངས་པ། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །ཞེས་པ་ནང་སྟེ། ལུས་ཀྱི་ནང་དུ་སྐུ་གསུམ་པོ་ཉིད་འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱའོ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་འདོད། །སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་སྟེ། སྐུ་གསུམ་པོ་གང་ཞིག་ཡོངས་སུ་ཤེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡང་དག་པའི་ཡེ་ཤེས་དེ་ཉིད་དེ། །འདོད་པ་ཅེས་རྟོགས་པའི་རང་བཞིན་ནོ། །སྐུ་ཉིད་འཁོར་ལོ་སྟེ་སྐུའི་འཁོར་ལོའོ། །དེ་ཉིད་བདེ་བ་ཆེན་པོ་ཞེས་པ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སྐུ་ཉིད་ཅེས་པའོ། །སྐུ་གསུམ་གྱི་བདག་ཉིད་ཅན་གྱི་འཁོར་ལོ་ཉིད་གསུངས་པ། སྤྲུལ་པ་ཆོས་དང་ལོངས་སྤྱོད་དེ། དེ་བཞིན་བདེ་བ་ཆེན་པོ་ཉིད། །སྐྱེ་གནས་སྙིང་མགྲིན་པདྨ་ལ། །སྐུ་གསུམ་པོ་ཡིས་རྣམ་པར་གནས། །སྤྲུལ་པའི་སྐུ་གསུངས་པ། །མ་ལུས་པ་ཡི་སེམས་ཅན་གྱི། །གང་དུ་སྐྱེ་བ་རབ་བརྗོད་པ། །དེ་ལ་སྤྲུལ་པའི་སྐུ་ཡིན་ཏེ། །གང་ཕྱིར་སྤྲུལ་པ་གནས་བརྟན་ནོ། །མ་ལུས་པའི་ཞེས་པ་འགྲོ་བ་སྣ་ཚོགས་པར་གཏོགས་པ་རྣམས་སོ། །སེམས་ཅན་གྱི་ཞེས་བ་སྲིད་པ་གསུམ་དུ་གནས་པ་རྣམས་ཀྱི་གང་དུ་སྐྱེ་བ་དེར་དེ་ལ་སྤྲུལ་པའི་སྐུ་ཡིན་ཏེ། ཇི་ལྟར་ཞེ་ན། གསུངས་པ། གང་ཕྱིར་སྤྲུལ་པ་གནས་བརྟན་ནོ། །གང་ཕྱིར་བསྟན་པའི་ངང་ཚུལ་ལོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་བརྟགས་པའོ། །སྐྱེ་བའི་དོན་ཉིད་གསུངས་པ། །འདིས་ནི་བསྐྱེད་ཅིང་སྤྲུལ་པའི་ཕྱིར། སྐུ་ནི་སྤྲུལ་པར་གྱུར་བར་འདོད། །འདིས་ནི་ཞེས་པ་སྐྱེ་གནས་ཀྱི་སྤྲུལ་པར་


DTG003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཞེས་པ་ཞལ་དང་ཕྱག་དང་རྣམ་པ་ལ་སོགས་པའི་རང་བཞིན་ནོ། །ཆོས་ཀྱི་སྐུ་གསུངས་པ། ཆོས་ནི་སེམས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ། །རོ་རྣམས་དྲུག་ནི་གཟུགས་ཅན་གྱི། །བཟའ་བ་དེས་པར་ལོངས་སྤྱོད་བརྗོད། མགྲིན་པར་ལོངས་སྤྱོད་འཁོར་ལོ་སྟེ། དྲུག་གི་ཞེས་པ་ཁ་བ་ལ་སོགས་པའི་རང་བཞིན་ཡོངས་སུ་གྱུར་བ་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་བཟའ་བ་ལོངས་སྤྱོད་པ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་ཀྱི་བདག་ཉིད་ཅན་གྱི་ནཱ་ད་ཡོངས་སུ་གྱུར་ནས་ནཱ་དའི་ཕྲེང་བ་གཉིས་ཀྱང་མགྲིན་པ་ཉིད་ཅེས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྱི་བོར་བདེ་བ་ཆེན་པོ་གནས། །ཞེས་པ་སྐུ་གསུམ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་འཁོར་ལོ་སྟེ། །དེ་ཉིད་བདེ་བ་ཆེན་པོར་འདོད། །ཅེས་གསུངས་སོ། །དེ་ཡང་སྤྱི་བོར་གནས་ཞེས་པ་བརྟན་པ་གཡོ་བ་མེད་པའི་རང་བཞིན་ནོ། །འདིས་ནི་སྐུ་གསུམ་དབྱེར་མེད་པ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཞེས་པའོ། །སྐུ་གསུམ་གྱི་བདག་ཉིད་ཅན་འཁོར་ལོ་གསུམ་གྱི་ནི་སྐྱེ་གནས་དང་སྙིང་ག་དང་མགྲིན་པའི་རང་བཞིན་ཉིད་དེ། བདེ་བ་ཆེན་པོའི་འཁོར་ལོ་ནི། །སྤྱི་བོར་བདེ་བ་ཆེན་པོ་གནས། །ཞེས་པའོ། །སྐུ་གསུམ་འཕེལ་བའི་མཚན་ཉིད་ཀྱི་སྤྲུལ་པའོ། །ཀ་དང་ཨ་ནི་ཀཱ་སྟེ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །འདི་གཉིས་ཀའི་བདག་ཉིད་ཅན་ཨ་ཡ་ཡེ་ཤེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀཾ་བདེ་བ་སྟེ་ཨ་ཀའི་ཨ་ཡ་སྐུའོ། །བདེ་བ་ཡང་དག་པར་རིག་པ་ནི་ཆོས་ཀྱི་སྐུའོ། ཨེ་ཝཾ་ཡི་གེར་རྒྱུ་མཐུན་ཏེ། །རྣམ་སྨིན་ཆོས་ཀྱི་འཁོར་ལོའོ། །སྐྱེས་བུའི་བྱེད་པ་ལོངས་སྤྱོད་ལ། །བདེ་བའི་འཁོར་ལོར་དྲི་མ་མེད། །རྒྱུ་མཐུན་སོགས་པས་རྣམ་ཕྱེ་བ། །འབྲས་བུ་རྣམ་པ་བཞི་རུ་བརྗོད། །སྐུ་གསུམ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་སྟེ། ཡང་སྤྲུལ་པ་ལ་སོགས་པ་འཁོར་ལོ་བཞིའི་རང་བཞིན་ནོ། །དེ་ཡང་རྣམ་པ་སྣ་ཚོགས་ལ་སོགས་པ་བཞི་དང་དབྱེར་མེད་པ་དགའ་བ་བཞི་སྟེ། དེ་ཡང་རྒྱུ་མཐུན་ལ་སོགས་པའི་འབྲས་བུ་བཞིའོ། །ཨེ་ཝཾ་ཡི་གེར་རྒྱུ་མཐུན་ཏེ། །ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་རྣམ་པ་སྣ་


DTG003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་སྐད་ཅིག་བཞིའི་དང་པོའི་དགའ་བ་ནི་རྒྱུ་མཐུན་ཞེས་པ་སྟེ། ཆོས་ཐམས་ཅད་རོ་གཅིག་པའི་རང་བཞིན་སྤྲུལ་པའི་འཁོར་ལོའོ། །རྣམ་སྨིན་ཆོས་ཀྱི་འཁོར་ལོའོ། །ཞེས་ཁྱད་པར་དུ་སྨིན་པ་ནི་རྣམ་སྨིན་ཏེ། དེ་ལས་གོང་མའི་གནས་སྐབས་མཆོག་དགའོ། །སྐྱེས་བུའི་བྱེད་པ་ལོངས་སྤྱོད་ལ། །ཞེས་པ་ཡང་དག་པར་སྤྱོད་ཅིང་ཡང་དག་པར་ཉམས་སུ་མྱོང་བ་བདེ་བ་དང་ཆགས་པ་རོ་གཅིག་པ་ཉིད་ནི་ལོངས་སྤྱོད་དེ། དེ་ལས་སྐྱེས་བུའི་བྱེད་པ་ཞེས་པ་སྐྱེས་བུས་བསྒྲུབས་པ་དབང་པོ་དང་ཡུལ་གྱི་དགའ་བ་བཞི་པ་རོ་གཅིག་པའི་རང་བཞིན་གྱི་སྐུ་སེམས་ཙམ་རྣམ་པར་ཉེད་པའི་སྐད་ཅིག་དང་དབྱེར་མེད་པ་དགའ་བྲལ་གྱི་དགའ་བའོ། །དེ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་སྟེ། ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པའི་ཕྱིར་རོ། །བདེ་བའི་འཁོར་ལོར་དྲི་མ་མེད། །ཅེས་པ་དྲི་མ་ནི་འདོད་ཆགས་ལ་སོགས་པའོ། །གང་ལ་དེ་རྣམས་དང་བྲལ་བ་དེ་ནི་དྲི་མ་དང་བྲལ་བ་སྟེ། དེའི་དངོས་པོ་ནི་དྲི་མ་མེད་པ་སྒྲིབ་པ་ཐམས་ཅད་སྤངས་པ་སྐུ་གསུམ་གྱི་མཚན་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ནི་བདེ་བའི་འཁོར་ལོ་སྟེ། བདེ་བ་ཆགས་པ་དང་བྲལ་བའི་ཡེ་ཤེས་ལ་བདེ་བ་ཆེན་པོའི་འཁོར་ལོ་ཞེས་པའི་དོན་ནོ། །རྒྱུ་མཐུན་ལ་སོགས་པའི་དོན་ཉིད་གསུངས་པ། ལས་སྤྱོད་བཅོམ་ལྡན་ཤེས་རབ་མ། །ལས་ཀྱི་རླུང་གིས་བསྐུལ་བ་ཉིད། །ཇི་ལྟར་བྱས་པ་དེ་བཞིན་སྤྱོད། །རྒྱུ་མཐུན་ཞེས་པར་བསྒྲགས་པ་ཡིན། །རྣམ་པར་སྨིན་པ་དེ་ལས་བཟློག །ལས་ཆུང་འབྲས་བུ་ཆེ་བའོ། །རྣལ་འབྱོར་དག་པ་དྲི་མེད་འབྲས། །སྐྱེས་བུའི་བྱེད་བ་བསྒྲུབས་པའོ། །ཤེས་རབ་ཉིད་ཀྱིས་ལོངས་སྤྱོད་བྱ། །ཞེས་པ་མདོར་བསྟན་པ་འདིའི་རྒྱས་པར་བཤད་པ་སྟེ། བཅོམ་ལྡན་འདས་ཤེས་རབ་གང་ཡིན་པ་དེ་ནི་ལས་ཉིད་ལོངས་སྤྱོད་པའོ། །འདི་ཇི་ལྟར་ཞེ་ན། གསུངས་པ། ལས་ཀྱི་རླུང་གི་བསྐུལ་བ་ཉིད། །ལས་ནི་རླུང་སྟེ། དེས་བསྐུལ་ཞིང་བསྐྱོད་པ་ཉིད་དོ། །ལོངས་སྤྱོད་པ་ཉིད་ཇི་ལྟར་ཞེ་ན། གསུངས་པ། ཇི་ལྟར་བྱས་པ་དེ་ཉིད་སྤྱོད་ལས་ཉིད་ལོངས་སྤྱོད་དོ་ཞེས་པ་སྟེ། དེ་ཉིད་རྒྱུ་མཐུན་ཞེས་པར་བསྒྲགས་པ་ཡིན། རྣམ་པ་སྣ་ཚོགས་ལ་སོགས་པ་རྒྱུ་དང་འབྲས་བུའི་རང་བཞིན་ནི་རྒྱུ་མཐུན་ཞེས་པ་སྤྲུལ་


DTG003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུའོ། །རྣམ་པར་སྨིན་པ་དེ་ལས་བཟློག །ཅེས་པ་ལས་ཆུང་བ་ཉུང་ཟད་ལ་གང་ཞིག་འབྲས་བུ་ཆེན་པོ་སྟེ་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་རྫོགས་པ་ནི་ལས་ཆུང་བའོ། །དེ་ཉིད་འབྲས་བུ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །རྣལ་འབྱོར་དག་པ་དྲི་མེད་འབྲས། །ཞེས་པ་རྣལ་འབྱོར་ནི་འདུས་པ་སྟེ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པའོ། །དེ་ཉིད་ཁྱད་བར་དུ་དག་པ་སྟེ་དེ་ཉིད་འབྲས་བུའོ། །གང་དུ་ཞེ་ན། དྲི་མེད་དེ་དྲི་མ་མེད་པ་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འདི་ནི་སྐུ་གསུམ་སྟེ་སྐུ་གསུམ་དབྱེར་མེད་པ་ཉིད་མངོན་པར་གསལ་བར་བྱེད་པ་སྐྱེས་བུའི་བྱེད་པ་བསྒྲུབས་པའོ། །སྐྱེས་བུ་ལས་བྱུང་བ་ནི་སྐྱེས་བུའི་བྱེད་པའོ། །དེ་ནི་བསྒྲུབས་པ་སྟེ་རང་རྒྱུད་ཉིད་ཀྱིས་ཐམས་ཅད་གྲུབ་པའི་ཕྱིར། །རང་རིག་པ་ཉིད་སྐུ་གསུམ་དབྱེར་མེད་པའོ། །སྐུ་གསུམ་པོ་འདི་ཉིད་རང་རིག་པ་སྟེ་གཉིས་ཀ་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་བཅོམ་ལྡན་འདས་མ་སྟེ། རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟོན་པའི་ངོ་བོ་ཉིད་ཀྱི་སྐུའོ། །སྐུའི་སྒྲའི་དོན་གསུངས་པ། སྤྲུལ་པའི་འཁོར་ལོར་གནས་བརྟན་པ། །གང་ཕྱིར་སྤྲུལ་པར་གནས་བརྟེན་ནོ། །ཐམས་ཅད་ཡོད་སྨྲ་ཆོས་འཁོར་ལོར། །ཆོས་ནི་སྨྲ་བ་ཡང་དག་འབྱུང༌། །ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཏེ། །གང་ཕྱིར་མགྲིན་པར་ཀུན་རིག་བྱེད། །བདེ་བའི་འཁོར་ལོར་དགེ་འདུན་ཆེ། །གང་ཕྱིར་བདེ་ཆེན་མགོར་གནས་ཏེ། །སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །སྡེ་པ་བཞི་པོ་འདི་ཉིད་མ་ནིང་སྟེ། སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །ཅེས་པའོ། །སྤྲུལ་པའི་འཁོར་ལོར་གནས་བརྟན་པ། །སྤྲུལ་པའི་འཁོར་ལོ་ལ་སྤྲུལ་པའི་འཁོར་ལོ་ཉིད་ཅེས་པ་འདི་ཇི་ལྟར་ཞེ་ན། གསུངས་པ། གང་ཕྱིར་སྤྲུལ་པ་གནས་བརྟན་ནོ། །གང་གི་ཕྱིར་ཤིན་ཏུ་བརྟན་པ་གཡོ་བ་མེད་པའི་རང་བཞིན་གཏི་མུག་རྡོ་རྗེའི་ངོ་བོ་སྣང་བ་གསལ་བའོ། །ཐམས་ཅད་ཡོད་སྨྲའི་སྡེ་པ་ཆོས་ཀྱི་འཁོར་ལོར་ཆོས་ཀྱི་འཁོར་ལོ་ལ་སྟེ། ཆོས་ཀྱི་འཁོར་ལོ་ཉིད་ཅེས་པ་ཇི་ལྟར་ཞེ་ན། གསུངས་པ། གང་ཕྱིར་ཆོས་ནི་སྨྲ་བ་ཡང་དག་འབྱུང༌། །མངོན་པར་བརྗོད་པའི་ཡུལ་ཞེ་སྡང་རྡོ་རྗེའོ། །ཀུན་གྱིས་བཀུར་བའི་སྡེ་པ་ནི། །ལོངས་


DTG003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་འཁོར་ལོར་ཀུན་བཀུར་ཏེ། །ཞེས་པ་ལོངས་སྤྱོད་འཁོར་ལོ་ཉིད་དོ། །འདི་ཇི་ལྟར་ཞེ་ན། གསུངས་པ། མགྲིན་པར་ཀུན་རིག་བྱེད་ཡང་དག་པའི་རང་བཞིན་འདོད་ཆགས་རྡོ་རྗེའོ། །དགེ་འདུན་ཕལ་ཆེན་པའི་སྡེ་པ་ནི་བདེ་བའི་འཁོར་ལོར་ཏེ་བདེ་བ་ཆེན་པོའི་འཁོར་ལོ་ཉིད་དོ། །ཇི་ལྟར་ཞེ་ན། གསུངས་པ། གང་ཕྱིར་བདེ་ཆེན་མགོར་གནས་ཏེ། །གཡོ་བ་མེད་པའི་རང་བཞིན་ནོ། །དགེ་འདུན་ནི་ཚོགས་པ་སྟེ་འདི་ཆེན་པོ་དང་དགེ་འདུན་ཡང་ཡིན་པའི་ཕྱིར། དགེ་འདུན་ཕལ་ཆེན་ཏེ། ཚོགས་པ་ཆེན་པོ་དང་འདུས་པ་ཆེན་བོའོ། །ཕུང་པོ་དང་ཁམས་དང་སྐྱེ་མ་ཆེད་ལ་སོགས་པ་བསྡུས་པ་སྟེ། དེ་འདི་ལ་ཡོད་པའི་ཕྱིར་རོ། །དེ་ཡང་བདེ་བ་ཆེན་པོ་ཉིད་དེ་ངོ་བོ་ཉིད་ཀྱི་སྐུའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་སྐུ་གསུམ་ཡོངས་སུ་རྫོགས་པའོ། །སྡེ་པ་ནི་མ་ལུས་པའི་འཕེལ་བའི་རང་བཞིན་གྱི་སྐུ་མ་ནིང་སྟེ། སྔར་བརྗོད་པའི་དོན་ནོ། །སྡེ་པ་བཞིའི་གནས་གསུངས་པ། །ལྟེ་བ་གནས་སུ་བརྗོད་པར་བྱ། །ཞེས་པ་ལྟེ་བ་ཆོས་འབྱུང་གི་ནང་སྟེ། དེ་ནི་གནས་གཙུག་ལག་ཁང་དང་བརྟན་པ་ཞེས་བརྗོད་དོ། །སྡེ་པ་བཞི་པོ་ཉིད་གསུངས་པ། །སྐྱེ་གནས་སུ་ནི་ཆགས་བྲལ་འགྱུར། །སྐྱེ་གནས་བྷ་ག་ཆོས་འབྱུང་དུ་ཆགས་བྲལ་ཆགས་པ་དང་བྲལ་བའི་རང་བཞིན་ལྷན་ཅིག་སྐྱེས་པའོ། །ཆགས་བྲལ་རྣམས་ཀྱི་ན་བཟའ་གསུངས་པ། ཕྲུ་མའི་དྲ་བ་ཆོས་གོས་ཏེ་ཕྲུ་མ་ནི་གང་ཞིག་གཏུམས་ཤིང་གཡོགས་པ་སྟེ་ར་བ་ཏུ་གྲགས་སོ། །དེ་གཏུམས་ནས་གནས་པའི་ཕྱིར་དེ་ནི་དྲ་བ་ཆོས་གོས་ཞེས་པའོ། །དྲ་པ་ནི་སྒྲིབ་པ་ཉིད་དེ་སྒྲིབ་པ་ཉིད་སྒྲིབ་པ་མེད་པ་ཞེས་པའི་དོན་ནོ། །མཁན་པོ་གསུངས་པ། དེ་བཞིན་སྐྱེད་བྱེད་མཁན་མའོ། །སྐྱེད་བྱེད་ནི་མ་སྟེ་དེ་ཉིད་མཁན་མའོ། །དེ་ནི་བདེ་བའི་ཡེ་ཤེས་ཉིད་དེ་གང་གི་ཕྱིར་དེ་ཤེས་པའོ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །མངལ་ན་གནས་པའི་གནས་སྐབས་ན་ལག་པ་གཉིས་མགོར་ཐལ་མོ་སྦྱར་ནས་གནས་པའོ། །གང་གི་ཕྱིར་ལྔ་པ་གཉིས་དབྱེར་མེད་པ་ཉིད་སྦྱར་བ་སྟེ། མགོ་བོ་བདེ་བ་ཆེན་པོའི་འཁོར་ལོར་ཕྱག་ཁམས་གསུམ་པ་མངོན་པར་བརྗོད་པའོ། །བསླབ་པའི་གནས་གསུངས་པ། འགྲོ་བའི་བྱ་བ་བསླབ་པའི་གནས། །ཞེས་


DTG003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཚན་མར་འཛིན་པ་མ་ལུས་པ་ནི་བསླབ་པའི་གནས་སོ། །ཡང་ན་གང༌། བསླབ་པའི་གནས་ཞེས་པའི་རིག་པ་ཉེ་བར་ལེན་པའི་ཡེ་ཤེས་ཏེ། དེ་ནི་འགྲོ་པའི་བྱ་བ་ཞེས་པ་རྡོ་རྗེ་གསུམ་མི་ཕྱེད་པའི་ཡེ་ཤེས་སོ། །སྔགས་ཀྱི་བཟླས་བ་གསུངས་པ། སྔགས་བཟླས་ཨ་ཧཾ་དེ་བཞིན་ཏེ། ཡིད་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ཏེ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །དེ་ཉིད་བཟླས་པ་སྟེ་ཚིག་གི་མཚན་མའོ། །དེ་ནི་ཨ་ཧཾ་ངར་འཛིན་པའོ། །ཡང་ན། ཨ་ཡིག་དང་ཧཾ་ཡིག་གི་རང་བཞིན་ཞེས་པ་སྟེ། དེ་བཞིན་ཞེས་པ་ཇི་ལྟར་འགྲོ་བའི་བྱ་བ་དེ་བཞིན་དུ་ང་དང་ང་ཇི་ལྟ་བ་དེ་བཞིན་དུ་འགྲོ་པའི་བྱ་བ་ཞེས་པ་སྟེ། སྐྱེ་གནས་འཁོར་ལོའི་ཨ་ཡིག་དང༌། །བདེ་བ་ཆེན་པོ་ཧཾ་ཡིག་གོ །གང་ཞིག་སྐྱེ་གནས་འཁོར་ལོའི་ཨ་ཡིག་མ་ནིང་དེ་ནི་བདེ་ཆེན་འཁོར་ལོའི་ཧཾ་ཡིག་གོ །གང་ཞིག་བདེ་ཆེན་འཁོར་ལོའི་ཧཾ་ཡིག་དེ་ནི་སྐྱེ་གནས་འཁོར་ལོའི་ཨ་ཡིག་གོ །འདིས་ནི་གཉིས་ཀ་སྦྱར་བ་ལས་སྔགས་བཟླས་ཨ་ཧཾ་ཞེས་པ་སྒྲའི་རབ་བཞིན་ཏོ། སྒྲའི་ཆ་དང་བྲལ་བའི་ཆའོ། །སྐྱེས་པ་དགེ་སློང་སྔགས་འདོན་པ། གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །ཞེས་པ་དོན་གོ་སླ་བ་ཉིད་དོ། །ཡང་ན་སྐྱེས་པ་ཞེས་པ་རྫོགས་པ་སྐྱེ་བ་སྤངས་པ་སྟེ་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ནོ། །དགེ་སློང་ནི་སངས་རྒྱས་ཏེ་སྤྲུལ་པའི་སྐུའི་རང་བཞིན་ནོ། །སྔགས་འདོན་པ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །གཅེར་བུ་ཞེས་པ་འདིས་བཅོམ་ལྡན་འདས་དེ་ཡང་སྒྲིབ་པ་མེད་པའི་མཐའ་ཆོས་ཀྱི་སྐུའི་རང་བཞིན་ནོ། །སྐྲ་དང་ཁ་སྤུ་བྲེགས་ཞེས་པ་རྟག་ཏུ་བྱིས་པའི་རང་བཞིན་ཉིད་དེ། ལྷུན་གྱིས་གྲུབ་པས་སངས་རྒྱས་སུ་བྱས་ནས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །འདི་རྣམས་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དོན་རབ་ཏུ་གསལ་བ་ཉིད་དོ། །ཡང་ན་གང༌། འདི་རྣམས་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཏེ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །སེམས་ཅན་རྣམས་ཀྱིས་བཅུ་ནི་གནས་བཅུ་རྣམས་ཏེ་ལྔ་པ་གཉིས་སོ། །དེ་རྣམས་ཀྱང་ཟླ་བ་སྟེ་བགྲད་དབང་བྲལ་བ་མཐའ་ཡས་པའི་རིགས་ཉིད་ཀྱི་ཕྱིར་ཞེས་དགོངས་བའོ། །དེ་ཉིད་ཀྱི་ཕྱིར་ས་བཅུའི་དབང་ཕྱུག་གནས་བཅུའི་བདག་པོ་སྟེ། སྐུ་གསུམ་པོ་ཉིད་


DTG003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་ཞེས་པའི་དོན་ནོ། །དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་ལྷ་མོ་ཐམས་ཅད་ལ་འདི་ལྟ་སྟེ། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། ཁྲོ་གཉེར་ཅན་དང༌། ཙུནྡཱ་ན་དང༌། པརྞ་རི་ཁྲོད་མ་དང༌། འོག་ཞལ་མ་དང༌། དེ་དག་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་བའི་རྣལ་འབྱོར་མ་རྣམས་ཚིག་འདི་དག་ཐོས་ནས་མཆོག་ཏུ་ངོ་མཚར་བར་གྱུར་ཏེ། བརྒྱལ་བ་དང༌། སྐྲག་པ་དང༌། ས་ལ་འགྱེལ་བ་དང༌། འདར་བར་གྱུར་ཏོ། །དེ་ནས་ཞེས་པ་བར་མ་ཆད་པར་བདག་མེད་མ་ལ་སོགས་པའོ་གཞལ་མའི་རི་བར་ཐམས་ཅད་ནི་རྣལ་འབྱོར་མ་དགུ་པོ་རྣམས་སོ། །དེ་དག་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་ཚིག་འདི་དག་བརྗོད་པ་ཐོས་ནས་རྣ་བའི་དབང་པོས་རྟོགས་ཏེ་འདར་བར་གྱུར་ཅིང༌། སྐྲག་པ་དང༌། བརྒྱལ་བ་དང༌། ས་ལ་འགྱེལ་པར་གྱུར་ཏོ། །འདིས་ནི་བྱིན་གྱིས་བརླབ་པ་བསྟན་ཏེ། དཀྱིལ་འཁོར་བའི་རྣལ་འབྱོར་མ་རྣམས་ཀྱི་ཡང་གཉིས་སུ་མེད་པ་ལས་ཞུ་བར་གྱུར་པ་བསྟན་ཏོ། །རྡོ་རྗེ་ཅན་གྱི་ལྷ་མོ་དེ་རྣམས་ཐམས་ཅད་གཟིགས་ནས་སླར་བསླད་པའི་ཕྱིར་ཡང་དག་པར་བསྟོད་པ་དང༌། རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་སྟེ་མི་ཕྱེད་པའི་ཡེ་ཤེས་སོ། །ཡང་དག་པར་བསྟོད་པའི་སྒྲས་བསྐུལ་བར་མཛད་དེ། སླར་བསླང་བའི་ཕྱིར་སྤྲོ་པའི་དོན་དུའོ། །ལྷ་མོ་དེ་རྣམས་ཐམས་ཅད་ཅེས་པ་དེ་རྣམས་ཤེས་རབ་སྟེ། ཐབས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་སྐྱེས་པའི་རྟགས་ཀྱིས་བསྟན་ཏོ། །བསྟོད་པ་ཉིད་གསུངས་པ། ས་དང་ཆུ་རླུང་བྱིན་ཟ་ཡི། །ལྷ་མོ་སྲིད་མོ་ཁྱེད་རྣམས་ནི། །གང་ཞིག་སུས་ཀྱང་མི་ཤེས་པ། །སྤྲོས་པ་དེ་ཉིད་མཉན་པར་བྱོས། །ཞེས་པ་མཉན་པར་བྱོས་ཏེ། མཚན་མར་འཛིན་པ་མེད་པར་མཉན་པར་བྱོས་ཞེས་པའོ། །ཅི་ཞིག་ཅེས་དོགས་པའི་ལན་དུ་སྤྲོས་པའི་དེ་ཉིད་དེ། གང་ཞིག་སྤྲོས་པ་ཡང་དེ་ཁོ་ནའོ། །གང་ཞིག་སུས་ཀྱང་གང་གིས་ཀྱང་མི་ཤེས་བ་སྤྲོས་པ་གང་ཡིན་པ་སུས་ཀྱང་མི་ཤེས་ཤིང་མ་རྟོགས་པ་སྟེ་རྟེན་དང་བརྟེན་པ་ཉིད་ཀྱིས་རྣམ་པར་གནས་པའི་ཕྱིར་ཞེས་དགོངས་པའོ། །བཅོམ་ལྡན་འདས་ཀྱི་གསུང་རྨི་ལམ་ལྟ་བུ་ཐོས་ནས་དེ་རྣམས་ཐམས་ཅད་སྲོག་རྙེད་པར་གྱུར་ཏོ། །བཅོམ་ལྡན་འདས་སྐུ་གསུམ་གཅིག་པའི་གསུང་ཐོས་ནས། དེ་ཇི་


DTG003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཞེ་ན་རྨི་ལམ་ལྟ་བུ་སྟེ། རྨི་ལམ་དང་འདྲ་བར་བདེན་པ་མ་ཡིན་བརྫུན་པ་མ་ཡིན་བའོ། །དེ་རྣམས་ཐམས་ཅད་སྲོག་རྙེད་པར་གྱུར་ཏོ་ཞེས་པ་སྲོག་རྙེད་པ་ནི་མཚན་མ་མེད་པ་ཉིད་མཚན་མའི་རང་བཞིན་རྟོགས་པར་གྱུར་བ་སྟེ། ཆོས་ཀྱི་སྐུ་ཉིད་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་སྐུ་གཉིས་པོ་གཉིས་སུ་མེད་པ་ཁོང་དུ་ཆུད་པའོ། །སྐུ་གཉིས་པོ་དེ་ཡང་སྤྲུལ་པའི་སྐུ་དང་དབྱེར་མེད་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་སངས་རྒྱས་ཉིད་ཡིན་ཏེ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་བ་ལས་སངས་རྒྱས་སོགས། །སེམས་ཅན་ཞེས་པ་སྲིད་པ་གསུམ་ན་གནས་པ་སྟེ། སྤྲུལ་པའི་སྐུ་དང་དབྱེར་མེད་པ་སྐུ་གཉིས་ཀྱི་རང་བཞིན་སངས་རྒྱས་ཉིད་དོ། །གལ་ཏེ་འདི་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་མེད་པའི་ཕྱིར། དེ་ཇི་ལྟར་ཞེ་ན། གསུངས་པ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །གློ་བུར་གྱི་སྒྲས་རྗེས་སུ་འབྲེལ་པ་མེད་པའོ། །དེ་ལྟར་གྱུར་པའི་དྲི་མ་ནི་དྲི་མ་ལྟ་བུ་སྟེ། གཟུང་པའི་མངོན་པར་ཞེན་པ་ཕུང་པོ་ལྔ་རྣམས་སོ། །དེས་བསྒྲིབས་པ་ནི་བསྒྲིབས་པར་གྱུར་པ་སྟེ། སེམས་ཅན་རྣམས་ཀྱང་རང་བཞིན་གྱིས་དག་པའོ། །གང་ཞིག་འཕགས་བས་གསུངས་པ། དྲི་མེད་ཟླ་བ་ཉི་མ་དག །ཇི་ལྟར་སྒྲ་གཅན་མཁའ་དང་སྤྲིན། །ན་བུན་རྡུལ་དང་དུ་བ་སོགས། །དྲི་མ་ལྔ་པོ་རྣམས་ཀྱིས་བསྒྲིབས། །ཞེས་པའོ། །དེ་བསལ་བ་ལས་ཞེས་པ་གཟུང་བའི་མངོན་པར་ཞེན་པ་ཡོངས་སུ་སྤངས་པ་ལས་སངས་རྒྱས་སོ་ཞེས་གསུངས་པ་ན། མཁའ་འགྲོ་མ་རྣམས་ཀྱི་འཐད་པར་གསུངས་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ་བདེན་ཞིང་བརྫུན་པ་མེད་དོ། །གང་ཞིག་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ནི་བདེན་པ་སྟེ། །དེ་ནི་བརྫུན་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དཔེ་ཡིས་སེམས་ཅན་སངས་རྒྱས་སུ་བདེན་བ་ཉིད་གསུངས་པ། གང་ཞིག་མི་ཤེས་འཇིག་རྟེན་པ། །བཙན་དུག་ཟོས་ནས་བརྒྱལ་བར་འགྱུར། །རྨོངས་སྤངས་དེ་ཉིད་རྟོགས་པ་ཡིས། །དེ་ཡི་སྐྱོན་ནི་གཅོད་པར་བྱེད། །དེ་བཞིན་ཞི་བའི་ཐབས་ཤེས་པ། །ཀྱེ་ཡི་རྡོ་རྗེར་ངལ་བསོས་པ། །མ་རིགས་སོགས་པས་མི་འཛིན་ཅིང༌། །གཏི་མུག་ལ་སོགས་འཆིང་བས་མིན། །བརྒྱལ་བར་གྱུར་ཏེ་སེམས་མེད་པར་འགྱུར་རོ། །ཇི་


DTG003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཞེ་ན། བཙན་དུག་ཟོས་ན་ཞེས་པ་དུག་ཟོས་པ་ནའོ། །དེ་སུ་ཞེ་ན། འཇིག་རྟེན་པ་སྟེ། ཁྱད་པར་ཅི་ཞེ་ན། གང་ཞིག་མི་ཤེས་པ་དུག་གི་དེ་ཉིད་མི་ཤེས་པའོ། །གང་ཡང་དེ་ཉིད་རྟོགས་པ་དུག་གི་དེ་ཁོ་ན་རྟོགས་པ་སྟེ། དེ་ནི་རྨོངས་སྤངས་རྨོངས་པ་སྤངས་པར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་དེའི་སྐྱོན་ནི་གཅོད་པར་བྱེད་དེ། དེའི་སྐྱོན་གཅོད་པ་ནི་དེ་བརྒྱལ་བར་མི་འགྱུར་རོ། །དཔེ་བརྗོད་ནས་དཔེར་བྱ་བ་གསུངས་པ། དེ་བཞིན་ཞི་པའི་ཐབས་ཤེས་པ། །དེ་བཞིན་དུ་གང་ཞིག་མྱ་ངན་ལས་འདས་པའི་ཐབས་རིག་པ་དེ་རྣམས་ཀྱང་འཛིན་པར་མི་འགྱུར་རོ། །གང་གིས་ཤེ་ན། མ་རིག་སོགས་པ་སྟེ། དེ་རྣམས་མ་རིག་པས་འཆིང་བར་མི་འགྱུར་རོ། །ཡང་གང་ཞིག་ཀྱེའི་རྡོ་རྗེར་ངལ་བསོས་པ་དེ་རྣམས་ཀྱང་གཏི་མུག་ལ་སོགས་པའི་འཆིང་བ་རྣམས་ཀྱིས་འཛིན་པར་འགྱུར་བ་མིན་ཧེ་མི་འཛིན་པ་ཉིད་དོ་ཞེས་པའི་དོན་ཏོ། །ཡང་ན་གང༌། དེ་བཞིན་ཞི་བའི་ཐབས་ཤེས་པ་ཇི་ལྟར་ཞེ་ན། གང་གི་ཕྱིར་ཀྱེའི་རྡོ་རྗེར་ངལ་བསོས་པ་སྤྲོ་པའི་རང་བཞིན་ཉིད་ལས་མང་པོའི་ཚིག་སྟེ། སྤྲོས་པའི་དེ་ཉིད་ཅེས་པའོ། །དེ་རྣམས་འཛིན་པར་མི་འགྱུར་རོ། །གང་གིས་ཤེ་ན། གཏི་མུག་ལ་སོགས་པའི་འཆིང་བས་ཏེ་མ་རིག་པ་ལ་སོགས་པ་རྣམས་ཀྱིས་སོ། །ཇི་ལྟ་བུས་ཤེ་ན། མ་རིག་པ་ཉིད་ལ་སོགས་པ་གང་གི་དང་པོ་ཐོག་མར་གྱུར་པ་དེ་རྣམས་ཀྱིས་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཐམས་ཅད་ཅེས་པའི་གསུངས་ལས་སོ། །སེམས་ཅན་སངས་རྒྱས་ཉིད་ཡིན་ཏེ། །ཞེས་པའི་རྐྱེན་གསུངས་པ། རང་དང་རང་གི་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དགས་དུད་འགྲོ་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤད་པའི་སྲིན་བུ་ལ་སོགས་རྣམས། །རྟག་ཏུ་རང་བཞིན་བདེ་བ་ཅན། །ལྷ་དང་ལྷ་མ་ཡིན་གྱི་ཡང༌། །བདེ་བ་གང་ཕྱིར་མི་ཤེས་པ། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །སངས་རྒྱས་མ་ཡིན་པའི་སེམས་ཅན་ནི་གཅིག་ཀྱང་མེད་དེ། ཐམས་ཅད་སངས་རྒྱས་ཉིད་དོ། །ཇི་ལྟར་ཞེ་ན། རྟོགས་པ་ལས་ཏེ། གང་གི་ཞེ་ན།


DTG003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་རང་གི་ཞེས་པ་བདག་དང་བདག་གིའོ། །དམྱལ་བ་ལ་སོགས་པར་གཏོགས་པའི་སེམས་ཅན་རྣམས་ཀྱང་རྟག་ཏུ་ཐོག་མ་དང་ཐ་མ་མེད་པར་བདེ་བ་ཅན་ཉིད་དེ། རང་བཞིན་ཞེས་པ་རང་གི་ངོ་བོ་ལས་ཏེ་རང་གི་བདེ་བ་ལས་ཞེས་དགོངས་པའོ། །འདི་ཇི་ལྟར་ཞེ་ན། གསུངས་པ། གང་གི་ཕྱིར་དམྱལ་བ་ལ་སོགས་པའི་སེམས་ཅན་དེ་རྣམས་ནི་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་བདེ་བ་མི་ཤེས་ཏེ། རང་གི་བདེ་བ་རྟོགས་པ་ལས་ཐམས་ཅད་སངས་རྒྱས་ཉིད་དོ། །དེ་ཉིད་ཀྱི་ཕྱིར། འཇིག་རྟེན་གྱི་ཁམས་གང་དུ་ཡང་སྲོག་ཆགས་རྣམས་ལས་གཞན་དུ་སངས་རྒྱས་རྙེད་པར་མི་འགྱུར་ཞིང་ཐོབ་བར་མི་འགྱུར་རོ། །དེ་ལྟ་མོད་ཀྱི་གང་གི་ཕྱིར་སེམས་ནི་རྫོགས་པའི་སངས་རྒྱས་ཉིད་དེ། སེམས་ལས་གཞན་དུ་སངས་རྒྱས་བསྟན་པ་མེད། ཆོས་ཐམས་ཅད་སེམས་ཀྱི་ལུས་ཉིད་ཀྱི་ཕྱིར་དམྱལ་བ་ལ་སོགས་པ་ཐམས་ཅད་ཀྱང་རང་གི་སེམས་ཀྱི་ལུས་ཉིད་དོ། །དེའི་ཕྱིར་སངས་རྒྱས་ཉིད་དོ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཞེས་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། གསུངས་པ། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་པོ། །དེ་ཡང་ཀྱེ་རྡོ་རྗེ་ཤེས་ནས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གདོལ་པ་ནི་དྲག་པོའི་ལས་བྱེད་བའོ། །སྨྱིག་མ་མཁན་ནི་མདའ་མཁན་ནོ། །ཁྱད་བར་ཅི་ཞེ་ན། གསོད་པའི་དོན་གྱིས་དགོས་པའི་དོན་སེམས་པར་བྱེད་པའི་ཕྱིར་སེམས་པ་པོ་སྟེ་རྟག་ཏུ་སྲོག་ཆགས་གསོད་པ་ལ་དགའ་བ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱིས་སངས་རྒྱས་ཉིད་ཤིན་ཏུ་རིང་ངོ༌། །དེ་རྣམས་ཀྱང་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཇི་ལྟར་ཞེ་ན། ཀྱེའི་རྡོ་རྗེ་ཤེས་ནས་ཆོས་ཐམས་ཅད་ཀྱང་སེམས་ཀྱི་ལུས་སུ་གཅིག་པ་རྟོགས་པར་གྱུར་ནའོ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་མདོར་བསྟན་པའི་དོན་དུ་གསུངས་པ། བྱིས་པ་མི་ཤེས་པས་བསྒྲིབས་པ། །འགྲོ་བ་མི་ཤེས་པ་འདི་རྣམས། །འགྲོ་དྲུག་སྲིད་པའི་རྒྱུ་བ་རུ། །རྨོངས་པ་དེ་རྣམས་འཁོར་བར་འགྱུར། །མི་ཤེས་པས་བསྒྲིབས་པ་ཞེས་པ་གང་ཞིག་ཆོས་ཐམས་ཅད་སེམས་ཙམ་ཉིད་དུ་མི་ཤེས་པ་དེ་ཉིད་བསྒྲིབས་པ་སྟེ། དེ་ཉིད་ཀྱི་ཕྱིར་བྱིས་པ་མི་ཤེས་པའོ། །འདི་ཉིད་ཇི་ལྟར་ཞེ་ན། འགྲོ་བ་མི་ཤེས་པ་འདི་རྣམས་གང་ཞིག་སེམས་


DTG003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྫོགས་པའི་སངས་རྒྱས་ཉིད་ཅེས་པ་མི་ཤེས་པའོ། །དེ་རྣམས་འཁོར་བར་འགྱུར་ཏེ་ཡང་དང་ཡང་སྐྱེ་བ་དང་འགག་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྨོངས་པ་གཏི་མུག་གིས་བསྒྲིབས་པའོ། །གང་དུ་སྲིད་པའི་རྒྱུ་བ་སྐྱེ་བའི་དྲ་བར་ཏེ། སྐྱེ་པ་ཉིད་འཆིང་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཁྱད་པར་ཅི་ཞེ་ན། འགྲོ་དྲུག་ཅེས་པ་ལྷ་ལ་སོགས་པ་འགྲོ་བ་དྲུག་གི་རང་བཞིན་དུའོ། །དེ་བསལ་བས་སངས་རྒྱས་སོ་ཞེས་མདོར་བསྟན་པའི་དོན་གསུངས་པ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཀྱེ་ཡི་རྡོ་རྗེའི་ཐབས་རྙེད་ནས། །གང་གི་ཡུལ་རྣམས་རྣམ་སྦྱོང་བ། །དེ་ནི་བླ་མེད་རྙེད་པར་འགྱུར། །ཀྱེའི་རྡོ་རྗེའི་རང་བཞིན་གྱི་ཐབས་རྙེད་ནས་གང་ཞིག་ཡུལ་རྣམས་རྣམ་པར་སྦྱོང་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡུལ་རྣམ་པར་སྦྱོང་བ་ཉིད་གློ་བུར་གྱི་དྲི་མ་སེལ་བ་ཡིན་ཞིང༌། དེའི་ཐབས་ཀྱང་ཀྱེའི་རྡོ་རྗེ་ཉིད་ཡིན་གྱི་གཞན་མ་ཡིན་ནོ་ཞེས་པའོ། །གལ་ཏེ་ཀྱེའི་རྡོ་རྗེའི་ཐབས་ཡུལ་གྱི་རྣམ་པར་སྦྱོང་པ་ཉིད་ཀྱེའི་རྡོ་རྗེའི་རང་བཞིན་ཉིད་དུ་ཡུལ་གྱི་རྣམ་པར་དག་པ་གསུངས་ཏེ་སེམས་འབའ་ཞིག་ཉིད་ཁམས་གསུམ་པ་དང་དབྱེར་མེད་པ་ཀྱེའི་རྡོ་རྗེའོ། །དེ་ཉིད་སངས་རྒྱས་ཏེ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་སངས་རྒྱས་ཉིད་དུ་ཐེ་ཚོམ་མེད་དོ། །ས་ནི་པུཀྐ་སཱི་རུ་བཤད། །གང་ཕྱིར་གཏི་མུག་སྲ་བ་ཉིད། །སྐུ་ནི་རྣམ་པར་སྣང་མཛད་འདོད། །ཇི་ལྟར་མི་སྤྱོད་ཕྱག་རྒྱ་ལགས། །ཞེས་པ་གང་དུ་རྡོ་རྗེ་སྙིང་པོ་བོས་ནས་གསུངས་པ། དེའི་ཕྱིར་རྡོ་རྗེ་སྙིང་པོས་ཡུལ་ལ་སོགས་པ་རྣམ་པར་དག་པ་ཉིད་ཀྱེའི་རྡོ་རྗེའོ་ཞེས་ཐུགས་ལ་གནས་པར་མཛད་ནས་ཐེ་ཚོམ་དུ་གྱུར་པ། ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས། །ཞེས་པའི་རྣམ་པ་འདིས་ཞུ་བ་མཛད་དེ། ཇི་ལྟར་སྐུ་རྡོ་རྗེར་འགྱུར་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་སྤངས་ནས་ནི་ལུས་ཀྱི་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །དེ་ཕྱིར་རྣམ་པར་སྣང་མཛད་སེམས། །སྐུ་ལ་ཐུགས་ཀྱི་ཕྱག་རྒྱས་གདག །དེ་ཕྱིར་སྐུ་ཉིད་ཐུགས་ཀྱིས་སོ། །ཆུ་ཁམས་རི་ཁྲོད་མ་རུ་བཤད། །མི་བསྐྱོད་ཁུ་བའི་གཟུགས་ཅན་ཏེ། །མི་བསྐྱོད་ཕྱག་རྒྱ་རི་ཁྲོད་མ། །གཙོ་བོ་ཕྱག་རྒྱས་གདབ་བར་རིགས། །རི་ཁྲོད་མ་ནི་ཆུ་ཁམས་ཏེ། །དེའི་ཕྱིར་ཐུགས་ཀྱི་ཕྱག་རྒྱས་གདབ་པར་རིགས་སོ། །འདིས་


DTG003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གསུང་རྡོ་རྗེ་ཉིད་ཐུགས་རྡོ་རྗེ་དང༌། ཐུགས་རྡོ་རྗེ་ཉིད་གསུང་རྡོ་རྗེ་སྟེ། ཐུགས་རྡོ་རྗེ་ཡང་སྐུ་རྡོ་རྗེ་ཉིད་ཅེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལུས་སྤངས་ནས་ནི་སེམས་ཀྱི་ནི། །གནས་པ་གཞན་དུ་མཐོང་མ་ཡིན། །དེ་ཕྱིར་སེམས་ནི་གཏི་མུག་འགྱུར། །ཐུགས་ལ་གཏི་མུག་ཕྱག་རྒྱས་གདབ། །དེའི་ཕྱིར་སེམས་དང་ཐ་དང་པའི་ལུས་མི་དམིགས་སོ། །དེའི་ཕྱིར་ཐུགས་ཉིད་སྐུ་སྟེ་དེའི་ཕྱིར་སྐུ་གསུང་ཐུགས་སོ། །ས་དང་ཆུའི་རང་བཞིན་མཁའ་འགྲོ་མ་ཉིད་གསུངས་པའོ། །མེའི་རང་བཞིན་གདོལ་པ་མོར་གསུངས་པ། མེ་ནི་གདོལ་པ་མོར་བཤད་དེ། །འདོད་ཆགས་ཕྱག་རྒྱས་གདོལ་པ་མོ། །རིགས་ཀྱི་ཕྱག་རྒྱ་གཞན་མིན་ན། །ཇི་ལྟར་རིན་ཆེན་དབང་པོའི་རྒྱལ། །གདོལ་པ་མོ་ནི་གསུང་རྡོ་རྗེས་ཕྱག་རྒྱ་དབ་པར་རིགས་ན་ཇི་ལྟར་རིན་ཆེན་དབང་པོའི་ཕྱག་རྒྱས་གདབ་ཅེས་ཞུས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཕྱིར་འདོད་ཆགས་ཆགས་པར་བཤད། །ཆགས་པ་རིན་ཆེན་འབྱུང་ལྡན་དེ། །མེ་ནི་འདོད་ཆགས་རང་བཞིན་ཕྱིར། །འདོད་ཆགས་སེར་སྣའི་ཕྱག་རྒྱས་གདབ། །གང་གི་ཕྱིར་འདོད་ཆགས་ནི་ཆགས་པར་བཤད་ཅིང༌། ཆགས་པ་ཡང་རིན་ཆེན་འབྱུང་ལྡན་ཏེ། དེ་ཡང་མེའོ། །མེ་ཡང་འདོད་ཆགས་ཀྱི་རང་བཞིན་ཉིད་དེ། །འདོད་ཆགས་ཀྱང་སེར་སྣའི་རང་བཞིན་ནོ། །སེར་སྣང་རྒྱལ་རྡོ་རྗེའོ། །ཞེས་པའི་གསུངས་ལས་ཐུགས་ཉིད་ཀྱིས་ཕྱག་རྒྱས་གདབ་ཅེས་དགོངས་པའོ། །རླུང་གི་ཁམས་ཀྱི་རང་བཞིན་གཡུང་མོ་གསུངས་པ། གང་ཕྱིར་གཡུང་མོ་རླུང་ཡིན་ཏེ། དོན་ཡོད་རླུང་གི་རང་བཞིན་ཅན། །དོན་ཡོད་ཕྱག་རྒྱས་གཡུང་མོ་ལ། །གཙོ་བོ་ཕྱག་རྒྱ་གདབ་པར་རིགས། །གཡུང་མོ་ལ་དོན་ཡོད་གྲུབ་པའི་ཕྱག་རྒྱ་གདབ་པར་རིགས་སོ་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདོད་ཆགས་སྤངས་ནས་ཕྲག་དོག་ནི། །གཞན་དུ་འབྱུང་བ་མ་ཡིན་ཏེ། །དེ་ཕྱིར་འདོད་ཆགས་ཕྱག་རྒྱ་ཡིས། །མཁས་པས་གཡུང་མོ་ཕྱག་རྒྱས་གདབ། །འདིས་ཅི་གསུངས་ན། འདོད་ཆགས་ནི་འོད་དཔག་མེད་གསུང་རྡོ་རྗེའོ། །དེ་ཡང་ཐུགས་རྡོ་རྗེས་རྒྱས་བཏབ་པ་ཉིད་ཀྱི་ཕྱིར་རླུང་གི་ཁམས་ཀྱི་རང་བཞིན་གཡུང་མོ་ཡང་ཐུགས་ཞེས་དགོངས་པའོ། །འདིས་ཅི་གསུངས་ན་ཕུང་པོ་ལྔའི་རང་བཞིན་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་ལྔ་སྟེ། ས་ལ་


DTG003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་པུཀྐ་སཱི་ལ་སོགས་པ། མཁའ་འགྲོ་མ་བཞི་པོ་ཐམས་ཅད་ཐུགས་ཉིད་ཀྱི་ཕྱག་རྒྱས་གདབ་བོ་ཞེས་པའོ། །གཞན་ཡང་མཁའ་འགྲོ་མ་བཞི་ཡང་ཐུགས་ཉིད་ཀྱི་ཕྱག་རྒྱས་གདབ་པོ་ཞེས་གསུངས་པ། གང་ཕྱིར་གཟུགས་ནི་སྲ་བ་ཉིད་གཽ་རཱི་རྣམ་པར་སྣང་མཛད་འདོད། །སྔར་གསུངས་ཉིད་ཀྱི་རིགས་པ་ཡིས། །སེམས་ཀྱི་བདག་པོ་ཕྱག་རྒྱས་གདབ། །གཟུགས་ནི་གཏི་མུག་གི་རང་བཞིན་ཉིད་ཀྱི་ཕྱིར་སྲ་བ་ཉིད་དོ། དེའི་ཕྱིར་གཽ་རཱི་རྣམ་པར་སྣང་མཛད་འདོད། །རྣམ་པར་སྣང་མཛད་ནི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར། སྔར་གསུངས་ཉིད་ཀྱི་སྐུ་ལ་ཕྱག་རྒྱས་གདབ་ཅེས་པའོ། །དེ་ཉིད་རིགས་པས་ཆོམ་རྐུན་མ། །ཞེས་པ་སྒྲའི་རང་བཞིན་ཉིད་ཀྱི་ཕྱིར། རིན་ཆེན་དབང་བོ་རྣམ་པར་དག་པ་འོད་དཔག་མེད་དེ་འོད་དཔག་མེད་ཀྱང་མི་བསྐྱོད་པ་རྣམ་པར་དག་པའོ། །དེ་བཞིན་རོ་ལངས་མ་ཉིད་དང༌། །ཞེས་པ་དྲིའི་རང་བཞིན་འོད་དཔག་མེད་རྣམ་པར་དག་པ་མི་བསྐྱོད་པ་ཉིད་ཅེས་པའོ། །དེ་ཡི་རིགས་པས་གྷསྨ་རཱི། །ཞེས་པ་རོའི་རང་བཞིན་དོན་ཡོད་གྲུབ་པ་རྣམ་པར་དག་པ་མི་བསྐྱོད་པ་ཉིད་ཅེས་པའོ། །མ་ལོག་པ་ལས་ཕྱག་རྒྱའོ། །ཞེས་པ་བདག་མེད་མ་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་རིམ་པ་ཉིད་ཀྱིས་ཞེས་དགོངས་པའོ། །ས་སྤྱོད་མ་དང་མཁའ་སྤྱོད་མའི་མཁའ་འགྲོ་མ་གཉིས་ཀྱི་དོན་ནི་ཕྱི་ནས་གསལ་བར་བརྗོད་པར་བྱ་སྟེ། སྐུ་གསུང་ཐུགས་རྣམས་ནི་ཐུགས་ཀྱི་རང་གི་རང་བཞིན་ཉིད་ཀྱིས་ནང་དུ་ཐིམ་པའི་ཕྱིར་མཁའ་འགྲོ་མ་གཉིས་ཐ་དད་དུ་མ་གསུངས་སོ། །དེ་ནི་སེམས་ཙམ་དུ་གཅིག་པ་ཉིད་རྟོགས་པ་ལས་སངས་རྒྱས་ཉིད་དེ། གློ་བུར་གྱི་དྲི་མས་བསྒྲིབས་པའི་སེམས་ཅན་རྣམས་ལ་ཇི་ལྟར་གཏོར་མ་ཆེན་པོ་དང་མཆོད་པ་ཆེན་པོ་བྱ་ཞིང༌། ཐམས་ཅད་ཀྱི་དབང་པོ་ཐམས་ཅད་ཚིམ་པར་བྱེད་པའི་དགོས་པ་ཅི་ཞེས་བློ་ལ་གནས་པར་མཛད་ནས་གསུངས་པ། ཀྱེ་ཡི་རྡོ་རྗེར་རྡོ་རྗེ་འཛིན། །སྙོམས་འཇུག་གནས་པའི་ལྷ་ཉིད་ལ། །སེམས་ཅན་དོན་ཕྱིར་གཏོར་མ་ཆེ། །དེ་ལ་བདག་མེད་མས་ཞུས་པ། །སྙོམས་པར་འཇུག་ཅེས་པ་གཉིས་སུ་མེད་པ་རྟོགས་པའོ། །ལྷ་ཞེས་པ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །ཀྱེའི་རྡོ་རྗེར་ཞེས་པ་སྡུད་པའི་བདག་ཉིད་དོ། །རྡོ་རྗེ་འཛིན་ཞེས་པ་བདེན་པ་གཉིས་དབྱར་མེད་པ་ལའོ། །དེ་


DTG003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྣམ་པར་གནས་པ་དེ་ལ་བདག་མེད་མས་ཞུས་པ། གཏོར་མ་ཆེན་པོ་ཡང་དག་པའི་མཆོད་པ་སེམས་ཅན་དོན་ཕྱིར་སྲིད་པ་གསུམ་དུ་གནས་པ་རྣམས་ཀྱི་ཆེད་དུའོ། །ཨེ་ཝཾ་ཡི་གེར་བཞུགས་ནས་ནི། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །བགེགས་དང་ལོག་པར་འདྲེན་ལས་ཀྱང་། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །ཨེ་ཝཾ་ཡི་གེར་ཞེས་པ་ཁ་སྦྱོར་གྱི་རྣལ་འབྱོར་ལའོ། །དེ་ཉིད་ཀྱི་ཕྱིར་བཞུགས་པ་འདུས་པའི་ཚུལ་གྱིས་གཡོ་བ་མེད་པའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའ་སྟེ། གཏོར་མའི་མཆོད་པའི་ཆོ་ག་བསྟན་ཅིང་སྦྱིན་པར་བྱའོ། །སེམས་ཅན་སྐུ་གསུམ་གྱི་རང་བཞིན་རྣམས་ཀྱི་སྲོག་བསྲུང་ཕྱིར་རྣམ་པར་ཤེས་པ་ཙམ་དུ་རྟོགས་པའི་ཆེད་དུའོ། །གང་ལས་ཤེ་ན། བགེགས་དབང་པོ་རྣམས་ལས་ཏེ། ལོག་པར་འདྲིན་པ་སེམས་ལས་སོ། །ཨོཾ་ཨིནད། ཛ་མ། ཛ་ལ། ཛཀྑ། བྷཱུཏ། བཧྣི། བཱ་ཨུ། རཀྵ་ཙནད། སུཛྫ། མཱ་ད། པྤ་པྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ། སཔྤ་སྲཱ་ཧཱ། ཨི་དཾ། བྷ་ལིཾ། བྷ་ལིཾ་ལྷུཉྫ། ཛི་གྷ། ཕུལླ། དྷཱུཔྤ། མཱཾ་ས། པིཾ་གྷ། ཨམྦྷ། ཀཛྫ། སཱ་ད། ཁ་ནྟི། ཁུ་ཎི། ཕེ་ཌ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུ་ཏྤནྣ་ཏྭཱཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་སྟོང་པ་ཉིད་རྣམ་པར་བསྒོམས་ནས། དེའི་དབུས་སུ་ཨ་ཡིག་ཁ་དོག་དམར་པོ་རྣམ་པར་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཐོད་པ་འདབ་མ་བརྒྱད་པ་རྣམ་པར་བསྒོམ་ཞིང༌། དེའི་ནང་དུ་བྷཱུཾ་ཨོཾ་ཛྲཱི་ཁཾ་ཧཱུཾ་ཡོངས་སུ་གྱུར་པ་རྣམ་པར་སྣང་མཛད་དང༌། རིན་ཆེན་དབང་པོ་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་རྣམས་དང༌། བིར་ཤུ་མ་མུ་ཡི་གེ་ལྔ་དང༌། གོ་ཀུད་ཧན་ཡོངས་སུ་གྱུར་པ་རྣམས་སོ། །དེའི་འོག་ཏུ་ཡི་དུ་བ་ལྟ་བུ་དང༌། རཾ་ཁ་དོག་དམར་པོ་རྣམ་པར་བསྒོམས་ཏེ། རླུང་དང་མེ་གཉིས་འབར་བར་བསྒོམ་ཞིང་མེ་ངེས་བསྐོལ་ཏེ། གཅིག་ཏུ་གྱུར་ཅིང་ཞུ་བར་གྱུར་པར་བལྟས་ནས། དེའི་སྟེང་དུ་ཧཱུཾ་ཡིག་ཁ་དོག་ནག་པོའོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བ་ལྟས་ཏེ། དེའི་དབུས་སུ་དེ་བཞིན་གཤེགས་པ་སྔ་དང་ལྷ་མོ་རྣམས་ཀྱང་བལྟ་བར་བྱ་ཞིང༌། དེ་རྣམས་རྡོ་རྗེ་དང་ཤན་ཅིག་ཁུ་བར་བལྟས་ལ་ཐོད་པ་དེའི་སྟེང་ངུ་ཨཾ་ཡིག་ཁ་དོག་དཀར་པོའོ། །དེ་ཡོངས་སུ་གྱུར་གྱུར་ལས་ཟླ་བའི་དཀྱིལ་འཁོར་དུ་བལྟས་ནས། དེ་ཡང་དེར་ཞུ་བར་གྱུར་


DTG003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པ་བལྟས་ཏེ་ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་གསུམ་གྱིས་གཏོར་མ་བདུད་རྩིའི་རང་བཞིན་དུ་བསྒྲུབ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཧཱུཾ་ཡིག་ཡོངས་སུ་གྱུར་པ་པདྨ་འདབ་མ་བརྒྱད་ལ་བལྟས་ནས། དབང་པོ་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་ལ་དབང་བོ་ལ་སོགས་པ་རྣམས་སྦྱར་བར་བྱའོ། །དེ་ལ་ཤར་དུ་དབང་པོ་མིག་སྟོང་དང་ལྡན་པ་རིན་པོ་ཆེའི་ཅོད་པན་ཅན། སེར་སྐྱ་ལག་ན་རྡོ་རྗེ་ཐོགས་པ་གླང་པོ་ཆེ་ལ་ཞོན་པའོ། །ལྷོའི་འདབ་མར་གཤིན་རྗེ་ལག་ན་དབྱུག་པ་ཐོགས་པ་མ་ཧེ་ལ་ཞོན་པ་རིན་པོ་ཆེའི་ཅོད་པན་ཅན་ནག་པོའོ། །ནུབ་ཏུ་ཛ་ལ་ཞེས་པ་ཆུ་ལྷ་སྟེ་དཀར་པོ་ཆུ་སྲིན་ལ་ཞོན་པ་ལག་ན་ཞགས་པ་ཐོགས་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །བྱང་དུ་གནོད་སྦྱིན་སེར་པོ་རིན་པོ་ཆེའི་ཅོད་པན་ཅན་མི་ལ་ཞོན་པ་ལག་ན་དཔལ་གྱི་འབྲས་བུ་ཐོགས་པ། གཤིན་རྗེ་ཉི་མའི་གདན་ཏེ་ཉི་མའི་འོད་ཅན་ནོ། །ལྷག་མ་རྣམས་ནི་ཟླ་བའི་གདན་ཏེ་ཟླ་བའི་འོད་ཅན་ནོ། །བྷཱུ་ཏ་ཞེས་པ་འབྱུང་པོའི་བདག་པོ་སྟེ། དབང་ཕྱུག་ཆེན་པོ་མིག་གསུམ་པ་རལ་པའི་ཅོད་པན་ཅན་ཁྱུ་མཆོག་ལ་ཞོན་པ་ལག་ན་རྩེ་གསུམ་པ་ཐོགས་པ་དཀར་པོ་སྟག་གི་པགས་པའི་ཤམ་ཐབས་ཅན་ལུས་ལ་ཐལ་བས་བྱུགས་པ། སྤྲུལ་བྱི་རྒྱན་དང་ལྡན་པ་ཟླ་བའི་འོད་ཅན་ནོ། །མེ་ལྷ་ཤིན་ཏུ་སེར་པོ་ལྟོ་བ་འཕྱང་བ་བོང་ཐུང་བ་ར་ལ་ཞོན་པ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། རལ་པའི་ཅོད་པན་ཅན་ཉི་མའི་གདན་དང་ཉི་མའི་འོད་ཅན་ཤིང་ཤུན་གྱི་ན་བཟའ་ཅན་ནོ། །རླུང་ལྷ་ནག་པོ་ལག་ན་རྒྱལ་མཚན་ཐོགས་པ་རིན་པོ་ཆེའི་གཅོད་པན་ཅན་རི་དགས་ལ་ཞོན་པ་ཟླ་བའི་གདན་དང་ཟླ་བའི་འོད་ཅན་རྒྱན་ཐམས་ཅད་དང་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །སྲིན་པོ་ནག་པོ་སྐྲ་ཁམ་པ་གྱེན་དུ་འགྲེང་བ་གྲི་ཐུང་དང་ཐོད་པ་འཛིན་པ་ཁྲོ་ཞིང་སྨིན་མ་བསྐྱོད་པ་དང་བཅས་པའོ། །དེའི་རྗེས་ལ་ལོངས་སྤྱོད་རྫོགས་པའི་འཁོར་ལོར་ཨོཾ་ཡིག་ཁ་དོག་དཀར་པོ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འདབ་མ་བཞི་པའོ། །དེ་ལས་གཡོན་གྱི་འདབ་མ་ལ་ཟླ་བ་དཀར་བོ་རྟ་དཀར་པོ་ལ་ཞོན་པ་རིན་པོ་ཆེའི་ཅོད་པན་ཅན། ལག་ན་ཀུ་མུ་ད་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཟླ་བའི་གདན་དང་ཟླ་པའི་འོད་ཅན་ནོ། །ལོའི་འདབ་མ་ལ་ཉི་མ་དམར་བོ་ཕྱག་བཞི་པ་པདྨ་འཛིན་པ་རྟ་ལྗང་གུ་ལ་ཞོན་པ་རིན་པོ་ཆེའི་ཅོད་པན་ཅན་རྒྱན་ཐམས་


DTG003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་བརྒྱན་པ་ཉི་མའི་གདན་དང་ཉི་མའི་འོད་ཅན་ནོ། །མཱ་ད་ཞེས་པ་ཡུམ་སའི་ལྷ་མོ་སེར་མོ་ལྷའི་ན་བཟའ་དང་རྒྱན་དང་ལྡན་པ་ལག་ན་བུམ་པ་ཐོགས་པ། ཟླ་བའི་གདན་དང་ཟླ་བའི་འོད་ཅན་ཏེ། དེ་ནི་ནུབ་ཀྱི་འདབ་མ་ལའོ། །པཔྤ་ཞེས་པ་ཕ་ཚངས་པའོ། །དེ་ཡང་སེར་པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ་རལ་པའི་ཅོད་པན་ཅན་ངང་པ་ལ་ཞོན་པ། གསུས་པ་ཆེ་བ་ཟླ་བའི་གདན་ཏེ་ཟླ་བའི་འོད་ཅན་ཏེ་དེ་ནི་ཤར་གྱི་འདབ་མ་ལའོ། །ཏ་ལ་པཱ་ཏཱ་ལ་ཨཊྚ་སཔྤ་ཞེས་པ་རིགས་ལྡན་དང་དུང་སྐྱོད་དང་འཇོག་པོ་རྣམས་སེར་པོའོ། །ནོར་རྒྱས་ནི་ཤིན་ཏུ་དམར་པོའོ། །པདྨ་དང་པདྨ་ཆེན་པོ་དག་དཀར་པོའོ། །ཀ་རྐོ་ཊ་དང་མཐའ་ཡས་དག་ལྗང་གུ་དང་སྔོན་པོའོ། །འདི་རྣམས་རིན་པོ་ཆེའི་ཅོད་པན་མིའི་གདོང་པ་དང་ལྡན་པ་སྤྲུལ་གྱི་མཇུག་ལུས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འདི་རྣམས་ནི་སྤྲུལ་པའི་འཁོར་ལོ་ཨཱཿ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་ཁ་དོག་དམར་པོ་འདབ་མ་བརྒྱད་པ་བལྟས་ཏེ། ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་རྣམས་ལ་རིམ་པ་བཞིན་རྣམ་པར་གཞག་པར་བྱའོ། །ཨོཾ་ཨིནད། ཛ་མ། ཛ་ལ། ཛཀྵ། བྷཱུ་ཏ། བཧྣི་བཱ་ཨུ། རཀྑ། སུཛྫ། ཙནད། སུཛྫ། མཱ་ད། པཔྤ། ཏ་ལ། པཱ་ཏཱ་ལེ། ཨཊྚ། སཔྤ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་སྤྱན་དྲངས་ཏེ། མཆོད་ཡོན་དང་ཞབས་བསིལ་ཕུལ་ནས་ཧཱུཾ་ཡིག་གིས་དབང་པོ་ལ་སོགས་པ་བརྒྱད་མི་བསྐྱོད་པའི་ངོ་བོར་རྫོགས་པར་བསམས་ལ། ཨོཾ་ཡིག་གིས་ཟླ་བ་ལ་སོགས་པ་རྣམས་རྣམ་པར་སྣང་མཛད་ཀྱི་ངོ་བོར་རྫོགས་པར་བསམ་ཞིང༌། ཨཱཿ་ཡིག་གིས་རིགས་ལྡན་ལ་སོགས་པ་རྣམས་འོད་དཔག་མེད་ཀྱི་ངོ་བོར་རྫོགས་པར་རྣམ་པར་བལྟས་ན་ལྷའི་རྣལ་འབྱོར་དང་ལྡན་པའི་ལྕེ་ལ་ཧཱུཾ་ཡིག་ཁ་དོག་ནག་པོ་ལས་རྡོ་རྗེའི་ལྕེ་འོད་ཟེར་གྱི་སྦུབས་ནག་པོ་སྟེ། དེས་ཚངས་པ་ལ་སོགས་པ་རྣམས་གཏོར་མའི་ཡོ་བྱད་ལོངས་སྤྱོད་པར་བསམ་ཞིང་དོགས་པ་ཡང་ཡིད་ལ་བྱ་སྟེ། དེ་ནས་ཨི་དཾ། པ་ལིཾ། བྷུ་ཉྫ། ཛི་གྷ། ཕུལླ། དྷཱུཔྤ། །མཱཾས། པིཾ་གྷ། ཨམྦྷ། ཀཛྫ། སཱ་ད། ཁནྟི། ཁུ་ཎི། ཕེ་ཊ། ག་ད་ཞེས་པའི་སྔགས་བརྗོད་ཅིང་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རང་དང་གཞན་གྱི་མངོན་པར་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། ཞབས་བསིལ་ལ་སོགས་པ་ཕུལ་ནས་གཤེགས་སུ་གསོལ་བར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨཱ་དྱ་


DTG003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། མུཿ་ཞེས་པ་བརྗོད་ཅིང་དྲིལ་བུ་དཀྲོལ་ནས་གཤེགས་སུ་གསོལ་བར་བྱའོ་ཞེས་པའོ། །གཏོར་མ་ཕུལ་བས་དགོས་པ་ཅི་ཞིག་འབྱུང་ཞེ་ན། གསུངས་པ། གལ་ཏེ་རྣལ་འབྱོར་བ་རྣམས་དགེ་བའི་ཕྱིར་གཏོར་མ་འདིས་བྱུང་པོ་ཐམས་ཅད་ལ་མཆོད་པ་བྱེད་ན་དེའི་ཚེ་དེ་རྣམས་ལ་བདེ་བ་དྲི་མ་མེད་པར་འགྱུར་ཞིང་ལྷ་རྣམས་ཀྱང་མཉེས་པར་འགྱུར་ཏེ། འགྲོ་བ་རྣམས་ལ་འབྱོར་པར་འགྱུར་རོ། །འདིར་གང་ཞིག་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་གཏོར་མ་འབུལ་བར་བྱེད་ན། དབང་དང་མངོན་སྤྱོད་དང༌། དགྲའི་སྡེ་འཇིག་པ་དང་བསྐྲད་པ་དང༌། གསད་པ་དང༌། དགུག་པ་དང༌། ཞི་བ་དང༌། བདེ་བ་དང༌། རྒྱས་པར་འགྱུར་རོ། །གལ་ཏེ་རྣལ་འབྱོར་བ་དེ་ཁོ་ན་དང་ལྡན་པ་སུ་ཞིག་དགེ་བའི་ཕྱིར་གཏོར་མ་འདིས་ཞེས་པ་བདུད་རྩི་ལྔ་ཡེ་ཤེས་ལྔའི་རང་བཞིན། རྡོ་རྗེ་གསུམ་ནི་མི་ཕྱེད་པའི་མཆོད་པ་འདིས་འབྱུང་པོ་ཐམས་ཅད་ལ་མཆོད་པ་བྱེད་ན་དེའི་ཚེ་འབྱུང་པོ་དེ་རྣམས་ལ་བདེ་བ་ཕུལ་དུ་བྱུང་བའི་བདེ་བ་འབྱུང་བར་འགྱུར་ཞིང་ལྷ་རྣམས་ཀྱང་དབང་པོ་ལ་སོགས་པ་རྣམས་སོ། །ཡང་ན་གང་རོལ་པའི་ཕྱིར་ལྷ་སྟེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ནོ་དེ་རྣམས་མཉེས་ཤིང་ཚིམ་པར་འགྱུར་རོ། །བདེ་ཉིད་ཀྱི་ཕྱིར་འགྲོ་བ་རྣམས་ལ་འབྱོར་པར་འགྱུར་ཏེ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པ་འབྱུང་བར་འགྱུར་རོ། །འདིར་གང་ཞིག་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་བར་ཆད་མེད་པར་གཏོར་མ་དབུལ་པར་བྱེད་ན་དབང་དང་མངོན་སྤྱོད་ལ་སོགས་པ་རྣམས་ཀྱང་མཐོང་བའི་ཆོས་ལ་འབྱུང་བར་འགྱུར་རོ། །ཡང་ན་དབང་ནི་སྡུད་པའོ། །མངོན་སྤྱོད་ནི་སྤྲོ་བའོ། །དགྲའི་སྡེ་ནི་གཏི་མུག་ལ་སོགས་པ་ཡོན་ཏན་མི་ཤེས་པ་རྣམས་ཏེ་དེ་རྣམས་འཇིག་པའོ། །བསྐྲད་པ་ནི་སྤྲོ་བའོ། །གསད་པ་ནི་སྡུད་པའོ། །དགུག་པ་ནི་གཉིས་ཀའི་རང་བཞིན་དུ་གྱུར་པ་སྤྲོ་བ་དང་སྡུད་པ་དབྱེར་མེད་པས་རྣམ་པར་གནས་པའོ། །ཞི་བ་ཞེས་པ་ཡོངས་སུ་མྱ་ངན་ལས་འདས་པའི་གོ་འཕང་ལ་གནས་པའི་མཐར་ཐུ་ཀ་པར་སྐྱོན་ཐམས་ཅད་དྲུངས་ནས་བྱུང་བའོ། །བདེ་བ་ཞེས་པ་འདི་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་སོ། །དེ་ཉིད་ཇི་ལྟ་བུ་ཞེ་ན་རྒྱས་པར་འགྱུར་ཏེ། རྣམ་པ་བཅུ་གཉིས་ཀྱི་འཁོར་ལོ་རབ་ཏུ་


DTG003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་བཟོད་པའོ། །འདི་ཇི་ལྟར་ཞེ་ན། གསུངས་པ། གང་ཞིག་གཏོར་མ་དབུལ་བར་བྱེད་པ་ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་ལས་བྱུང་བ་རྡོ་རྗེ་གསུམ་པོ་དེ་གལ་ཏེ་སྤོང་བར་བྱེད་པ་སྟེ། དེའི་ཀུན་དུ་རྟོག་པ་ཡང་མི་འབྱུང་བའོ། །ཅིའི་དོན་དུ་ཞེ་ན། གསུངས་པ། འབྱུང་པོའི་ཚོགས་ཀྱི་ཕྱིར་བགྲང་བར་བྱ་བའི་ཕྱིར་ཚོགས་ཏེ་ཕུང་པོ་ལྔའོ། །འབྱུང་པོ་ནི་ཡང་དག་པ་ཇི་ལྟ་བ་སྟེ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་རྣམས་ཚོགས་དང་ཡང་དག་པ་སྟེ། དེའི་ཕྱིར་དང་དེའི་ཆེད་དུའོ། །དེ་ཡང་རྟག་ཏུ་བར་ཆད་མེད་པ་ཞེས་པའི་དོན་ནོ། །རྡོ་རྗེ་གསུམ་པོ་ཉིད་མངོན་པར་གསལ་བར་བྱ་བའི་དོན་དུ་རྡོ་རྗེ་སྙིང་པོས་གསོལ་པ། ཕྱག་རྒྱ་གང་གིས་མཁའ་སྤྱོད་མ། །གང་གིས་ཕྱག་རྒྱས་ས་སྤྱོད་མ། །གཙོ་བོ་བདག་གིས་ལྔར་མ་འཚལ། །བཅོམ་ལྡན་ཇི་ལྟར་ཕྱག་རྒྱ་བགྱི། །དེ་ལྟར་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་གསུམ་འཁོར་ལོ་འདི་བུས་སུ་ནི། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས། །འོག་དང་སྟེང་དང་དབུས་གནས་པ། །འཁོར་ལོའི་དབུས་སུ་རྣམ་པར་གནས། །གསང་གསུམ་ཞེས་པ་གསུམ་པོ་འདི་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ཡང་འཁོར་ལོའི་དབུས་སོ། །འཁོར་ལོ་དབུས་སུ་ཞེས་པ་སྤྲུལ་པ་དང༌། ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་འཁོར་ལོ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿ་ཧཱུཾ་ཞེས་པ་ཡི་གེ་གསུམ་མོ། །གསང་བ་གསུམ་ཇི་ལྟར་ཞེ་ན། སྐུ་གསུང་ཐུགས་ཀྱི་དབྱེ་བ་ལ་སོ་སོ། །དེ་ཉིད་གསུངས་པ་འོག་དང་སྟེང་དང་དབུས་གནས་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། ས་སྤྱོད་སྐུ་ཡི་ཕྱག་རྒྱ་ཅན། །སྟེང་ཞལ་སྐུ་ཡི་རྡོ་རྗེ་མ། །མཁའ་སྤྱོད་འདོད་ཆགས་ཕྱག་རྒྱ་ཅན། །འོག་ཞལ་གསུང་གི་རྡོ་རྗེ་མ། །ས་སྤྱོད་མ་སྐུ་རྡོ་རྗེའི་རང་བཞིན་ནོ། །མཁའ་སྤྱོད་མ་གསུང་རྡོ་རྗེའི་རང་བཞིན་ནོ། །བདག་མེད་མ་ཐུགས་རྡོ་རྗེའི་རང་བཞིན་ཏེ། སེམས་ནི་བདག་མེད་རང་བཞིན་ཅན། །རང་བཞིན་མེད་པའི་རང་བཞིན་གྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། སེམས་ནི་དབུ་མར་གནས་པ་སྟེ་དེས་ན་བདག་མེད་མ་དབུས་སྐྱེས་དབུས་དམར་གནས་པ་གཉིས་སུ་མེད་པའི་རང་བཞིན་ནོ། །དེ་ལྟར་ན་གསང་བ་གསུམ་གྱི་རང་བཞིན་ཉིད་རྡོ་རྗེ་གསུམ་དུ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྡོ་རྗེ་མ་ལ་སོགས་པ་རྣམས་སོ། །དེའི་ཕྱིར་གསུངས་པ། རྒྱས་


DTG003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པར་རབ་ཏུ་ཕྱེ་བ་ལས། །རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །རྣམ་གསུམ་རྣམ་པ་ལྔ་ཉིད་ཀྱང༌། །བཤད་བྱ་རྣལ་འབྱོར་མ་རྣམས་ཉོན། །མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༌། །དཔག་མེད་དོན་ཡོད་རྡོ་རྗེ་སེམས། །ཞེ་སྡང་གཏི་མུག་སེར་སྣ་དང༌། །འདོད་ཆགས་ཕྲག་དོག་བདེ་དག་པས། །འདིས་ནི་རིམ་པས་བསྒོམ་པར་བྱ། །འདིས་ཅི་གསུངས་ན་བདག་མེད་མ་དང༌། རྡོ་རྗེ་མ་དང༌། དཀར་མོ་དང༌། ཆུ་མ་དང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའོ། །སྐུ་དང་གསུང་གི་དབྱེ་བས་རྡོ་རྗེ་སེམས་དཔའ་སྟེ། མཁའ་འགྲོ་མ་བདུན་ནི་དེ་ལྟར་རིགས་དྲུག་གོ །དེ་བཞིན་དུ་ཕྱིའི་རིམ་པར་གནས་པ་མཁའ་འགྲོ་མ་བརྒྱད་པོ་རྣམས་ནི་དྲུག་གོ །ཡེ་ཤེས་ལྔའི་རང་བཞིན་ལྔ་དང༌། རྡོ་རྗེ་གསུམ་དབྱེར་མེད་པ་གསུམ་མོ། །འདིས་ནི་ཞེ་སྡང་ལ་སོགས་པའི་རང་བཞིན་དྲུག་སྟེ། མི་བསྐྱོད་པ་ལ་སོགས་པ་རྣམས་དང་། ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་དྲུག་ཚན་གཉིས་སོ། །གཉིས་ཀ་དབྱེར་མེད་པ་ལས་ཡེ་ཤེས་པ་དྲུག་པོ་རྣམས་ཀྱང་སྟེ། བཅོ་བརྒྱད་ཀྱི་རང་བཞིན་རྣམས་རྡོ་རྗེ་གསུམ་དབྱེར་མེད་པ་རིགས་དྲུག་ཏུ་འགྱུར་རོ། །རྒྱས་པར་རབ་ཏུ་ཕྱེ་བ་ལས་ཏེ་བཤད་པ་ལས་སོ། །དག་པ་འདིས་ནི་རིམ་པས་བསྒོམ་ཞིང་སྙོམས་པར་ཞུགས་པའི་རང་བཞིན་དུ་བྱའོ། །རིགས་དྲུག་པོ་དེ་རྣམས་ཉིད་རིགས་རྣམ་པ་ལྔར་འགྱུར་རོ་ཞེས་གསུངས་པ། །རྡོ་རྗེ་སེམས་དཔའ་སྤངས་ནས་ནི། །ཞེས་པས་སྤྱོད་མ་དང་མཁའ་སྤྱོད་མ་གཉིས་ཏེ། གཉིས་ཀ་དབྱེར་མེད་པར་གྱུར་པ། བདག་མེད་མ་རྣལ་འབྱོར་མའི་རང་བཞིན་ནོ། །དེའི་ཕྱིར་རྡོ་རྗེ་སེམས་དཔའ་སྲིད་པ་གསུམ་གཅིག་པར་གྱུར་པ་བདག་མེད་རྣལ་འབྱོར་མའི་རང་བཞིན་ནོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་སྤངས་ནས་ནི། །ཕྱི་ནས་བར་མ་ཆད་པར་རིགས་ནི་རྣམ་པ་ལྔའོ། །དེ་བཞིན་དུ་ཕྱིའི་རིམ་པས་གནས་པའི་མཁའ་འགྲོ་མ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་པ་ནི་མཁའ་འགྲོ་མ་ལྔ་པོ་རྣམས་ཀྱི་ནང་དུ་ཐིམ་པར་གྱུར་ཅིང༌། ལྔ་ཚན་གཉིས་ཏེ། གཉིས་ཀའི་ཤེས་པས་བསྐྱེད་པའི་ཡེ་ཤེས་པ་ལྔ་དང་བཅོ་ལྔའོ། །དེ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པར་གྱུར་པ་རིགས་རྣམ་པ་ལྔའོ། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །དེ་


DTG003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་རྣམ་པ་གསུམ་དུ་འགྱུར། འདི་རྣམས་ཀྱང་དེ་བཞིན་གཤེགས་པ་ལྔའི་རང་བཞིན་མཁའ་འགྲོ་མ་ལྔ་པོ་རྣམས་ནི་རིགས་རྣམ་པ་གསུམ་སྟེ། རིན་ཆེན་དབང་པོ་དང༌། དོན་ཡོད་གྲུབ་པ་ནི་རྣམ་པར་སྣང་མཛད་དང༌། འོད་དཔག་མེད་ནི་སྐུ་དང་གསུང་གི་རང་བཞིན་གཏི་མུག་དང་འདོད་ཆགས་དག་གི་ནང་དུ་ཞུགས་པའི་ཕྱིར་རོ། །དེ་ལྟར་ཕྱིའི་རིམ་པར་གནས་པ་རྣམས་ཀྱི་ཡང་སྟེ། གསུམ་པ་གཉིས་དབྱེར་མེད་པ་ལས་སྐྱེས་པའི་ཤེས་པ་གསུམ་དང༌། དགུ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་རིགས་རྣམ་པ་གསུམ་མོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱིས་ཞེས་པའི་དོན་ནོ། །རྣལ་འབྱོར་མ་རྣམས་ཉོན་ཞེས་པ་གང་ཞིག་བོས་པ་དེ་ནི་ཐམས་ཅད་དུ་རྣལ་འབྱོར་ཉིད་ལས་ཞེས་པའི་དོན་ཏེ། རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་དང་ལྡན་པ་བདག་མེད་མ་ཉིད་དོ་ཞེས་པའོ། །དེ་བོས་ནས་མངོན་པར་གསལ་བར་མཛད་པ་ཐུགས་ཀྱི་དབང་པོའི་རིགས་གཅིག་ནི། མི་བསྐྱོད་ཞེ་སྡང་རང་བཞིན་ཅན། སྐུ་དང་གསུང་དག་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་གཉིས་ཀའི་སྦྱོར་བ་ལས་རིགས་གཅིག་ཉིད་དོ། །དེ་ནི་ཐུགས་ཀྱི་དབང་པོ་ཐུགས་ཀྱི་རང་བཞིན་ཏེ། དབང་པོ་ནི་སྐྱེས་པ་ལས་མ་ནིང་ངོ༌། །དེ་ཉིད་མི་བསྐྱོད་པ་གཡོ་བ་མེད་པའི་རང་བཞིན་ཏེ་དེ་ཉིད་ཀྱི་རྣམ་པའོ། །དེ་ཉིད་ཀྱི་ཕྱིར་ཞེ་སྡང་རང་བཞིན་ཅན་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ་ཡང་དག་པའི་ཡེ་ཤེས་སོ། །འདི་ཡང་ཞེ་སྡང་རྡོ་རྗེའི་མཐུ་ཡིན་ནོ་ཞེས་གསུངས་པ། ཞེ་སྡང་རྡོ་རྗེའི་མཐུ་འདི་ནི། །རིགས་ནི་དྲུག་དང་ལྔ་རུ་འདོད། ཕུལ་དུ་བྱུང་བའི་དངོས་པོ་ནི་མཐུ་སྟེ་འདི་ཞེ་སྡང་དང་རྡོ་རྗེ་ཡང་ཡིན་པའི་ཕྱིར་ཞེ་སྡང་རྡོ་རྗེའོ། །དེ་ཉིད་མཐུ་སྟེ། ཐུགས་ཀྱི་དབང་པོ་མི་བསྐྱོད་པ། །ཞེ་སྡང་གི་རང་བཞིན་ནོ་ཞེས་པ་གསུམ་མོ། །ཞེ་སྡང་གིས་རྣམ་པ་གཉིས་སོ། །གཉིས་སུ་མེད་པ་ཉིད་ཀྱིས་གཅིག་གོ །གཅིག་ཉིད་ལས་གཅིག་ཀྱང་མེད་པ་བཞི་པའོ།། །།

ལྔ་པ། ཧེ་རུ་ཀ་གསལ་བའི་ལེའུའི་འགྲེལ་བཤད།


DTG003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་རྣམ་པ་གཉིས་དང༌། རྣམ་པ་གསུམ་དག་གིས་ལྔའོ། །འདི་ཉིད་བཞི་པ་སྟེ། གཅིག་དང་དུ་མའི་དོན་ཉིད་ཀྱིས། གཉིས་སུ་མེད་པའི་རང་བཞིན་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཀྱིས་དྲུག་ཅེས་པ་རིགས་དྲུག་དང༌། ལྔ་ཞེས་པ་ཡང་དག་པའི་ཡེ་ཤེས་སོ། །འདིས་ནི་གཅིག་ཉིད་དྲུག་གི་རང་བཞིན་


DTG003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དྲུག་ཉིད་གཅིག་གི་རང་བཞིན་ཏེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ཅིང་གཅད་དུ་མེད་པའོ་ཞེས་པའོ། །རྡོ་རྗེ་དཀར་མོ་པུཀྐ་སཱི། །ས་དང་རྣམ་སྣང་བདག་ཉིད་ཅན། །དཀར་མོ་ཆོམ་རྐུན་རོ་ལངས་མ། །མེ་དང་རིན་ཆེན་དབང་པོའི་རྒྱ། །ཆུ་མ་རི་ཁྲོད་རོ་ལངས་མ། །ཆུ་ཁམས་དཔག་མེད་དབང་ཕྱུག་གོ །གྷསྨ་རཱི་དང་གཡུང་མོ་དང༌། །དེ་བཞིན་རྡོ་རྗེ་མཁའ་འགྲོ་མ། །རླུང་ཁམས་རྟ་ཞེས་རབ་ཏུ་བརྗོད། །དེ་བཞིན་མཁའ་སྤྱོད་ས་སྤྱོད་མ། །བདག་མེད་མཁའ་འགྲོ་མ་ཉིད་ཀྱང༌། །མཁའ་ཁམས་ཞེ་སྡང་ཞེས་པར་བརྗོད། །དབང་པོ་དང་ནི་འབྱུང་ཆེན་དང༌། །ཡུལ་ཞེས་བྱ་བར་དེ་རྣམས་འདོད། །གཉིས་ནི་ཡང་དག་སྦྱོར་ལས་ཀྱང༌། །རྣམ་ཤེས་གསུམ་པོ་གཅིག་ཉིད་དོ། །ཕུང་པོ་ལྔ་རྣམས་སོ་སོ་ལ། །ཕུང་པོ་ལྔ་ཡི་རང་བཞིན་ཅན། །ས་ལ་སོགས་པའི་འབྱུང་ཆེན་ཡང༌། །རེ་རེ་འབྱུང་བ་ལྔར་འགྱུར་རོ། །གཟུགས་ལ་སོགས་པའི་ཡུལ་ལྔ་པོ། །རེ་རེ་ལྔ་ཡི་རང་བཞིན་ཅན། །དེ་ཕྱིར་གཟུགས་སོགས་ཕུང་པོ་དང༌། །གང་ཞིག་འབྱུང་བ་ཆེ་རྣམས་དང༌། །གང་ཡང་གཟུགས་ལ་སོགས་པའི་ཡུལ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཡེ་ཤེས་ལྔ་ཡི་རང་བཞིན་ནི། །ཞེ་སྡང་རྡོ་རྗེ་ལས་གཞན་མིན། །ཞེ་སྡང་རྡོ་རྗེའི་མཐུ་འདི་ནི། །རིགས་ནི་དྲུག་དང་ལྔ་རུ་འདོད། །ཅེས་པ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ། །རྒྱུད་ཐམས་ཅད་ཀྱི་སྒྲས་མ་ལུས་པའི་བྱད་པར་བསྐྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་ཕྱག་རྒྱའི་མཚན་མ་སྟེ་རྒྱུད་ཐམས་ཅད་ཀྱི་རྒྱས་གདབ་པའོ། །རྒྱས་གདབ་པ་དེ་ཡང་བསྡུས་པ་སྟེ། བསྡུས་པའི་རང་བཞིན་ནི་དོན་ནོ་ཞེས་བྱ་བ་བརྡར་བརྟགས་པའི་ལེའུ་སྟེ་བཞི་པའོ། །ལེའུ་བཅུ་གཅིག་པ་དང་ལྷན་ཅིག་མཁའ་འགྲོ་མ་ལྔ་བསྡུས་པ་ནི་ལེའུ་བཞི་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་བཞི་པའོ།། །།ཞེ་སྡང་རྡོ་རྗེའི་མཐུ་འདི་ནི། །ཞེས་གསུངས་པ་ལ་ཞེ་སྡང་རྡོ་རྗེ་ཉིད་ཅི་ལྟ་བུ་ཞེས་བདག་མེད་མའི་ཞུ་བའི་སྒོ་ནས་ཞེ་སྡང་རྡོ་རྗེའི་རང་བཞིན་གསུངས་པ། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་དང་འཇིགས་པ་པོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །བདག་མེད་མ་ཡིས་སྐུ་ལ་འཁྱུད། །ཕྱག་རྒྱ་ལྔ་ནི་འཛིན་ལྷ་ལ། །


DTG003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མ་ཉིད་ཀྱིས་ཞུས་པ། །བཅོ་ལྡས་ཡོངས་སུ་བསྐོར་བ་ཡི། །བདག་གི་འཁོར་ལོ་ཁྱོད་ཀྱིས་བཤད། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །གཙོ་བོ་བདག་གིས་སྔར་མ་འཚལ། །ཞབས་བཞི་པ་དང་འཇིགས་པ་པོ། །ཞེས་པ་བདུད་བཞི་འཇོམས་པ་ཉིད་ཀྱི་ཕྱིར་རོ། །དཔའ་བ་ཞེས་པ་ཕས་ཀྱི་རྒོལ་བ་ལ་སོགས་པ་རྣམས་ཀྱིས་མི་བརྫི་བ་ཉིད་ཀྱི་ཕྱིར་རོ། །ཐོད་པའི་ཕྲེང་བ་ཅན་ཞེས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཉིད་ཀྱིས་མཐའ་ཡས་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བདག་མེད་ཙུམྦ་ན་མཛད་ནས། །རྡོ་རྗེ་ཐོད་པ་རྩལ་ནས་ནི། །སྟ་ནཾ་དག་ནི་མཉེས་ནས་ལྷ། །དཀྱིལ་འཁོར་ཡང་དགར་བ་གསལ་མཛད། །བདག་མེད་མ་ལ་ཙུམྤ་ནས་དགའ་བའོ། །ཐོད་པར་སྩལ་བ་ལས་མཆོག་དགའ་བའོ། །སྟ་ནཾ་མཉེས་མཛད་དེ་ཞེས་པ་འདི་དག་དགའ་བྲལ་གྱི་དགའ་བའོ། །ལྷ་ནཾ་རོལ་པར་བྱེད་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལྟར་དགའ་བཞིའི་རང་བཞིན་གྱི། །དཀྱིལ་འཁོར་ཡང་དག་ར་བ་གསལ་མཛད། །འོད་གསལ་བ་ཉིད་ཀྱིས་རྣམ་པར་གནས་པར་མཛད་དོ། །འཁོར་ལོ་ཇི་ལྟར་སྔར་གསུངས་བཞིན། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཟུར་བཞི་པ་ལ་སྒོ་བཞི་པ། །རྡོ་རྗེ་སྲད་བུ་རྣམས་ཀྱིས་བརྒྱན། །དེར་ནི་དབུས་སུ་ད་རིག་མ། །ཁྱོད་ད་ལྷན་ཅིག་བཞིན་བཟངས་མ། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །འཁོར་ལོ་ཇི་ལྟར་སྔར་གསུངས་བཞིན། །ཞེས་པ་ལེའུ་གསུམ་པར་མདོར་བསྟན་པའི། །དང་པོར་བྱམས་པ་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་ཚངས་བའི་གནས་བཞི་བསྒོམ་པ་དང༌། དེའི་རྗེས་ལ། སླར་ཡང་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་པ་ལ་སོགས་པ་ནས། །བཞི་པ་ལ་ནི་ཡིག་འབྲུག་དགོད། །ཅེས་པའི་བར་གྱིས་གང་གསུངས་པ་དང༌། རེ་ཕས་ཉི་མ་སྔོན་དུ་རྣམ་པ་སྒོམ་ཞིང༌། །ཞེས་པ་ལ་སོགས་བ། གུར་བཅིང་བ་ཡང་རྣམ་པར་བསྒོམ་པར་བྱ། །ཞེས་པའི་བར་གྱིས་གང་གསུངས་པ། དེ་ཐམས་ཅད་ཐུགས་ལ་གནས་པར་མཛད་ནས། དེའི་རྗེས་ལ་ལེའུ་བརྒྱད་པར་གསུངས་པ་ནམ་མཁའི་ཁམས་སུ་དྷ་ག་བསམ། །ཞེས་པ་ལ་སོགས་པ། སྒོམ་པ་པོ་ཡང་ཇི་ལྟར་འབྱུང༌། །ཞེས་


DTG003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་གྱིས་གང་གསུངས་བ་དེ་ཐམས་ཅད་དང༌། དེ་ཡི་དབུས་སུ་བསམ་བྱ་རོ། །ཞེས་པ་ལ་སོགས་པས་པདྨ་འདབ་མ་བརྒྱད་པ་རིམ་པ་གཅིག་པ་བསམས་ནས་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་བ་ལས་ཟླ་བ་དང་ཉི་མའོ། །དེའི་དབུས་སུ་ས་བོན་ནོ། །གཅིག་ཏུ་གྱུར་པ་ཉིད་ཀྱིས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཟུགས་བརྙན་རྫོགས་པའི་མཐར་ཐུག་པས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཐམས་ཅད་མཚོན་པའོ། །དེར་ནི་དབུས་སུ་ང་རིགས། །ཞེས་པ་ང་ཉིད་རིག་མ་སྟེ། རིག་མ་ཞེས་པ་ཕྱག་རྒྱ་ཆེན་པོའོ། །ཁྱོད་དང་ལྷན་ཅིག་ཅེས་པ་ཁ་སྦྱོར་གྱི་རྣལ་འབྱོར་གྱི་རང་བཞིན་ཉིད་ལས་ཞེས་དགོངས་པའོ། །དེ་ཉིད་གསུངས་པ། འདོད་ཆགས་ཆེན་པོའི་རྗེས་ཆགས་པས། དགའ་བྲལ་གྱི་དགའ་བའི་རང་བཞིན་གྱི་རྒྱུ་ཡིས་ལྷན་ཅིག་སྐྱེས་དགའི་རང་བཞིན་ལས་བྱ་བ་གྲུབ་པའི་ཡེ་ཤེས་ལས་གཟུགས་བརྙན་རྫོགས་པའི་རང་བཞིན་ནོ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་སྟེ། །འཇིགས་པ་ལ་ཡང་འཇིགས་པར་མཛད། །མགོ་བོའི་ཕྲེང་བའི་དོ་ཤལ་མཛད། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཁ་དོག་ནག་པོ་འཇིགས་པའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དག་གཅིག་པ་ཉིད་གསུངས་ཏེ། གོང་དུ། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞེས་པ་ལ་སོགས་པ་གང་གསུངས་པ་དེ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཞེ་སྡང་རྡོ་རྗེའི་ངོ་བོར་བརྗོད་དོ། །ད་ནི་ཞལ་བརྒྱད་ཅེས་པ་ལ་སོགས་པས་དམ་ཚིག་གི་དཀྱིལ་འཁོར་དང་དབྱེར་མེད་པ་ཉིད་དོ། །རྡོ་རྗེ་འཆང་ནི་དཀྱིལ་འཁོར་གཉིས་ཀའི་རང་བཞིན་ཉིད་དོ་ཞེས་གསུངས་སོ། །ཞལ་བརྒྱད་པ་ཞེས་པ་བཞི་ཚན་གཉིས་སོ། །ཞབས་བཞི་པ་ཞེས་རེ་རེ་ཡིས། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །ཞེས་པ་སྟེ། བཞི་པོ་རེ་རེ་ལ་བཞིའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བདུད་བཞི་མཉམ་པར་མནན་པ་སྟེ། །ཞེས་དགའ་བ་བཞི་མཉམ་པ་ཉིད་གཅིག་པ་ཉིད་ཀྱིས་སོ། །འཇིགས་པ་ལ་ཡང་འཇིགས་པར་མཛད། །ཅེས་པ་འདིས་དམིགས་པ་ཐམས་ཅད་སྤོང་བ་ཉིད་ཀྱི་ཕྱིར་རོ། །མགོ་བོའི་ཕྲེང་བའི་དོ་ཤལ་མཛད། །ཅེས་པ་འདིས་དེ་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་


DTG003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དབྱེར་མེད་པ་ཉིད་དོ། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཞེས་པ་འདིས་ཡེ་ཤེས་ནི་སྤྲོ་བ་དང་སྡུད་པའི་རང་བཞིན་ཉིད་དོ། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཞེས་པ་དེ་ཉིད་སྤྲོ་བའི་རང་བཞིན་ནོ། །ཁ་དོག་ནག་པོ་ཞེས་པ་དེ་ཉིད་སྡུད་པའི་རང་བཞིན་ནོ། །འཇིགས་པ་པོ་ཞེས་པ་གཉིས་ཀ་དབྱེར་མེད་པ་སྟེ། གཉིས་ཀའི་བག་ཉིད་ཅན་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །འདིས་ནི་དམ་ཚིག་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་དབྱེར་མེད་པའི་ཕྱིར་ཞེ་སྡང་རྡོ་རྗེའི་རང་བཞིན་ཞལ་བརྒྱད་པ་ཉིད་གསུངས་སོ། །དེ་ཉིད་མངོན་པར་གསལ་བར་མཛད་པ་ཉིད་ཀྱི་ཞལ་ནས་ཧཱུཾ་ཡིག་སྤྲོ། །ཐལ་བས་ལུས་ལ་བྱུགས་པ་སྟེ། །དགའ་བས་གཉིས་གཉིས་སྙོམས་འཇུག་པ། །བདག་མེད་མ་དང་ལྷན་ཅིག་སྦྱོར། །རླབས་དང་བྲལ་བའི་བདེ་བ་ཐོབ། །རླབས་དང་བྲལ་བའི་རང་བཞིན་ཅན། །ཞེས་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཞལ་བརྒྱད་ཀྱི་རང་བཞིན་ལས་ཧཱུཾ་ཡིག་སྤྲོ་བའོ། །ཁྱད་པར་ཅི་ཞེ་ན། ཐལ་བས་ལུས་ལ་བྱུགས་པ་སྟེ། །ཐལ་བ་ནི་རྡུལ་ཕྲ་རབ་བོ། །དེ་བཞིན་དུ་ལུས་ལ་བྱུགས་པ་ནི་དེ་གང་གིས་སྐུར་གྱུར་པ་སྟེ། དེ་ཉིད་ཧཱུཾ་ཡིག་ཏིལ་གྱི་གཟུགས་ལྟ་བུ་སྤྲོས་པས་ནམ་མཁའི་ཁམས་སུ་ཡང་མི་ཤོད་པར་གྱུར་པའོ། །གཞན་ཡང་ཁྱད་པར་ཅི་ཞེ་ན། དགའ་བས་གཉིས་གཉིས་སྙོམས་འཇུག་པ། དགའ་བ་ཞེས་པ་ཕུལ་དུ་བྱུང་བའི་བདེ་བ་སྟེ། དེའི་གཉིས་གཉིས་ནི་གཉིས་ཀའི་ཡེ་ཤེས་སོ། །དེས་སྙོམས་པར་འཇུག་པ་ནི་ལྡན་པའོ། །དེ་ཉིད་ཀྱི་ཕྱིར། །བདག་མེད་མ་དང་ལྷན་ཅིག་སྦྱོར། །ལྷན་ཅིག་ཡང་དག་པར་ཁ་སྦྱོར་ཏེ། །གཉིས་སུ་མེད་པའི་རང་བཞིན་ཉིད། །ཅེས་དགོངས་པའོ། །དེ་ཉིད་བདག་མེད་མ་སྟེ། བདག་མེད་མ་ཉིད་དེ་ཡིན་པའི་ཕྱིར་ཁ་སྦྱོར་རོ། །རླབས་དང་བྲལ་བའི་བདེ་བ་ཐོབ། །ཅེས་པ་རླབས་ནི་རླབས་ལྟ་བུ་སྟེ། སྤྲོས་པའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའོ། །གང་གི་ཕྱིར་དེ་དང་བྲལ་ཞིང་དེ་ལ་བརྟེན་པ་ནི་རླབས་དང་བྲལ་བ་སྟེ། ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་དོན་དམ་པའི་བདེན་པའི་བདག་ཉིད་ཅན་ནོ། །དེ་ལྟར་གྱུར་པའི་བདེ་བ་ཡེ་ཤེས་སོ། །དེ་ཉིད་ཐོབ་སྟེ་དེའི་རང་བཞིན། །ཞེས་དགོངས་པའོ། །ཡེ་ཤེས་དེ་ཡང་རླབས་དང་བྲལ་བའི་རང་བཞིན་ཅན་དེ་ལྟར་གྱུར་པའི་ཧཱུཾ་ཡིག་རླབས་དང་བྲལ་བའི་རང་བཞིན་ཅན་ནོ། །ཞལ་


DTG003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ཁ་དོག་གསུངས་པ། རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ཀུནད་ལྟ་བུ་སྟེ། །གཡོན་པ་དམར་ཞིང་ཆེར་འཇིགས་པ། །སྟེང་གི་ཞལ་ནི་གཙིགས་པ་ཅན། །སྒྲ་ཇི་བཞིན་པའི་དོན་གསལ་བ་ཉིད་དོན་གཞན་བརྗོད་པར་བྱའོ། །ཞལ་དང་པོ་དེ་ཉིད་རྩ་བ་སྟེ། དེ་ཡང་ནག་པོ་ཆེ་འོད་གསལ་བའི་རང་བཞིན་ཐུགས་སུ་བརྗོད་པའོ། །གཡས་པ་ཀུནད་ལྟ་བུ་སྟེ། །ཀཱ་ལིའི་རང་བཞིན་ཐབས་ཀྱི་ངོ་བོ་སྐུ་རུ་བརྗོད་པའོ། །གཡོན་པ་དམར་པོ་ཨཱ་ལིའི་རང་བཞིན་ཤེས་རབ་ཀྱི་ངོ་བོ་གསུང་དུ་བརྗོད་པའོ། །སྟེང་གི་ཞལ་ནི་རྡོ་རྗེ་གསུམ་གྱི་སྟེང་དུ་ཆེར་འཇིགས་པ་བཞི་པ་སྟེ། གཙིགས་པ་ཅན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་གྱི་ཕྱིར་རོ། །སྤྱན་ནི་ཉི་ཤུ་རྩ་བཞི་ལྡན། །ཞལ་སོ་སོ་ལ་སྤྱན་གསུམ་གསུམ་ཉིད་ཀྱི་ཕྱིར་ཞལ་བརྒྱད་པོ་རྣམས་ལ་སྤྱན་ཉི་ཤུ་རྩ་བཞིའོ། །གསུངས་པ་ཡང༌། རྡོ་རྗེ་གསུམ་གྱིས་དག་པའི་སྤྱན། །ཞེས་པ་སྟེ། རྡོ་རྗེ་གསུམ་གྱི་སྐབས་ཉིད་དང་ལྡན་པའོ། །ཞལ་གཞན་བཞི་མ་གསུངས་པར་སྤྱན་རྣམས་གསུངས་ཏེ། གནས་དང་ཉེ་བའི་གནས་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་རྣམ་པར་དག་པ་རྣམས་སོ། །ལྷག་མའི་ཞལ་ནི་བུང་པ་བཞིན། །གཞན་ཞལ་བཞི་པོ་ནི་ནག་པོ་ཉིད་ཅེས་པའོ། །འདིས་ནི་དེ་ལྟར་གསུངས་ཏེ། རྡོ་རྗེ་གསུམ་གྱི་རང་བཞིན་དགའ་བ་གསུམ་དང་དེ་དང་དབྱེར་མེད་པ་བཞི་པ་ལྷན་ཅིག་སྐྱེས་པའོ། །བཞི་པ་དེ་ཡང་དེ་དང་དབྱེར་མེད་པ་ཉིད་ཅེས་པ་སྟེ། བུང་བ་དང་མཚུངས་པའི་ཞལ་བཞི་པའོ། །འདིས་ཞལ་ནག་པོ་ལྔ་པོ་རྣམས་ཀྱི་ཡེ་ཤེས་ལྔ་དབྱེར་མེད་པ་ཉིད་དོ། །དམར་པོ་དང་དཀར་པོ་དག་གིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་དོ། །རྣམ་པར་གཙིགས་པ་ཅན་གྱིས་སྐུ་གསུམ་དང་ཡེ་ཤེས་ལྔ་ཉིད་དེ། ཞལ་བརྒྱད་པ་ཞེ་སྡང་རྡོ་རྗེ་ཉིད་གསུངས་པའོ། །གཉིས་ཀ་སྙོམས་པར་ཞུགས་ཏེ་སྤྲོ་བའི་ཚུལ་གྱིས་དཀྱིལ་འཁོར་སྤྲོ་བ་གསུངས་པ། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །རོལ་པའི་དགའ་བ་རྒྱས་པ་ཡིས། །དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །གཉིས་ཀ་དབྱེར་མེད་པ་ཕུལ་དུ་བྱུང་བའི་བདེ་བ་ཉིད་རོལ་བ་སྟེ། དགའ་བའི་ཡེ་ཤེས་མཚོན་པའོ། །དཀར་མོ་ཞེས་པ་ས་དང་གཏི་མུག་རྣམ་པར་དག་པར་གྱུར་པ་སྟེ། དགའ་བ་ཉིད་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ཞེས་པའོ། །བསྲུབ་ཅིང་བསྲུབས་པའི་སྦྱོར་བ་ཡིས། །སླར་ཡང་ཆོམ་རྐུན་མ་ཕྱུང་སྟེ། །ཞེས་པ་མཆོག་དགའ་བའི་


DTG003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཚོན་པའོ། །ཆོ་མ་རྐུན་མ་ཞེས་པ་མེའི་ཁམས་དང་སེར་སྣ་རྣམ་པར་དག་པར་གྱུར་པ་སྟེ། མཆོག་དགའ་ཉིད་ཡེ་ཤེས་གསུམ་དབྱེར་མེད་པའོ། །ལྷོ་ཡི་སྒོ་རུ་སྤྲོས་ནས་ནི། །ཆོམ་རྐུན་མ་ནི་སྒོ་སྲུང་མ། །ཞེས་པ་ལྷོའི་སྒོ་ནི་ཉི་མའི་རང་བཞིན་ཉིད་བརྗོད་པའོ། །བོལླ་ཀཀྐོ་ལ་སྦྱོར་བས། །རོ་ལངས་མ་ཡང་དེས་ཕྱུང་ནས། །ཞེས་པ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་མཚོན་པའོ། །རོ་ལངས་མ་ཆུའི་ཁམས་དང་འདོད་ཆགས་རྣམ་པར་དག་པར་གྱུར་པ་སྟེ། དགའ་བྲལ་གྱི་དགའ་བ་ཉིད་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ནོ། །སྤྲོས་ཏེ་ནུབ་ཀྱི་སྒོ་རུ་ནི། །བདུད་འཇོམས་མ་ནི་རྣམ་པར་གནས། །ནུབ་ཀྱི་སྒོ་རུ་ཞེས་པ་ཟླ་བའི་རང་བཞིན་ཉིད་བརྗོད་པའོ། །བདུད་འཇོམས་མ་ཞེས་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཉེ་བར་ཞི་བའི་ཕྱིར་རོ། །གཉིས་གཉིས་སྙོམས་འཇུག་ཆེན་པོ་ལ། །བརྟེན་ནས་སླར་ཡང་གྷསྨ་རཱི། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མཚོན་པ་སྟེ། གྷསྨ་རཱི་ཞེས་པ་རླུང་གི་ཁམས་དང་ཕྲག་དོག་རྣམ་པར་དག་པར་གྱུར་པའོ། །ཕྱུང་ནས་བྱང་གི་སྒོ་རུ་ནི། །འཇིགས་པའི་གཟུགས་ཅན་མ་ཉིད་གནས། །བྱང་གི་སྒོ་རུ་ཞེས་པ་ཉི་མ་དང་ཟླ་བ་དག་དབྱེར་མེད་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་རྡོ་རྗེ་གསུམ་སྟེ། རྡོ་རྗེ་གསུམ་དང་དབྱེར་མེད་པའི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་མཁའ་འགྲོ་མ་བཞི་དགའ་བབ་ནིའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམ་པར་དག་པ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་སྒོ་བཞི་སྐྱོར་བར་བྱེད་པ་བཞི་པོ་འདིའོ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །སླར་ཡང་པུཀྐ་སཱི་ཕྱུང་སྟེ། །སྤྲོས་ནས་དབང་ལྡན་མཚམས་སུ་ནི། །གནས་པ་དྲག་པོའི་གཟུགས་ཅན་མ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །ཞེས་པ་འདིས་སྔར་གསུངས་པའི་མཁའ་འགྲོ་མ་བཞི་ནི་ཐབས་ཀྱི་རང་བཞིན་རྡོ་རྗེ་འཆང་གི་དགའ་བ་ལ་སོགས་པ་དགའ་བ་བཞིའི་རང་བཞིན་ནོ། །ད་ནི་གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས་ཞེས་པ་འདིས་ཤེས་རབ་ཀྱི་རང་བཞིན་བདག་མེད་མའི་དགའ་བ་ལ་སོགས་པ་དགའ་བ་བཞིའི་རང་བཞིན་དུ་པུཀྐ་སཱི་ལ་སོགས་པ་མཁའ་འགྲོ་མ་བཞི་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཅན་དུ་གསུངས་པ། དབང་ལྡན་མཚམས་སུ་ཞེས་པ་འབྱུང་པོའི་བདག་པོའི་གནས་སུའོ། །དྲག་པོའི་གཟུགས་ཅན་མ་ཞེས་པ་འདིས་བདག་མེད་མའི་ཡན་


DTG003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དགའ་བ་དང་པོ་མཚོན་པའོ། །ཡང་ནི་བསྲུབས་པའི་སྦྱོར་བ་ཡིས། །འཚེད་པའི་མཚམས་སུ་རི་ཁྲོད་མ། །བསྲུབས་པའི་སྦྱོར་བ་ཡིས་ཞེས་པ་མཆོག་དགའ་སྟེ། བདུད་རྩི་བསྲུབས་པ་ཉིད་ལས་མེའི་ཁམས་ཡིན་ཞིང་ཆུའི་ཁམས་རྣམ་པར་དག་པ་རེ་ཁྲོད་མའོ། །སྲིན་པོའི་མཚམས་སུ་གདོལ་བ་མོ། །ཞེས་པ་དགའ་བྲལ་གྱི་དགའ་བའི་རང་བཞིན་མེའི་ཁམས་རྣམ་པར་དག་པ་གདོལ་བ་མོ་སྟེ། སྲིན་པོའི་མཚམས་སུ་ཞེས་པ་དབང་པོ་དང་ཡུལ་ཐིམ་པར་གྱུར་པས་ཟླ་བ་དང་ཉི་མའི་རང་བཞིན་ཉིད་ཅེས་པའོ། །རླུང་གི་མཚམས་སུ་གཡུང་མོ་ནི། །ཞེས་པ་གཡུང་མོ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཏེ། རླུང་གི་ཁམས་རྣམ་པར་དག་པ་གཡུང་མོའོ། །དེ་ཉིད་ཀྱི་ཕྱིར་རླུང་གི་མཚམས་སུའོ། །དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་བ་ཞུ་བར་གྱུར། །འདིས་ནི་གཉིས་ཀའི་དགའ་བ་ལ་སོགས་པ་བཞིའི་རང་བཞིན་མཁའ་འགྲོ་མ་བརྒྱད་རྫོགས་པ་ན་དམིགས་པ་མེད་པའི་རང་བཞིན་ཉིད་ཀྱིས་དྲི་ཟའི་གྲོང་ཁྱེར་ལ་ཡང་དག་པར་ཞུགས་པའི་ཕྱིར་ཏེ། དེ་ནི་རྡོ་རྗེ་ཅན་མི་ཕྱེད་པའི་སྐུའོ། །རིག་མར་བཅས་པ་ཤེས་རབ་དང་ལྷན་ཅིག་པའོ། །འདི་ཉིད་ཇི་ལྟར་ཞེ་ན། གསུངས་པ་ཞུ་བ་ཐིག་ལེར་གྱུར་པ་སྟེ། དེ་ཉིད་ཡང་དག་པ་དེ་ཁོ་ན་མ་ནིང་ངོ༌། །ཇི་ལྟར་ཞེ་ན། ཆགས་ཆེན་ལས་གཉིས་ཀ་ལྷན་ཅིག་སྐྱེས་པའི་དགའ་བས་ཡོངས་སུ་བཅད་པའི་ཕྱིར་ཞེས་པའི་དོན་ནོ། །དེ་ནས་ལྷ་མོ་རྣམས་ཀྱིས་བསྐུལ། །སྣ་ཚོགས་བླུ་ཡིས་མཆོད་པ་ལས། །དེ་ནས་ཞེས་པ་ཞུ་བར་གྱུར་བའི་རང་བཞིན་བར་མཆད་པར་ལྷ་མོ་རྣམས་ཞེས་པ་སྤྲོ་བའི་ཚུལ་གྱིས་དྲི་ཟའི་སེམས་ཅན་ཞུགས་པ་རྣམ་པར་གནས་པའོ། །བསྐུལ་བ་ནི་སང་བར་བྱེད་པའོ། །སྣ་ཚོགས་གླུ་ཡིས་མཆོད་པ་ལས་སྣ་ཚོགས་པའི་མཚན་མ་འབུལ་བའི་ཕྱིར་ཏེ། མཚན་མའི་རང་བཞིན་ཉིད་མཚན་མ་མེད་པ་ཞེས་མཚོན་པའོ། །གླུ་ཡི་མཆོང་བ་ཉིད་གསུངས་པ། །རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་བསམ་གཏན་ཉིད་སྤོངས་ལ། །བདེ་ཆེན་སྦྱོར་བས་བདག་འདོད་མཛོད། །རྗེ་བཙུན་ནི་བཅོམ་ལྡན་འདས་སོ། །སྙིང་རྗེའི་ཡིད་ནི་སྙིང་རྗེའི་ཡིད་མངའ་བའོ། །བཞེངས་ཤིག་ཅེས་པ་བཞེངས་པར་མཛོད་ཅིག་པའོ། །པུཀྐ་སཱི་ནི་བདག་ལ་སྐྱོབས། །པུཀྐ་སཱི་ནི་བདག་ཡོངས་སུ་སྐྱབས་པར་མཛོད་ཅེས་པའོ། །བྱེད་ཀྱིས་


DTG003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྐྱོབ་པ་ཉིད་ཇི་ལྟར་ཞེས་དགོས་པ་ལ་ལན་གསུངས་པ། བདེ་ཆེན་སྦྱོར་བས་བདེ་བ་ཆེན་པོའི་རྣལ་འབྱོར་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་བདག་འདོད་མཛོད་བདག་ལ་འདོད་པ་དང་བཞེད་པ་མཛོད། སྟོང་པའི་བསམ་གཏན་ཉིད་སྤངས་ལ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤོངས་ཞེས་པའོ། །ཁྱོད་མེད་ན་ནི་བདག་འགུམས་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །ཁྱོད་མེད་ན་ནི་བདག་འགུམས་ཏེ་ཁྱོད་མི་བཞུགས་ན་བདག་འཆི་བར་འགྱུར་བས། །ཀྱེའི་རྡོ་རྗེ་ཁྱོད་བཞེངས་ཤིག །ཀྱེའི་རྡོ་རྗེ་ཁྱོད་བཞེངས་པར་མཛད་དུ་གསོལ། སྟོང་པའི་རང་བཞིན་ཉིད་སྤོངས་ཏེ་སྟོང་པ་ཉིད་ཀྱི་རང་བཞིན་སྤངས་ནས་རི་ཁྲོད་མ་འབྲས་གྲུབ་པར་མཛོད། །རི་ཁྲོད་མའི་དགོས་པ་གྲུབ་པར་མཛད་དུ་གསོལ། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མ་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱི། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །ཀྱེ་དགའ་བའི་གཙོ་བོ་སྟོང་པ་ཉིད་ལ་བཞུགས་སམ་ཅི་ཁྱོད་སྟོང་པ་ཉིད་ལ་བཞུགས་པ་ཅི་ལགས། །གདོལ་བ་མོ་བདག་ཞུ་བ་བགྱིད་གདོལ་བ་མོ་བདག་གསོལ་བ་འདེབས་པར་འཚལ་ཏེ། ཁྱོད་མེད་ཕྱོགས་ནི་མི་འཚལ་བས་ཁྱོད་མེད་ན་ཕྱོགས་མི་རྟོགས་སོ། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །བདག་གིས་ཁྱོད་ཀྱི་ཐུགས་འཚལ་ཏེ། །གཡུང་མོ་བདག་ཡི་ཆད་པར་གྱུར། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །ཀྱེ་མིག་འཕྲུལ་མཛད་པ་ཁྱོད་པ་བཞེངས་པར་མཛོད། །བདག་གིས་ཁྱོད་ཀྱིས་ཐུགས་འཚལ་ཏེ་ཁྱོད་ཀྱི་ཐུགས་ཀྱི་རང་བཞིན་བདག་གིས་ཤེས་ཞེས་པའོ། །བདག་ཅེས་པ་ངེད་རྣམས་ཏེ་བུད་མེད་ཀྱི་ང་རྒྱལ་ཉིད་ལས་མང་པོའི་ཚིག་གོ །ཡི་ཆད་པར་གྱུར་ཏེ་ཡིད་ཉམས་པར་གྱུར་པའོ། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་པ་སྙིང་རྗེ་རྒྱུན་མི་འཆད་པར་མཛོད་ཅེས་པའོ། །འདིས་ནི་ས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་མཁའ་འགྲོ་མ་བཞི་ནི་བདག་མེད་མའི་ཆ་ཤས་སུ་གྱུར་པ་དགའ་བ་བཞིའི་རང་བཞིན་ཆ་དང་བྲལ་བ་ཉིད་དེ། མྱ་ངན་ལས་འདས་པ་དང་དབྱེར་མེད་པ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་བཅོམ་ལྡན་འདས་སྐུལ་བར་བྱེད་པས་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ནོ། །གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་


DTG003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གང་ཡན་པ་ད་ཉད་ཆེས་ཀྱི་སྐུ་སྟེ། དེ་ཉིད་བདག་མེད་པ་སྒྱུ་མ་ལྟ་བུ་དབང་པོའི་གཞུ་དང་མཚུངས་པའོ། །པུཀྐ་སཱིའི་གླུས་བསྐུལ་བས་སྙིང་རྗེའི་ཡིད་སྟོང་པའི་བསམ་གཏན་ཉིད་སྤོངས་ཞེས་གསུངས་སོ། །དེ་ལྟར་རི་ཁྲོད་མས་ཀྱང༌། ཀྱེའི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཡོངས་སུ་སྤོངས། །ཞེས་བྱའོ། །དེ་ལྟར་གདོལ་བ་མོས་ཀྱང༌། སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །ཞེས་གསུངས་སོ། །དེ་ལྟར་གཡུང་མོས་ཀྱང༌། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་ཏེ། སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་གསུངས་སོ། །ཡང་ན་སྙིང་རྗེའི་ཡིད་ཅེས་པ་འདིས་སྣང་བའི་མཚན་ཉིད་སྐུ་རྡོ་རྗེའི་རང་བཞིན་སྤྲུལ་པའི་སྐུའོ། །ཀྱེའི་རྡོ་རྗེ་ཁྱོད་ཅེས་པ་འདིས་མངོན་པར་བརྗོད་པའི་མཚན་ཉིད་གསུང་རྡོ་རྗེའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུའོ། །དགའ་གཙོ་སྟོང་པ་ཉིད་ལ་བཞུགས་སམ་ཅི་ཞེས་པ་འདིས་ཡང་དག་པར་རིག་པའི་མཚན་ཉིད་ཐུགས་རྡོ་རྗེའི་རང་བཞིན་ཆོས་ཀྱི་སྐུའོ། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །བདག་གིས་ཁྱོད་ཀྱི་ཐུགས་འཚལ་ཏེ། །ཞེས་པ་འདིས་སྣང་བ་མངོན་པར་བརྗོད་པ་དང༌། ཡང་དག་པར་རིག་པའི་མཚན་ཉིད་སྐུ་གསུང་ཐུགས་ཀྱི་རང་བཞིན་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང༌། ཆོས་ཀྱི་སྐུ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་སོ། །རིག་མར་བཅས་པ་ཞུ་བར་གྱུར་རྡོ་རྗེ་ཅན་ཞེས་པ་འདིའི་དོན་ནི་གཽ་རཱི་ལ་སོགས་པ་མཁའ་འགྲོ་མ་བཞི་ནི་རྡོ་རྗེ་འཆང་གི་ཆ་ཤས་སུ་གྱུར་པའི་དགའ་བ་བཞིའི་རང་བཞིན་ཉིད་ཀྱིས་ཀྱེའི་རྡོ་རྗེའི་རང་བཞིན་རྡོ་རྗེ་ལྟ་བུ་སྟེ། དེ་རྣམས་ཀྱིས་བསྐུལ་བ་དང་སྙོམས་པར་འཇུག་པ་བསྟན་པར་མི་རིགས་པའི་ཕྱིར། ད་རྣམས་ཀྱི་བསྐུལ་བ་མ་གསུངས་ཏེ། དེ་རྣམས་རྡོ་རྗེ་འཆང་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །འདིས་ནི་རྡོ་རྗེ་འཆང་ཉིད་ཐབས་སུ་གྱུར་པ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོན་དམ་པའི་བདེན་པའི་རང་བཞིན་གཽ་རཱི་ལ་སོགས་པ་མཁའ་འགྲོ་མ་བཞིའི་བདག་ཉིད་ཅན་ཞེས་མཚོན་ཅིང་བདག་མེད་པ་ཉིད་ཤེས་རབ་ཀྱི་རང་བཞིན་དོན་དམ་པའི་བདེན་པའི་བདག་ཉིད་ཅན་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་པུཀྐ་སཱི་ལ་སོགས་པ་མཁའ་འགྲོ་མ་བཞིའི་བདག་ཉིད་ཅན་ཞེས་ཀྱང་མཚོན་ཏེ་གཉིས་ཀ་ལ་ཡང་གཉིས་ཀ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཐ་དད་མེད་པ་ཞེས་གསུངས་སོ། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་


DTG003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་པོ་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉིད་མ་ཉིད། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ལའོ། །སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་དགོད་པ་འཇིགས་རུང་བ། །སྙིང་རྗེ་ངོ་མཚར་ཞི་བ་ཡིས། གར་དགུའི་ཉམས་དང་ལྡན་པའོ། །ཨཱཾ་ཧཱུཾ་དག་ལས་རྡོ་རྗེ་ཆེ། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །བསྐུལ་བའི་རྗེས་ལ་བཞེངས་ཏེ། རྡོ་རྗེ་ཆེ་ཡང་དག་པའི་ཁ་སྦྱོར་གྱི་རང་བཞིན་ནོ། །གང་ལས་ཤེ་ན། ཨཱཾ་ཧཱུཾ་དག་ལས་ཞེས་པ་ཤེས་རབ་དང་ཐབས་དག་ལས་སོ། །དེ་ཉིད་ཇི་ལྟར་ཞེ་ན། ཁུ་བའི་གཟུགས་ལས་རང་བཞིན་མེད་པའི་རང་བཞིན་ལས་ཏེ། བཅོམ་ལྡན་འདས་དེའི་ཕྱག་གཡས་ན་གནས་པའི་ཐོད་པ་བརྒྱད་པོ་རྣམས་ལ་གླང་པོ་ཆེ་ལ་སོགས་པ་རྣམས་རིམ་ཤེས་བྱ། །རིམ་པ་བཞིན་ཤེས་པར་བྱ་སྟ། དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་བརྒྱད་རྣམ་པར་དག་པའོ། །ས་ལ་སོགས་པ་རྣམས་ནི་གཟའ་བརྒྱད་རྣམ་པར་དག་པ་སྟེ། གཡོན་པའི་ཐོད་པ་བརྒྱད་པོ་རྣམས་ལ་ཤེས་པར་བྱའོ། །སྒེག་པ་ལ་སོགས་ཉམས་དང་ལྡན། །ཞེས་པ་འདིས། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཞེས་པ་གང་ཡིན་པ་དེ་མཚོན་པ་སྟེ། སྒེག་པ་ལ་སོགས་པ་ལྔ་ཡིས་ཡེ་ཤེས་ལྔའོ། །འཇིགས་རུང་ལ་སོགས་པ་གསུམ་གྱིས་སྐུ་གསུམ་མོ། །ཞི་བའི་རང་བཞིན་ཉིད་ཀྱིས་ཤེས་རབ་དང་ཐབས་དབྱེར་མེད་པའོ། །དེའི་ཕྱིར་གར་དགུ་ནི་གནས་པ་མེད་པའི་རང་བཞིན་ཉིད་དོ། །ཉམས་ནི་དེ་ཉིད་ཉམས་སུ་མྱོང་བའི་ཡེ་ཤེས་སོ། །དེ་དང་ལྡན་པ་ནི་འདུས་པ་སྟེ། ཁ་སྦྱོར་ཞེས་པའི་དོན་གར་དགུའི་ཉམས་དང་ལྡན་པ་དགུ་པོ་རྣམས་དབྱེར་མེད་པ་ཉིད་ཅེས་པའི་དོན་ནོ། །ཞབས་རྣམས་ལ་བརྡེབས་པ་དང༌། ལྷ་དང་ལྷ་མིན་བསྡིགས་པ་དང༌། །གཾ་ཙཾ་བཾ་གྷཾ་བཾ་ཤཾ་ལཾ་ཌཾ། །འདི་རྣམས་ས་བོན་གྱིས་སྤྲོ་ཤིང༌། །བདག་པོ་དགའ་བའི་ས་བོན་དང་།ཧཱུཾ་ཨཾ་འབར་འཇིགས་སྔོ་དག་ལས། །ཞབས་ཞེས་པ་ཞབས་བཞི་པོ་རྣམས་ས་ལ་བརྡེབས་ཤིང་ལྷ་དང་ལྷ་མ་ཡིན་རྣམས་ལ་ཞབས་འདི་རྣམས་ཀྱིས་བསྡིགས་ཤིང་རྒྱུ་བར་བྱེད་དེ་དགའ་བ་བཞིའོ། །དེ་རྣམས་ཆོས་འབྱུང་ལྷ་མེ་པདྨའི་ནང་དུ་བརྡེགས་པའོ། །འདི་ཇི་ལྟར་ཞེ་ན། གསུངས་པ། གང་གི་ཕྱིར་ཧཱུཾ་ཨཾ་ས་བོན་དག་ལས་སྤྲོ་ཞིང་སྡིགས་པར་བྱེད་དེ། མཚོན་པའི་རང་བཞིན་གྱིས་གནས་པར་


DTG003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའོ། །གང་ཞེ་ན། ལྷ་དང་ལྷ་མིན་ཡེ་ཤེས་ལྔ་དང་སྐུ་གསུམ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་གཾ་ཙཾ་བཾ་གྷཾ་བཾ་ཤཾ་ལཾ་ཌཾ། ཞེས་པའི་ས་བོན་རྣམས་དང་ལྷན་ཅིག་གོ །འདིས་ཞུ་བར་གྱུར་པ་ན་གཽ་རཱི་ལ་སོགས་པ་རྣམས་ཀྱི་ས་བོན་ལིཾ་ཨེཾ་ཨཻཾ་ཨོཾ་ཨཱུཾ་རྀཾ་རཱིཾ་ལཱིཾ་ཞེས་པ་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡི་གེའི་དབྱེ་བ་སོ་སོ་གཞན། །ཞེས་བྱའོ། །འདི་ནི་གཽ་རཱི་ལ་སོགས་པ་རྣམས་ས་བོན་གཉིས་གཉིས་སྦྱར་བ་ལས་རྫོགས་པ་ཞེས་པ་མཚོན་པའོ། །ཁྱད་པར་ཅི་ཞེ་ན། ཧཱུཾ་ཨཾ་བདག་པོའི་ས་བོན་དག་ལས་ཏེ། བདག་པོ་ནི་རྡོ་རྗེ་འཆང་ངོ༌། །དགའ་བ་ནི་བདག་མེད་མ་སྟེ། དེ་དག་གི་ས་བོན་དག་ལས་སོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་དག་ལས་ཞེ་ན་འབར་འཇིགས་སྔོ་དག་ལས་ཏེ། འབར་འཇིགས་ཉིད་ཀྱིས་སྤྲོས་པའི་རང་བཞིན་ནོ། །སྔོན་པོ་ཉིད་ཀྱིས་སྡུད་པའི་རང་བཞིན་ནོ། །གོང་དུ། ཨོཾ་ཧཱུཾ་དག་ལས་རྡོ་རྗེ་ཆེ། །ཞེས་པ་ཤེས་རབ་ནི་ཡན་ལག་ཉིད་དེ་ཐབས་ཀྱི་ནང་དུ་ཐིམ་པའོ་ཞེས་གསུངས་སོ། །ད་ནི་ཧཱུཾ་ཨཾ་ཞེས་པ་འདིས་ཐབས་ནི་ཡན་ལག་ཉིད་དེ། ཤེས་རབ་ཀྱི་ནང་དུ་ཐིམ་པའོ་ཞེས་པའི་དོན་ནོ། །ཧོཿ་ཡིག་དམར་པོ་གཉིས་ཀྱི་ནང་དུ་ཆུད་པའི་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་ཞལ་གྱི་སྒོ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་འཐོན་པ་ལྷ་མོའི་པདྨའི་ནང་དུ་སྤྲོ་བར་བྱའི་ཞེས་པ་དཀྱིལ་འཁོར་སྤྲོ་བ་གསུངས་པའོ། །མ་མོའི་འཁོར་ལོ་གྲོང་ཉམས་དགར། །གཙོ་བོ་འདི་ལྟར་བསྒོམ་པར་བྱ། །ཁ་དོག་ནག་པོ་འཇིགས་ཆེན་པོ། །བདག་མེད་བདེ་བ་སྦྱིན་པ་པོ། །ཁ་དོག་ནག་པོ་ལ་སོགས་པ་ཡོན་ཏན་དང་ལྡན་པ་སྔར་གསུངས་པའི་ཕྱག་བཅུ་དྲུག་པ་ལ་སོགས་པའི་རང་བཞིན་འདི་ལྟ་བུ་སྟེ། གཙོ་བོ་ཞེས་པ་ཉིད་འཕྲོག་པ་པོ་དང་རང་ཉིད་བྱེད་པ་པོའོ། །གྲོང་ཁྱེད་ཆོས་འབྱུང་གཞལ་ཡས་ཁང་པར་བསྒོམ་ཞིང་སྙོམས་པར་འཇུག་པར་བྱའོ། །ཁྱད་པར་ཅི་ལྟ་བུའི་གྲོང་དུ་ཞེ་ན། མ་མོའི་འཁོར་ལོར་གཽ་རཱི་ལ་སོགས་པ་ལྷ་མོའི་ཚོགས་པའི་གྲོང་དུའོ། །དེ་ཉིད་ཀྱི་ཕྱིར་ཉམས་དགའ་བའོ། །ཡང་ན་གང་ཁ་དོག་ནག་པོ་ཞེས་པ་ཕྲ་མོ་གྱུར་པ་སྟེ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་ཉིད་ཀྱིས་ཆ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་འཇིགས་པ་ཆེན་པོ་གཏིང་དཔག་དཀའ་བའོ། །བདག་མེད་བདེ་བ་ནི་བདག་མེད་མའི་ཡེ་ཤེས་ཏེ། དེ་སྦྱིན་ཞིང་གཏོང་བའི་ཕྱིར་བདག་མེད་བདེ་བ་སྦྱིན་པ་པོའོ། །གཽ་རཱི་ལ་སོགས་པ་རྣམས་ཀྱི་མཚན་མ་གསུངས་པ། དཀར་མོའི་གཡས་ན་གྲི་གུག་སྟེ། །དེ་བཞིན་གཡོན་ན་རོ་ཧི་ཏ། །ཆོམ་རྐུན་གཡས་ན་ཅང་ཏེའུ། །


DTG003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་ཕྱག་ན་ཕག་པའོ། །རོ་ལངས་མ་གཡས་རུས་སྦལ་ཏེ། །གཡོན་པ་ཡོས་ནི་པདྨའི་སྣོད། །གྷསྨ་རཱི་ཡི་གཡས་ན་སྤྲུལ། །གཡོན་པས་རྣལ་འབྱོར་སྣོད་ཡིན་ནོ། །པུཀྐ་སཱི་གཡས་སང་ག་སྟེ། །དེ་བཞིན་གཡོན་པས་དགྲ་སྟའོ། །རི་ཁྲོད་མ་གཡས་དགེ་སློང་སྟེ། །དེ་བཞིན་གཡོན་པས་གསིལ་བྱེད་དོ། །གདོལ་པ་མོ་གཡས་འཁོར་ལོ་སྟེ། །དེ་བཞིན་གཡོན་པས་ཐོང་པའོ། །གཡུང་མོའི་གཡས་ན་རྡོ་རྗེ་སྟེ། །དེ་བཞིན་གཡོན་ན་སྡིགས་མཛུབ་བོ། །གྲི་གུག་དང༌། ཅང་ཏེའུ་དང༌། པདྨའི་སྣོད་དང༌། རྣལ་འབྱོར་གྱི་སྣོད་དང༌། དགྲ་སྟ་དང༌། གསིལ་བྱེད་དང༌། འཁོར་ལོ་དང༌། རྡོ་རྗེ་རྣམས་ནི་ཤེས་རབ་རྣམ་པར་དག་པའི་མཚན་མ་རྣམས་ཏེ། རོ་ཧི་ཏ་ལ་སོགས་པ་བརྒྱད་ནི་ཐབས་རྣམ་པར་དག་པའོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །དཀར་མོ་ལ་སོགས་ཕྱག་གཉིས་འདོད། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཞེས་པ་ངེས་པར་གཉིས་སུ་མེད་པར་གནས་པས་མཚོན་ཅིང༌། བརྟན་པ་གཡོ་བ་མེད་པའི་རང་བཞིན་ནོ། །ཕྱག་གཉིས་ཞེས་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཏེ། སྤྱན་གསུམ་ཞེས་པ་རྡོ་རྗེ་གསུམ་གྱི་རང་བཞིན་ནོ། །སྐྲ་ནི་གྱེན་དུ་ཞེས་པ་ཀཾ་ཡེ་ཤེས་ཏེ། གྱེན་དུ་རྒྱས་པའོ། །དེ་ཀཾ་དང༌། གྱེན་དུ་རྒྱས་པ་ཡང་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་དབང་པོ་གཙོ་བོ་སྟེ། ཐམས་ཅད་ཀྱི་བདག་པོར་གྱུར་པའི་སྦྱོར་བ་ལས་དགུ་སྐྲ་གྱེན་དུ་འགྲེང་བའོ། །དེ་འདི་རྣམས་ལ་ཡོད་པའི་ཕྱིར་སྐྲ་གྱེན་དུ་འགྲང་བ་དང་ལྡན་པ་སྟེ། བཞི་བའི་རང་བཞིན་ཞེས་པའི་དོན་ནོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞེས་པ་ཕྱག་རྒྱ་ལྔ་ཡིས་མངོན་པར་རྫོགས་པར་བྱང་ཆུབ་པའི་རང་བཞིན་ཉིད་ཅེས་པའི་དོན་ནོ། །འདིས་ནི་དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་ཉིད་ཀྱིས་གཉིས་སུ་མེད་པའི་རང་བཞིན་ནོ། །ཕྱག་གཉིས་པ་ཉིད་ཀྱིས་གཉིས་སུ་མེད་པའི་རང་བཞིན་ཁོ་ན་གཉིས་ཀྱི་རང་བཞིན་ཉིད་དོ། །སྤྱན་གསུམ་པ་ཉིད་ཀྱིས་གཉིས་ཀྱི་རང་བཞིན་གསུམ་གྱི་རང་བཞིན་ནོ། །དབུ་སྐྲ་གྱེན་དུ་བསྒྲེང་བ་ཉིད་ཀྱིས་གསུམ་གྱི་རང་བཞིན་ཉིད་བཞི་བའི་རང་བཞིན་ནོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ་ཉིད་ཀྱིས་བཞི་བའི་རང་བཞིན་ཉིད་ལྔ་པའི་རང་བཞིན་ཞེས་པ་སྟེ། མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་མཁའ་འགྲོ་མ་རྣམས་ཀྱི་རང་བཞིན་ཉིད་གསུངས་པའོ། །ཁ་དོག་དབྱེ་བ་སོ་སོ་གཞན། །ཞེས་པའི་དོན་


DTG003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསུངས་པ། གཽ་རཱི་ཁ་དོག་ནག་མོར་འགྱུར། །ཙཽ་རཱི་བཙོད་དང་མཚུངས་པ་སྟེ། །རོ་ལངས་མ་ནི་གསེང་བཙོས་བཞིན། །གྷསྨ་རཱི་ནི་མརྒཏ་མཚུངས། །ཨིནྡྲ་ནཱི་ལ་པུཀྐ་སཱི། །རི་ཁྲོད་ཟླ་བ་ཆུ་ཤེལ་འདྲ། །གཏུམ་མོ་ནམ་མཁའ་སྔོ་བ་སངས་མདོག །གཡུང་མོ་སྣ་ཚོགས་པ་ཞེས་འདོད། །ཡན་ལག་དྲུག་གི་རྣལ་འབྱོར་རྣམ་པར་དག་པས་གཽ་རཱི་ལ་སོགས་པ་མཁའ་འགྲོ་མ་རྣམས་ཀྱི་ཁ་དོག་ཐ་དད་པ་དྲུག་གི་སྔར་གསུངས་པའི་དོན་གསུངས་པ་སྟེ། དང་པོར་ནག་པོར་བསྒོམ་པར་བྱ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པར་སེར་པོ་བསྒོམ་བྱ་ཞིང༌། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང༌། །དྲུག་པ་དཀར་པོའི་ལུགས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །དགའ་བྲལ་མཐའ་ཡང་དེ་བཞིན་ནོ། །ཞེས་པ་དགའ་བྲལ་གྱི་མཐའ་ལྷན་ཅིག་སྐྱེས་པའོ། །དེ་བཞིན་དུ་གཏུམ་མོ་ནམ་མཁའ་སྡོ་བསངས་མདོག་བྱ་བ་ཡང་སྟེ། གཡུང་མོ་སྣ་ཚོགས་པ་ཞེས་འདོད། །ཅེས་པ་དགའ་བ་ལ་སོགས་པ་རྣམས་ཀྱང་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར་གཡུང་མོའི་སྣ་ཚོགས་པ་ཉིད་ཅེས་པའོ། །གཽ་རཱི་ལ་སོགས་པའི་གདན་རྣམ་པར་དག་པར་གསུངས་པ། ཚངས་པ་དབང་པོ་ཉེ་དབང་དྲག །གཤིན་རྗེ་དང་ནི་ནོར་བདག་དང༌། །བདེན་བྲལ་དང་ནི་ཐགས་བཟངས་རིས། །གཽ་རཱི་ལ་སོགས་རྣམས་ཀྱི་གདན། །ཞེས་པའོ། །དཀྱིལ་འཁོར་རྫོགས་པ་ལྷའི་དེ་ཁོ་ན་ཁོང་དུ་ཆུད་པའི་ཕྱིར། །སྔགས་ཀྱི་དེ་ཁོ་ན་རྟོགས་པའི་དོན་དུ་བདག་མེད་མས་ཞེས་པ། བོལླ་གཞིབ་པར་མཛད་ནས་ནི། །བཅོམ་ལྡན་འདས་ལ་གུས་མཆོད་དེ། །དམ་འཁྱུད་ཙུམ་བ་ན་བྱེད་པས། །བདག་མེད་མ་ཡིས་སྔགས་ཞུས་སོ། །བོལླ་གཞིབ་པར་མཛད་ནས་ནི། །ཞེས་པ་རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་མཛད་ནས། །བཅོམ་ལྡན་འདས་ལ་མཆོད་དེ་ཞེས་པ་རིམ་པ་འདི་ཉིད་ཀྱིས་མཆོད་ནས། །གུས་པ་ཆགས་པ་ཆེན་པོའོ། །དམ་འཁྱུད་ཙུམྦ་ན་བྱེད་པས། །ཞེས་པ་ཁ་སྦྱོར་གྱི་སྦྱོར་བ་ལས་ཞེས་པའི་དོན་ནོ། །བུད་མེད་རྣམས་ཀྱི་དབང་བྱེད་སྔགས། །དེ་བཞིན་གདུག་པ་སྡིགས་པ་དང༌། །ཀླུ་རྣམས་སྐྲོད་པར་བྱེད་པ་ཉིད། ལྷ་དང་ལྷ་མིན་རྣམས་ཉེད་པ། །དེ་ནི་ང་ཡིས་བཤད་བྱ་ཡིས། །ལྷ་མོ་བདེ་བ་སྦྱིན་པ་ཉོན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །བདག་གིས་གཞན་དུ་མ་བསྟན་ཏོ། །འདི་ཡི་སྔགས་ཀྱི་གང་འབྱུང་བ། །


DTG003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་གར་མཛད་པ། །ལྷ་མོ་ཤིན་ཏུ་འཇིགས་མ་སྟེ། །ངོ་མི་ཆོགས་པས་ཁྱོད་ལ་བཤད། །འབར་བའི་ཕྲེང་བ་འཁྲིགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །རྡོ་རྗེ་སྙིང་པོའི་དབང་སྦྱིན་ཕྱིར། །ཏིལ་མཆོག་མ་ནི་བཀུག་པར་གྱུར། །བཟླས་པ་ཁྲི་ཡིས་གསལ་བ་དང༌། །སྒྲ་རིང་བ་དང་མཛེས་པ་ཡིས། །སྒྲ་ཇི་བཞིན་པའི་དོན་གསལ་བ་ཉིད་དོ། །དོན་གཞན་བརྗོད་པར་བྱ་སྟེ། བཟླས་པ་ཁྲི་ཡིས་ཞེས་པ་ཨ་བདག་མེད་མའོ། །དེས་ན་འདི་ནི་ཨ་ལྡན་དང་སྔགས་བཟླས་པ་ཡང་ཡིན་པའི་ཕྱིར། །ཨ་ལྡན་པ་བཟླས་པ་དེ་ཡིས་སོ། །གསལ་བ་ཞེས་པ་འོད་གསལ་བའོ། །སྒྲ་རིང་བ་ཅེས་པ་ནཱ་ད་མཐའ་དག་གི་བདག་ཉིད་ཅན་ནོ། །མཛེས་པ་ཡིས་ཞེས་པ་ཡིད་འཕྲོག་པས་སོ། །དེ་ཉིད་ཀྱི་ཕྱིར། ཀྱེའི་རྡོ་རྗེའི་སྦྱོར་ལྡན་པས། །བཙུན་མོ་ཐམས་ཅད་དགུག་པར་བྱ། །ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་ཉིད་ཀྱི་དགུག་ཅིང་བསྡུ་བར་བྱ་སྟེ། དེའི་བདག་ཉིད་ཀྱི་རྣམ་པར་གནས་པར་བྱའོ། །བཙུན་མོ་ཐམས་ཅད་ཅེས་པ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །འབུམ་ཕྲག་བཟླས་པས་རྣལ་འབྱོར་བདག །འདི་ནི་ལས་ཀུན་བྱེད་པར་འགྱུར། །ཧེ་ཡིག་བཛྲའི་རྣལ་འབྱོར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་སོ། །འབུམ་ཕྲག་བཟླས་པས་ཞེས་པ་ལ་ཀྵཾ་མཚོན་པར་བྱེད་པ་སྟེ། འདི་ནི་འབུམ་དང་སྔགས་བཟླས་པ་ཡང་ཡིན་པའི་ཕྱིར། དེས་ན་འབུམ་ཕྲག་བཟླས་བའོ། །འདི་ཇི་ལྟར་ཞེ་ན་གསུངས་པ། །རྣལ་འབྱོར་བདག་ནི་རྣལ་འབྱོར་དང་ལྡན་པའོ། །ལས་ཀུན་ཞེས་པ་གདུག་པ་སྡིགས་པ་ལ་སོགས་པ་བྱེད་པར་འགྱུར་རོ། །རྣལ་འབྱོར་གྱི་བདག་ཉིད་ཅེས་པ་ཇི་ལྟ་བུ་ཞེ་ན་གསུངས་པ། ཧེ་ཡིག་བཛྲའི་རྣལ་འབྱོར་གྱིས། །ཤེས་རབ་དང་ཐབས་དབྱེར་མེད་པས་སོ། འདི་ཉིད་ཇི་ལྟར་ཞེ་ན་གསུངས་པ། དོགས་པ་མེད་པའི་སེམས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཞེས་པའི་དོན་ནོ། །སྔགས་ཉིད་གསུངས་པ། རིག་བྱེད་རྣམས་ཀྱི་དང་པོ་ཉིད། །ཟླ་ཕྱེད་ཐིག་ལེས་བརྒྱན་པ་སྟེ། ཨོཾ་ཡིག་ཅེས་པའི་དོན་ནོ། །ཕྱི་ནས་ཨཥྚཱ་ན་ནཱ་ཡ། པཌྒོརྡྷྭ་ཀེ་ཤ་ཝརྟྨ་ནེ། ཙ་ཏུ་ར་བིཾ་ཤ་ཏི་ནཻ་ཏྲཱ་ཡ། དེ་རྗེས་ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲིཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལ་ཨ་ནེ་ཀ་དྷཱ་རི་ཎི། ཨརྒྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། །ཨརྡྷ་ཨིནྡུ་དཾཥྚཱི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ།


DTG003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་ཥ་ཡ་ཤོ་ཥ་ཡ། ས་པྟ་སཱ་ག་རཱ་ན། བནྡྷ་བནྡྷ། ནཱ་ག་ཨཥྚ་ཀཱ་ན། གྲི་ཧྞ་གྲི་ཧྞ་ཤ་ཏྲཱུཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ་ཕཊ་སྦཱ་ཧཱ། ཡང་ན་རིག་བྱེད་རྣམས་ཀྱི་དང་པོ་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་རྣམས་ཀྱི་ཉེ་བར་ལེན་པར་གྱུར་པའོ། །དེ་ཉིད་ཟླ་ཕྱེད་ནི་རླུང་དང་ནཱ་ད་ཞེས་པའི་དོན་ནོ། །ཐིག་ལེ་ནི་ཨིནྡུ་ཟླ་བ་ཡོངས་སུ་རྫོགས་པ་ཞེས་པའི་དོན་ནོ། །ཕྱི་ནས་ཞེས་པ་མཐའ་མའོ། །ཨཥྚཱ་ན་ནཱ་ཡ་ཅེས་པ་ཨ་ན་ན་གནས་ཏེ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །ཨ་ཥྚཱ་ཁྱབ་པ་སྟེ། དེ་ནི་ཨ་ཥྚཱ་ན་ནཱ་ཞེས་པ་ནཱ་དའི་རང་བཞིན་ཆ་དང་བཅས་པ་ཉིད་ཇི་སིད་ཆ་དང་བྲལ་བའི་ནཱ་ད་ཞེས་པའོ། །དེ་ལྟར་གྱུར་པའི་ཨཱ་ཡང་ཡེ་ཤེས་ཏ། དེ་ནི་གང་ཞིག་ཨཥྚཱ་ན་ནཱ་ཡ་ཞེས་པ་བོད་པའི་ཚིག་གོ །དེ་ཉིད་ཀྱི་ཕྱིར་པིང་གོརྡྷྭ་ཀེ་ཤ་བརྟྨ་ནེ་ཁྱོད་ལ་ཞེས་པ་སྟེ། པིང་གོརྡྷྭ་ཉི་མའོ། །ཀེ་ཤ་བདེ་བའི་དབང་པོ་ཟླ་བ་སྟེ། དེ་ནི་པིང་གོ་རྡྷྭ་ཀེ་ཤ་གང་གཱི་བརྟྨ་ལམ་དེའི་ཆེད་དུའོ། །སླར་ཡང་བོད་པ་ཙ་ཏུར་བི་ཤ་ཏི་ནཻ་ཏྭཱ་ཡ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ནི་མཁའ་འགྲོ་མ་བརྒྱད་པོ་རྣམས་ཏེ། དེ་རྣམས་ཀྱང་རེ་རེ་ལ་ཡེ་ཤེས་གསུམ་གྱི་བདག་ཉིད་ཀྱིས་སྤྱན་ཉི་ཤུ་རྩ་བཞིའི་རང་བཞིན་ཏེ། དེ་ཉིད་གང་གི་ཨ་ཡ་ཡེ་ཤེས་དེ་བོད་པའོ། །དེ་རྗེས་ཥོ་ཌ་ཤ་བྷུ་ཛཱ་ཡ་མཁའ་འགྲོ་མ་བརྒྱད་པོ་རྣམས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་བཅུ་དྲུག་སྟེ། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཥོ་ཌ་ཤ་གྷུ་ཛཱའོ། །དེ་ཉིད་ཀྱི་ཕྱིར་ཨཱ་ཡ་གང་གི་ཡེ་ཤེས་དེ་བོད་པའོ། །ཀྲིཥྞ་ཛའི་མཱུ་ཏ་ཝ་པུ་ཥེ་འོད་གསལ་བའི་རང་བཞིན་ཆོས་ཀྱི་སྐུ་ཁྱོད་ཀྱི་ཕྱིར་ཞེས་པའོ། །ཀཱ་པཱ་ལ་མཱ་ལ་ཨཱ་ནེ་ཀ་དྷཱ་རི་ཎེ་ཞེས་པ་མཐའ་ཡས་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་མཚོན་པའོ། །ཨདྷམཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ་ཞེས་པ་ཨདྷྨཱ་ཏ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །ཀྲཱུ་ར་ཉིད་ཀྱིས་དོན་དམ་པའི་བདེན་པའི་བདག་ཉིད་དོ། །གང་ཞིག་བདེན་པ་གཉིས་ཀྱི་བདག་ཉིད་ཅན་དེ་ནི་ཙིཏྟཱ་ཞེས་པ་སྟེ། ཨདྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་འོ། །དེ་ལྟར་གྱུར་པའི་ཨཱ་ཡ་གང་གིས་ཡེ་ཤེས་དེ་བོད་པའོ། །ཨརྡྷྭ་ཨིནྡུ་དཾ་ཥྚྲའི་ཎེ་ཞེས་པ་ཨརྡྷྭ་ཨིནྡུ་ནཱ་ད་སྟེ། ཐབས་ཀྱི་ཡན་ལག་ཉིད་ཀྱིས་ཀཱ་ལིའི་ཕྲེང་བ་ཅུང་ཟད་གསལ་བའི་ཌ་ཌྷ་ད་དྷ་ཡ་ལ་རྣམས་དང་ལྷན་ཅིག་ནཱ་ད་བཞི་བཅུའོ། །དེ་ཉིད་གང་གི་མཆེ་བར་གྱུར་པ་དེ་ནི་ཨརྡྷྭ་ཨནྡུ་དཾ་ཥྚྲཱི་ཎེ་ཞེས་པ་སྟེ། ཚེམས་བཞི་བཅུ་གསུངས་སོ། །


DTG003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མཱར་ཡ་མཱར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བནྡྷ་བནྡྷ་ནཱ་ག་ཨཥྜཱ་ཀཱ་ན། གྲི་ཧྞ་གྲི་ཧྞ། ཤ་ཏྲུཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ། ཞེས་པ་བཅོམ་ལྡན་འདས་ཀྱི་སྔགས་ཀྱི་རང་བཞིན་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་རབ་ཏུ་བསྟན་ཏེ། ཁ་སྦྱོར་མངོན་པར་གསལ་བ་ཉིད་ཀྱི་ཕྱིར་རོ། །རྀ་རཱྀ་ལྀ་ལཱྀ་དབྱངས་བཞིའི་སྦྱོར་བ་མ་བསྟན་ཏེ། མ་ནིང་ཉིད་ཀྱི་ཕྱིར་རོ། །འབར་བའི་ཕྲེང་བ་འཁྲིགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །ཞེས་གསུངས་པ་ལ། དཀྱིལ་འཁོར་དེའི་དོན་ཉིད་ལྷ་མོས་ཞུས་པའི་སྒོ་ནས་གསུངས་པ། དེ་ལ་ལྷ་མོ་དེ་དགྱེས་ནས། །བསྲུབ་ཅིང་བསྲུབས་པའི་སྦྱོར་བ་ལས། །དམ་འཁྱུད་ཙུམྦ་ན་བྱེད་པས། །དཀྱིལ་འཁོར་ཡིད་དུ་འོང་བ་ཞུས། །དེར་ནི་སྟོན་པ་ཡེ་ཤེས་ཆེ། །རང་ཉིད་དཀྱིལ་འཁོར་འདྲི་བར་མཛད། །དེར་ནི་ཞེས་པ་ད་བང་བསྐུར་བ་སྦྱིན་པའི་དུས་སུའོ། །སྟོན་པ་ཞེས་པ་འགྲོ་བའི་བླ་མའོ། །ཡེ་ཤེས་ཆེ་ཞེས་པ་ཐམས་ཅད་མཁྱེན་པ་སྟེ། དེ་ནི་མ་གཟིགས་པ་དང༌། མ་གསན་པ་དང༌། མ་རིག་པ་ཅུང་ཟད་ཀྱང་མེད་པའོ། །རང་ཉིད་དཀྱིལ་འཁོར་རྡུལ་ཚོན་གྱི་རང་བཞིན་འདྲི་བར་མཛད་དོ། །རྡོ་རྗེ་པདྨ་མཉམ་སྦྱར་ནས། །དགྱེས་པའི་ཐུགས་ནི་མཉམ་བཞག་སྟེ། །རིམ་པ་གཅིག་པ་སྒོ་བཞི་པ། །སྣ་ཚོགས་འོད་ཟེར་ཡང་དག་འཁྲིགས། །རྟ་བབས་བཞི་དང་ཡང་དག་ལྡན། །རྡོ་རྗེ་སྲད་བུ་རྣམས་ཀྱིས་བརྒྱན། །རེ་ཁཱ་ལྔ་དང་ཡང་དག་ལྡན། །དེ་ནས་བུམ་པ་བརྒྱད་པོ་དགོད། །རིན་ཆེན་ལྔ་ཡི་ཕྱེ་མ་འམ། །ཡང་ན་འབྲས་ལ་སོགས་པ་ཡིས། །དུར་ཁྲོད་སོ་ཕག་གིས་ཀྱང་སྟེ། །དེ་བཞིན་དུར་ཁྲོད་སོལ་བས་སོ། །དེ་དབུས་འདབ་བརྒྱད་པདྨ་ནི། །ཟེ་བར་བཅས་པ་བྲི་བར་བྱ། །སྙིང་པོར་ཐོད་པ་ཆ་གསུམ་པ། །ཁ་དོག་དཀར་པོ་བྲི་བར་བྱ། །དབང་ལྡན་དུ་ནི་ཤ་ར་བྷ། །མེ་ཡི་མཚམས་སུ་དགེ་སློང་བྲི། །བདེན་བྲལ་དུ་ནི་འཁོར་ལོ་བྲི། །རླུང་དུ་རྡོ་རྗེ་བྲི་བར་བྱ། །ཤར་སྒོར་དེ་བཞིན་གྲི་གུག་སྟེ། །ལྷོ་རུ་ཅང་ཏེའུ་བྲི་བར་བྱ། །ནུབ་ཏུ་རུས་སྦལ་བྲི་བྱ་ཞིང༌། །དེ་བཞིན་བྱང་དུ་ལྷོ་འཕྱེའོ། །ལྷ་མོའི་ཁ་དོག་དབྱེ་བ་ཡིས། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །དབུས་སུ་ཐོད་པ་དཀར་པོ་ཡང༌། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །དེ་ནས་རྣམ་རྒྱལ་བུམ་པ་དགོད། །ཡལ་གའི་རྩ་མོ་གོས་བཟངས་ཅན། །ལྟོ་བ་རིན་


DTG003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལྔ་བཟང་པོ། །ཤ་ལི་སྐྱེས་པས་ཡོངས་གང་བའོ། །མང་དུ་རབ་ཏུ་བརྗོད་པས་ཅི། །ཇི་ལྟར་དེ་ཉིད་བསྡུས་པ་ཡིས། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །སྒྲ་ཇི་བཞིན་བའི་དོན་རབ་ཏུ་གསལ་བ་ཉིད་དོ། །ཡང་ན། རིམ་པ་གཅིག་བཞེས་པ་རིམ་པ་ཁ་སྦྱོར་ཏེ། གཅིག་གཉིས་སུ་མེད་པའོ། །སྒོ་བཞི་པ་ཞེས་པ་དགའ་བ་བཞིའི་རང་བཞིན་ནོ། །སྣ་ཚོགས་འོད་ཟེར་ཡང་དག་འཁྲིགས། །ཞེས་པ། མངོན་པར་ཤེས་པ་དྲུག་གི་ཡོན་ཏན་དང་ལྡན་པའོ། །རྟ་བབས་བཞི་དང་ཡང་དག་ལྡན། །ཞེས་པ་གཞན་དགའ་བ་བཞིའི་རང་བཞིན་ནོ། །རྡོ་རྗེ་སྲད་བུ་རྣམས་ཀྱིས་བརྒྱན། །ཞེས་པ་རྡོ་རྗེ་རིགས་ཀྱི་དབང་པོ་སྟེ། སྲད་བུ་ཨ་ཝ་དྷཱུ་ཏཱིའོ། །གཉིས་ཀ་བཞིའི་རང་བཞིན་ཉིད་ལས་གཉིས་ལ་མང་པོའི་ཚིག་གོ །རྡོ་རྗེ་སྲད་བུས་བརྒྱན་ཞེས་པ་ལྡན་པའོ། །རེ་ཁཱ་ལྔ་དང་ཡང་དག་ལྡན། །ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ནོ། །དེ་ནས་བུམ་པ་བརྒྱད་ཅེས་པ་དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ལྔའི་རང་བཞིན་ཉིད་སྐུ་གསུམ་དང་ལྷན་ཅིག་བརྒྱད་དེ་ཚོགས་ཉིད་ཀྱི་རང་བཞིན་རྒྱུ་དང་གཞིར་གྱུར་པའོ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཞེས་པ་ལ་སོགས་པ་སྔར་གསུངས་པའི་དོན་ཉིད་དོ། །དེ་དབུས་འདབ་བརྒྱད་པདྨ་ནི། །དེ་དབུས་ཞེས་པ་དཀྱིལ་འཁོར་གྱི་དབུས་སུ་པདྨ་ཞེས་པ་ཡེ་ཤེས་ཏེ། འདབ་བརྒྱད་ཅེས་པ་མཐའ་ཡས་པའི་ཡེ་ཤེས་ཀྱིས་ཁྱབ་པའོ། །ཟེ་བར་བཅས་པ་ཞེས་པ་ཀེ་ཤ་ཟླ་བའོ། །ར་ཉི་མ་སྟེ་ལྷན་ཅིག་གྱུར་པ་ཀེ་ཤ་རའོ། །སྙིང་པོར་ཐོད་པ་ཆ་གསུམ་པ། །ཞེས་པ་སྙིང་པོའི་སྒྲས་ཟེ་བའི་དབུས་ཏེ། འདིས་ཟླ་བ་དང་ཉི་མ་དག་གི་དབུས་སུ་ཐོད་པ་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །ཟླ་བ་དང་ཉི་མ་ས་བོན་གསུམ་པོ་རྣམས་དང་ལྡན་པ་སྟེ། ཁ་དོག་དཀར་པོ་ཞེས་པ་འོད་གསལ་བའི་རང་བཞིན་ནོ། །ལྷ་མོའི་ཁ་དོག་དབྱེ་བ་ཡིས། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །ཞེས་པ་ཟླ་བ་དང་ཉི་མ་དང་ས་བོན་ལ་སོགས་པའི་རིམ་པས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་སྐུ་གསུང་ཐུགས་དང་ལྷན་ཅིག་ཕྱག་མཚན་བརྒྱད་དོ། །དབུས་སུ་ཐོད་པ་དགར་པོ་ཡང༌། ཞེས་པ་བརྒྱད་པོ་རྣམས་ཀྱི་དབུས་སུ་ཆོས་འབྱུང་ངོ༌། །སྣ་ཚོགས་རྡོ་རྗེས་མཚན་པ་ཞེས་པ་མཚན་མ་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་འཆང་དང་བདག་མེད་མ་ཁ་སྦྱོར་ཞེས་


DTG003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནོ། །རྣམ་རྒྱལ་བུམ་པ་ཞེས་པ་ཉོན་མོངས་པའི་བག་ཆགས་མ་ལུས་པའི་དགྲ་ལས་རྣམ་པར་རྒྱལ་བས་རྣམ་རྒྱལ་ཏེ། དེ་ལྟར་གྱུར་པའི་བུམ་པའི་ཡེ་ཤེས་སོ། །ལྟོ་བ་རིན་ཆེན་ལྔ་ཞེས་པ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་སྐུའོ། །དེ་ཉིད་ཀྱི་ཕྱིར་བཟང་པོ་ལྷའི་བདག་ཉིད་ཅན་ནོ། །ཤཱ་ལི་སྐྱེས་པས་ཡོངས་སུ་བཀང༌། །ཞེས་པ་ཤཱ་ལི་སྐྱེས་པའི་སྒྲས་ཤིན་ཏུ་རྣམ་པར་དག་པའི་ཡུལ་ཏེ། དེ་རྣམས་ཀྱིས་ཡོངས་སུ་བཀང་བའོ། །མང་དུ་རབ་ཏུ་བརྗོད་པས་ཅི། །སྨྲ་བ་མང་པོས་ཆོག་སྟེ། །ཇི་ལྟར་དེ་ཉིད་བསྡུས་པ་ཡིས། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །དེ་ཉིད་བསྡུས་པ་ཞེས་བདེ་ཁོ་ན་ཡང་དག་པའི་ཡེ་ཤེས་ཏེ། བསྡུས་པ་རྟོགས་པའོ། །དེ་ནི་དེ་ལྟར་གྱུར་པ་ན་དཀྱིལ་འཁོར་གྱི་ཆོ་ག་སྟེ། །དེ་ཇི་ལྟ་བ་དེ་བཞིན་དུ་བྱའོ། །འདིས་ནི། རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཞེས་པ་འདིའི་དོན་ཤིན་ཏུ་ངེས་པའོ། །བཅུ་གཉིས་བརྒྱད་གཉིས་ལོན་པ་ཡི། །རིག་མ་བདེ་ཆེན་བརྒྱད་པོ་ནི། །དོ་ཤལ་རྐང་གདུབ་ཀྱིས་བརྒྱན་ཏེ། །དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག །མ་དང་སྲིན་མོ་ཉིད་དང་ནི། །བུ་མོ་སྲིད་མོའི་བུ་མོ་དང༌། །དེ་བཞིན་ཞད་པོའི་ཆུང་མ་དང༌། །མ་ཡི་སྤུན་དང་སྒྱུག་མོ་དང༌། །དེ་བཞིན་པ་ཡི་སྲིད་མོ་ཉིད། །རིག་མ་བརྒྱད་དུ་རབ་ཏུ་གྲགས། །སྒྲ་ཇི་བཞིན་པའི་དོན་གསལ་བ་ཉིད་དོ། །བཅུ་གཉིས་ལོན་པ་ཞེས་པ་མ་ནིང་གི་རང་བཞིན་བཞི་སྤངས་བའོ། །བརྒྱད་གཉིས་ལོན་པ་ཞེས་པ་དེ་ཉིད་བཞི་དང་རྟོགས་པའོ། །རིག་མ་བརྒྱད་པོ་ཞེས་པ་དགའ་བ་ལ་སོགས་པ་བཞི་ཚན་གཉིས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་སྟེ། དཀྱིལ་འཁོར་ཡང་དག་པའི་ཡེ་ཤེས་སུ་གཞུག་པར་བྱ་ཞིང༌། དེའི་བདག་ཉིད་ཀྱིས་རྣམ་པར་གནས་པར་བྱའོ། །འདིས་ནི་དཀྱིལ་འཁོར་གཉིས་པ་ཁ་སྦྱོར་ཉིད་མཚོན་པའོ། །དམ་འཁྱུད་ཙུམྦ་ན་བྱེད་པས། །འདི་རྣམས་རྣལ་འབྱོར་པ་ཡིས་མཆོད། །དེར་ནི་ག་པུར་བཏུང་བྱ་ཞིང༌། །དེ་ཡིས་དཀྱིལ་འཁོར་བསང་གཏོར་བྱ། །དེ་རྣམས་བཏུང་བྱ་རྣལ་འབྱོར་པ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དམ་འཁྱུད་ཅེས་པ་ལ་སོགས་པས་ཁ་སྦྱོར་གྱི་རྣལ་འབྱོར་གསུངས་སོ། །དེར་ནི་དེའི་དུས་ནག་པུར་བྱང་ཆུབ་ཀྱི་སེམས་བཏུང་བར་བྱ་སྟེ། རྡོ་རྗེ་ལྕེ་ཡིས་ཞེས་པ་གདམས་ངག་གོ །དེ་ཡིས་དཀྱིལ་འཁོར་བསང་གཏོར་བྱ། །ཞེས་པ་དེས་འདུས་པ་རྣམ་པར་


DTG003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཞེས་པའི་དོན་ནོ། །དེ་རྣམས་བཏུང་བྱ་ཞེས་པ་རྡོ་རྗེ་ལྕེ་ཡིས་ཞེས་པ་གདམས་ངག་གོ །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་ཏེ་མྱུར་དུ་དེའི་སྐད་ཅིག་ལས་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ནོ། །དེར་ནི་ཆང་ཡང་བཏུང་བར་བྱ། །ཞེས་པ་དེར་ཐུགས་ཀྱི་མངོན་པར་ཞེན་པ་ཡལ་བར་གྱུར་པའོ། །ཤ་དང་ཤཱ་ལི་སྐྱེས་པ་བཟའ། །ཞེས་པ་དེ་ལ་སྐུའི་མངོན་པར་ཞེན་པ་ཡང་མེད་དོ་ཞེས་པའི་དོན་ནོ། །མངོན་པར་ཞེན་པ་གཉིས་ཡལ་བར་གྱུར་བ་ན་མཚན་མའི་མངོན་པར་ཞེན་པ་ཡང་ཡལ་བའི་ཕྱིར་ཐ་དད་དུ་ན་གསུངས་སོ། །དེ་ནི་གོས་དང་བྲལ་བྱས་ནས། །བྷ་གར་ཙུམྦ་ཡང་ཡང་བྱ། །དེ་ནི་གོས་དང་བྲལ་ཞེས་པ་སྒྲིབ་པ་དང་བྲལ་བ་རང་བཞིན་མེད་པར་བྱས་ན་བྷ་ག་ཡེ་ཤེས་ལ་ཙུམྦ་བྱའོ། །ཡང་ཡང་ཞེས་པ་སྐད་ཅིག་སོ་སོར་བར་མཆད་པར་རབ་ཏུ་རྟོགས་པར་གྱུར་པའོ། །ཡང་ན་གང་ཙུམྦ་བྱ་ཞེས་པ་འདིས་གསུང་གི་མངོན་པར་ཞེན་པ་ཡང་དེ་ལ་མེད་དོ་ཞེས་གསལ་བ་ཉིད་ཀྱིས་གསུངས་སོ། །དེ་རྣམས་ཀྱིས་ཀྱང་བོལླ་གཞིབ། །གར་བྱ་གླུ་ཡང་བླང་བར་བྱ། །དེ་རྣམས་ཀྱིས་ཀྱང་བོལླ་རྡོ་རྗེ་ཡེ་ཤེས་གཞིབ་བར་བྱ་སྟེ། །ཡེ་ཤེས་ཀྱི་མངོན་བར་ཞེན་པ་བཤིག་པར་བྱའོ། །གར་དང་གླུ་ཡང་བླང་བར་བྱ། །ཞེས་པ་གར་དང་གླུའི་དོན་གསུངས་པ་ཉིད་དོ། །བོལླ་ཀཀྐོ་ལ་སྦྱེར་ནས། །དེ་ལ་རོལ་པར་བྱའོ། །ཁ་སྦྱོར་གྱི་རྣལ་འབྱོར་ཉིད་ལས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ། །དེ་ནས་ཐུན་ཚོད་གཉིས་པ་ལ། །གོས་ཀྱིས་མིག་ནི་བཀབ་ནས་སུ། །དེར་ནི་སློབ་མ་གཞུག་བྱ་ཞིང༌། །ཕྱི་ནས་དཀྱིལ་འཁོར་བར་ཏུ་བསྟན། །གོས་ཀྱིས་ཞེས་པ་གོས་སེར་པོས་སོ། །མཚན་མོ་སྐྱེ་བོ་མེད་ཁྱིམ་དུ། །ཇི་ལྟར་གསུངས་པའི་དབང་བསྐུར་ནི། །སློབ་དཔོན་ལ་སོགས་དབྱེ་བ་ལས། །དེ་ལ་དབང་ནི་སྦྱིན་པར་བྱ། །སློབ་མའི་སྒྲས་དབང་པོ་ལ་སོགས་པའོ། །དེ་རྣམས་གཞུག་པར་བྱ་ཞིང་དེ་ནས་དཀྱིལ་འཁོར་བསྟན་པ་འདུས་པའི་ཡེ་ཤེས་མངོན་པར་གསལ་བའོ། །དེ་ཉིད་དབང་སྟེ་དྲི་མ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བོ་མེད་ཁྱིམ་དུ་སྐྱེ་བོའི་སྐུའི་མངོན་པར་ཞེན་པ་དང་བྲལ་བའོ། །ཇི་ལྟར་མཆོད་དང་བསྟོད་བཤད་པ། །སློབ་མ་བཟང་པོས་སྔར་ཤེས་བྱ། །དེ་ལ་དེ་ཉིད་བསྟན་བྱ་སྟེ། །དགའ་


DTG003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དང་པོ་མཆོག་མཐའ་ཅན། །རྒྱུད་ཀུན་དུ་ནི་སྦས་པ་སྟེ། །མཐའ་ནི་མཐའ་རབ་ཏུ་གསལ་བ། །འདི་ནི་དང་པོ་དང་དགའ་བ་ཡང་ཡིན་པའི་ཕྱིར་དགའ་བྲལ་དང་པོའོ། །འདི་ནི་མཆོག་དང་མཐའ་ཡང་ཡིན་པའི་ཕྱིར་མཆོག་མཐའ་སྟེ། དེ་ལྟར་གྱུར་པའི་ཀཾ་དགའ་འབྲལ་དང་པོ་མཆོག་མཐའ་ཅན་ན། །ཡང་ན་གང༌། དགའ་བྲལ་དེ་གང་གི་དང་པོ་ཡིན་པ་ནི་དགའ་བྲལ་དང་པོ་སྟེ། དེ་ལྟར་གྱུར་པའི་མཆོག་ཕུལ་དུ་བྱུང་བའོ། །མཐའ་ནི་མཐར་གྱུར་པ་སྟེ། མཐར་གྱུར་བ་འདི་ལྟ་བུ་ནི་ཀཾ་ཡེ་ཤེས་སོ། །ཡང་ན་གང་འདི་ནི་དགའ་བྲལ་དང༌། དང་པོ་མཆོག་ཀྱང་ཡིན་པའི་ཕྱིར་དགའ་བྲལ་དང་པོ་མཆོག་གོ །དེ་ལྟར་གྱུར་པའི་ཕྱིར་དགའ་བྲལ་དང་པོ་མཆོག་མཐའ་ཅན་ནོ། །རྒྱུད་ཀུན་དུ་ནི་སྦས་པ་སྟེ། །ཞེས་པ་དགོད་པར་བརྗོད་པ་ལ་སོགས་པ་རྣམས་སུའོ། །ཡང་ན་གང་བསྟན་བཅོས་ཐམས་ཅད་དུ་སྦས་པའོ། །དེ་ཁྱད་པར་ཅི་ཞེ་ན། མཐའ་ནི་སྟེ། དེ་ལས་མཆོག་ཅི་ཡང་མེད་པའོ། །དེ་ཉིད་མཐའ་མཐར་ཐུག་པ་ཇི་སྲིད་ཡང་དག་པའི་མཐར་དེ་བཞིན་ཉིད་ཅེས་པའོ། །དེ་རབ་ཏུ་གསལ་ཏེ་འོད་གསལ་བའི་རང་བཞིན་ཞེས་པའོ། །རྡོ་རྗེ་མཆོད་པའི་རབ་སྦྱོར་ལས། །དེ་ལ་ལྷ་མོ་དེས་ཞུས་པ། །ལྷ་དེའི་སྐད་ཅིག་ཇི་ལྟར་ལགས། །གཙོ་བོ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པའོ། །ཐོག་མ་མེད་ཅེས་པ་ཐོག་མ་སྐྱེ་བ་མེད་དོ། །དེ་མེད་བའི་ཕྱིར་མཐའ་འཇིག་པ་མེད་དོ། །སྐྱེ་བ་དང་འཇིགས་པ་མེད་བའི་ཕྱིར་དེ་ལ་ད་བུས་མེད་དེ་སྐད་ཅིག་དེ་ལ་དབུས་གནས་པ་མེད་དོ། །དེ་ཉིད་གསལ་བར་བྱེད་པ་སྲིད་མེད་འཁོར་བ་མེད་དེ། གདོད་མ་ནས་མ་སྐྱེས་པའི་ཕྱིར་ཀུན་རྫོབ་མེད་དོ། །དེ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་མེད་དོ། །གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་འཇིག་པ་མེད་དོ་ཞེས་དགོངས་པའོ། །ཡང་ན་གང༌། སྲིད་མེད་མྱ་ངན་འདས་པ་མེད། །ཅེས་པ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་བ་ཞེས་བྱ་བའི་བདེན་པ་གཉིས་པོ་མེད་དོ། །དེ་ལྟར་ཡང་འཕགས་པས། དངོས་པོ་གང་ཞིག་མ་སྐྱེས་པ། །ཇི་ལྟར་གཞན་དུ་སྐྱེ་བར་འགྱུར། །མོ་གཤམ་


DTG003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡང་བུ་ཉིད་དུ། །འདིར་ནི་སྐྱེ་བར་འགྱུར་བའམ། །ཞེས་སོ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །འདི་མཆོག་ཏུ་བདེ་བ་ཆེན་པོ་ཕུལ་དུ་བྱུང་བའི་བདེ་བ་ཡང་དག་པའི་ཡེ་ཤེས་སོ། །དེ་ལ་བདེ་བ་ཉམས་སུ་མྱོང་བ་ཡང་མེད་དེ། ཉོན་མོངས་པའི་བག་ཆགས་ཡོངས་སུ་སྤངས་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བདག་མེད་གཞན་ཡང་མེད་པའོ། །དེ་ལ་བདག་དང་གཞན་རྟོག་པ་ཡང་མེད་དོ། །དབྱེར་མེད་པའི་རང་བཞིན་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །སྐད་ཅིག་འདི་ཉིད་ཇི་ལྟར་རྟོགས་པར་བྱ་ཞེ་ན་གསུངས་པ། རང་གི་ལག་པ་གཡས་གཡོན་གྱི། །མཐེ་བོང་མིང་མེད་དེ་དག་གིས། །ལོངས་སྤྱོད་རྫོགས་པའི་རླབས་གཉིས་སུ། །རྣལ་འབྱོར་པ་ཡིས་བཙིར་བར་བྱ། །འདི་ནི་རང་གི་ལག་པ་དང་གཡས་པ་དང་གཡོན་པ་ཡང་ཡིན་པའི་ཕྱིར་རང་གི་ལག་པ་གཡས་གཡོན་ནོ། །གཡས་པ་དང་གཡོན་བ་དེའི་གང་ཞིག་མཐེ་བོང་དང་མིང་མེད་གང་ཡིན་པ་དེ་དག་གིས་ལོངས་སྤྱོད་རྫོགས་པའི་འཁོར་ལོར་རླབས་གཉིས་སྡོམ་པར་བྱའོ། །རྣལ་འབྱོར་པ་ཞེས་པ་རྣལ་འབྱོར་ཤེས་པ་སྟེ། འདིར་བླ་མའི་གདམས་དག་ཡོད་བའོ། །ཡང་ན་གང་རང་ཞེས་པ་སེམས་སོ། །གྱོན་པ་ཞེས་པ་ཟླ་པ་སྟེ། གཡས་ནི་ཉི་མའོ། །འདིས་ཟླ་པ་དང་ཉི་མ་དང་ས་བོན་རྣམས་ཏེ། གཅིག་ཉིད་ཀྱིས་བྱ་བ་གྲུབ་པའི་ཡེ་ཤེས་ལས། ལག་པ་ཞེས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྷན་ཅིག་ཡེ་ཤེས་ལྔ་རྣམས་སོ། །ཡེ་ཤེས་ལྔ་རིང་རང་བཞིན་གཅིག་པ་དེའི་མཐེ་བོང་ནི་གང་ཞིག་སྙིང་རྗེའི་རང་བཞིན་ཐབས་ཀྱི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པའོ། །མིང་མེད་ཅེས་པ་གང་ཞིག་སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་ཀྱི་ཡེ་ཤེས་དོན་དམ་པའི་བདེན་པའོ། །དེ་དག་གི་རླབས་གཉིས་ཤུགས་གཉིས་ཏེ། བཟུང་བ་ལ་སོགས་པའི་མངོན་པར་ཞེན་པའོ། །དེ་བཙིར་ཞིང་གཅིག་ཏུ་བྱའོ། །རྣལ་འབྱོར་པ་ཞེས་པ་ཟུང་དུ་འཇུག་པ་ཤེས་པའོ། །ཟུང་དུ་འཇུག་པ་ཤེས་པའི་མཚན་ཉིད་གསུངས་པ། ལོངས་སྤྱོད་རྫོགས་པ་ཞེས་པ་ཡང་དག་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པ་སྟེ། ལྷན་ཅིག་སྐྱེས་པའི་སྐད་ཅིག་དེ་ལ་ཞེས་པའི་དོན་ནོ། །འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་གང་ཡིན་པ་དེ་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཉིད་


DTG003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་པ་གསུངས་པའི་དོན་ནོ། །ཡང་ན་གང༌། རང་གི་ལགས་པ་གཡས་གཡོན་གྱིས། །ཞེས་པ་ལག་པ་གཡས་པ་དང་གཡོན་པ་དག་གི་མཐེ་བོད་དང་མིང་མེད་གང་ཡིན་པ་དེ་དག་གིས། ལོངས་སྤྱོད་རྫོགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་བར་དུ་སོན་པའི་སྐད་ཅིག་ལ་རླབས་གཉིས་འོག་དང་སྟེང་དུ་རྣལ་འབྱོར་བས་བཙིར་བར་བྱའོ། །དེ་ལས་བསྟན་པར་གྱུར་པ་ནི་ལྷན་ཅིག་སྐྱེས་པ་རབ་ཏུ་ག་སལ་བར་འབྱུང་བར་འགྱུར་རོ་ཞེས་དགོངས་པའོ། །དེ་ལྟར་བྱས་པ་ན་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། ཕྱི་ནས་ཡེ་ཤེས་སྐྱེ་བར་འགྱུར། །གཞོན་ནུ་མ་ཡི་དགའ་བ་བཞིན། །ཕྱི་ནས་བར་མཆད་པར་སྐྱེ་བར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རབ་ཏུ་གསལ་པ་མངོན་དུ་བྱེད་པར་འགྱུར་རོ། །དཔེ་གསུངས་པ། གཞོན་ནུ་མའི་དགའ་བ་བཞིན་ཉམས་སུ་མྱོང་བ་མེད་པ་སྤྱོད་ཡུལ་མ་ཡིན་པའི་དོན་ཏེ། དགའ་བ་ནི་བཟང་པོའི་དགའ་པ་ཕུལ་དུ་བྱུང་བའི་བདེ་བའོ། །དེས་ན་ཡེ་ཤེས་དེ་ནི་གཞོན་ནུ་མའི་ཉམས་སུ་མྱོང་བ་དེ་ལྟ་བུའོ། །གཞོན་ནུ་མའི་དགའ་བ་ཉིད་ཅི་ལྟ་བུ་ཞེ་ན། དཔེའི་དཔེ་གསུངས་པ། གཞོན་ནུ་མའི་དགའ་བ་དེ་ཡང༌། དེ་ལ་ཅི་ཡང་སྐྱེ་འགྱུར་ཏེ། །ལྐུགས་པའི་རྨི་ལམ་ཇི་ལྟ་བར། །དེ་ལ་ཞེས་པ་གཞོན་ནུ་མ་དེ་ལ་ཅི་ཡང་མེད་པ་མ་ནིང་སྟེ། དེ་དང་འདི་ཞེས་གང་ཞིག་ཡོངས་སུ་དཔྱད་པར་མི་ནུ་ས་པ་དེ་ལྟ་བུ་སྐྱེ་བར་འགྱུར་ཞིང་རབ་ཏུ་གསལ་བ་ཉིད་ཀྱིས་མྱོང་བར་འགྱུར་རོ། །དེ་ཡང༌། ལྐུགས་པའི་རྨི་ལམ་ཇི་ལྟ་བར། །ཞེས་པ་ཇི་ལྟར་སྨྲ་མི་ཤེས་པས་རྨི་ལམ་དུ་མཐོང་བ་དེ་ཡང་བརྗོད་པར་མི་ནུས་ཀྱི་རང་ཉིད་ཡོངས་སུ་ཤེས་པ་བཞིན་ནོ། །འདིས་ནི་དཔེ་ཙམ་ཉིད་དེ། གང་ལ་ཚིག་གིས་ངེས་པར་མི་ནུས་པ་དེ་ལ་དཔེས་མཚན་པའི་ཆོས་བརྗོད་པས་ཆོག་གོ་ཞེས་པའོ། །རང་རིག་པ་རྡོ་རྗེ་གསུམ་དབྱེར་མེད་པ་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་བའི་ཕྱིར། ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་གསུངས་པ། མཆོག་མཐའ་དགའ་བྲལ་གྱི་དབུས་ནི། སྟོང་དང་སྟོང་མིན་ཧེ་རུ་ཀ ། ཞེས་པ་མཆོག་ནི་ཕུལ་དུ་བྱུང་བའོ། །མཐའ་མི་མཐར་གྱུར་པ་སྟེ། གང་གི་ཞེ་ན། དགའ་བྲལ་གྱི་དབུས་སུའོ། །དགའ་འབྲལ་གྱི་དབུས་ཞེས་པ་མཐའ་དགའ་འབྲལ་ཡང་ཆགས་པ་དང་བྲལ་པའི་ངོ་བོར་གནས་པའོ། །དེ་ནི་དེས་འགའ་མཐའ་ཉིད་དོ། །ཞེས་དོགས་པ་བསལ་བའི་དོན་དུ་དགའ་བྲལ་གྱི་དབུས་


DTG003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྟེ། འདི་དབུས་དང་དགའ་བྲལ་ཡང་ཡིན་པའི་ཕྱིར་དབུས་དགའ་བྲལ་ལོ། །དགའ་བ་དང་མཆོག་དགའ་དག་དང༌། ལྷན་ཅིག་སྐྱེས་པ་དང༌། དགའ་བྲལ་དག་གོ །དེ་དག་གི་དབུས་ནི་ཆགས་པ་དང་བྲལ་པ་སྟེ། དེའི་མཐའོ། །དེ་ཁྱད་པར་ཅི་ཞེ་ན། གསུངས་པ། སྟོང་དང་སྟོང་མིན་ཞེས་པ་སྟོང་པ་ནི་རང་བཞིན་དང་བྲལ་བ་སྟེ་དེ་ཉིད་སྟོང་མིན་ཕལ་པའི་རང་བཞིན་ཞེས་པའི་དོན་ནོ། །དེ་གང་ཞེ་ན་ཧེ་རུ་ཀ་ཞེས་པ་སྟེ། ཧེ་ཞེས་པ་དང་པོ་རྒྱུ་དང་བྲལ་བའོ། །རུ་ཞེས་པ་རུ་ཡིག་བཀོད་པ་དང་བྲལ་བའོ། །ཀ་ཞེས་པ་གང་དུ་ཡང་མི་གནས་པ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་མ་ནིང་ཞེས་པའོ། །གལ་ཏེ་ཡང༌། དགའ་བྲལ་གྱི་སྒྲ་དགའ་བ་ལ་མི་འཇུག་པ་དེ་ལྟར་ན་ཡང་ཐམས་ཅད་དུ་ཁྱད་པར་གྱི་འདོད་ཆགས་ཉམས་སུ་མྱོང་བའི་ཕྱིར། ཐེ་ཚོམ་དུ་འགྱུར་རོ། །གཞན་དུ་ན་སྐད་ཅིག་བཞི་ཐ་དད་དུ་མི་འགྱུར་ཏེ། དགའ་བའི་རང་བཞིན་ཤིན་ཏུ་ཕྲ་མོ་གཅིག་ཉིད་ཡིན་པའི་ཕྱིར་ཞེས་དགོངས་པའོ། །ཡང་ན་གང༌། མཆོག་མཐའ་ཞེས་པ་མཆོག་དང་དེ་མཐའ་ཡང་སྟེ། མཆོག་མཐའོ། །གང་གི་ཞེ་ན་དབུས་དང་དགའ་བྲལ་གྱི་དབུས་མཆོག་དགའ། དབུས་མཆོག་དགའ་དང་མཐའ་དགའ་བྲལ་གྱི་དགའ་བ་སྟེ། མཐའ་དང་དབུས་དགའ་དང་པོ་མེད་པས་བར་མ་ཡང་ངོ༌། །དེ་ལ་དགའ་བ་ཡང་ཡོད་པའི་ཕྱིར་དགའ་གསུམ་པོ་གང་ཡིན་པ་དེ་ཉིད་ཀྱི་མཆོག་མཐའ་ལྷན་ཅིག་སྐྱེས་བ་ཞེས་པའོ། །དེ་ཡང་ལུས་དང་ངག་དང་སེམས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ངེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་གཞོན་ནུ་མའི་དགའ་པ་ལ་སོགས་པའི་དཔེ་ཅུང་ཟད་ཐ་སྙད་ལྷག་པར་གནས་པས་ཉེ་བར་བསྟན་ཏོ། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་པ་གསུངས་པའི་དོན་ཉིད་དོ། །ཀྱེའི་རྡོ་རྗེ་མངོན་པར་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ། །ཀྱེའི་རྡོ་རྗེ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་སོ། །དེའི་མངོན་པར་འབྱུང་པ་ནི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཡོངས་སུ་གྲུབ་པ་རྡོ་རྗེ་འཆང་གི་གོ་འཕང་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ལྟར་གྱུར་པའི་ཞེས་བྱ་བ་ནི་བརྡ་དང་ལྡན་པའོ། །དེ་ནི་ལེའུ་ལྔ་པ་སྟེ། ལྔ་རྣམས་ཀྱིས་རྫོགས་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་


DTG003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་ལྔ་པའོ།། །།

དྲུག་པ། བྲིས་སྐུའི་ཆོ་གའི་ལེའུའི་འགྲེལ་བཤད།


DTG003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེའི་རྡོ་རྗེ་མངོན་པར་འབྱུང་བ་ནི་ཡེ་ཤེས་ལྔ་དང༌། སྐུ་གསུམ་གྱི་རང་བཞིན་ཉིད་ཀྱི་ཡེ་ཤེས་ལྔའི་རང་བཞིན་ཕྱག་རྒྱ་ལྔ་པོ་ཉིད་བསྟན་པའི་ཕྱིར་གསུངས་པ། ལྷ་མོ་ལ་ནི་དམ་འཁྱུད་ཅིང༌། །བོལླ་ཐོད་པར་བཅུག་ནས་ནི། །དམ་དུ་ཀུ་ཙ་གཟུང་མཛད་དེ། །སྐྱེས་པའི་མཐའ་ནི་གཞིབས་ནས་ཀྱང༌། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །མཆན་ཁུང་སེན་མོས་རྨ་མཛད་དེ། །མཉམ་སྦྱོར་བདེ་བ་མྱོང་མཛད་ནས། །ཕྱག་རྒྱ་ལྔ་ནི་རྣམ་ཕྱེ་བ། །དོན་རབ་ཏུ་གསལ་པ་ཉིད་དོ། །ཡང་ན། ལྷ་མོ་ནི་དམ་འཁྱུད་ཅིང༌། །ཞེས་པ་དགའ་བའི་ཡེ་ཤེས་སོ། །བོལླ་ཐོད་པར་བཅུག་ནས་ནི། །ཞེས་པ་མཆོག་དགའི་ཡེ་ཤེས་སོ། །དམ་དུ་ཀུ་ཙ་གཟུང་མཛད་དེ། །ཞེས་དགའ་བྲལ་ཁྱི་དགའ་བའི་ཡེ་ཤེས་སོ། །སྐྱེས་པའི་མཐའ་ནི་གཞིབས་ནས་ཀྱང༌། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སོ། །དེ་ལྟར་གྱུར་པ་ན་མཉམ་སྦྱོར་བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པར་མཛད་ནས་ཕྱག་རྒྱ་ལྔ་རབ་ཏུ་གསལ་བར་མཛད་དོ། །ཚེམས་ཀྱི་མ་མཆུ་བཙིར་ནས་ནི། །མཆན་ཁུང་སེན་མོས་རྨ་མཛད་དེ། །ཞེས་པ་སྟོན་དུ་རྗེས་སུ་ཆགས་པ་སྟེ། །དེའི་རྗེས་ལ་དམ་འཁྱུད་ཅེས་པ་ལ་སོགས་པའོ། །ཕྱག་རྒྱ་ལྔ་པོ་ཉིད་གསུངས་བ། །བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །སྤྱི་བོར་འཁོར་ལོ་འཛིན་པ་ཉིད་ལས་རྟག་ཏུ་བླ་མ་ལ་སོགས་པ་ལ། ཕྱག་འཚལ་ཉིད་དེ། འཁོར་ལོའི་ཕྱག་རྒྱ་རྣམ་པར་དག་པ་ནི་མི་བསྐྱོད་པ་ཞེས་དགོངས་པའོ། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་འཛིན། །རྣ་ཆ་རྣམ་པར་དག་པ་འོད་དཔག་མེད་དེ། དེ་ཡང་འདུ་ཤེས་ཀྱི་ཕུང་པོ་ཡིན་པའི་ཕྱིར་མངོན་པར་བརྗོད་པ་རྣམ་པར་དག་པ་རྣ་ཆའི་ཕྱག་རྒྱ་འཛིན་པ་སྨོད་ཚིག་མི་ཉན་པ་ཉིད་དོ། །སྔགས་ཀྱི་བཟླས་པ་མགུལ་རྒྱན་ཏེ། །ཞེས་པ་མགུལ་པ་ཉིད་སྒྲ་ཡིན་ཞིང་སྒྲའི་རང་བཞིན་ནི་སྔགས་ཡིན་པའི་ཕྱིར་མགུལ་རྒྱན་གྱི་ཕྱག་རྒྱ་རྣམ་པར་དག་པ་སྔགས་བཟླས་པའོ། །དེ་ནི་ཚོར་བའི་ཕུང་པོའི་རྣམ་པར་དག་བ་སྟེ། དེ་ནི་རིན་ཆེན་དབང་པོའོ། །གདུ་བུ་སྲོག་ཆགས་གསོད་པ་སྤངས། །ལག་པས་སྲོག་ཆགས་གསོད་པར་བྱེད་དེ། །དེ་ཡང་གདུ་བུའི་ཕྱག་རྒྱས་བཏབ་པས་སྲོག་གཅོད་པ་སྤོང་བ་གདུ་བུའི་ཕྱག་


DTG003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རྣམ་པར་དག་པ་གཟུགས་ཀྱི་ཕུང་པོའི་བདག་ཉིད་ཅན་རྣམ་པར་སྣང་མཛད་རྣམ་པར་དག་པའོ། །ཕྱག་རྒྱ་བསྟེན་པ་སྐ་རགས་ཏེ། །རྐེད་པའི་ཕྱག་རྒྱས་ཕྱི་རོལ་གྱི་ཕྱག་རྒྱ་བསྟེན་པ་སྤོང་བ་རྣམ་པར་དག་པ་སྟེ། འདི་རྟག་ཏུ་ནང་གི་ཕྱག་རྒྱ་བསྟན་པ་ཉིད་དོ། །སྐྲ་རགས་ཀྱི་ཕྱག་རྒྱ་རྣམ་པར་དག་པས་ཕྱག་རྒྱ་བསྟེན་པ་སྟེ། འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་ཅན་དོན་ཡོད་གྲུབ་པ་གསུངས་སོ། །སྡུད་པ་གསུངས་པ། སངས་རྒྱས་ལྔ་ཡི་ཕྱག་རྒྱ་ཡིས། །རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། །ལུས་ཞེས་པ་ཀྱེའི་རྡོ་རྗེའི་རང་བཞིན་ནོ། །ཕྱག་རྒྱས་གདབ་ཅེས་པ་མཚན་མར་བྱེད་པའོ། །རྟག་ཏུ་ཞེས་པ་རྒྱུན་དུ་བར་ཆད་མེད་པ་ཉིད་ཀྱིས་སོ། །ཅི་ཞེ་ན་མཚན་མ་དང་ཕྱག་རྒྱ་ཡིས་སོ། །གད་གི་ཞེ་ན་སངས་རྒྱས་ལྔའི་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་ཞེས་པའོ། །འདིས་ཀྱེའི་རྡོ་རྗེ་མངོན་པར་འབྱུང་བ་ནི་རྒྱུ་བརྒྱད་དང་ཆོས་ཉིད་དེ། ཆོས་ཡན་ལག་དགུ་མཚོན་པའོ། །སྐུ་གསུམ་དང་ཡེ་ཤེས་ལྔའི་རང་བཞིན་ཉིད་ཀྱིས་བསྒོམ་པར་བྱ་བའི་དཀྱིལ་འཁོར་དང༌། བྲི་བར་བྱ་བའི་དཀྱིལ་འཁོར་གྱི་དོན་དུ་བདག་མེད་མས་ཞུ་བའི་སྒོ་ནས་དྲི་བ་མཛད་པ། དེ་ནས་རབ་ཏུ་བཞད་མཛད་ནས། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ལྷན་སྐྱེས་གཟུགས་ཅན་ཀྱེའི་རྡོ་རྗེ། །དེ་ལ་ལྷ་མོ་དེ་ཞུས་པ། །རབ་ཏུ་བཞད་ཅེས་པ་རྣལ་འབྱོར་མ་རྣམས་ཀྱིས་དྲག་ཏུ་བཞད་པའི་སྔགས་ཧ་ཧ་ཧ་ཧ་ཧ་ཞེས་པ་དེ་བཞིན་གཤེགས་པ་ལྔའི་སྐུར་མཛད་ནས། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ཞེས་པ་སྔོན་དུ་བཅོམ་ལྡན་འདས་ལ་རྗེས་སུ་ཆགས་པར་མཛད་ནས་ཕྱི་ནས་རབ་ཏུ་བཞད་ཅེས་དགོངས་པའོ། །ལྷ་མོ་ཞེས་པ་སྤྲོ་པའི་རང་བཞིན་ཏེ། ཀྱེ་རྡོ་རྗེ་ཞེས་པ་གཉིས་ཀ་དབྱེར་མེད་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར་ལྷན་སྐྱེས་གཟུགས་ཅན་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཅི་ཞེ་ན་གསུངས་པ། གཙོ་བོ་ཆོ་ག་གང་གིས་དང་། །དེ་བཞིན་བྱ་བ་གང་ཞིག་གིས། །ཀྱེ་ཡི་རྡོ་རྗེའི་བྲིས་སྐུ་བྱ། །བདེ་བ་ཆེན་པོ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །འདིར་ནི་བྲི་མཁན་དམ་ཚིག་ཅན། །སྒྲུབ་པོའང་དམ་ཚིག་ལྡན་པ་ཡིས། །བྲིས་སྐུ་འཇིགས་པ་འབྲི་བར་བྱ། །ཐོད་པར་གནས་པའི་ཁ་


DTG003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ལྔས། །རོ་ཡི་སྐྲ་ཡིས་པོར་གྱིས་ནི། །བྲིས་སྐུ་བླ་མ་བྲི་བར་བྱ། །ཐོད་པར་གནས་པ་ཞེས་པ་མིའི་ཐོད་པར་གནས་པ་སྟེ། ཁ་དོག་ལྡས་ཞེས་པ་བདུད་རྩི་ལྔ་བསྲེས་པའི་ཁ་དོག་ལྔ་པོ་རྣམས་ཀྱིས་སོ། །རོ་ཡི་སྐྲ་ཞེས་པ་དབྱངས་པའི་རོའི་སྐྲའི་བིར་གྱིས། ཀྱེའི་རྡོ་རྗེའི་བྲིས་སྐུ་བྲི་བར་བྱའོ་ཞེས་པ་སྟེ། བདག་མེད་མའི་བྲིས་སྐུ་དང༌། ཕྱག་གཉིས་པ་ལ་སོགས་པའི་ཧེ་རུ་ཀའི་བྲིས་སྐུ་ཡང་ཀྱེའི་རྡོ་རྗེ་ཉིད་ཀྱིས་ཁ་སྦྱོར་ཉིད་ཀྱི་ཕྱིར་རོ། །ཧེ་རུ་ཁ་ཕྱག་གཉིས་པའི་ཡང་དཀྱིལ་འཁོར་པའི་ལྷ་མོ་རྣམས་ནི། ཇི་ལྟར་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་བ་བཞིན་ནོ། །ཡང་ན་གང་བྲིས་སྐུ་བླ་མ་ཞེས་པ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་གྱི་ཀྱེའི་རྡོ་རྗེའོ། །བྲིས་སྐུ་འཇིགས་པ་ཞེས་པ་དོན་དམ་པའི་བདེན་པའི་བདག་ཉིད་ཅན་གྱི་ཀྱེའི་རྡོ་རྗེ་སྟེ། བདེན་པ་གཉིས་དབྱེར་མེད་པ་ཉིད་བདེན་པ་གཉིས་ཞེས་གསུངས་སོ། །དེ་བྲི་ཞིང་བསྒྲུབ་པར་བྱའོ། །གང་གིས་ཤེ་ན་ཁ་དོག་ལྔས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་ཡིས་སོ། །ཇི་ལྟ་བུས་ཤེ་ན་ཐོད་པར་གནས་པ་ན་ཡིག་དང་ར་ཡིག་དབྱེར་མེད་པ་ལས་ཁ་སྦྱོར་རོ། །དེ་ལྟར་གྱུར་བའི་ཀཾ་ཡེ་ཤེས་ཏེ། དེར་གནས་པ་དེའི་བདག་ཉིད་ཀྱིས་དེའི་ནང་དུ་ཐིམ་པར་གྱུར་པའོ། །རོའི་སྐྲ་ཞེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །པིར་ཞེས་པ་ཐམས་ཅད་རང་བཞིན་གཅིག་པ་ཉིད་ཀྱིས་ཞེས་པའི་དོན་ནོ། །གང་གང་སྐུད་པ་འཁལ་བ་དང༌། །གང་གང་རས་ཡུག་འཐག་པ་སྟེ། །དེ་ཡང་དམ་ཚིག་ཅན་ངེས་པས། །དམ་ཚིག་བྱིན་རླབས་རྣལ་འབྱོར་ལས། །དེ་ཡང་དམ་ཚིག་ཅན་ངེས་པར་ཞེས་པ་དམ་ཚིག་ལྷ་སྤྲོ་བའོ། །དེ་དང་ལྡན་པ་བདག་མེད་མ་དེས་སོ། །འདི་ཉིད་ཅི་ལྟར་ཞེ་ན། དམ་ཚིག་བྱིན་རླབས་རྣལ་འབྱོར་ལས། །ཞེས་པ་ལྷ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་སྦྱོར་བ་ཉིད་དེ། །དེའི་ཁ་སྦྱོར་ཞེས་པའི་དོན་ནོ། །ཟླ་བ་ཟླ་བའི་མར་ངོ་ཡི། །བཅུ་བཞི་པ་ལ་ཁྱིམ་དབེན་པ། །ཉིན་གུང་དྲག་པོའི་སེམས་ཀྱིས་ནི། །ཅུང་ཟད་ཆང་ནི་བཏུང་བྱ་ཞིང༌། །ལུས་ལ་ནི་རཾ་ཤུ་བསམས་ཏེ། །དེ་བཞིན་གཅེར་བུར་གྱུར་པས་ཀྱང༌། །ལྷག་མ་དང་ནི་མི་གཙང་བས། །དེ་ནས་དམ་ཚིག་བཟའ་བར་བྱ། །ཟླ་བ་ཟླ་བའི་ཞེས་པ་ལ་སོགས་པ། དེ་ནས་དམ་ཚིག་བཟའ་བར་བྱ། །ཞེས་པའི་བར་གྱིས། འབྲི་མཁན་དང་སྒྲུབ་པ་པོ་དང་སྐུད་པ་དང་རས་ཡུག་སྒྲུབ་པར་བྱེད་པ་གསུམ་ཆར་གྱིས་ཀྱང་འདི་བྲི་སྟེ།


DTG003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གསལ་བ་ཉིད་དོ། །ཡང་ན་གང་ཟླ་བ་ཟླ་བའི་ཆ་ཞེས་པ་གྲང་བ་དང་བྲལ་བའོ། །འདི་ཉིད་ཇི་ལྟར་ཞེ་ན། མར་ངོ་ཞེས་པ་བདག་མེད་མར་གྱུར་པའོ། །བཅུ་བཞི་པ་ཞེས་པ་མཁའ་འགྲོ་མ་བཅུ་བཞི་དང་ལྡན་པའོ། །ཁྱིམ་དབེན་པར་ཞེས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཆོས་འབྱུང་གཞལ་ཡས་ཁང་པ་རུའོ། །ཁྱད་པར་ཅི་ཞེ་ན་ཉིད་གུང་གཉིས་སུ་མེད་པའི་རང་བཞིན་ཀྱེའི་རྡོ་རྗེའི་བདག་ཉིད་དོ། །འདི་ཇི་ལྟར་ཞེ་ན་གསུངས་པ། ཅུང་ཟད་ཅེས་པ་སེམས་པར་བྱེད་པའི་ཕྱིར་སེམས་སོ། །དེ་ཁྱད་པར་ཅི་ཞེ་ན་ཀཾ །ཅི་ཞེས་པ་སྤྱོད་ཡུལ་ཆ་ཡིན་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཆང་ནི་བཏུང་བྱ་ཞིང་སེམས་ཀྱི་མངོན་པར་ཞེན་པ་སྤོང་བའོ། །ལུས་ལ་མཁའ་སྤྱོད་མའི་མཐར་ཐུག་པ་རྟོགས་པ་ན། ནི་རཾ་ཤུ་ཟླ་བའོ། །ཀཾ་བདེ་བ་སྟེ། བསམས་ཏེ་འདིའི་མཐར་ཐུག་པ་བསམ་པའི་སྤྱོད་ཡུལ་ཉིད་ཅེས་པའོ། །དེ་བཞིན་གཅེར་བུར་གྱུར་པས་ཀྱང༌། །ཞེས་པ་སྒྲིབ་པ་དང་བྲལ་བའི་རང་བཞིན་ཉིད་དུ་གྱུར་པའོ། །དེ་བཞིན་ཡང་ཞེས་པ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་མཚོན་པའོ། །ལྷག་མ་དང་ནི་མི་གཙང་བས། །ཞེས་པ་གཙང་བ་དང་མི་གཙང་བ་ལ་སོགས་པ་རྣམ་པར་རྟོག་པ་སྤང་བའི་ཕྱིར་རོ། །དམ་ཚིག་ནི་ལྷ་ཐམས་ཅད་ཀྱི་འབྱུང་བའི་རང་བཞིན་ཏེ། བཟའ་བ་ནི་རང་བཞིན་མེད་པའི་རང་བཞིན་ཉིད་རྟོགས་པར་བྱའོ་ཞེས་པའི་དོན་ནོ། །བཞིན་བཟངས་སྙིང་རྗེ་ལྡན་པ་དང༌། །གཟུགས་དང་ལང་ཚོ་སྐལ་བཟང་མ། །མེ་ཏོག་བཟང་པོ་སྒྲུབ་པར་དགའ། །རང་གི་ཕྱག་རྒྱ་གཡོན་དུ་བཞག །འདི་ནི་འབྲི་མཁན་གྱིས་རི་མོ་འདྲི་བར་བྱེད་པའི་དུས་ན་ཇི་ལྟར་བྱ་བ་དེ་གསུངས་པའོ། །ཡང་ན་གང་རང་གི་ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། བཞག་པ་ནི་གཡོ་བ་མེད་པ་ཉིད་ཀྱིས་ངེས་པར་བྱེད་པའོ། །གང་དུ་ཞེ་ན་གཡོན་ཟླ་བར་ཏེ། བཞིན་བཟངས་གཉིས་ཀའི་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་ཅིང་དཀྱིལ་འཁོར་གཉིས་དབྱེར་མེད་ང་པའི་རང་བཞིན་ཨོཾ་ཞེས་པའོ། །སྙིང་རྗེ་ལྡན་ཞེས་པ་འགྲོ་བའི་དོན་བསྒྲུབ་པར་བཟོད་པ་སྟེ། འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་འོད་དཔག་མེད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །གཟུགས་དང་ལང་ཚོ་སྐལ་བཟང་མ། །ཞེས་པ་རྡོ་རྗེ་གསུམ་གྱི་རང་བཞིན་ཏེ། སྔར་བརྗོད་པའི་དོན་གྱི་རང་བཞིན་ནོ། །མེ་ཏོག་བཟང་པོ་ཞེས་པ་བཟང་པོ་ཁུ་བ་


DTG003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མེ་ཏོག་རྡུལ་ཏེ། ཟླ་བ་དང་ཉི་མ་དབྱེར་མེད་པའོ། །ཨོཾ་དེ་ལྟ་བུའི་དོན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་པ་བོ་ལ་དགའ་བ་ནི་རྡོ་རྗེ་འཆང་དང་དབྱེར་མེད་པ་ཉིད་ཀྱིས་ཁ་སྦྱོར་གྱི་རང་བཞིན་ཉིད་དོ་ཞེས་པའི་དོན་ནོ། །ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བ་སྔོམ་པར་བྲིས་སྐུའི་ཆོ་གའི་ལེའུ་སྟེ་དྲུག་པའོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་དྲུག་པའོ།། །།

བདུན་པ། བཟའ་བའི་ལེའུའི་འགྲེལ་བཤད།


DTG003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་ལ་ལྷ་མོས་ཞུས། །བོལླ་ཀཀྐོ་ལ་སྦྱོར་བས། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། གླེགས་བམ་ཡང་ནི་ཇི་ལྟར་འགྱུར། །ཞེས་པའོ། །ད་ནི་དཀྱིལ་འཁོར་གསུམ་གྱི་རང་བཞིན་རྟོགས་ཏེ། བསྒོམ་པར་བྱ་བའི་དཀྱིལ་འཁོར་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། བྲིས་སྐུའི་ཆོ་ག་སྔར་རྟོགས་ཤིང༌། རྡོ་རྗེ་རིགས་ཀྱི་ལེའུར་མདོར་བསྟན་པ་སྐུ་རྡོ་རྗེའི་ངོ་བོ་སྤྲུལ་པའི་སྐུའི་རང་བཞིན་ཁོང་དུ་ཆུད་ནས་སྔགས་ཀྱི་ལེའུར་མདོར་བསྟན་པ་གསུང་རྡོ་རྗེའི་རང་བཞིན་ལོངས་སྦྱོང་རྫོགས་པའི་སྐུ་སྤྲུལ་པའི་སྐུ་དང་དབྱེར་མེད་པ་གླེགས་བམ་ཡང་ཇི་ལྟར་འགྱུར་ཞེས་ཞུ་བའི་སྒོ་ནས་གསུངས་པའོ། །དེ་ཉིད་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་ལས། །མཉེས་ཏེ་ལྷ་ཡིས་རབ་གསལ་མཛད། །ཁ་སྦྱོར་གྱི་རང་བཞིན་ཉིད་ལས་སྤྲོ་བའི་བདག་ཉིད་འོད་གསལ་བ་ཉིད་ཀྱིས་རྣམ་པར་གནས་པའོ། །གླེགས་བམ་ང་ཡིས་བཤད་བྱ་ཡིས། །ལྷ་མོ་སྐལ་བ་ཆེན་མོ་ཉོན། །སྤྲང་ཆེན་སྣ་ཚ་བྱས་ནས་ནི། །མི་ཡི་རུས་པའི་འབྲི་སྨྱུག་གིས། །གླེགས་བམ་སོར་ནི་བཅུ་གཉིས་པ། །གྲོ་གར་དམ་ཚིག་ཅན་གྱིས་བྲི། །སྤྲང་ཆེན་གྱི་སྒྲས་རིན་ཆེན་དབང་པོའོ། །ཡང་ན་གང་བདུད་རྩི་ལྔ་ཉིད་དོ་ཞེས་འགའ་ཞིག་འདོད་དོ། །གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་མེད་མཐོང་ན་ནི། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །ཡང་དག་རབ་སྦྱིན་ལྡན་པ་ལ། །རེས་འགའ་ཙམ་ཞིག་བསྟན་པ་ཉིད། །གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཆན་ཁུང་ཉིད་དུ་སྤ། སྒྲ་ཇི་བཞིན་བའི་དོན་གསལ་བ་ཉིད་དོ། །ཡང་ན། གླེགས་བམ་དང་ནི་བྲིས་སྐུ་ཉིད། །ཅེས་པ་བཅོམ་ལྡན་འདས་ཀྱི་སྐུ་གཉིས་སོ། །གལ་ཏེ་སྐལ་མེད་མཐོང་ན་ནི། །ཞེས་པ་རྣམ་པར་དག་པ་མ་ཡིན་པའི་དབང་པོ་དང་ཡུལ་གྱི་བདག་ཉིད་ཅན་ཏེ། གང་ཞིག་ཡེ་ཤེས་དེ་


DTG003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱོད་ཡུལ་མ་ཡིན་པ་ཉིད་ཅེས་པའོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་འདིར་འཁོར་བར་འགྲུབ་པར་མི་འགྱུར་ཞིང་འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །མྱ་ངན་ལས་འདས་པ་ལ་ཡང་རྟོགས་པར་གྱུར་ན་འགྲུབ་པར་འགྱུར་བ་མེད་པ་ཉིད་དོ་ཞེས་དགོངས་བའོ། །གང་ལ་བསྟན་པར་བྱ་ཞེ་ན་གསུངས་པ། ཡང་དག་རབ་སྤྱིན་ལྡན་པ་ལ། །ཕུལ་དུ་བྱུང་བའི་སྦྱོར་བ་དང་ལྡན་པ་ཉིད་ཀྱིས་ཡང་དག་རབ་སྦྱིན་ཏེ། མན་ངག་ཡང་དག་པར་རབ་ཏུ་སྦྱིན་པའི་སྦྱོར་བ་ལས་ཡང་དག་རབ་སྦྱིན་ཞེས་བརྗོད་དོ། །བདེན་པ་གཉིས་ཀྱི་བདག་ཉིད་ཀྱིས་ཉོན་མོངས་པ་སྤངས་བ་ཉིད་ཀྱིས་བསྟན་པ་ནི་རྟོག་པའོ། །འ་རེས་འགའ་ཙམ་ཞིག་སྟེ། དེ་ལ་ཡང་བག་ཆགས་སྤངས་པ་མེད་དོ་ཞེས་དགོངས་པའོ། །བྷ་གར་ལིངྒ་རབ་བཞག་ནས། །ཡང་ཡང་ཙུམྦ་ན་མཛད་ཅིང༌། །བདེ་ཆེན་མཉམ་པ་མྱང་མཛད་དེ། །རྡོ་རྗེ་ཅན་གྱིས་བཟའ་བ་བསྟན། །བཟའ་བ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཏེ། དེ་བསྟན་པར་མཛད་དོ་ཞེས་པའི་དོན་ནོ། །ཚོགས་ཀྱི་དཀྱིལ་འཁོར་བཟའ་བ་ནི། །ཉོན་ཅིག་ལྷ་མོ་མིག་ཡངས་མ། །གང་དུ་ཟོས་ནས་སྒྲུབ་པ་པོའི། །འདོད་པ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་མཚོན་པའོ། །དུར་འཁོར་དྲི་ཡི་བྱ་སྐྱིབས་དང༌། །དེ་བཞིན་མི་མེད་འགྲོང་ཁྱེར་དང༌། །ཡང་ན་དབེན་བའམ་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་ཀུན་དུ་སྤྱད། །སྒྲ་ཇི་བཞིན་བའི་དོན་གསལ་བ་ཉིད་དོ། །ཡང་ན་དུར་ཁྲོད་ཅེས་པ་ཆོས་ཀྱི་འཁོར་ལོའོ། །རི་ཡི་བྱ་སྤྱི་བས་ཞེས་པ་བདེ་བ་ཆེན་པོའི་འཁོར་ལོའོ། །མི་མེད་གྲོང་ཁྱེར་ཞེས་པ་སྤྲུལ་པའི་འཁོར་ལོའོ། །དབེན་པ་ཞེས་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོའོ། །བཟའ་བ་འདི་ནི་ཀུན་དུ་སྤྱད། །ཅེས་བ་བྱ་བ་ལ་འཇུག་པའོ། །འདི་ཡང་ཇི་ལྟར་ཞེ་ན་གསུངས་པ། རྒྱ་མཚོའི་མཐར་ཞེས་པ་རྒྱ་མཚོ་ནི་ཕྱག་རྒྱ་དང་བཅས་པ་སྟེ། འཁོར་ལོ་བཞིར་གྱུར་པའོ། །དེ་རྣམས་ཀྱི་མཐའ་ནི་མཐར་ཐུག་པའོ། །ཡང་ན་གང༌། དེའི་མཐའ་ནི་དེའི་རང་བཞིན་ཏེ། སྤྲོ་བ་དང་སྡུད་པ་ཉིད་ལས་ཞེས་དགོངས་པའོ། །དེ་ལ་གདན་དུ་བརྟག་བྱ་བ། །རོ་ཡི་གཟུགས་ཅན་དགུ་ཡིན་ཏེ། །དེ་ལ་ཞེས་པ་དུར་ཁྲོད་ལ་སོགས་


DTG003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པར་གདན་ཞེས་པ་གནས་པ་དང་བརྟན་པ་སྟེ། དེ་བརྟག་པར་བྱ་ཞིང་དེའི་མངོན་པར་ཞེན་པ་ཡོངས་སུ་སྤང་བར་བྱའོ། །ཇི་ལྟ་བུ་ཞེ་ན་དགུ་ཞེས་པ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་དབུས་སུ་བཞུགས་པའི་མཁའ་འགྲོ་མ་བརྒྱད་དོ། དེ་རྣམས་དང་ལྷན་ཅིག་དགུའོ། །རོ་ཡི་གཟུགས་ཅན་ཞེས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཡང་ན་སྟག་གི་པགས་པ་དང༌། །དེ་བཞིན་དུ་ནི་དུར་ཁྲོད་རས། །དབུས་སུ་ཀྱེ་ཡི་རྡོ་རྗེའི་གཟུགས། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །དགུ་ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་སྟེ། ཇི་ལྟར་སྔར་བཞིན་གནས་ཤེས་ནས། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཡང༌། མཁའ་འགྲོ་མ་རྣམས་ཀྱི་ཕྱོགས་དང་ཕྱོགས་བྲལ་གྱི་དབྱེ་བས་གནས་ཤེས་བ་ཞེས་པའི་དོན་ནོ། །ཇི་ལྟར་སྔར་བཞིན་ཞེས་པ་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར། ཕྱོགས་དང་ཕྱོགས་བྲལ་གྱི་དབྱེ་བ་བརྟག་པར་མི་བྱའོ་ཞེས་པའི་དོན་ནོ། །དམ་ཚིག་མཱ་ལ་ཏིནྡྷ་ན། །སྟག་གི་བགས་བའི་སྟེང་དུ་བཟའ། །དམ་ཚིག་ཞེས་པ་གོ་ཀུ་ད་ཧ་ན་ལ་སོགས་པ་རྣམས་ཀྱིའོ། །དེར་ནི་རྒྱལ་པོ་ཤཱ་ལི་ཡི། །བཟའ་བ་འབད་པས་བཟའ་བར་བྱ། །རྒྱལ་པོ་ཤཱ་ལི་ཡི་སྒྲས། །མིའི་སྒྲོན་མ་བཟའ་བར་བྱ་ཞིང་དམ་ཚིག་གཞན་ཡང་བཟའ་བར་བྱ་སྟེ། དེ་ནི་ཟོས་ཤིང་ཟོས་ནས་ཀྱང༌། །དེར་ནི་མ་མོ་མཆོད་པར་བྱ། །རྣལ་འབྱོར་པ་དེ་ཤཱ་ལི་ལ་སོགས་པ་ཟོས་ནས། དེར་དེའི་ཚེ་མ་མོ་མཁའ་འགྲོ་མ་རྣམས་མཆོད་པར་བྱའོ། །ཡང་ན་གང་ཟོས་ཤིང་ཟོས་ནས་དེར་མ་མོ་མཆོད་པར་བྱའོ། །གལ་ཏེ་མ་དང་སྲིད་མོ་དང༌། །སྲིད་མོའི་བུ་མོ་སྒྱུག་མོ་སྟེ། །དེ་རྣམས་རྟག་ཏུ་ལེགས་མཆོད་ན། །ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །དེ་རྣམས་རྟག་ཏུ་ཞེས་པ་རྒྱུན་དུ་སྙོམས་པར་འཇུག་པས་མཆོད་ན་ཚོགས་ཀྱི་དཀྱིལ་འཁོར་ཞེས་པ་རྣམ་པ་ཐམས་ཅད་དོ། །སྐྱེས་པའི་ཐོད་ཆེན་ཆ་གཅིག་པ། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ་སྐལ་ཆེན་མ། །ཕྱག་འཚལ་ནས་ནི་རང་ཡང་བཏུང༌། །པདྨའི་ལག་པས་བླང་པ་དང༌། །དེ་ཉིད་ཀྱི་ནི་ལག་པས་དབུལ། །ཡང་དང་ཡང་དུ་རབ་བཏུད་པ། །དེར་ནི་སྒྲུབ་པ་བོ་ཡིས་བྱ། །ཆ་གཅིག་བ་ཞེས་པ་གཉིས་སུ་མེད་པའི་རང་བཞིན་ཏེ་ཐོད་ཆེན་ཞེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར།


DTG003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ནི་བཟང་པོས་ཡོངས་བཀད་སྟེ། རྡོ་རྗེ་གསུམ་དབྱེར་མེད་པའི་རང་བཞིན་ནོ། །བླ་མ་ལ་དབུལ་དེ་ཉིད་དུ་གཞག་པར་བྱའོ་ཞེས་པའི་དོན་ནོ། །གང་ཞིག་རྟག་ཏུ་བླ་མ་ལ་ཕྱག་འཚལ་བ་ཉིད་ཀྱིས་དེ་རང་ཡང་བཏུང་སྟེ། དེ་ཉིད་རང་རིག་པ་ཞེས་པའི་དོན་ནོ། །པདྨའི་ལག་པས་བླང་བ་དང༌། །ཞེས་པ་གཉིས་ཀའི་ཡེ་ཤེས་ལྔ་དབྱེར་མེད་པ་ཉིད་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་གྱི་ཡེ་ཤེས་པའི་ཞེས་པའི་དོན་ནོ། །དེ་ཉིད་དཀྱིལ་ལག་པས་དབུལ་ཞེས་པ་གཉིས་ཀའི་ཡེ་ཤེས་ལྔ་དབྱེར་མེད་པ་ཉིད་དོ་དོན་དམ་པའི་བདེན་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཞེས་པའི་དོན་ནོ། །ཡང་དང་ཡང་དུ་རབ་བཏུད་པ། །དར་ནི་སྒྲུབ་པ་པོ་ཡིས་བྱ། །ཞེས་པ་དུས་ཡུན་རིང་མོར་བར་ཆད་མེད་པར་གུས་པ་དང་བཅས་པས་གོམས་པ་སྟེ། དེ་ཉིད་སྒྲུབ་པ་པོ་རྣམས་ཞེས་པའོ། །བཟའ་བའི་ལེའུ་སྟེ་བདུན་པའོ། །གླེགས་བམ་གྱི་ཆོ་ག་གསུངས་པས་སྔགས་ཀྱི་དེ་ཁོ་ནའི་བདག་ཉིད་ཅན་ལོངས་རྫོགས་པའི་སྐུ་སྟེ། དེ་ཉིད་ཀྱི་ཕྱིར་བཟའ་བའི་ཡི་གེས་གསུངས་སོ། །དེ་ཡང་པ་ཊ་སྦས་པ་སྟེ། །དེ་ལེན་པ་དང་འཛིན་པའི་ཕྱིར་ལེའུའོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་བདུན་པའོ།། །།

བརྒྱད་པ། གདུལ་བྱའི་ལེའུའི་འགྲེལ་བཤད།


DTG003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བྲིས་སྐུ་དང་གླེགས་བམ་གྱི་ཆོ་གས་བདེན་པ་གཉིས་ཀྱི་རང་བཞིན་སྐུ་གཉིས་གསུངས་ནས། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཆོས་ཀྱི་སྐུ་བསྟན་པའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱི་ཞུ་བའི་སྒོ་ནས་ཉེ་བར་རྩོམ་པ། དེ་ལ་རྣལ་འབྱོར་མས་ཞུས་པ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། །ཀུན་རྫོབ་རྣམ་པའི་རང་བཞིན་གྱིས། །བདེ་བ་སྦྱིན་བ་བཤད་དུ་གསོལ། །ཕྱག་རྒྱ་ཆེན་པོ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་གྱིས་ཇི་ལྟ་བུ་ཀྱེ་བདེ་བ་སྤྱིན་པ་བཤད་དུ་གསོལ་ཞེས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྣམས་ཀྱིས་ཞུས་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཤིན་ཏུ་རིང་མིན་ཐུང་བ་མིན། །གནག་པ་མ་ཡིན་དཀར་བ་མིན། །པདྨའི་འདབ་མའི་རྣམ་པ་འདྲ། །དེ་ཡི་དབུགས་ནི་དྲི་ཞིམ་ལྡན། །པདྨའི་འདབ་མ་འདྲ་བ་ཉིད་ཀྱིས་མཆོག་ཏུ་སྔོ་བསངས་ཏེ། སྒྲོལ་མའི་རང་བཞིན་རྣལ་འབྱོར་མ་བཞི་པ་ཉིད་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དེའི་དབུགས་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པའོ། །དྲི་ཞིམ་ལྡན་ཡེ་ཤེས་བཟང་པོ་དང་ལྡན་པ་སྟེ། གཉིས་


DTG003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དབྱེར་མེད་པའི་ཡེ་ཤེས་ཀྱི་ཕྱིར་ཞེས་དགོངས་པའོ། །རྡུལ་ཡང་དྲི་ཞིམ་ལྡན་གྱུར་ཏེ། །རི་དགས་ལྟེ་བའི་དྲི་དང་མཚུངས། །དེའི་རྡུལ་གླ་རྩིའི་དྲི་དང་མཚུངས་པ་སྟེ། འདིས་ནི་རིན་ཆེན་དབང་པོ་རྣམ་པར་དག་པ་ཉིད་གསུངས་སོ། །པདྨ་ལ་ཡང་ཨུཏྤལ་དྲི། །སྐད་ཅིག་པདྨ་ལྟ་བུ་འབྱུང༌། །པདྨ་ཞེས་པ་ཆོས་འབྱུང་སྟེ། །དེ་ཡང་ཨུཏྤལ་ལྟ་བུར་ཤིན་ཏུ་འཇམ་པར་བསྟན་པའོ། །དྲི་ཞེས་པ་པདྨ་དེའི་དྲི་པདྨ་ལྟ་བུ་སྟེ། པདྨའི་དྲི་དང་འདྲ་བ་འབྱུང་བར་ཤེས་པར་བྱའོ། །ཇི་ལྟར་ཞེ་ན་སྐད་ཅིག་སྟེ། མཉམ་པར་སྦྱོར་བའི་སྐད་ཅིག་ལས། །ཞེས་པའི་དོན་ནོ། །འདིས་ནི་འོད་དཔག་མེད་རྣམ་པར་དག་པ་ཉིད་གསུངས་སོ། །དེ་ཡི་ག་པུར་སིཧླ་དག །མཁས་པས་དྲི་བཟང་མཚོན་པར་བྱ། །ཨུཏྤལ་ཡི་དྲིར་འགྱུར་ཞིང༌། །ཨ་ཀ་རུ་ནི་དག་མཚུངས་པའོ། །ཤིན་ཏུ་རིང་མེན་ཐུང་བ་མིན། །གནག་བ་མ་ཡིན་དཀར་མ་མིན། །ཞེས་པ་འདིས་སྣང་བའི་མཚན་ཉིད་སྦྲུལ་བའི་སྐུ་བསྟན་ཏོ། །དེ་ཡི་དབུགས་ནི་དྲི་ཞིམ་མ་ལྡན། །ཞེས་པ་འདིས་མངོན་པར་བརྗོད་པའི་མཚན་ཉིད་ལོངས་སྤྱོད་རྫོགས་པའི་སྐུའོ། །རྡུལ་ཡང་དྲི་ཞིམ་ལྡན་གྱུར་ཏེ། །རི་དགས་སྟེ་བའི་དྲི་དང་མཚུངས། །ཞེས་པ་འདི་སྤྱང་དག་པར་རིག་པའི་མཚན་ཉིད་ཆོས་ཀྱི་སྐུའི་རང་བཞིན་གསུངས་སོ། །པདྨ་ལ་ཡང་ཨུཏྤལ་དྲི། །སྐད་ཅིག་མ་ལྟ་བུ་འབྱུང་ཞེས་པ་འདིས་ངོ་བོ་ཉིད་ཀྱིས་ཀུ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པའི་རང་བཞིན་བཞི་པ་གསུངས་སོ། །དེ་ཡིག་པུར་སིཧླ་དག །མཁས་པས་དྲི་བཟང་མཚོན་པར་བྱ། །སྐུ་བཞི་པོ་འདི་ཉིད་དགའ་བ་བཞིའི་རང་བཞིན་ཏེ། ཁ་སྦྱོར་ཉིད་ལས་ག་ཕུར་དང་སིཧླ་དག་རྡོ་རྗེ་འཆང་དང་བདག་མེད་མ་དག་གི་དྲི་བཟང་པོ་མཚོན་ཅིང་ཤེས་པར་བྱ་སྟེ། མཁས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་ཞེས་པའི་དོན་ནོ། །བློ་ལྡན་མི་གཡོ་བ་ཉིད་དང༌། །སྙན་པར་སྨྲ་ཞིང་ཡིད་འོང་མ། །སྒྲ་བཟང་དབུས་སུ་གཉེར་མ་གསུམ། །ཕལ་བས་པདྨ་ཅན་དུ་འདོད། །བློ་ལྡན་ཞེས་པ་མཁས་པ་ཉིད་དོ། །མི་གཡོ་མ་ཞེས་པ་སྐྱེས་པ་གཞན་ལ་མི་འགྲོ་བའོ། །སྙན་པར་སྨྲ་ཞེས་པ་མི་སྙན་པ་བརྗོད་པ་དང༌། རྩུབ་མོ་ཡང་མི་སྨྲ་བའོ། །ཡིད་འོང་མ་ཞེས་པ་ཡིད་དགའ་བར་བྱེད་པའོ། །སྐྲ་བཟང་ཞེས་པ་འཇམ་ཞིང་གཞོན་པ་དིར་ཞིམ་པོ་དང་ལྡན་པ་སྒྲ་མཚམས་ཕྱེད་པ་


DTG003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའོ། །དབུས་སུ་གཉེར་མ་གསུམ་ཞེས་པ་ལང་ཚོ་གསར་པ་དང་ལྡན་པའོ། །དེ་ཉིད་སེམས་ཅན་ཕལ་པ་འདོད་པ་དང་ཆགས་པའི་དབང་དུ་གྱུར་པ་རྣམས་ཀྱིས་པདྨ་ཅན་མཆོག་གི་འདྲེན་མ་ཅན་ཞེས་བརྗོད་དོ། །ཡང་ན་སྔར་གསུངས་པའི་བུར་དང་སིཧླ་དག་དྲི་བཟང་པོ་དང་ལྡན་པ་ཁ་སྦྱོར་ཉིད་ཀྱི་བློ་ལྡན་ཏེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་གྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མི་གཡོམ་གྱ་གྱུ་མེད་པའི་རང་བཞིན་ཏེ། སྦྲུལ་པའི་སྐུ་དང་ལྡན་པའོ། །སྙན་པར་སྨྲ་བ་ཞེས་པའི་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ནོ། །ཡིད་འོང་མ་ཞེས་པ་ཆོས་གྱི་སྐུའི་བདག་ཉིད་ཅན་ནོ། །སྒྲ་བཟང་ཞེས་པ་སྐུ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱིས་ཀུའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དབུས་སུ་གཉེར་མ་གསུམ་ཞེས་པ་ཐམས་ཅད་སྐུའི་རང་བཞིན་དབྱེར་མེད་པའོ། །དེ་ནི་ཕལ་པ་དེ་ཁོ་ན་དང་ལྡན་པས་པདྨ་ཅན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་དང་ལྡན་བ་ཞེས་འདོད་ཅིང་ངེས་པ་ཉིད་དོ། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ། །དེ་སྙེད་ན་ནི་འགྲུབ་པར་འགྱུར། །པདྨ་ཅན་རྙེད་ཅིང་ཤེས་ན། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །འདི་ཇི་ལྟར་ཞེ་ན། གང་གི་ཕྱིར་དེ་ནི་ལྷན་ཅིག་སྐྱེས་པའི་གཟུགས་ཅན་མའོ། །ཡང་ན་གང༌། ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ནོ། །དེ་ནས་རྣལ་འབྱོར་མ་བདག་མེད་མས་གསོལ་བ། །སྨོན་ལམ་ཇི་ལྟར་གདབ་པར་བགྱི། །འདི་ཡི་དོན་ནི་འདི་ཡིན་ཏེ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། ཀུན་རྫོབ་རྣམ་པའི་གཟུགས་ཅན་ཞེས་པ་དེ་ནི་ཐུན་མོང་མ་ཡིན་པ་སྟེ། འདི་ལྟ་བུའི་མཚན་ཉིད་ཀྱི་སྨོན་ལམ་གྱི་སྟོབས་ལས་འབྱུང་བར་འགྱུར་རོ། །དེ་ཇི་ལྟ་བུའི་སྨོན་ལམ་གྱིས་འདི་ལྟ་བུའི་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་འགྱུར་ཞེས་ཞུས་པའོ། །དེ་ལྟར་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱི་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་པར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་བ་སྐྱེ་བར་འགྱུར་བར་ཤོག།


DTG003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་སྐྱེ་ཞེས་པ་དེ་བཞིན་གཤེགས་པ་ལ་སོགས་པ་མཆོག་ཏུ་སྐྱེ་བའོ། །དམ་ཚིག་ཅན་ཞེས་པ་བསྲུང་བ་དང་བཟའ་བའི་དམ་ཚིག་དང་ལྡན་པའོ། །སྨྱོ་མེད་ཅེས་པ་བག་ཆགས་མེད་པ་མ་ཡིན་པ་སྟེ། རིགས་དང་རུས་ཀྱི་ཁེངས་པ་ཡོངས་སུ་སྤངས་པའོ། །ཀྱེ་ཡི་རྡོར་ཇེ་སྟོན་ཞེས་པ་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པའོ། །དེ་ཉིད་ཀྱི་ཕྱིར། བླ་མ་ལ་གུས་སྙིང་རྗེ་ལྡན། །སྐྱེ་བ་སྐྱེ་བར་འགྱུར་བར་ཤོག །ཅེས་པ་སྲིད་པ་གཞན་དང་གཞན་དུའོ། །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཞེས་པ་འདི་ནི་མཆོག་ཉེ་བར་མཚོན་པ་སྟེ། དེ་ཁོ་ན་ཤེས་པར་གྱུར་ཅིག་ཅེས་པའོ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །ཞེས་པ་ཐེག་པ་ཆེན་པོའི་སྔགས་འཆད་པར་དགའ་བའོ། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །ཞེས་པ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པའི་སྐུ་ཞེས་པའི་དོན་ནོ། །ལག་པ་རྡོར་ཇེ་དྲིལ་བུ་འཁྲོལ་བ་ཉིད་ཀྱིས་རིགས་སུ་སྐྱེ་དང་དམ་ཚིག་ཅན་ནོ། །ཟབ་མོའི་ཆོས་ཀློག་པ་ཉིད་ཀྱིས་སྨྱོ་མེད་ཀྱེའོ་རྡོ་རྗེ་སྟོན་པའོ། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །ཞེས་པ་འདི་བལ་མ་ལ་གུས་སྙིང་རྗེ་ལྡན་པའོ། །སྐྱེ་བ་སྐྱེ་བར་འགྱུར་བར་ཤོག །ཅེས་པ་སྨོན་ལམ་སྟེ། དེའི་མཐུ་ལས་དེ་འདི་ལྟ་བུའི་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །དེ་ནས་ལྷ་མོ་དེ་མཉེས་ཏ། ཚིག་འདི་དག་ནི་ཞུ་བ་མཛད། །སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་གྱུར་བ་ལགས། །གདུལ་བ་དགའ་བ་ཞེས་པ་མི་དགེ་བའི་ལས་ལ་མངོན་པར་དགའ་བའོ། །དེ་ཉིད་ཀྱི་ཕྱིར་སྐལ་མེད་ཅེས་པ་སྣོད་དུ་མི་རུང་བའོ། །འདུལ་བ་ཞེས་པ་བསླབ་པ་དང་སྡོམ་པ་ལ་གནས་པའོ། །གང་གིས་ཇི་ལྟར་ཐོབ་པར་འགྱུར། །ཞེས་རྟོག་པ་སྟེ། གང་གི་ཕྱིར་ལམ་གྱི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཀྱི་དུ་འགྱུར། སྨོན་ལམ་ཡང་འདུལ་བ་འཛིན་པ་སྔོན་དུ་འགྲོ་ཞིང༌། གདུལ་དཀའ་བ་སྐལ་བ་མེད་པ་རྣམས་ལ་འདུལ་པ་ཉིད་ཀྱི་སྲིད་པ་མ་ཡིན་ནོ། །དེ་རྣམས་ཀྱང་དངོས་གྲུབ་འདོད་པ་ཉིད་དེ། དེ་ཇི་ལྟར་ཞེས་རྣམ་པར་རྟོག་ཅིང་འདི་ཞུ་བར་མཛད་དོ། །དེ་ལྟར་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །དང་པོར་གསོ་སྤྱོད་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྟེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་


DTG003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །དེ་ཡི་རྗེས་ལ་དབུ་མ་བསྟན། །རྒྱུད་ཀུན་གྱི་ནི་ཚུལ་ཤེས་ནས། །དེ་རྗེས་ཀྱི་ཡི་རྡོ་རྗེ་བརྩམ། །དང་པོར་གསོ་སྦྱང་སྤྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །ཅེས་པ་སྲོག་གཅོད་པ་ལ་སོགས་པ་སྤོང་བ་དང༌། །ཆང་འཐུང་བ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་ལ་སོགས་བ་སྤོང་བ་ནི་གསོ་སྤྱོད་བསླབ་པའི་གནས་བཅུའོ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །ཞེས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཏེ། ཉན་ཐོས་རྣམས་ཀྱི་བྱང་ཆུབ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་རང་བཞིན་ནོ། །རང་སངས་རྒྱས་རྣམས་ཀྱི་ནི་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་སྤངས་པའི་རང་བཞིན་ནོ། །མདོ་སྡེ་པ་ཞེས་པ་མདོ་སྡེ་ཀློག་པར་བྱེད་པའོ། །རྣལ་འབྱོར་སྤྱོད་པ་ཞེས་པ་རྣམ་པར་ཤེས་པ་ཙམ་བདེན་པ་ཞེས་པ་རྣལ་འབྱོར་སྤྱོད་པའི་ལུགས་སོ། །དབུ་མ་ཞེས་པ་མཐའ་བཞི་ལས་རྣམ་པར་གྲོལ་བ་ཀུན་རྫོབ་ཐམས་ཅད་པ་ཞེས་པ་དབུ་མའི་ལུགས་སོ། །རྒྱུད་ཀུན་གྱི་ནི་ཚུལ་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །འདིས་གསོ་སྦྱོང་སྦྱིན་པར་བྱ་བ་ལ་སོགས་པས་རྒྱུད་ཐམས་ཅད་ཀྱི་ལུགས་ཞེས་ནས་ཀྱེའི་རྡོ་རྗེ་བརྩམ་པར་བྱའོ། །ཡང་ན་གང༌། རྒྱུད་ཐམས་ཅད་ཀྱི་ཚུལ་གྱི་སྒྲས་མ་ལུས་པའི་ཁྱད་པར་བསྐྱེད་པ་ཡོངས་སུ་ཤེས་ནས་ཀྱེའི་རྡོ་རྗེ་ཞེས་པ་བདག་བ་གཉིས་ཀྱི་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་བརྩམ་ཞིང་ཐོབ་པར་བྱའོ་ཞེས་པའི་དོན་ནོ། །སློབ་མ་གུས་པས་བླངས་ན་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཞེས་བྱ་བའི་ཚོགས་འདི་ཐམས་ཅད་གལ་ཏེ་སློབ་མ་གུས་པ་དང་བཅས་པས་བཟུང་ན་དེའི་ཆོ་འགྲུབ་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་པ་ཉིད་དོ་ཞེས་དགོངས་པའོ། །འདུལ་བའི་ལེའུ་ཞེས་བྱ་བ་སྟེ་བརྒྱད་པའོ། །དེ་ནི་ལེའུ་གང་དུ་འདུལ་བ་ཉིད་གཙོ་བོར་གསུངས་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་བརྒྱད་པའོ།། །།

དགུ་པ། སྔགས་བཏུ་བའི་ལེའུའི་འགྲེལ་བཤད།


DTG003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཁ་སྦྱོར་འབྱེད་པ་ཡི། །མཚན་ཉིད་ཡང་དག་རབ་ཏུ་བཤད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་པར་འགྱུར། །སྐལ་བ་མེད་པའི་སེམས་ཅན་གདུལ་དཀའ་བ་རྣམས་གསོ་སྦྱོང་སྦྱིན་པ་ལ་སོགས་པས་གདུལ་བར་བྱའོ་ཞེས་གསུངས་ཤིང༌། ཚར་བཅད་པས་ཀྱང་གདུལ་བར་བྱ་བའི་ཕྱིར་ཁ་སྦྱོར་འབྱེད་པའི་མཚན་ཉིད་


DTG003_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །ཡང་ན་གང༌། བྲིས་སྐུ་དང༌། གླེགས་བམ་གྱི་ཚོགས་ཁ་སྦྱོར་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་གསུངས་པས་དབྱེར་མེད་པའི་མཚན་ཉིད་ཀྱི་ཕྱིར་དེ་འབྱེད་པའི་མཚན་ཉིད་དེ་སྤྲོ་བ་དང་སྡུད་པའི་རང་བཞིན་ནོ། །དེ་ཡི་མཚན་ཉིད་ཇི་ལྟར་ཞེ་ན་གསུངས་པ། དེ་ནས་ཁ་སྦྱོར་འབྱེད་པ་ཡི། མཚན་ཉིད་ཡང་དག་རབ་ཏུ་བཤད། །ཅེས་པ་སྟེ། གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོ་དངོས་གྲུབ་ཐོབ་པར་འགྱུར། །ཁ་སྦྱོར་འབྱེད་པའི་མཚན་ཉིད་གང་གིས་རྣམ་པར་ཤེས་བ་ཙམ་གྱིས་སྒྲུབ་པ་པོ་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའོ། །ཡང་ན་གང༌། སྒྲུབ་པ་པོ་ཁ་སྦྱོར་འབྱེད་པའི་མཚན་ཉིད་ཤེས་པ་ནི་ཁ་སྦྱོར་འབྱེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་ཕྱིར་ཚར་བཅད་པས་ཀྱང་སེམས་ཅན་གདུལ་དཀའ་བ་རྣམས་འདུལ་བར་འགྱུར་རོ། །བསྒྲུབ་བྱའི་ལྟེ་བའི་རྩ་བ་ནི། །བརྟུལ་ཞུགས་ཅན་གྱི་ལག་པས་དབྱེ། །ཧེ་རུ་ཀ་ཡི་རབ་སྦྱོར་གྱིས། །ཁོང་ནས་ཁྲོ་བའི་སེམས་ཀྱིས་ཏེ། བསྒྲུབ་བྱའི་ཞེས་པ་ཚར་གཅད་པ་དང་རྗེས་སུ་གཟུང་བར་བྱ་བའི་ལྟེ་བའི་རྩ་བར་ལག་པ་བཅུག་ནས་ལག་པས་དབྱེ་བར་བྱའོ། །བརྟུལ་ཞུགས་ཅན་ཞེས་བྱ་བ་ངེས་པར་གྱུར་པའོ། །ཧེ་རུ་ཀ་ཡི་རབ་སྦྱོར་གྱིས། །ཞེས་པ་རང་ཉིད་ཧེ་རུ་ཀའི་ངོ་བོར་བྱས་ཏེ། ཁོང་ནས་ཁྲོ་བའི་སེམས་ཀྱིས་ཞེས་བདག་ཉིད་ཁོར་བའི་ང་རྒྱལ་གྱི་རང་བཞིན་ཞེས་པའི་དོན་ནོ། །ཡང་ན་གང༌། བསྒྲུབ་བྱའི་ལྟེ་བའི་རྩ་བར་ནི་ཞེས་པ་ཀློག་པ་དེའི་དོན་ནི་འདི་ཡིན་ཏེ། བསྒྲུབ་བྱའི་ལྟེ་བའི་རྩ་བར་བརྟུལ་ཞུགས་ཅན་གྱིས་ལག་པས་ཁ་སྦྱོར་དབྱེ་བར་བྱའོ། །ཧེ་རུ་ཀ་ཡི་རབ་སྦྱོར་གྱིས། །ཞེས་པ་རང་ཉིད་ཧེ་རུ་ཀའི་གཟུགས་སོ། །དེ་བཞིན་དུ་བསྒྲུབ་བྱ་ཡང་སྟེ། དེའི་རྣམ་པར་ཤེས་པ་མི་བསྐྱོད་པའི་གཟུགས་སུ་འཕོ་བར་བྱེད་པའོ། །དེའི་ཕྱིར་གདུལ་དཀའ་བ་རྣམས་ཀྱང་འདུལ་བར་འགྱུར་རོ། །ཡང་ན་བསྒྲུབ་བྱ་རྡོ་རྗེ་འཆང་གི་དབྱེ་ཞིང་སྤྲོ་བར་བྱ་སྟེ་རྡོར་རྗེ་འཆང་སྤྲོ་བའི་ངོ་བོས་རྣམ་པར་གནས་པར་བྱའོ། །གང་དུ་ཞེ་ན། ལྟེ་བར་ལྟེ་བའི་རྩ་བ་སྟེ། །བྱང་ཆུབ་ཀྱི་སེམས་ཉིད་རྩ་བའོ། །དེར་བརྟུལ་ཞུགས་ཅན་ཁ་སྦྱོར་ལ་གནས་པའོ། །ལག་པ་ཞེས་པ་ཞེས་པ་གཉིས་ཀའི་ཡེ་ཤེས་ལྔ་ཡིས་སོ། །ཁྱད་པར་ཅི་ཞེ་ན། ཧེ་རུ་ཀའི་རབ་སྦྱོར་གྱིས་གཉིས་ཀའི་ཡེ་ཤེས་ལྔ་ཧེ་རུ་ཀའི་རྣམ་པར་བསྐྱེད་པའོ། །


DTG003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་ཕྱིར་ཁོང་ནས་ཁྲོ་བའི་སེམས་སོ། །དེ་ཉིད་ཀྱི་ཕྱིར། འདི་ནི་བསྒོམས་པ་ཙམ་ཉིད་ཀྱི། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །སྙོམས་པར་འཇུག་པ་ཁ་སྦྱོར་ཉིད་ཀྱིས་སངས་རྒྱས་ཀྱང་ཞེས་པ་རྣམ་པར་ཤེས་པ་ཙམ་ཡང་འཇིག་པར་འགྱུར་ཏེ། ཡང་དག་པ་ནི་མཐོང་བའི་ལམ་དུ་འགྱུར་བ་མ་ཡིན་ནོ། །བསྟན་ལ་གནོད་པ་བྱེད་པ་དང༌། །བླ་མ་སངས་རྒྱས་འཇིག་བྱེད་པ། །བླ་མ་ཐུབ་པ་ལ་མཉན་ནས། །སྙིང་རྗེ་ཡིས་ནི་གསད་པར་བྱ། །ཇི་ལྟར་བསྒྲུབ་བྱའི་གཟུགས་བལྟས་ཏེ། །ཁ་ནི་འོག་ཏུ་རྣམ་བསྒོམ་ཞིང༌། །ཁྲག་ནི་སྐྱུག་པར་འགྱུར་བ་ཉིད། །འདར་ཞིང་མགོ་སྐྱེས་གྲོལ་བའོ། །དེ་ཡི་ལམ་དུ་ཁབ་ནི་མེའི། །གཟུགས་ཅན་འཇུག་པར་བསམ་བྱ་ཞིང༌། །སྙིང་གར་བྱིན་ཟའི་ས་བོན་ནི། །བལྟས་ནས་སྐད་ཅིག་དེ་ལ་གསད། །སྙིང་རྗེ་ཡིས་ནི་གསད་པར་བྱ། །ཞེས་པ་གསད་པ་ནི་སེམས་ཅན་ལ་ཕན་པའི་རྒྱུ་ཉིད་དུའོ། །དེའི་ཕྱིར་སེམས་ཅན་ལ་གནོད་པ་བྱེད་པའི་སྐྱོན་དུ་མི་འགྱུར་རོ་ཞེས་པའི་དོན་ནོ། །བླ་མ་ཐུབ་པ་ལ་མཉན་ནས། །ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས་པའི་རྣམས་ལ་དམྱལ་བར་འགྲོ་བའི་སེམས་ཅན་འདི་གནོད་པར་འཚལ་ཞེས་གསོལ་བའོ། །བསྟན་ལ་གནོད་པ་བྱེད་པ་དང༌། །ཞེས་པ་གཞན་དེ་བཞིན་གཤེགས་པའི་གསུང་ལ་འགོད་པའོ། །དེ་ཉིད་ཀྱི་ཕྱིར། བླ་མ་སངས་རྒྱས་འཇིག་བྱེད་པའོ། །གང་ཞིག་དེ་ལྟར་གྱུར་པ་དེ་བལྟས་ནས་སྙིང་རྗེ་ཉིད་ཀྱིས་ཧེ་རུ་ཀའི་རབ་སྦྱོར་གྱིས་དེའི་རྣམ་པར་ཤེས་པ་མི་བསྐྱོད་པའི་རིགས་ལ་འཕོ་བར་བྱ་ཞིང་གསད་པའི་དོན་དུ་ཇི་ལྟར་བུའི་གཟུགས་བསྒོམ་པར་བྱ་སྟེ། དེའི་གཟུགས་ཇི་ལྟར་ཡིན་པ་དེ་ལྟར་བསྒོམ་པར་བྱ་ཞིང༌། ཁ་འོག་ཏུ་གྱུར་པ་དང་ཁྲག་སྐྱུག་པ་དང་འདར་བ་དང་སྐྲ་གྲོལ་བར་གྱུར་པ་ཞེས་པའོ། །དེ་ལྟར་གྱུར་པ་དེ་ཡི་ལམ། །ཞེས་པ་རྡོ་རྗེའི་ལམ་དུ་ཁབ་ནི་མེའི་གཟུགས་ཅན་བསམ་པར་བྱ་སྟེ་སྙིང་གར་རོ། །འདི་ཉིད་ཇི་ལྟར་ཞེ་ན། གསུངས་པ། སྙིང་གར་ཞེས་པ་བསྒྲུབ་བྱའི་སྙིང་གར་བྱིན་ཟ་མེའི་ས་བོན་རཾ་ཡིག་ཁ་དོག་དམར་པོའོ། །དེ་བལྟས་ནས་དེ་ཉིད་ཁབ་ཏུ་བསམ་པར་བྱ་ཞེས་འབྲེལ་ཏེ། སྐད་ཅིག་དེ་ཉིད་ལས་གསད་པར་བྱ་བའོ། །ཡང་ན། སྙིང་རྗེ་ཡིས་ནི་གསད་པར་བྱ། །ཞེས་བ་རྣམ་པར་ཤེས་པའི་ཀུན་


DTG003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོག་པ་ཡོངས་སུ་སྤོང་བ་སྟེ། དེ་ཉིད་ཀུན་རྫོབ་ཀྱི་བདེན་པ་ནི་ཤིན་ཏུ་རྣམ་པར་དག་པར་གྱུར་པའོ། །དེས་བྱ་སྟེ་འགྲོ་བའི་དོན་བྱ་བ་ལ་འཇུག་པའོ། །འདི་ཉིད་ཇི་ལྟར་ཞེ་ན། རྣམ་པར་ཤེས་པའི་ཀུན་དུ་རྟོག་པ་ཡོངས་སུ་སྤོང་བའི་ཡེ་ཤེས་ཉིད་ཅེས་པ་སྟེ། སྙིང་གར་བྱིན་ཟའི་ས་བོན་ནོ། །བ་ལྟས་ནས་འཇིག་པས་དེའི་སྐད་ཅིག་ལ་གསད་པར་བྱ་སྟེ། ཡེ་ཤེས་སྐད་ཅིག་ལས་སོ། །འདིས་ནི། ལྟེ་བར་གཏུམ་མོ་འབར་བ་ན། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་རིམ་པའི་གདམས་ངག་མཚོན་པའོ། །རིམ་པ་འདིས་ཁ་སྦྱོར་འབྱེད་པའི་མཚན་ཉིད་གཉིས་སུ་མེད་པའི་རང་བཞིན་སྤྲོ་བ་དང་སྡུད་པའི་ངོ་བོ་ཉིད་བཅོམ་ལྡན་འདས་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་སྟེ། དེ་ཉིད་ནི་འདུས་བྱས་ཀྱི་དབྱིངས་ལ་མི་གནས་འདུས་མ་བྱས་ཀྱི་དབྱིངས་ལ་མི་གནས་པར་བཞེངས་པའོ། །ཁ་སྦྱོར་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། ཁ་སྦྱོར་འབྱེད་པ་ནི་གཉིས་ཀའི་མཚན་ཉིད་ཁ་སྦྱོར་ཞེས་པའོ། །རྒྱུད་འདི་ལ་ནི་སྲེག་བླུགས་མེད། །ཕྱག་རྒྱ་བཅིང་བའི་བྱ་བ་མེད། །སྔགས་ཆེན་བཀླགས་པས་གྲུབ་པ་སྟེ། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །ཀྱེའི་རྡོ་རྗེའི་རྒྱུད་འདི་ལ་སྦྱིན་སྲེག་གི་བྱ་བ་མེད་ཅིང་ཕྱག་རྒྱ་བཅིང་བའི་བྱ་བ་ཡང་མེད་དེ། སྔགས་བརྗོད་པ་ཉིད་ལས་འགྲུབ་ཅིང་བཀླགས་པས་གྲུབ་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་སྔགས་ཆེན་ཡང་དག་པར་རྟོག་པའི་ཡེ་ཤེས་སོ། །བསམ་གཏན་ཙམ་གྱིས་སེམས་བསྐྱེད་པ་འབའ་ཞིག་འགྲུབ་པར་འགྱུར་རོ་ཞེས་པའོ། །གསང་བ་མཆོག་ནི་བཤད་བྱ་ཡིས། །ཉོན་ཅིག་ལྷ་མོ་བཞིན་བཟངས་མ། །སྲིད་པ་སྤྱོད་པ་ཉམས་དགའ་བ། །རྟོག་མེད་དངོས་གྲུབ་སྦྱིན་པ་པོ། །འབར་བའི་ཕྲེང་བ་འཁྲིགས་པའི་སྐུ། །རིན་ཆེན་ཆེན་པོ་ལྷ་མོ་ལྟོས། །མ་ཕུག་པ་ཡི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྦྱིན་པ་པོ། །དེ་ལྟར་འཁོར་བ་རིན་ཆེན་ནི། །འདོད་པ་ལྔ་ཡི་ཡོན་ཏན་ལྡན། །མ་དག་པ་ནི་དུག་ཏུ་འགྲོ། །དག་པ་བདུད་རྩི་ལྟ་བུར་འགྱུར། །འཁོར་བའི་རྣམ་པ་ཧེ་རུ་ཀ །འགྲོ་བ་སྒྲོལ་བར་བྱེད་པའི་གཙོ། །གང་གི་གཟུགས་ཀྱིས་འགྱུར་བ་ཉིད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །འདིས་ཅི་གསུངས་ན་རེ་ཞིག་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་གཉེན་པོའི་ཕྱོགས་བསྒོམས་པས་བྱང་ཆུབ་མངོན་དུ་བྱེད་པར་


DTG003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །འདི་ནི་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་དེ། གཉེན་པོའི་ཕྱོགས་བསྒོམ་པ་མེད་པར་ཁ་སྦྱོར་འབྱེད་པས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་བར་བྱང་ཆུབ་པའི་ཡེ་ཤེས་སུ་འགྱུར་བའི་ཕྱིར་བྱ་བ་ཐམས་ཅད་རྣམ་པར་གྲོལ་བར་འགྱུར་རོ། །དེ་ཉིད་མངོན་པར་གསལ་བར་བྱེད་པ། གསང་ཆེན་མཆོག་ནི་བཤད་བྱ་ཡིས། །སྲིད་པ་སྦྱོང་བ་ཉམས་དགའ་བ། །ཞེས་པ་ཐམས་ཅད་དུ་གཞོམ་དུ་མེད་པའོ། །དེ་ཉིད་ཀྱི་ཕྱིར། །རྟོག་མེད་དངོས་གྲུབ་སྦྱིན་པ་པོ། །ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རིན་ཆེན་ཆེན་པོ་ལྷ་མོ་བདག་མེད་མ་ལྟོས་ཞེས་པ་ཡང་དག་པའི་ཡེ་ཤེས་དང་ཡང་དག་པའི་ལྟ་བའི་ཡུལ་ཕུན་སུམ་ཚོགས་པའོ། །ཁྱད་པར་ཅི་ཞེ་ན། འབར་བའི་ཕྲེང་བ་འཁྲིགས་པ་ཐམས་ཅད་ཀྱི་མིག་གི་སྤྱོད་པ་མ་ཡིན་པའོ། །དེ་ཇི་ལྟ་བུ་ཞེ་ན། སྐུ་ཞེས་པ་གསུམ་གྱི་བདག་ཉིད་ཅན་ནོ། །དེ་ཉིད་རིན་ཆེན་ཆེན་པོ་སྟེ་སྦྱོར་བྲལ་འགྱུར། ཨ་བདག་མེད་མ་དང་སྦྱོར་བ་རྡོ་རྗེ་འཆང་སྟེ། དེ་ལྟ་བུར་འགྱུར་རོ། །མ་ཕུག་པས་བདག་མེད་མ་མངོན་དུ་གྱུར་པས། །ཕུག་པ་རྡོ་རྗེ་འཆང་དགའ་བ་སྦྱིན་པ་པོ་ཀུན་རྫོབ་ཀྱི་བདེན་པ་ཡང་དག་པ་ཇི་ལྟ་བའི་དོན་རྟོགས་པར་བྱེད་པའོ། །ཡང་ན་གང༌། ཨ་སྦྱོར་འགྱུར་ཏེ། དེ་ཉིད་རིན་ཆེན་པོ་མ་ནིང་ཟུང་དུ་འཇུག་པ་ཉིད་དོ། །འཁོར་བ་སྐྱེས་པ་ཐམས་ཅད་དུ་འགྱུར་ཏེ། ཇི་ལྟར་ཞེ་ན། མ་ཕུག་པས་ཨའི་སྦྱོར་བས་བདེན་པ་གཉིས་དབྱེར་མེད་པའི་ཡེ་ཤེས་རྟོགས་པ་ལས། དགའ་བ་སྦྱིན་པ་པོ་ཞེས་པ་ཕུལ་དུ་བྱུང་བའི་བདེ་བའི་ཡེ་ཤེས་ཀྱི་ཀུན་དུ་རྟོག་པ་ཡང་དེ་ལ་མེད་དོ་ཞེས་དགོངས་པའོ། །གཞན་ཡང་ཀུན་རྫོབ་ཀྱི་བདེན་པ་ཙམ་གྱི་དཔེ་ནི། །འབར་བའི་ཕྲེང་བ་འཁྲིགས་པའི་སྐུ། །རིན་ཆེན་ཆེན་པོ་ལྷ་མོ་ལྟོས། །རིན་པོ་ཆེ་དེ་མ་ཕུག་པས་ནི་སྦྱོར་བྲལ་འགྱུར། འཐད་པ་སྐྱེ་བར་མི་འགྱུར་གྱི། །སླར་ཕུག་པ་ནི་དགའ་བ་སྦྱིན་པ་པོ་སེམས་ཅན་རྣམས་ཀྱི་རྒྱན་ཉིད་ལས་ཚིམ་པར་བྱེད་པར་འགྱུར་རོ། །དཔེས་མཚོན་པ་གསུངས་པ། དེ་བཞིན་དེ་ལྟར་འཁོར་བ་སྟེ། །འཁོར་བ་ནི་ཡེ་ཤེས་སོ། །རིན་ཆེན་ནི་དགའ་བ་རྒྱས་པར་བྱེད་པའི་ཕྱིར་རིན་ཆེན་ཏེ། ཇི་


DTG003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཞེ་ན། འདོད་པ་ལྔ་ཡི་ཡོན་ཏན་ལྡན། །ཞེས་པའོ། །དེ་ཡང་འཁོར་བ་མ་དག་པ་ནི་དུག་ཏུ་འགྲོ་བར་འགྱུར་ཞིང༌། དག་པར་གྱུར་ན་བདུད་རྩི་ལྟ་བུར་འགྱུར་ཏེ། བདུད་རྩིར་འགྱུར་རོ། །ཡང་ན། འཁོར་བ་ནི་འཁོར་བར་གྱུར་པ་ཡེ་ཤེས་ཏེ་རིན་ཆེན་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །འདོད་པ་ལྔའི་ཡོན་ཏན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་དང་ལྡན་པའོ། །འཁོར་བ་དེ་ཉིད་མ་དག་པ་དེ་བཞིན་ཉིད་རྟོགས་པའི་བདག་ཉིད་ཅན་མ་ཡིན་པ་ནི་དུག་ཏུ་བརྟག་པར་བྱ་ཞིང་དག་པ་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གྱུར་ན་བདུད་རྩི་ལྟ་བུར་བྱང་ཆུབ་སེམས་དང་ལྡན་པ་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འཁོར་བ་མ་ནིང་གི་རྣམ་པ་ཧེ་རུ་ཀ་འགྲོ་བསྒྲོལ་བར་བྱེད་པ་སྐུ་གསུམ་དང་ཡེ་ཤེས་ལྔའི་རང་བཞིན་ནོ། །གཙོ་བོ་ཞེས་པ་རང་ཉིད་བྱེད་པ་པོ་ལ་སོགས་པར་གྱུར་པའི་ཕྱིར་རོ། །གང་གི་གཟུགས་ཀྱིས་གང་གི་རང་བཞིན་གྱིས་འགྱུར་བ་ཡང་དག་པའི་དེ་ཁོ་ན་དེ་ནི་ཨ་ཡིག་དང་ཧཾ་ཡིག་གི་རང་བཞིན་ཏེ། བཤད་ཅིང་བརྗོད་པར་བྱ་ཡིས་ཉོན། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཁ་སྦྱོར་དེ་ཁོ་ན་ཁ་སྦྱོར་འབྱེད་པའི་རང་བཞིན་ཞེས་པའོ། །སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་རྣམས་སྟོང་པ་བཅུ་དྲུག་ཉིད། །ཕྱི་མོས་སངས་རྒྱས་ལྔ་རུ་འགྱུར། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །སྙིང་རྗེ་འགྲོ་བ་གདོན་པར་འདོད་པ་ཉིད་ཀྱིས་རང་སྤྱན་བདེན་པ་གཉིས་ཀྱི་རང་བཞིན་གཟིགས་པ་སྟེ། དམར་པོ་རྗེས་སུ་ཆགས་པའོ། །བྱམས་པའི་ཐུགས་ལ་ཡན་ལག་གནག །ཅེས་པ་ཐུགས་མཉམ་པ་ཉིད་ཀྱིས་དམིགས་པ་མེད་པའི་རང་བཞིན་གྱི་ཕྱིར་རོ། །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞེས་པ་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་ཉིད་དེ། འདིས་ཞབས་བཞིར་བརྗོད་དོ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་སྟེ། གཟུགས་ཅན་གཟུགས་རྣམས་སྟོང་པར་ལྟ་བ་ཞེས་པ་སྟོང་པ་ཉིད་དང༌། ནང་གི་གཟུགས་རྣམས་སྟོང་པར་ལྟ་བ་ཞེས་པ་མཚན་མ་མེད་པ་དང༌། ཕྱི་རོལ་གྱི་གཟུགས་རྣམས་སྟོང་པར་ལྟ་བ་ཞེས་པ་སྨོན་པ་མེད་པ་དང༌། སྐྱེ་མཆེད་


DTG003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྟོང་པར་ལྟ་བཞེས་པ་སྐྱེ་བ་མེད་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པར་ལྟ་བ་ཞེས་པ་དངོས་པོ་མེད་པ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པར་ལྟ་བ་ཞེས་པ་འདོད་ཆགས་དང་བྲལ་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པར་ལྟ་བ་ཞེས་པ་འགོག་པ་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་སྟོང་བར་ལྟ་བ་ཞེས་པ་མྱ་ངན་ལས་འདས་པ་སྟེ་རྣམ་པར་ཐར་པའི་སྒྲོ་བརྒྱད་རྣམ་པར་དག་པ་ལས་གཞལ་བརྒྱད་དོ། །ཕྱག་རྣམས་སྟོང་པ་བཅུ་དྲུག་ཉིད། །ཅེས་པ་སྟོང་པ་ཉིད་བཅུ་དྲུག་བརྗོད་ཟིན་པ་ཉིད་དོ། །ཕྱི་མོས་སངས་རྒྱས་ལྔ་རུ་འགྱུར། །ཞེས་པ་འཁོར་ལོ་དང༌། རྣ་རྒྱན་དང༌། མགུལ་རྒྱན་དང༌། ལག་གདུབ་དང༌། སྐ་རགས་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་སོ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཅེས་པ་གདུལ་པའི་སེམས་ཅན་གདུལ་བའི་ཕྱིར་ཁྲོ་བོའི་བདག་ཉིད་དོ། །དེ་ལྟར་ཡང༌། སེམས་ནི་བདུད་ཆེན་ཉིད་ཡིན་ཏེ། །སེམས་ནི་དེ་བཞིན་གཤེགས་པ་ཉིད། །རང་གི་སེམས་ནི་གདུལ་བའི་ཕྱིར། །བདག་ནི་བདུད་དུ་ཉེ་བར་འགྲོ། །ཞེས་པའོ། །ཡང་ན། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །ཞེས་པ་ཀུན་དུ་ཆགས་པའི་རང་བཞིན་བདེན་པ་གཉིས་ཉིད་དེ། སྤྱན་གཉིས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲོ་བ་དང་སྡུད་པའི་རང་བཞིན་གཟིགས་པ་གཉིས་སོ། །ཡན་ལག་གནག་ཅེས་པ་ཡན་ལག་དྲུག་སྒོམ་པ་ལས་འདས་པའོ། །ཇི་ལྟར་ཞེ་ན། བྱམས་པའི་ཐུགས་ལས་མཉམ་པ་ཉིད་དུ་གཅིག་པའི་ཡེ་ཤེས་ལས་སོ། །བསྡུ་བའི་དངོས་པོའི་སྒྲས་ཡང་དག་པར་འཛིན་པ་ནི་བསྡུ་བའོ། །དེའི་རང་བཞིན་གྱི་དངོས་པོ་ནི་དོན་དམ་པ་དང་ལྡན་པ་སྟེ། དེ་རྣམས་ཀྱི་གཞི་ནི་བཞི་པའི་ཡེ་ཤེས་སོ། །དེས་ན་ཞབས་བཞི་སྟེ། དགའ་བ་ལ་སོགས་པ་ཡེ་ཤེས་བཞིའོ། །ཞལ་བརྒྱད་ཅེས་པ་ཆོས་ཀྱི་རྒྱུ་བརྒྱད་ཉིད་དེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གཞིའོ། །ཕྱག་རྣམས་སྟོང་པ་བཅུ་དྲུག་ཉིད། །ཅེས་པ་དབང་པོ་དྲུག་དང་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་སྟེ། སྐྱེ་མཆེད་བཅོ་བརྒྱད་པོ་རྣམས་ནི་ཐམས་ཅད་སྟོང་པ་ཉིད་ཡིན་གྱི་ཉན་ཐོས་ལ་སོགས་པའི་སྟོང་པ་ཉིད་ཕྱོགས་གཅིག་པ་ནི་མ་ཡིན་ནོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་སྟོང་པ་ཉིད་


DTG003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནང་དུ་གཏོགས་པའི་ཕྱིར་རོ། །ཕྱི་མོས་ཞེས་པ་ངེས་པར་གཟུང་བ་ཉིད་ཀྱིས་སངས་རྒྱས་ལྔ་རུ་འགྱུར་རོ། །འདིས་ཅི་གསུངས་ན། སངས་རྒྱས་ལྔའི་བདག་ཉིད་ཅན་ཁོ་ན་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་ཞེས་པའོ། །གདུག་པ་འདུལ་ཕྱིར་ཁོར་བོ་ཉིད། །ཅེས་པ་ཁྲོ་བོའི་བདག་ཉིད་མི་བསྐྱོད་པའི་སྐུ་སྟེ། གདུག་པ་འདུལ་ཕྱིར་ཞེས་པ་ཉོན་མོངས་པའི་བག་ཆགས་བསལ་བ་ལས་ཞེས་པའི་དོན་ནོ། །གཞན་ཡང་གསུངས་པ། ཤ་ཡིས་པུཀྐ་སཱི་རུ་བྱ། །ཤ་ཡི་རང་བཞིན་གཏི་མུག་རྡོ་རྗེ་པུཀྐ་སཱི་སྟེ། ཤ་ནི་དེའི་རང་བཞིན་ཉིད་དོ་ཞེས་པའོ། །དེ་བཞིན་ཁྲག་གིས་རི་ཁྲོད་མ། །གཤེར་བ་ཉིད་ལས་རྗེས་སུ་ཆགས་པའི་རང་བཞིན་ཉིད་ཀྱི་ཕྱིར་ཁྲག་གིས་རེ་ཁྲོད་མ་སྟེ། ཁ་རག་ནི་རི་ཁྲོད་མའི་རང་བཞིན་ཉིད་ཅེས་པའོ། །གདོལ་བ་མོ་ནི་ཁུ་བར་བརྗོད། །གདོལ་བ་མོ་མེའི་རང་བཞིན་ཏེ། དེ་ཉིད་ཀྱི་ཕྱིར་ཆགས་པ་དང་རྗེས་སུ་ཆགས་པ་ཁུ་བ་ཞེས་བརྗོད་ཅིང་ཁུ་བ་དང་གདོལ་བ་མོ་འདི་ནི་གཉིས་སུ་མེད་དོ་ཞེས་པའོ། །གཡུང་མོ་རྐང་དང་ཚིལ་ནི་གཡུང་མོ་ཞེས་བརྗོད་དོ། །འདིས་ནི་སའི་ཁམས་ཤ་དང༌། ཆུའི་ཁམས་ཁྲག་དང༌། མེའི་ཁམས་ཁུ་བ་དང༌། རླུང་གི་ཁམས་རྐང་དང་ཚིལ་ཞེས་པ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཅན་ཁོ་ན་འབྱུང་བ་བཞིའོ་ཞེས་པ་དང༌། པགས་པ་བྱང་ཆུབ་ཡན་ལག་བདུན། །ཞེས་པ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རབ་ཏུ་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་པགས་པ་དང༌། པགས་པ་ཉིད་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་པའོ། །རུས་པ་བདེན་པ་བཞི་པོ་ཉེད། །ཅེས་པ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་སྟེ། སྡུག་བསྔལ་ཤེས་པར་བྱ་ཀུན་འབྱུང་སྤང་བར་བྱ་འགོག་པ་མངོན་དུ་བྱ་ལམ་བསྒོམ་པར་བྱ་ཞེས་པའོ། །ཤ་དང༌། ཁྲག་དང༌། ཁུ་བ་དང༌། རྐང་དང༌། ཚིལ་དང༌། པགས་པ་དང༌། རུས་པ་སྟེ། ཁམས་བདུན་པོ་རྣམས་ཀྱིས་མཁའ་འགྲོ་


DTG003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མ་བདུན་གྱི་སྐུ་ཡིན་ཞིང་འདི་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཀྱེའི་རྡོ་རྗེའོ། །མཁའ་འགྲོ་མ་ལྔ་ནི་རྡོ་རྗེ་མ་ལ་སོགས་པའོ། །མཁའ་འགྲོ་མ་གཉིས་ནི་ས་སྤྱོད་མ་དང༌། མཁའ་སྤྱོད་མ་སྟེ། རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པ་དང་བརྒྱད་ནི་རྒྱུ་དང་བཞི་ཉིད་དེ། ཕྱི་རོལ་གྱི་མཁའ་འགྲོ་མ་བརྒྱད་དང༌། བརྒྱད་པ་གཉིས་ཀྱིས་བཅུ་དྲུག་ནི། །ཕྱག་རྣམས་སྟོང་ཉིད་དག་པ་སྟེ། ཞེས་པ་ཤིན་ཏུ་ངེས་པར་གྱུར་པའོ། །འདིས་ནི་རྡོ་རྗེ་རིགས་ཀྱི་ལེའུར། དངོས་པོ་བསྒོམ་བྱ་ཤེས་རབ་ཅན། །དངོས་པོ་མེད་པའང་ཡོངས་ཤེས་པས། །དེ་ལྡན་ཧེ་རུ་ཀ་བསྒོམ་བྱ། །དངོས་པོ་མེད་པའང་ཡོངས་ཤེས་པས། །ཞེས་པ་མདོར་བསྟན་པ་གསུངས་པའི་རྒྱས་པར་བཤད་པའང་ངེས་པར་གྱུར་པའོ། །བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་གསུངས་པའོ། །སྔགས་ཀྱི་ལེའུར་མདོར་བསྟན་པའི་སྔགས་བཏུ་བ་ཞུས་པས་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་གསལ་བར་མཛད་པ། སྔགས་བཏུ་བ་ནི་ཇི་ལྟར་འགྱུར། །གང་གི་སྔགས་ཀྱིས་སྐྱེ་བོ་ཡིས། །ལས་ཀྱི་དངོས་གྲུབ་འགྱུར་བ་ཉིད། །བདེ་བ་ཆེན་པོ་བཤད་དུ་གསོལ། །གང་གི་སྔགས་ཀྱིས་ཞེས་པ་ཨཱ་ལི་ཀཱ་ལི་ནཱ་དའི་རང་བཞིན་གྱིས་ཏེ། སྔགས་ཞེས་པ་ཡིད་སྐྱོབ་པར་གྱུར་པ་ཉིད་ཀྱིས་སོ། །སྐྱེ་བོའི་ཞེས་པ་སྐྱེ་བོ་ལུས་དང་ལྡན་པ་རྣམས་སོ། །ལས་ཀྱི་ཞེས་པ་ལས་ཀྱི་ལུས་དང་ལྡན་པ་སྟེ། སྐྱེ་བོ་ལས་ཀྱི་ལུས་དང་ལྡན་པ་རྣམས་ཀྱི་ཆེད་དུའོ། དེ་རྣམས་ཀྱི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རང་བཞིན་ཉིད་ཐོབ་པར་འགྱུར་བའོ། །དེའི་བཏུ་བ་བསྟན་པ་ཇི་ལྟར་འགྱུར་བ་བཤད་དུ་གསོལ། །ཀྱེ་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཞེས་ཞུས་པ་ན་བཅོམ་ལྡན་འདས་རྡོ་རྗེ་ཅན་ཆེན་པོ་རྡོ་རྗེ་སྙིང་པོ་གཟི་བརྗིད་ཆེན་པོས་བཀའ་སྩལ་པ། སྔགས་ནི་ཁྱོད་ལ་ངས་བཤད་ཀྱིས། །ལྷ་མོ་ཤེས་རབ་ཆེན་མོ་ཉོན། །རྡོ་རྗེ་ཅན་ཆེན་པོ་ཞེས་པ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །སྙིང་རྗེ་ཉིད་སྙིང་པོ་སྟེ། དེ་གང་གིས་སྐུར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་གཟི་བརྗིད་ཆེན་པོ་ཐམས་ཅད་ཀྱིས་མཆོད་པར་འོས་པའོ། །དེས་གསུངས་པ་ནི་ཐམས་ཅད་ཀྱི་ཚེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་མཛད་པ་སྟེ། །སེམས་ཅན་ལེགས་བྱས་མ་བསྒྲུབས་པ་རྣམས་ཀྱིས་ནི་རྟོགས་པར་མི་འགྱུར་ཉན་པར་མི་འགྱུར་མཐོང་བར་མི་འགྱུར་རོ། །ལྷ་མོ་ཉོན་ཞེས་པ་ཀུན་


DTG003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཀྱི་བདེན་པའི་རང་བཞིན་ཏེ། ཤེས་རབ་ཆེན་མོ་ཉོན་ཞེས་པ་དོན་དམ་པའི་བདེན་པའི་བདག་ཉིད་ཅན་ནོ། །སྔགས་ནི་ཁྱོད་ལ་བཤད་པར་བྱའོ། །སྔགས་དེ་ཡང་ང་ཞེས་པ་ཨ་ཡིག་དང་ཧཾ་ཡིག་ཉིད་དོ། །དང་པོར་རྣམ་པར་སྣང་མཛད་སྦྱིན་།ཨུཥྨ་རྣམས་ཀྱི་བཞི་པ་ལ། །པུཀྐ་སཱིས་བརྒྱན་སྟོང་པས་མནན། །མདོག་དཀར་མཐར་ནི་སྭཱ་ཧཱ་སྦྱར། །འདི་ནི་བཟླས་པ་འབུམ་གྱིས་ནི། །འགྲོ་བ་རྟག་ཏུ་རེངས་པར་བྱེད། །དང་པོར་རྣམ་པར་སང་མཛད་ཅེས་པ་ཨོཾ་ཡིག་གོ །དེའི་རྗེས་ལ་ཨུཥྨ་རྣམས་ཀྱི་བཞི་པ་ཞེས་པ་ཧ་ཡིག་གོ །པུཀྐ་སཱིས་བརྒྱན་པ་ཞེས་པ་ཨུ་ཡིག་དང་སྦྱོར་བའོ། །སྟོང་པས་མནན་ཞེས་པ་སྟོང་པ་ཐིག་ལེ་སྟེ། དེས་མནན་པའོ། །མདོག་དཀར་ཞེས་པ་ཁ་དོག་དཀར་པོ་སྟེ་མཐར་ནི་སྭཱ་ཧཱ་སྦྱར་ཞེས་པ་གཡོ་བའི་དངོས་པོ་ལ་དགོད་པར་བྱའོ། །སྔོན་དུ་སྔགས་འབུམ་ཟླས་ཏེ། དེ་ནས་འགྲོ་བ་རྟག་ཏུ་རེངས་པར་བྱེད་དོ། །བར་མ་ཆད་པ་ཅེས་དགོངས་པའོ། །ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་སྔགས་ཏེ། སྔགས་འདིས་རེངས་པ་དང༌། གཡོ་བ་མེད་བར་བྱེད་དོ། །དང་པོར་ཡི་གེའི་བདག་པོ་བཞག །དེ་རྗེས་མཁའ་སྤྱོད་མ་དེ་ནས། །མཐར་ནི་སྭཱ་ཧཱ་སྦྱར་བྱས་ནས། །སངས་རྒྱས་རྣམས་ཀྱང་དབང་དུ་བྱེད། །ཡི་གེའི་བདག་པོ་ཨོཾ་ཡིག་སྟེ། དེ་དང་པོར་བྱིན་ནས། དེའི་རྗེས་ལ་མཁའ་སྤྱོད་མ་ཨཾ་ཡིག་གོ །ཁ་དོག་དམར་པོ་མེ་ཏོག་ལ་སྦྱར་བར་བྱའོ། །ཁྱད་པར་ཅི་ཞེ་ན། མཐར་སྭཱ་ཧཱའོ། །སངས་རྒྱས་ཀྱང་ཞེས་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་རྣམས་སོ། །དབང་དུ་བྱེད་པ་ནི་དབང་དུ་གྱུར་པར་བྱེད་པ་སྟེ། ཨོཾ་ཨཱཾ་ཧཱ་ཞེས་པའོ། །རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །དང་པོ་ཡི་ནི་གཉིས་པ་ལ། །སྟོང་བཅས་མཐར་ནི་སྭཱ་ཧཱ་སྦྱར། །སངས་རྒྱས་ཀྱང་སྐྲོད་ཤེས་རབ་ཅན། །རིག་བྱེད་རྣམས་ཀྱི་དང་པོ་ཨོཾ་ཡིག་གོ །དེ་བྱིན་ཏེ་ཕྱི་ནས་དང་པོའི་གཉིས་པའོ། །ཁྱད་པར་ཅི་ཞེ་ན། སྟོང་བཅས་ཁཾ་ཡིག་དུ་བའི་མདོག་སྟེ། གང་ཞིག་བསྐྲད་པར་བྱ་བ་དེ་འམ་གནས་ལ་སྦྱར་བར་བྱ་ཞིང་མཐར་སྭཱ་ཧཱའོ། །འདིས་སངས་རྒྱས་རྣམས་ཀྱང་སྐྲོད་པར་བྱེད་དེ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་རྣམས་ཡང་སྐྲོད་པར་འགྱུར་རོ། །ཨོམ་ཁཾ་སྭཱ་ཧཱ་སྐྲོད་པར་བྱེད་ཅེས་པ་སྤྲོ་བའོ། །དང་པོར་རྣམ་པར་སྣང་མཛད་སྦྱིན། །གཉིས་པ་ཡི་ནི་གསུམ་པ་ལ། ར་དང་ལྡན་ཞིང་ཆུ་མས་བརྒྱན། །སྟོང་བཅས་


DTG003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ནི་སྭཱ་ཧཱ་སྦྱར། །མི་རྣམས་ཐམས་ཅད་འབྱེད་པར་བྱེད། །དང་པོར་རྣམ་པར་སྣང་མཛད་ཅེས་པ་ཨོཾ་ཡིག་གོ །གཉིས་པ་ཡི་ནི་གསུམ་པ་ཞེས་པ་ཛ་ཡིག་གོ །ཁྱད་པར་ཅི་ཞེ་ན། ར་དང་ལྡན་ཞིང་ཆུ་མས་བརྒྱན། །ཞེས་པ་ཨི་ཡིག་དང་ལྡན་པའོ། །སྟོང་བཅས་ཞེས་པ་ཐིག་ལེ་དང་ལྡན་པ་སྟེ། མཐར་སྭཱ་ཧཱའོ། །འབྱེད་པ་ལ་ནི་ཁ་དོག་ནག་པོའོ། །དེ་འམ་དེའི་གནས་ལ་སྦྱར་བར་བྱའོ། །དེའི་ཕྱིར་མི་རྣམས་ཐམས་ཅད་འབྱེད་པར་བྱེད། དེ་བཞིན་གཤེགས་པ་ཐམས་ཅད་ཞེ་སྡང་མི་བསྐྱོད་པ་ཉིད་ཀྱིས་རྣམ་པར་གནས་པར་བྱའོ། །ཨོཾ་ཛྲིཾ་སྭཱ་ཧཱ་ཞེས་པའོ། །དང་པོར་ཡི་གེའི་དབང་ཕྱུག་གཞག། ལྔ་པ་ཡི་ནི་གསུམ་པ་ལ། །སྟོང་བཅས་མཁའ་འགྲོ་མ་དང་ལྡན། །མཐར་ནི་སྭཱ་ཧཱ་མངོན་སྤྱོད་ཆེ། །དང་པོར་ཡི་གེའི་དབང་ཕྱུག་ཅེས་པ་ཐོག་མར་ཨོཾ་ཡིག་བྱིན་ཏེ། ལྔ་པའི་གསུམ་པ་བ་ཡིག་གོ །མཁའ་འགྲོ་མ་དང་ལྡན་ཞེས་པ་ཨུ་ཡིག་དང་ལྡན་པའོ། །སྟོང་བཅས་མཐར་སྭཱ་ཧཱ་མངོན་སྤྱོད་ཀྱི་སྔགས་ཨོཾ་བུཾ་སྭཱ་ཧཱ། བུཾ་ཡིག་ཁ་དོག་ནག་པོ་གང་ལ་མངོན་སྤྱོད་བྱ་བ་དེའམ་དེའི་གནས་ལ་སྦྱར་བར་བྱའོ། །འདིས་ནི་མངོན་སྤྱོད་ཅེས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་གྲུབ་སྟེ། ཐམས་ཅད་ལ་སྔོན་དུ་བསྙེན་པ་འབུམ་བཟླས་པ་ཉིད་དོ། །ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་མི་བསྐྱོད་པའི་ས་བོན་གྱིས་རེངས་པར་བྱེད་པའོ། །ཨོཾ་ཨཾ་སྭཱ་ཧཱ་ཞེས་པ་རིན་ཆེན་འབྱུང་ལྡན་གྱིས་བོན་གྱིས་དབང་དུ་བྱེད་པའོ། །ཨོཾ་ཁཾ་ཞེས་པ་དོན་ཡོད་གྲུབ་པའི་ས་བོན་གྱིས་སྐྲོད་པར་བྱེད་པའོ། །ཨོཾ་ཛྲ་སྭཱ་ཧཱ་ཞེས་པ་འོད་དཔག་མེད་ཀྱི་ས་བོན་གྱིས་འབྱེད་པར་བྱེད་པའོ། །ཨོཾ་བུཾ་སྭཱ་ཧཱ་ཞེས་པ་རྣམ་པར་སྣང་མཛད་ཀྱིས་བོན་གྱིས་མངོན་སྤྱོད་དེ། དེ་བཞིན་གཤེགས་པ་ལྔའི་ས་བོན་རྣམས་ཀྱིས་རེངས་པ་དང༌། དབང་དུ་བྱེད་པ་དང༌། སྐྲོད་པར་བྱེད་པ་དང༌། དབྱེ་བ་དང༌། མངོན་སྤྱོད་རྣམས་སོ། །རེངས་པ་ནི་དགའ་བའོ། །དབང་དུ་བྱེད་པ་ནི་མཆོག་དགའ་བའོ། །སྐྲོད་པ་ནི་དགའ་བྲལ་གྱི་དགའ་བའོ། །འབྱེད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དགའ་བ་བཞིའོ། །མངོན་སྤྱོད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཐམས་ཅད་དུ་ཨོཾ་སྭཱ་ཧཱ་ཞེས་པའི་ཨོཾ་ཡིག་གིས་རྡོ་རྗེ་གསུམ་དང་སྭཱ་ཧཱའི་ཡི་གེས་ཡེ་ཤེས་ལྔ་སྟེ། མཁའ་འགྲོ་མ་བརྒྱད་ཀྱི་རང་བཞིན་ཡེ་ཤེས་ལྔ་དང་སྐུ་གསུམ་དང་ལྡན་པ་ཁ་


DTG003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་མཚན་ཉིད་སྔགས་བཏུ་བས་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་གསུངས་སོ། །གཞན་ཡང་སྔགས་བཏུ་བ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་གསུངས་པ། ཡང་ནི་ཡི་གེའི་ཐུ་བོ་སྦྱིན། །ཧཱུཾ་ཡིག་ཁྲག་དང་འདྲ་བ་ཡི། །མཐར་ནི་སྭཱ་ཧཱ་ཐིག་ལེ་མཆོག །དགའ་བཟངས་ལ་སོགས་རྟག་ཏུ་འགུགས། །ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་འགུགས་པར་བྱེད་པ་སྟེ། འདིར་ཡང་འབུམ་བཟླས་སྟེ་ཧཱུཾ་ཡིག་ཁ་དོག་དམར་པོ་བསྒོམ་པར་བྱའོ། །གཏི་མུག་རིགས་ནི་དང་པོར་སྦྱིན། །གྷུཿ་ཡིག་ཡང་དག་རབ་ཏུ་སྦྱར། །མཐར་ནི་སྭཱ་ཧཱ་ཡང་བྱས་ནས། །ལྷ་དང་མི་རྣམས་གསོད་པར་བྱེད། །གཏི་མུག་གི་རིགས་རྣམ་པར་སྣང་མཛད་ཨོཾ་ཡིག་དང་པོར་བྱིན་ཏེ། ཕྱི་ནས་གྷུཿ་ཡིག་འོད་དཔག་མེད་རྡོ་རྗེ་མཁའ་འགྲོ་མ་དང་ལྡན་པ་རྣམ་པར་བཅད་པའི་མཐའ་ཅན་ཡང་དག་པར་རབ་ཏུ་སྦྱར་ཏེ། ཕུལ་དུ་བྱུང་བའི་སྦྱོར་བར་བྱའོ། །དེ་ཡང་མཐར་སྭཱ་ཧཱ་ཡེ་ཤེས་ལྔའི་རང་བཞིན་ནོ། །དེའི་ཕྱིར་ལྷ་དང་མི་རྣམས་གསོད་པར་བྱེད། །སེམས་དང་སེམས་ལས་བྱུང་བ་འཇོམས་པར་བྱེད་ཅེས་པའི་དོན་ཏེ། རབ་ཏུ་གྲགས་པའི་དོན་གསལ་བ་ཉིད་དོ། །འདིར་ཡང་བཟླས་པ་འབུམ་སྟེ། གྷུཿ་ཡིག་ཁ་དོག་ནག་པོ་བསྒོམ་པར་བྱའོ། །དང་པོར་རྣམ་པར་སྣང་མཛད་བཞག །ཅེས་ཐོག་མར་ཨོཾ་ཡིག་གོ །དང་པོ་ཡི་ནི་དང་པོ་ཞེས་པ་ཀ་ཡིག་གོ །ཁྱད་པར་ཅི་ཞེ་ན། རྡོ་རྗེ་མཁའ་འགྲོ་མ་དང་སྦྱར་ཞེས་པ་ཨུ་ཡིག་དང་སྦྱོར་བའོ། །མཐར་གནས་རྣམས་ཀྱི་གཉིས་པ་ཞེས་པར་ཡིག་སྟེ། རྡོ་རྗེ་མཁའ་འགྲོ་མ་དང་ལྡན་ཞེས་པ་ཨུ་ཡིག་དང་ལྡན་པའོ། །ཡང་ནི་དང་པོའི་རྩེ་མོ་ཞེས་པ་ཀ་ཡིག་སྟེ། རྡོ་རྗེ་མཁའ་འགྲོ་མ་དང་ལྡན་ཞེས་པ་ཨུ་ཡིག་དང་ལྡན་པའོ། །མཐར་གནས་རྣམས་ཀྱི་གསུམ་པ་ཞེས་པ་ལ་ཡིག་སྟེ། ཡང་ནི་དེ་དང་ལྡན་པ་ཉིད། །ཅེས་པ་ལ་ཡིག་དང་ལྡན་པའོ། །སྟེང་དུ་ཆོམ་རྐུན་མ་ཡིས་བརྒྱན། །ཞེས་པ་ཨེ་ཡིག་དང་ལྡན་པའོ། །དེ་ཡི་རྗེས་ལ་ཧྲཱིཿ་ཡིག་སྦྱར། །ཞེས་བསྒོམ་པ་གསུངས་པ་སྟེ། ཧྲཱིཿ་ཡིག་ལས་བྱུང་ལྷ་མོ་ནི། །ཁ་དོག་དམར་མོ་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་དང༌། ཨུཏྤལ་དང་ལྕགས་ཀྱུ་འཛིན། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་བོ་དབང་དུ་བྱེད། །ཅེས་བའོ། །མཐར་ཡང་སྭཱ་ཧཱ་གཟུང་བར་བྱ། །ཞེས་པ་སྔགས་བཟླས་པ་གསུངས་པ་སྟེ། བཟླས་པའི་གྲངས་ཁྲི་ཕྲག་ལ་སོགས་པས་འདི་རྣམས་དབང་དུ་འགྱུར་


DTG003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་ཇི་སྙེད་གསུངས་པ་ཉིད་དོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ་སྭཱ་ཧཱ། ཀུ་རུ་ཀུལླེའི་སྔགས་གནས་སུ་འགུགས་པར་བྱེད་པའོ། །གསད་པས་སྡུད་པ་སྟེ། དབང་དུ་བྱེད་པས་ཞིག་ནས་དང་ལྷག་མཐོང་ཞེས་པ་སྔགས་བཏུ་བ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་བསྟན་པའོ། །གཞན་ཡང་ཧེ་རུ་ཀ་བཞིའི་སྔགས་བཏུ་བ་གསུངས་པས་དེ་ལྟར་ཐམས་ཅད་བཞིའོ་ཞེས་པ་དགའ་བ་བཞིའི་རང་བཞིན་ཉིད་གསུངས་པ། ཨོཾ་ཡིག་དང་པོ་བཞི་པའི་གསུམ་བ་ད་ཡིག་སྟེ། ཆོམ་རྐུན་མ་ཡིས་བརྒྱན་ཞེས་པ་ཨེ་ཡིག་དང་ལྡན་པའོ། །མཐར་གནས་རྣམས་ཀྱི་བཞི་པ་ཞེས་པ་བ་ཡིག་གོ །པི་ཙུ་བཛྲ་སྦྱར་བར་བྱ། །ཞེས་པ་བསྒོམ་པ་གསུངས་པའོ། །ཨུཥྨ་རྣམས་ཀྱི་བཞི་པ་ཞེས་པ་ཧ་ཡིག་སྟེ། པུཀྐ་སཱི་ཡིས་རྣམ་པར་བརྒྱན། །ཞེས་པ་ཨུ་ཡིག་གིས་སྦྱོར་བའོ། །སྟོང་པས་མནན་ཞེས་པ་ཐིག་ལེ་དང་ལྡན་པའོ། །སུམ་འགྱུར་ཞེས་པ་ལན་གསུམ་སྟེ། ཧཱུཾ་ཧཱུཾ་ཧཱུཾ་གི་ཡི་གེ་གསུམ་མོ། །ལྔ་བ་ཡི་ནི་གཉིས་པ་ཞེས་པ་ཕ་ཡིག་སྟེ། གསུམ་པའི་དང་པོ་ཞེས་པ་ཌ་ཡིག་གོ །མཐར་སྭཱ་ཧཱ་ཞེས་པ་སྟེ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ཀྱེའི་རྡོ་རྗེའི་སྙིང་པོ་ཞལ་བརྒྱད་པའི་སྔགས་ཏེ། འདི་ནི་འབྲས་བུའི་རྡོ་རྗེ་འཆང་གི་སྙིང་བོའོ། །ཕྱག་བཅུ་དྲུག་པའི་སྙིང་པོ་གསུངས་ནས་ཕྱག་བཞི་པའི་སྙིང་པོ་གསུངས་པ། བཞིའི་རང་བཞིན་ཉིད་ཀྱི་ཕྱིར་བཞི་པ་ཉིད་དེ། སྣང་མཛད་དང་པོ་ཞེས་པ་དང་པོ་ཨོཾ་ཡིག་གོ །ཛྭ་ལ་གཉིས་སྦྱར་ནས་ཞེས་པ་ཛྭ་ལ་ཛྭ་ལ་ཞེས་པ་སྟེ་བསྒོམ་པ་གསུངས་པའོ། །ལྔ་པའི་བཞི་པ་ཞེས་པ་བྷ་ཡིག་སྟེ། མཐར་གནས་རྣམས་ཀྱི་དང་པོ་སྦྱར། །ཞེས་པ་ཡ་ཡིག་དང་ལྡན་པའོ། །གྷསྨ་རཱི་ཡི་རྣམ་པར་བརྒྱན། །ཞེས་པ་ཨོཾ་ཡིག་དང་ལྡན་པའོ། །ཨུཥྨ་རྣམས་ཀྱི་བཞི་པ་ཞེས་པ་ཧ་ཡིག་སྟེ། རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །ཞེས་ཨུ་ཡིག་ཐུང་དུ་སྟེ། དེ་དང་ལྡན་པ་སྟོང་པས་མནན་ཅིང་སུམ་འགྱུར་རོ། །ལྔ་པའི་གཉིས་པ་ཕ་ཡིག་དང༌། སུམ་པའི་དང་པོ་ཌ་ཡིག་སྟེ། །མཐར་སྭཱ་ཧཱ། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཕྱག་བཞི་པའི་སྙིང་པོའོ། །བཞི་པོ་ཉིད་དྲུག་པའི་རང་བཞིན་ཡིན་པའི་ཕྱིར་ཕྱག་དྲུག་པའི་སྔགས་བཏུ་བ་གསུངས་པ། དང་པོར་རྣམ་པར་སྣང་མཛད་ཞེས་པ་ཐོག་མར་ཨོཾ་ཡིག་གོ །དང་པོའི་དང་པོ་ཀ་ཡིག་སྟེ། ནང་གི་དཀར་མོས་བརྒྱན་ཞེས་པ་ཡི་


DTG003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དང་ལྡན་པའོ། །གསུམ་པ་ཡི་ནི་དང་པོ་ཞེས་པ་ཌ་ཡིག་སྟེ། ནང་གི་དཀར་མོས་རྣམ་པར་བརྒྱན། །ཞེས་པ་ཨི་ཡིག་དང་ལྡན་པའོ། །ཉིས་འགྱུར་ཞེས་པ་ཀི་ཌི་ཀི་ཌིའོ། །ལྔ་པའི་གསུམ་པ་ཞེས་པ་བ་ཡིག་གོ །གཉིས་པའི་གསུམ་པ་ཞེས་པ་ཛ་ཡིག་སྟེ། མེ་ཡིས་བརྒྱན་ཞེས་པ་ར་ཡིག་དང་ལྡན་པའོ། །ཧཱུཾ་གི་ཡི་གེ་གསུམ་སྦྱར་ནས། །ཞེས་པ་བསྒོམ་པ་གསུངས་པའོ། །ལྔ་པ་ཡི་ནི་གཉིས་པ་ཞེས་པ་ཕ་ཡིག་སྟེ། གསུམ་པའི་དང་པོ་ཌ་ཡིག་གོ །མཐར་སྭཱ་ཧཱ་ཞེས་པ་ཕྱག་དྲུག་པའི་སྔགས་བ་ཏུ་བ་སྟེ་ཨོཾ་ཀི་ཊི་ཀི་ཌི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ཕྱག་དྲུག་པའི་སྔགས་སོ། །ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཉིད་དོ་ཞེས་ཁ་སྦྱོར་འབྱེད་པའི་མཚན་ཉིད་བསྟན་པའི་ཕྱིར་ཕྱག་གཉིས་པའི་སྔགས་བཏུ་བ་གསུངས་པ། དང་པོར་རྣམ་སྣང་ཨོཾ་ཡིག་དང་པོའོ། །བཞི་པའི་དང་པོ་ཏ་ཡིག་སྟེ། བྱིན་ཟ་ཡང་དག་ར་དང་ལྡན་པའོ། །རོ་ལངས་མ་ཡིས་རྣམ་པར་བརྒྱན། །ཞེས་པ་ཨེ་ཡིག་དང་ལྡན་པའོ། །མཐར་གནས་རྣམས་ཀྱི་གསུམ་པ་ཞེས་པ་ལ་ཡིག་སྟེ། གྷསྨ་རཱི་ཡིས་རྣམ་པར་བརྒྱན། །ཞེས་པ་ཨོཾ་ཡིག་དང་ལྡན་པའོ། །དང་པོ་ཡི་ནི་དང་པོ་ཞེས་པ་ཀ་ཡིག་སྟེ། མཐར་གནས་རྣམས་ཀྱི་དང་པོ་སྦྱར། །ཞེས་པ་ཡ་ཡིག་དང་ལྡན་པའོ། །རྡོ་རྗེ་མ་ཡིས་རྣམ་པར་བརྒྱན། །ཞེས་པ་ཨ་ཡིག་དང་ལྡན་པའོ། །ཀྵ་ཡིག་ཆོམ་རྐུན་མ་ཡིས་བརྒྱན། །ཞེས་པ་ཨེ་ཡིག་དང་ལྡན་པའོ། །ལྔ་པའི་དང་པོ་ཞེས་པ་པ་ཡིག་གོ །སུཥྨ་རྣམས་ཀྱི་བཞི་པ་ཞེས་པ་ཧ་ཡིག་སྟེ། རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །ཞེས་པ་ཨུ་ཡིག་ཐུང་དུ་སྟེ་དེ་དང་ལྡན་པའོ། །སྟོང་པས་མནན་ཅིང་སུམ་འགྱུར་ཏེ། ཕཊ་དང་མཐར་ནི་སྭཱ་ཧཱ་སྦྱར་ཕྱག་གཉིས་པའི་སྙིང་པའོ། །ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་བ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའོ། །འདིས་ཁ་སྦྱོར་འབྱེད་པའི་མཚན་ཉིད་གསུངས་ཏེ། སྔགས་བཏུ་བ་མཐའ་དག་བསྡུས་པ་གསུངས་པ། བདག་མེད་ཨ་ཡིག་གོ །དང་པོའི་དང་པོ་ཀ་ཡིག་གོ །གཉིས་པའི་དང་པོ་ཙ་ཡིག་གོ །གསུམ་པའི་དང་པོ་ཌ་ཡིག་གོ །བཞི་པའི་དང་པོ་ཏ་ཡིག་གོ །ལྔ་བའི་དང་པོ་པ་ཡིག་གོ །མཐར་གནས་རྣམས་ཀྱི་དང་པོ་ཡ་ཡིག་གོ །ཨུཥྨ་རྣམས་ཀྱི་དང་པོ་ཤ་ཡིག་གོ །དང་བོ་རྣམ་སྣང་མཐར་སྭཱ་ཧཱ། །ཞེས་པ་ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། གྲོང་ཁྱེར་དཀྲུགས་པའི་སྔགས་ཏེ་བཟླས་པ་ནི་འབུམ་མོ་ཞེས་གསུངས་སོ། །བདག་མེད་མ་ཞེས་པ་ཆོས་འབྱུང་སྟེ། དེ་ཉིད་དང་བོའི་དང་པོ་དགའ་བའོ། །གཉིས་བའི་དང་


DTG003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཆོག་དགའོ། །གསུམ་པའི་དང་པོ་དགའ་བྲལ་གྱི་དགའ་བའོ། །བཞི་བའི་དང་པོ་ལྷན་ཅིག་སྐྱེས་བའི་དགའ་བ་སྟེ། འདིས་ལྔ་པའི་དང་པོ་ཐུགས་རྡོ་རྗེའོ། །མཐར་གནས་རྣམས་ཀྱི་དང་པོ་གསུང་རྡོ་རྗེའོ། །ཨུཥྨ་རྣམས་ཀྱི་དང་པོ་སྐུ་རྡོ་རྗེ་སྟེ། དང་པོར་རྣམ་སྣང་ཨོཾ་ཡིག་རྡོ་རྗེ་གསུམ་དབྱེར་མེད་པ་དང་མཐར་སྭཱ་ཧཱ་ཡེ་ཤེས་ལྔའི་རང་བཞིན་ནི་རྒྱུ་བརྒྱད་ཉིད་དོ་ཞེས་པའོ། །ད་ནི་ཆོས་འབྱུང་གི་རང་བཞིན་རྣམ་པར་དག་པ་ཉིད་ཀྱི་སྔགས་བཏུ་བ་གསུངས་པ། མཐར་གནས་རྣམས་ཀྱི་གཉིས་པ་ཞེས་པ་ར་ཡིག་དང་ཀྵ་ཡིག་གཉིས་ཞེས་པར་ཀྵ་རཀྵ་ཞེས་པའོ། །ཧཱུཾ་ཡིག་གསུམ་ཞེས་པ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པའོ། དང་པོར་རྣམ་སྣང་ཕཊ་ཡིག་གི །རྣམ་པ་ནང་བཅུག་མཐར་སྭཱ་ཧཱ། །ཞེས་པ་ས་སྤྱང་བའི་སྔགས་མ་ནིང་གི་སྔགས་ཀྱི་ལེའུ་གསུངས་པ་ཉིད་དེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དགུའི་བདག་ཉིད་ཅན་ཉིད་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་རྟག་ཏུ་གོམས་པར་བྱེད་པ་དཀྱིལ་འཁོར་བྱིན་གྱིས་བརླབ་པ་གསུངས་པ། དང་པོ་རྣམ་སྣང་ཞེས་པ་ཐོག་མར་ཨོཾ་ཡིག་གོ །དེའི་རྗེས་སུ་རྡོ་རྗེ་མ་ཨ་ཡིག་སྟེ། ཨ་དང་འདུས་པ་ལས་ཨཱཿའོ། །མཐའ་རུ་ཧཱུཾ་ཞེས་པ་རྡོ་རྗེ་གསུམ་གྱི་ཡི་གེ་ཨོཾ་ཨཱཿ་ཧཱུཾ་ཞེས་པ་སྟེ། བཟའ་བ་དང་བཏུང་བ་བྱིན་གྱིས་བརླབ་ཅེས་པ་སྲུང་བ་དང་བཟའ་བའི་དམ་ཚིག་བྱིན་གྱིས་བརླབ་པ་ཉིད་ལས་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་བཏུ་བ་གསུངས་པ། དང་པོར་རྣམ་པར་སྣང་མཛད་ཉིད། དེ་རྗེས་ཨ་ཀཱ་རོ་མུ་ཁཾ། ཨུཥྨ་རྣམས་ཀྱི་གསུམ་པ་ས་ཡིག་གོ །མཐར་གནས་རྣམས་ཀྱི་བཞི་པ་ཝ་ཡིག་སྟེ། སྟེང་དུ་མེ་ཡིས་རྣམ་པར་བརྒྱན། །སྟེང་ངུར་ཡིག་གིས་རྣམ་པར་བརྒྱན་པའོ། །དྷརྨཱ་ཎཱཾ་དེ་རྗེས་རྡོ་རྗེ་མ་བྱིན་ལ་ཞེས་པ་ཨཱ་ཡིག་སྦྱིན་པའོ། །དྱ་ནུ་པནྣ་ཏྭཱཏ། ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎྰཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་བཏུ་བ་སྟེ། སྔགས་ཀྱི་དོན་ནི་སྔགས་ཀྱི་ལེའུར་གསུངས་པའི་ཕྱིར་སླར་འདིར་མ་གསུངས་སོ། །འདི་ནི་ཁ་སྦྱོར་འབྱེད་པའི་མཚན་ཉིད་ཀྱི་སྔགས་བཏུ་བའི་ལེའུ་སྟེ་དགུ་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་དགུ་པའོ།། །།

བཅུ་པ། བཟླས་པའི་ལེའུའི་འགྲེལ་བཤད།


DTG003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཁ་སྦྱོར་འབྱེད་


DTG003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ཀྱི་སྔགས་བཏུ་བ་གསུངས་ནས། སྔགས་བ་ཟླས་བའི་ཡུལ་གསུངས་པ། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས། དེའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་རྡོ་རྗེ་འཆང་སྟེ། ཐམས་ཅད་ཀྱི་ཚེ་ཆོས་སྟོན་པ་ཉིད་ཀྱིས་རྣམ་པར་གནས་པའོ། ད་ནི་སླར་གསུང་རྡོ་རྗེའི་སྐབས་སུ་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱིས་གསལ་བར་རྣམ་པར་གནས་པའོ། །དེ་ཅི་ལྟར་ཞེ་ན། གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀུན་སྡོམ་གཅིག་པ་ཆོས་ཐམས་ཅད་དབྱེར་མེད་པའི་སྐུའོ། །བདག་མེད་ཙུམྦ་ན་མཛད་ནས། །བདག་མེད་མ་ལ་ཙུམྦ་ན་མཛད་པས་གསུང་རྡོ་རྗེ་མངོན་པར་གསལ་བར་གསུངས་སོ། །བཟླས་པའི་ཡུལ་ནི་རབ་གསལ་མཛད། །སྔགས་ཀྱི་ཁ་སྦྱོར་དབྱེ་བ་གསུངས་པ་སྟེ། ཤེལ་གྱིས་རེངས་པའི་བཟླས་པའོ། །རེངས་པའི་ཡུལ་ལ་ཤེལ་གྱི་བགྲང་ཕྲེང་གིས་བཟླས་པ་བྱའོ། །ཤེལ་གྱིས་རེངས་པའི་བཟླས་པ་ཞེས་པ་འོད་གསལ་བ་ཉིད་མཆོག་ཏུ་གཡོ་བ་མེད་པའོ། །དབང་ལ་ཙནྡན་དམར་པོ་སྟེ། དབང་དུ་བྱེད་པ་ལ་ཙནྡན་དམར་པོའི་བགྲང་ཕྲེང་གིས་བཟླས་པ་བྱའོ། །དབང་དུ་བྱ་བ་དབང་དུ་གྱུར་པ་ལ་ཙནྡན་དགའ་བར་བྱེད་པ་སྟེ། དམར་པོ་ཆགས་པའི་མཚན་ཉིད་དོ། །ལུང་ཏང་གིས་ནི་མངོན་སྤྱོད་ཉིད། །མངོན་སྤྱོད་ཀྱི་ཡུལ་ལ་ལུང་ཏང་གི་བགྲང་ཕྲེང་གིས་བཟླས་པ་བྱའོ། །ལུང་ཏང་ཞེས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས། མངོན་སྤྱོད་ཅེས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་ངེས་པ་ཉིད་དོ། །དེ་བཞིན་སྡང་ལ་ནི་རང་ཤུས་དབྱི་བའི་ཡུལ་ལ་ནི་རང་ཤུས་ཞེས་པ་མིའི་རུས་པའི་བགྲང་ཕྲེང་གིས་བཟླས་པ་བྱའོ། །ཡང་ན་སྡང་བ་རྡོ་རྗེ་འཆང་ཉིད་དོ། །ནི་རང་ཤུ་ནི་ཡེ་ཤེས་ཏེ། སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ཞེས་པའི་དོན་ནོ། །རྟ་ཡི་རུས་པས་སྐྲོད་པ་ལ། །སྐྲོད་པའི་ཡུལ་ལ་རྟའི་རུས་པའི་བགྲང་ཕྲེང་གིས་བཟླས་པ་བྱའོ། །སྐྲོད་པ་ཞེས་པ་གནས་ནས་བསྐྱོད་པའོ། །རྟ་ནི་དོན་ཡོད་གྲུབ་པ་རླུང་རྡོ་རྗེ་སྟེ། དེའི་རུས་པ་ནི་དེའི་འོད་ཟེར་ཞེས་པའི་དོན་ནོ། །བྲམ་ཟེའི་རུས་པས་དགུག་པ་ཉིད། བྲམ་ཟེའི་རུས་པས་ཞེས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རུས་པའི་བགྲང་ཕྲེང་གིས་དགུག་པའི་ཡུལ་ལ་བཟླས་པ་བྱའོ། །ཡང་ན་


DTG003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྲམ་ཟེའི་རུས་པ་ཡོངས་སུ་མྱ་ངན་ལས་འདས་པ་རྟོགས་པས་དགུག་པ་སྡུད་པའོ། །གླང་པོའི་རུས་པས་ཆར་དབབ་པ། ཆར་དབབ་བའི་ཡུལ་ལ་གླང་པོ་ཆེའི་རུས་པའི་བགྲང་ཕྲེང་གིས་བཟླས་པ་བྱའོ། །ཡང་ན་གང༌། ཆར་པ་དབབ་པ་ཞེས་པ་བྱང་ཆུབ་ཀྱི་སེམས་འབྱུང་བ་སྟེ། གླང་པོ་ཆེའི་རུས་བ་ཞེས་པ་འོད་དཔག་མེད་དང་དབྱེར་མེད་པའི་དོན་ཡོད་གྲུབ་པའི་ཡེ་ཤེས་ཀྱིས་ཞེས་པའི་དོན་ནོ། །མ་ཧེའི་རུས་པས་གསད་པའོ། །ཞེས་པ་གསད་པའི་ཡུལ་ལ་མ་ཧེའི་རུས་པའི་བགྲང་ཕྲེང་གིས་བཟླས་པ་བྱའོ། །ཡང་ན་གང་གསད་པ་ཞེས་པ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ནོ། །མ་ཧེའི་རུས་པ་ཞེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་དོ། །རེངས་པར་འོ་མའི་བཏུང་བ་ཉིད། རེངས་པར་བྱེད་པའི་དུས་ན་འོ་མའི་བཏུད་བ་བྱའོ། །དབང་ལ་རང་གི་འདུན་པས་སྤྱད། །ཅེས་པ་དབང་གི་བྱ་བ་ལ་རང་གི་འདུན་པས་སྤྱད་དེ། ཇི་ལྟར་འདོད་པ་སྤྱད་པར་བྱའོ། །གསད་པ་ལ་ནི་སིཧཱ་ཉིད། །ཅེས་པ་སིཧཱ་ཉིད་ཅེས་བྱའོ། །དགུག་པ་ལ་ནི་གཞི་མཉམ་སྟེ། སྡང་ལ་ཤཱ་ལིཉྫ་རུ་བརྗོད། །དེ་བཞིན་སྐྲོད་ལ་གླ་རྩིའོ། །ཡང་ན། མཐའི་ཤྭ་དང༌། དང་པོའི་ཤྭ་དང༌། ན་དང་པོ་དང༌། ག་དང་པོ་དང༌། ཧ་དང་པོ་ཉིད་ཀྱང་དེ་བཞིན་ཉིད་དེ་གསུངས་པའི་ཤཱ་ལིཉྫ་ཉིད་ནི་ན་དང་གོ་དང་སོ་ཅན་རྣམས་ཞེས་པའི་དོན་ནོ། །ཡང་ན། རེངས་པར་བྱེད་པ་དང་དབང་དུ་བྱེད་པ་དང༌། གསད་པ་དང༌། དགུག་པ་དང༌། དབྱེ་བ་དང༌། བསྐྲད་པ་སྟེ་ལས་དྲུག་པོ་འདི་རྣམས་ལ་དེ་བཞིན་གཤེགས་པ་ལྔའི་ས་བོན་དང༌། རྡོ་རྗེ་སེམས་དཔའི་ས་བོན་བསྒོམ་པར་བྱའོ། །དེ་ལ་འོ་མའི་བཏུང་བ་ཞེས་པ་བྱང་ཆུབ་ཀྱི་སེམས་སོ། །རང་གི་འདུན་པ་ཞེས་པ་དེ་འབྱུང་བ་ན་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཉིད་དོ། །སིཧཱ་དང༌། གཞི་མཉམ་དང་ཤཱ་ལིཉྫ་དང༌། གླ་རྩི་རྣམས་གསུངས་པ་ཉིད་དེ། ནང་གི་བདག་ཉིད་ཅན་མིག་ལ་སོགས་པ་རྣམ་པར་དག་པ་དང༌། ཕྱི་རོལ་གྱི་ཡང་གཟུགས་ལ་སོགས་པ་རྣམ་པར་དག་པའོ། །མཐའི་ཤྭ་ལ་སོགས་པ་རྣམས་ནི་གཉིས་ཀ་དབྱེར་མེད་པ་ཉིད་དེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་


DTG003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་དག་པ་ཁ་སྦྱོར་འབྱེད་པའི་མཚན་ཉིད་གསུངས་པའོ། །བཟླས་པའི་ལེའུ་བཅུ་པའོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་བཅུ་པའོ།། །།

བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་ལེའུའི་འགྲེལ་བཤད།


DTG003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྐུ་གཉིས་བསྟན་ནས། ད་ནི་ལུས་ཅན་རྣམས་ཀྱི་མཚན་ཉིད་གསུངས་པས་ཆོས་ཀྱི་སྐུ་དང་དབྱེར་མེད་པ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཉིད་བསྟན་པར་བྱ་བའི་ཕྱིར་གསུངས་པ། ཀྱཻ་རྡོ་རྗེ་ལ་དམ་འཁྱུད་ཅིང༌། ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས། །དེ་ལ་བདག་མེད་མས་ཞུས་པ། །དམ་དུ་འཁྱུད་པ་ཉིད་ལས་ཀྱེའི་རྡོ་རྗེ་ཉིད་དོ། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའི་རྒྱུ་ཉིད་ཀྱིས་ཀྱེའི་རྡོ་རྗེ་ཉིད་དོ། །སྐབས་དེ་ལ་བདག་མེད་མས་ཞུས་པ། ཅི་ཞེ་ན། གསུངས་པ། ལུས་ཅན་སྐྱེ་བའི་རང་བཞིན་རྣམས་ཀྱི་གཟུགས་ཏེ། དེ་ལྟར་གྱུར་པའི་ཀཾ་ཡེ་ཤེས་སོ། །བྷ་གར་ལིང་ག་བཞག་ནས་ནི། །འཁོར་ལོའི་འདྲེན་པས་འདི་སྐད་གསུངས། །བྷ་གར་ལིང་ག་བཞག་ནས་ནི། །ཞེས་པ་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པར་གྱུར་པ་ན་འཁོར་ལོའི་འདྲེན་པས་དེ་སྐད་གསུངས་སོ། །ལུས་ཅན་རང་གི་རིགས་བཤད་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །ལུས་ཅན་སྐྱེ་བའི་རང་བཞིན་རྣམས་ཀྱི་རང་གི་རིགས་གང་དང་གང་གི་རིགས་གང་ཡིན་པ་དེ་བཤད་ཅིང་བརྗོད་པར་བྱ་ཡིས་ཀྱེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉོན་ཅིག་ཅེས་པའོ། །དེ་ཉིད་གསུངས་པ། བུད་མེད་དམ་ནི་སྐྱེས་པ་ཡི། །གང་གི་མིང་མེད་ཙ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །བུད་མེད་ལག་པ་གཡོན་པའི་མིང་མེད་དང༌། སྐྱེས་པའི་ལག་པ་གཡས་པའི་མིང་མེད་དེ། དེ་ལ་གལ་ཏེ་རྡོ་རྗེ་རྩེ་དགུ་པའི་མཚན་མ་ཡོད་པ་དེའི་ཚེ་སྐྱེས་པ་མི་བསྐྱོད་པའི་རིགས་སུ་འགྱུར་རོ། །ཡང་ན། མིང་མེད་ནི་བདག་མེད་མ་སྟེ། །རྩ་པ་ནི་རྡོ་རྗེ་འཆང་ངོ༌། །གཉིས་ཀའི་ཡེ་ཤེས་སུ་གྱུར་པ་ན་གང་གི་ཞེས་པ་མ་ནིང་སྟེ། བུད་མེད་བདག་མེད་མའམ། སྐྱེས་པ་རྡོ་རྗེ་འཆང་ངོ༌། །རྡོ་རྗེ་མི་ཕྱེད་པའི་ཡེ་ཤེས་ཏེ། རྩེ་དགུ་བ་


DTG003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་བདག་ཉིད་ཅན་ཉིད་དོ། །བདག་མེད་མའི་དཀྱིལ་འཁོར་དང་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཞེས་པ་སྟེ། གཉིས་ཀ་དབྱེར་མེད་པའི་དཀྱིལ་འཁོར་དེ་ཡང་སྐབས་དང་གནས་སྐབས་སོ་སོར་བསྟན་པ་ཉིད་དོ། །མི་བསྐྱོད་པའི་རིགས་མཆོག་ཅེས་པ་འདི་གཙོ་བོ་ཉིད་དོ། །རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར། །ཞེས་པ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་འཁོར་ལོ་མཚན་མར་འགྱུར་རོ། །དཔག་མེད་མགོ་ན་གྱི་འདམ་སྐྱེས་ཉིད། །འོད་དཔག་མེད་ཀྱི་རིགས་ཀྱི་མཚན་མ་པདྨར་འགྱུར་རོ། །རིན་ཆེན་འབྱུང་གི་རིན་ཆེན་ཆེ། རིན་པོ་ཆེའི་རིགས་ཀྱི་མཚན་མ་རིན་པོ་ཆེར་འགྱུར་རོ། །ལས་ཀྱི་རིགས་ཀྱི་རལ་གྲི་ཉིད། །དོན་ཡོད་གྲུབ་པའི་རིགས་ཀྱི་མཚན་མ་རལ་གྲིར་འགྱུར་རོ། །འཁོར་ལོ་སྣང་བ་རྣམ་པར་དག་པའོ། །པདྨ་མངོན་པར་བརྗོད་པ་རྣམ་པར་དག་པའོ། །རིན་པོ་ཆེ་ཡང་དག་པར་རིག་པའི་རང་བཞིན་ནོ། །རལ་གྲི་ནི་མི་ཤེས་པ་ཐམས་ཅད་གཅོད་པ་ཉིད་ཀྱིས་རྡོ་རྗེ་གསུམ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་རང་བཞིན་འབྲས་བུར་གྱུར་པའོ། །རྩེ་དགུ་པ་རྡོ་རྗེའི་རང་བཞིན་མི་བསྐྱོད་པའི་རིགས་གཉིས་ཀ་མཉམ་པ་ཉིད་ཀྱི་མཆོག་སྟེ། རིགས་མ་འཆོལ་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབད་པ་མེད་པ་ཉིད་ཀྱིས་མངོན་དུ་འགྱུར་རོ་ཞེས་པ་སྟེ། རང་འདོད་ལྷའི་རིགས་ཀྱིས་སྤྱོད་པ་བྱ་ཞེས་གང་གསུངས་པ་དེ་ཤིན་ཏུ་ངེས་པའོ། །འདིས་ནི་མཚན་མ་རྣམས་པར་དག་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་གསུངས་པའོ། །གཞན་ཡང་ཁ་དོག་གི་མཚན་མ་གསུངས་པ། རྣལ་འབྱོར་པ་གང་ནག་པོ་ཆེ། །དེ་ཡི་ལྷ་ནི་མི་བསྐྱོད་པ། །འདི་ནི་ཉེ་བར་མཚོན་པ་སྟེ། གཉིས་ཀ་ལ་ཡང་མཚན་མ་འདིའོ། །རྣལ་འབྱོར་པ་གང་དཀར་པོ་ཆེ། །དེ་ཡི་ལྷ་ནི་རྣམ་སྣང་མཛད། །རྣལ་འབྱོར་པ་གང་སྔོ་བསངས་ཆེ། །དེ་ཡི་ལྷ་ནི་དོན་ཡོད་ཉིད། །རྣལ་འབྱོར་པ་གང་སེར་པོ་ཆེ། །རིན་ཆེན་དབང་པོ་རིགས་ཀྱི་ལྷ། །རྣལ་འབྱོར་བ་གང་དམར་སེར་ཉིད། །འོད་དཔག་མེད་པ་རིགས་ཀྱི་ལྷ། །རྣལ་འབྱོར་པ་གང་དཀར་དང་སེར། །དེ་ནི་སེམས་དཔའི་རིགས་སུ་འགྱུར། །འདིས་ནི་ནག་པོ་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །དཀར་པོ་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །སྔོ་བསངས་དོན་ཡོད་གྲུབ་པ་གསུང་རྡོ་རྗེའོ། །གང་ཡང་སེར་པོ་ཆེ་བདེ་ནི་རིན་ཆེན་དབང་པོ་


DTG003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་རྡོ་རྗེ་འཆང་ངོ༌། །རྣལ་འབྱོར་པ་གང་དམར་སེར་ཞེས་པ་དམར་པོ་རིན་ཆེན་དབང་པོ་དང་སེར་པོ་འོད་དཔག་མེད་དེ། དེ་དག་གང་ལ་ཡོད་པ་དེའི་རིགས་ཀྱི་ལྷ་འོད་དཔག་མེད་དོ། །དཀར་དང་སེར་ཞེས་པ་འོད་དེ་གསལ་བ་སྟེ། འོད་གསལ་བ་ཉིད་ཀྱིས་དེ་ནི་སེམས་དཔའི་རིགས་ཞེས་པ་རྡོ་རྗེ་སེམས་དཔའི་རིགས་ཏེ། དེ་ཉིད་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ནོ། །འདིས་ནི་ཐུགས་རྡོ་རྗེ་དང་སྐུ་རྡོ་རྗེ་དང༌། གསུང་རྡོ་རྗེ་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པ་གསུམ་མོ། །རིན་ཆེན་དབང་པོ་ནི་རྡོ་རྗེ་འཆང་ངོ༌། །འོད་དཔག་མེད་ནི་དེའི་ཐབས་སུ་གྱུར་པའོ། །རྡོ་རྗེ་སེམས་དཔའ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། ཁ་དོག་གི་མཚན་མ་གསུངས་པའོ། །དེའི་ཕྱིར། སྐྱེ་བོ་རྣམས་ལ་བརྙས་མི་བྱ། །འཚེ་མིན་རྣལ་འབྱོར་མཐར་ཕྱིན་པས། །སྐྱེ་བོ་རྣམས་ཞེས་པ་ལུས་ཅན་རྣམས་ལ་བརྙས་པར་མི་བྱ་ཞིང་སྨད་པར་མི་བྱའོ། །འཚེ་མིན་རྣམ་པར་འཚེ་བར་མི་བྱའོ། །གང་གིས་ཤེ་ན། རྣལ་འབྱོར་མཐར་ཕྱིན་པས་གཉིས་སུ་མེད་པའི་རང་བཞིན་རྟོགས་པ་རྣམས་ཀྱིས་སོ། །ཇི་ལྟར་ཞེ་ན། གསུངས་པ། དེ་རྣམས་དེ་བཞིན་གཤེགས་པའི་རེགས། །ལུས་ཅན་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཏེ། དེ་བཞིན་གཤེགས་པའི་གྲངས་སུ་གཏོགས་པ་དེ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་ཉིད་དོ། །ཇི་ལྟར་ཞེ་ན། ཀུན་རྫོབ་གཟུགས་སུ་གནས་ནས་ནི། །ཀུན་རྫོབ་གཟུགས་ཀྱི་རང་བཞིན་ལ་གནས་ཤིང་བསྟན་ནས་ཞེས་དགོངས་པའོ། །རྣལ་འབྱོར་པ་གང་ཞེས་པ་སྐྱེས་པའི་མཚན་མ་ཉིད་བར་མཚོན་པ་ཉིད་ཀྱིས་བུད་མེད་རྣམས་ཀྱི་ཡང་བལྟ་བར་བྱའོ་ཞེས་གང་ཞིག་གསུངས་པ་དེ་དག་མངོན་པར་གསལ་བར་བྱེད་པ། བུད་མེད་རྣམས་ཀྱི་མཚན་ཉིད་འདི། །ཇི་ལྟར་སྐྱེས་པ་དེ་བཞིན་ཏེ། །ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །དེ་རྣམས་རིགས་སུ་འང་དེ་འགྱུར་རོ། །དེ་བཞིན་གཤེགས་པ་དེ་རྣམས་གཡུང་མོ་ལ་སོགས་པ་རྡོ་རྗེ་བཙུན་མོ་དེ་རྣམས་ཀྱི་རིགས་སུའང་འགྱུར་རོ། །ཇི་ལྟར་ཞེ་ན། ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །ཀུན་རྫོབ་ཀྱི་ཐ་སྙད་ཀྱི་ཚུལ་ལས་ཞེས་པའི་དོན་ཏེ། ཀུན་རྫོབ་


DTG003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་བདག་ཉིད་དང༌། དོན་དམ་པའི་བདེན་པ་གཉིས་ཀ་དབྱེར་མེད་པ་ཉིད་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ཟུང་དུ་འཇུག་པའི་ལམ་སངས་རྒྱས་ཀྱི་སྤྱོད་ཡུལ་ཞེས་པའོ། །བྷ་ག་ལིངྒའི་ཙུམྦ་ལས། །དེར་ནི་རྡོ་རྗེ་ཆེ་མཉེས་ཏེ། དེར་ནི་ཞེས་པ། དེ་ལྟར་རྣམ་པར་གནས་པ་ན་རྡོ་རྗེ་ཆེ་རྡོ་རྗེ་འཆང་སྟེ། མཉེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། བྷ་ག་ལིངྒའི་ཙུམ་བ་ལས། །ཕན་ཚུན་ཁ་སྦྱོར་ལས་ཞེས་དགོངས་པའོ། །བདག་མེད་མ་ཡིས་གོ་མཛད་པ། །ལྷ་མོ་རབ་ཏུ་མཆོད་པ་ཉོན། །བདག་མེད་མ་ལ་རྟོགས་པའི་རང་བཞིན་དུ་མཛད་པའོ། །དེའི་ཕྱིར་གསུངས་པ། ལྷ་མོ་རབ་ཏུ་མཆོད་པ་ཉོན། །འདི་ལྟ་བུའི་རང་བཞིན་གྱི་རིགས་ཀྱི་མཚན་མ་དང་ལྡན་པ་རིགས་རྣམས་ཀྱི་ངེས་པ་ཕུན་སུམ་ཚོགས་པ་ཉིད་དང་མཉམ་པར་སྦྱོར་བ་ལས་ཕུལ་དུ་བྱུང་བའི་མཆོད་པར་འགྱུར་རོ། །ཕུལ་དུ་བྱུང་བའི་མཆོད་པའི་རིམ་པ་ཉིད་གསུངས་པ། ཚལ་དང་སྐྱེ་བོ་མེད་གནས་དང༌། །བདག་གི་ཁྱིམ་དང་གཞན་དུ་ཡང༌། །གཅེར་བུ་ཕྱག་རྒྱ་ཆེར་བྱས་ནས། །རྣལ་འབྱོར་རིགས་པས་རྟག་ཏུ་མཆོད། །རྣལ་འབྱོར་ཞེས་པས་རྟག་ཏུ་བར་མ་ཆད་པ་ཉིད་ཀྱིས་མཆོད་པར་བྱའོ། །ཚལ་ཞེས་པ་བདེ་བ་ཆེན་པོའི་འཁོར་ལོའོ། །སྐྱེ་བོ་མེད་གནས་ཞེས་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོའོ། །བདག་གི་ཁྱིམ་ཞེས་པ་ཆོས་ཀྱི་འཁོར་ལོའོ། །གཞན་ཞེས་པ་སྤྲུལ་པའི་འཁོར་ལོར་ཏེ། ཐམས་ཅད་དུ་གཅར་པུ་ཕྱག་རྒྱ་ཆེར་བྱས་ནས་སྒྲིབ་པ་མེད་པའི་རང་བཞིན་ཉིད་ཀྱིས་རྣམ་པར་གནས་པར་བྱ་སྟེ། རྣལ་འབྱོར་རིགས་པས་རྟག་ཏུ་མཆོད། །ཅེས་པ་དོན་བཤད་ཟིན་ནོ། །ཅི་བྱས་ནས་ཤེ་ན། གསུངས་པ། ཙུམྦ་འཁྱུད་པ་བྱས་ནས་ནི། །དེ་བཞིན་བྷ་གར་རེག་པ་ཉིད། །སྐྱེས་པའི་སྣ་ནི་གཞབ་པ་དང༌། །མ་མཆུའི་སྤྲད་རྩི་བཏུང་བ་ཉིད། ཙུམྦ་འཁྱུད་པ་བྱས་ནས་ནི། །ཞེས་པ་ངག་གི་སྦྱོར་བ་དང༌། །ལུས་ཀྱི་སྦྱོར་བ་བྱས་ཏེ་བྷ་གར་རེག་པ་ཞེས་པ་སེམས་ཀྱི་སྦྱོར་བ་བྱ་ཞིང༌། སྐྱེས་པའི་སྣ་ནི་གཞིབ་པ་དང༌། །ཞེས་པ་གཉིས་ཀའི་རྡོ་རྗེ་བུག་པས་བྱང་ཆུབ་ཀྱི་སེམས་གཉིས་པར་དུ་བསྟན་པ་ལས། །མ་མཆུའི་སྤྲད་རྩི་


DTG003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བ་ཉིད། རིམ་པ་འདིས་མ་མཆུའི་སྦྲང་རྩི་བཏུང་བའི་གདམས་ངག་སྟེ། མྱོས་པས་མཚན་པའི་ལག་པ་ལས། །བོལླ་ལྡན་པ་རྟག་ཏུ་བྱ། །མྱོས་པས་མཆན་པའི་ལག་པ་ཞེས་པ། སོར་མོ་ལྔ་བསྐྱོད་པ་ལས་བོལླ་ལྡན་པ་ཇི་ལྟར་ལས་བྱེད་པ་དེ་བཞིན་དུ་ཤེས་རབ་ཀྱི་མཆོད་པ་བྱའོ་ཞེས་པའོ། །ཡང་ན་གང་། །མྱོས་པའི་མཚན་མ་བྱེད་པ་ཡིས། །ཞེས་པ་སྟེ། མྱོས་པའི་རྟགས་དང་མཚན་མ་དེ་བྱེད་པའི་ཕྱིར་མྱོས་པའི་མཚན་མ་བྱེད་པ་གསང་བའི་སྒྲ་ཤཱི་ཏ་ཞེས་པའོ། །མྱོས་པའི་མཚན་མ་བྱེད་པ་དེས་བོལླ་ལྡན་པ་སྐྱེས་པ་རྟག་ཏུ་བར་ཆད་མེད་པ་ཉིད་ཀྱི་ལས་སྙོམས་པར་འཇུག་པའི་སྦྱོར་བ་བསྒྲུབ་པར་བྱའོ། །ལས་ཀྱི་བྱེ་བྲག་གསུངས་པ། ཁྱོགས་དང་བརླ་ཞེས་བྱ་བ་དང༌། །དེ་བཞིན་དུ་ནི་བརྐྱང་བ་ཡིས། །ཁྱོགས་ནི་སྐྱེས་པའི་གསང་བའི་སྟེང་དུ་བུད་མེད་འདུག་སྟེ། རྐེད་པའི་ཕྱོགས་སུ་མདུན་དང་རྒྱབ་ཁྱོགས་སུ་བྱེད་པ་ནི་ཁྱོགས་དང་འདྲ་བའི་ཕྱིར་ཁྱོགས་སོ། །དེ་ལྟར་ཡང་གསུངས་པ། མདུན་དང་རྒྱབ་ཏུ་མི་མོ་ནི། །རིམ་བཞིན་རྐེད་པར་འདོ་ལ་བྱེད། །མདོམས་ཀྱི་སྟེང་དུ་འདུག་པ་ནི། འོད་ལར་ཡོངས་སུ་གྲགས་པ་ཡིན། །ཞེས་པ་སྟེ། བླ་མ་བརྒྱུད་པའི་རིམ་པ་ནི་སེམས་དཔའི་དཀྱིལ་ཀྲུང་དུ་འདུག་ནས། དེའི་སྟེང་དུ་དེ་ཉེ་བར་འདུག་ལ་རྡོ་རྗེ་ལྕགས་སྒྲོག་གིས་སྙོམས་པར་ཞུགས་ཏེ། རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་འདོ་ལ་དེས་སྒྲུབ་པར་བྱེད་པའི་ཕྱིར་འོད་ལ་སྟེ། ཁྱོགས་ཀྱི་རིམ་པའོ། །བརླ་ཞེས་པ་སྟེང་དུ་གནས་པ་སྟེ། བུད་མེད་ཀྱི་མགྲིན་པ་ནས་འཁྱུད་དེ་བརླ་གཡས་པའི་འོག་ཏུ་རང་གི་བརླ་གཡོན་པ་བཅུག་ནས་ལག་པ་གཡས་པས་དེའི་རྒྱབ་ཏུ་གཟུང་བར་བྱའོ་ཞེས་པ་བརླའི་མིང་ཅན་གྱི་ཀ་ར་ནའོ། །དེ་ལྟར་ཡང་གསུངས་པ། ལག་པ་གཡོན་པས་མི་མོ་ཡི། །བརླ་གཡས་གྱེན་དུ་བཏེག་བྱས་ནས། །གཉིས་ཀ་མངོན་ཕྱོགས་གནས་པ་དག །གྱེན་དུ་སྦྱར་བྱ་ཀ་ར་ན། །གཉིས་ཀ་ཞེས་པ་བུད་མེད་དང་སྐྱེས་པ་སྟེ། གང་ཞིག་མངོན་དུ་ཕྱོགས་པར་གྱུར་པའོ། །ད་ཉིད་གྱེན་དུ་སྦྱར་བར་བྱའོ་ཞེས་པ་ཀ་ར་ནའོ། །ཡང་ན། སྐྱེས་པ་དང་བུད་མེད་ཀྱི་རྐང་པ་གཡས་པ་སྟེང་དུ་བྱ་སྟེ། རྡོ་རྗེ་པདྨ་མཉམ་པར་སྦྱོར་བས་མགྲིན་པར་འཁྱུད་པའི་མཆན་ཁུང་གཉིས་ཀྱི་འོག་ཏུ་དཔུང་པ་གཉིས་རྒྱབ་ཏུ་བཅིངས་ཏེ་སྙོམས་པར་འཇུག་པའོ། །དེ་བཞིན་དུ་བརྐྱང་པ་ཡིས་ཞེས་བ་བུད་མེད་གན་རྒྱལ་བའི་རྐང་པའི་མཐིལ་གཉིས་ཀས་སོར་མོ་བཅིང་བ་སྔོན་དུ་འགྲོ་


DTG003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱ་སྟེ། ངང་པའི་གཤོག་པ་ལྟར་དཔུང་པ་རབ་ཏུ་བརྐྱང་བར་བྱའོ་ཞེས་པ་ཤིན་ཏུ་བརྐྱང་པའོ། །དེ་ལྟར་ཡང་གསུངས་པ། ངང་བའི་གཤོག་པའི་རྣམ་པ་དང༌། །གན་རྐྱལ་དུ་ནི་རབ་ཏུ་གྲགས། །རྐང་པ་གཉིས་པོ་རབ་བརྐྱང་ཕྱིར། །ཤིན་ཏུ་བརྐྱང་བ་ཞེས་པའོ། །རིམ་པ་འདིས། ཡང་ཡང་འདོད་བྱ་རྡོ་རྗེ་ཅན། །སྟེང་དང་འོག་ཏུ་བལྟ་བར་བྱ། ཁ་དང་པདྨར་ཙུམྦ་བྱེད་པའི་ཕྱིར། སྟེང་དང་འོག་ཏུ་བལྟ་བར་བྱ། །ཞེས་པའོ། །ཡང་ན་གང་ཡང་བར་མཆད་པ་ཉིད་ཀྱིས་རྡོ་རྗེ་ཅན་མི་ཕྱེད་པའི་སྐུ་འདོད་བྱ་ལྷན་ཅིག་སྐྱེས་པ་མངོན་དུ་བྱའོ། སྟེང་དང་འོག་ཏུ་བལྟ་བར་བྱ། །ཞེས་པ་སྟེང་འོག་དང་འོག་སྟེང་དུ་བལྟ་བར་བྱ་ཞིང་ཉམས་སུ་མྱོང་བའི་སྦྱོར་བས་མངོན་དུ་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། འབྲས་བུ་གསུངས་པ། དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་མེ་ལོང་ལྟ་བུ་ལ་སོགས་པ་ཐམས་ཅད་མཉམ་པ་གཉིས་སུ་མེད་པ་འབྱུང་བར་འགྱུར་རོ། །སྐད་ཅིག་དེ་ལ་ཇི་ལྟར་འགྱུར་ཞེ་ན། གསུངས་པ། དེར་ནི་ག་པུར་བཏུང་བར་བྱ། །ཁྱད་པར་དུ་ཡང་ཆད་ཉིད་དོ། །དེར་ནི་ག་པུར་རྒྱུ་ཡི་ཕྱིར། །བ་ལ་བཟའ་བ་ཉིད་དུ་བྱ། །ག་པུར་བཏུང་བ་ཞེས་པ་ཨཱ་ལི་ནཱ་དའི་ཕྲེང་བ་བལྟ་བར་བྱའོ། །ཁྱད་པར་དུ་ཡང་མེད་ན་ཞེས་པ་ཨཱ་ལི་འབྱུང་བ་ཉིད་ལས་ཀཱ་ལི་ཡང་འབྱུང་བ་སྟེ། འདི་ཉིད་ཁྱད་པར་རོ། །དེ་ཉིད་ཀྱི་ཕྱིར་མ་དེ་ན་ཐུགས་རྡོ་རྗེ་ཡང་བཏུང་བར་བྱའོ། །དེར་ནི་ཞེས་པ། སྐད་ཅིག་དེ་ལ་བ་ལ་བཟའ། །ཞེས་པ་སྐུའི་མངོན་པར་ཞེན་པ་ཡང་མེད་པའོ། །དེ་དག་ཐམས་ཅད་ཇི་ལྟར་བྱ་ཞེ་ན། རིམ་པ་གསུངས་པ། ག་པུར་རྒྱུ་ཡི་ཕྱིར་ཞེས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྒྱུ་ཉིད་ལས་ཞེས་དགོངས་པའོ། །ལྷན་ཅིག་སྐྱེས་པའི་དོན་གྱི་སྦྱོར་བའི་ལེའུ་སྟེ་བཅུ་གཅིག་བའོ། །ལྷན་ཅིག་སྐྱེས་པའི་དོན་གྱི་སྦྱོར་བ་ཞེས་པ་ལྷན་ཅིག་སྐྱེས་པ་ཉིད་དོན་ཏེ། དོན་དམ་པའོ། །དེ་ཡང་སྦྱོར་བ་ཞེས་པ་ཤེས་རབ་ཀྱི་མཆོད་པའི་མཚན་ཉིད་དེ། ལེའུ་གང་དུ་དེ་གཙོ་བོར་གྱུར་པའི་ཕྱིར་ལྷན་ཅིག་པའི་དོན་གྱི་སྦྱོར་བའི་ལེའུའོ། །བཅུ་གཅིག་པ་ལྷན་ཅིག་མེད་པ་སྟེ་


DTG003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་དང་བཅུ་ནི་ཁ་སྦྱོར་ཉིད་ཀྱིས་དགུའི་བདག་ཉིད་ཀྱི་ཕྱིར་ཞེས་པའི་དོན་ནོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་བཅུ་གཅིག་པའོ།། །།

བཅུ་གཉིས་པ། དབང་བསྐུར་བ་བཞིའི་ལེའུའི་འགྲེལ་བཤད།


DTG003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ལྷན་ཅིག་སྐྱེས་པའི་དོན་གྱི་སྦྱོར་བ་ལེའུ་བཅུ་གཅིག་པར་མངོན་པར་གསལ་བ་ལ། དེ་ནས་རྡོ་རྗེ་ཅན་གྱིས་དབང་བཞིའི་ཚིགས་བཅད་བཀའ་སྩལ་པ། དེ་ནས་རྡོ་རྗེ་ཅན་རྡོ་རྗེ་འཆང་སྟེ། དབང་བཞི་ནི། སློབ་དཔོན་གསང་བ་ཤེས་རབ་དང༌། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་དབང་བཞི་སྟེ། །གསང་བ་ལས་ཆེས་ཤིན་ཏུ་གསང་བའོ། །དེ་རྣམས་ཀྱི་ཚིགས་སུ་བཅད་པ་བཀའ་སྩལ་པ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །རྡོ་རྗེ་རབ་ཏུ་གནས་པ་བཟུང༌། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །རྡོ་རྗེ་ཆེ་ཞེས་པ་ཁ་སྦྱོར་ཀྱི་རང་བཞིན་ཟུང་དུ་འཇུག་པ་ཉིད་དེ། འདི་ཉིད་དྲིལ་བུ་ཆེ་ཞེས་པ་འདིའི་དོན་ཡང་ངོ༌། །རྡོ་རྗེ་མི་ཕྱད་པའི་སྐུ་ཟུང་ཞེས་པ་སྟེ། དེ་ཉིད་ཀྱི་ཕྱིར་རབ་ཏུ་གནས་པ་ཐམས་ཅད་དུ་སོ་སོར་གནས་པའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སློབ་དཔོན་གྱུར། སློབ་མ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ཡེ་ཤེས་ཀྱི་བསྡུ་བ་ཡང་དག་པར་འཛིན་པའི་རང་བཞིན་སྒྲུབ་པར་གྱིས། རྡོ་རྗེ་ཆེན་པོ་ཟུང་ཞེས་པ་སློབ་དཔོན་གྱི་དབང་ངོ་། །དྲིལ་བུ་ཆེ་ཞེས་པ་གསང་བའི་དབང་ངོ༌། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །སངས་རྒྱས་སྲས་རྣམས་དབང་བསྐུར་བ། །བདག་གིས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་ཁྱོད་དབང་བསྐུར། །ཤེས་རབ་ཡེ་ཤེས་ཀྱི་དབང་གསུངས་པའོ། །ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །དགའ་སྦྱིན་ཞེས་པ་ཕུལ་དུ་བྱུང་བའི་བདེ་བའི་རང་བཞིན་ནོ། །གནས་སྦྱིན་ཞེས་བ་གནས་པ་མེད་པའི་སྦྱོར་བས་ལེགས་པར་གནས་པའོ། །ལྷ་མོ་ཞེས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་གཟུགས་ཅན་ཏེ། དེ་ཉིད་ཀྱི་ཕྱིར་ཡིད་འོད་མའོ། །ཟུང་ཤིག་ཟུང་ཤིག་ཅེས་པ་ཤིན་ཏུ་བརྟན་པར་གྱིས་ཤིག་པའོ། ཀྱེ་སེམས་དཔའ་ཆེན་པོའི་ཡེ་ཤེས་ཆེན་པོའི་རོས་ཡོངས་སུ་གང་བའི་སྐུ། །དེ་ལྟར་ཁྱོད་ཀྱིས་བཟུང་ནས་ཤིན་


DTG003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྟེན་པར་བྱས་ཏེ། མཆོད་པ་དག་ཏུ་གྱིས། །གཉིས་ཀ་དབྱེར་མེད་པའི་རང་བཞིན་ཟུང་དུ་འཇུག་པ་ཐོབ་པར་གྱིས་ཞེས་པ་དབང་བཞི་པའོ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་ནམ་མཁའ་མཚུངས། །རྡུལ་བྲལ་མཐར་ཕྱིན་ཞི་བ་སྟེ། །ཁྱོད་ཀྱི་ཕ་ཡང་ཁྱོད་ཉིད་དོ། །འདི་ནི་གང་ཞིག་བཞི་བའི་ཡེ་ཤེས་ཏེ། དེ་ཉིད་ཡང་དག་པའི་ཡེ་ཤེས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཆེས་ཕྲ་བ་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོ་མི་ཕྱེད་པའི་རང་བཞིན་གྱི་སྙིང་པོའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་དང་མཚུངས་པའོ། །དེ་ཉིད་ཀྱི་ཕྱིར་རྡུལ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་ཐར་བའི་ཀུན་དུ་རྟོག་པ་ཡོངས་སུ་སྤངས་བའི་རང་བཞིན་ནོ། །ཞི་བ་ཞེས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་རང་བཞིན་ཏེ། ཐམས་ཅད་ཀྱི་མིག་ལམ་དུ་མི་སྣང་བར་གྱུར་པའོ། །དེ་ཉིད་ཁྱོད་ཀྱི་ཕ་སྟེ། ཁྱོད་ཀྱི་སྐྱེད་བྱེད་ཡིན་ཞིང༌། སྐྱེད་བྱེད་དེ་ཡང་ཁྱོད་ཉིད་དོ། །འདི་ཇི་ལྟར་ཞེ་ན། བསྐྱེད་བྱ་སྐྱེད་བྱེད་རང་བཞིན་ནི། རང་ལས་གཞན་པ་འགའ་ཡང་མེད། ཅེས་པའོ། །འདི་ནི། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་འདིའི་དོན་མངོན་པར་གསལ་བ་སྟེ། ཆེས་ཕྲ་བ་ཞེས་པ་དང་པོའི་དགའ་བའོ། རྡོ་རྗེ་སྙིང་པོ་ཞེས་པ་གཉིས་པའི་དགའ་བའོ། །ནམ་མཁའ་མཚུངས་པ་གསུམ་པ་ཁྱད་པར་གྱི་དགའ་བའོ། །རྡུལ་བྲལ་ཞེས་བ་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཉིད་ཐར་བའི་ཀུན་དུ་རྟོག་པ་ཡོངས་སུ་སྤོང་བའི་ཐབས་ཡིན་པའི་ཕྱིར་ཡེ་ཤེས་དེ་ནི་ཞི་བ་ཞེས་པ་སྟེ། དོན་བརྗོད་ཟིན་ནོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ཉིད་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་མེད་ན། བར་ཆད་མེད་པར་མི་འགྱུར་བའི་ཕྱིར་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་གསུངས་པ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་ཞེས་པ་སྟེ། དེ་ཉིད་གསུངས་པ། ཨོཾ་པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁནྡད། ཙ་ཏུར་ཨཱ་ནནད་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཀཱ་ཪྻཾ་ཀུ་རུཥྭ་མེ། ཨོཾ་ཞེས་པ་རྡོ་རྗེ་གསུམ་མི་ཕྱེད་པ་ཉིད་གསུངས་པའོ། །པདྨ་ནི་ཀྱེ་ཀཀྐོ་ལ་ཞེས་པ་སྟེ། སུ་ཁདྷཱ་ར་ཞེས་པ་ཡང་དག་པའི་ཡེ་ཤེས་ཀྱི་གཞིར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་མ་ཧཱ་རཱ་ག་སུ་ཁནྡད་ཆགས་པ་ཆེན་པོའི་ཡེ་ཤེས་སྦྱིན་པར་བྱེད་པ་ཞེས་ཤེས་པར་བྱ་སྟེ། མ་ཧཱ་རཱ་གསུ་


DTG003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དནྡད་ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཉིད་ཀྱི་ཕྱིར་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ཙ་ཏུར་ཨཱ་ནནད་བྷ་ག་དགའ་བའི་བཞི་གཅིག་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བི་ཤྭ་རྡོ་རྗེ་འཆང་སྟེ། ཧཱུཾ་ཧཱུཾ་ཞེས་པ་འདི་ཉིད་དགོས་པ་གྲུབ་པ་སྟེ། དེ་བདག་ལ་གྲུབ་པར་མཛད་དུ་གསོལ། །ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །དེ་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར། དེའི་དོན་དུ་ཧཱུཾ་ཧཱུཾ་ཞེས་པ་གཉིས་གསུངས་སོ། །ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་ར་ཨཱ་ནནད་དཱ་ཡ་ཀ་ཁ་ག་མུ་ཁ་ཨེ་ཀཱ་ར་སོ་ནཱ་ཐཱ་ཧཱུཾ་ཧཱུཾ་ཀཪྻཾ་ཀུ་རུ་ཥྭ་མེ། ཨོཾ་ཞེས་པའི་དོན་བཤད་ཟིན་ནོ། །དེ་ཉིད་ཀྱི་ཕྱིར་བཛྲ་མ་ཧཱ་དྭེ་ཥྭ་ཙ་ཏུར་ཨཱ་ནནད་དཱ་ཡ་ཀ་དགའ་བ་བཞིའི་ཀུན་ཏུ་རྟོག་པ་ཡོངས་སུ་སྤངས་བའོ། །ཁ་ག་མུ་ཁ་ཨེ་ཀཱ་ར་སོ་མཁའ་ལ་འགྲོ་བའི་ཕྱིར་ཁ་ག་སེམས་ཏེ། དེ་ཉིད་ཨུ་ཁ་དང་པོའོ། །དེ་ཉིད་ཨེ་ཀཱ་ར་སོ་ལྷན་ཅིག་མ་ཡིན་པ་ཉམས་སུ་མྱོང་བའི་མཚན་ཉིད་དོ། །ནཱ་ཐ་ཞེས་པ་འགྲོ་བའི་བླ་མ་སྟེ། དེ་ནི་ཀྱེ་ནཱ་ཐ་ཞེས་པ་ཀུན་དུ་བོད་པའོ། །ཧཱུཾ་ཧཱུཾ་ཀཱ་ཪྻཾ་ཀུ་རུ་ཥྭ་མེ་ཞེས་པའི་དོན་བརྗོད་ཟིན་ནོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་བསྒྲུབ་པའི་དུས་ན་སྤྱི་བོར་ཨོཾ་ཡིག་ཅེས་པ་སྨིན་མའི་དབུས་སུ་བདེ་བ་ཆེན་པོའི་འཁོར་ལོ་ཟླ་བའི་གདན་ལ་ཨོཾ་ཡིག་ཁ་དོག་དཀར་པོ་སྙིང་གར་ཧཱུཾ་ཡིག་ཅེས་པ་སྙིང་གར་ཆོས་ཀྱི་འཁོར་ལོར་ཉི་མའི་གདན་ལ་ཧཱུཾ་ཡིག་ཁ་དོག་ནག་པོའོ། །ཟེའུ་འབྲུ་ལ་ཨཱཿ་ཡིག་ཅེས་པ་སྦྲུལ་པའི་འཁོར་ལོའི་དབུས་སུ་ཨཱཿ་ཡིག་ཁ་དོག་དམར་པོའོ། །རྐེད་པའི་མཚམས་སུ་སྭཱ་ཡིག་ཁ་དོག་སེར་པོའོ། །བརླ་ཟུང་ལ་ཧཱ་ཡིག་ཁ་དོག་ལྗང་གུའོ་ཞེས་པ་བསམས་ནས། ཨོཾ་ཨཱཿ་ཧཱུཾ་སྭཱ་ཧཱ་ཞེས་པ་བྱིན་གྱིས་བརླབ་པ་རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་ན་བསྒྲུབ་པར་བྱའོ། །ཨོཾ་ཨཱཿ་ཧཱུཾ་ཞེས་པ་སྐུ་གསུམ་གྱི་རང་བཞིན་སྐུ་གསུང་ཐུགས་སོ། །སྭཱ་ཧཱ་ཞེས་པ་ཡེ་ཤེས་ལྔ་སྟེ། སྐུ་གསུམ་དང་ཡེ་ཤེས་ལྔ་པོ་ཉིད་དགུའི་བདག་ཉིད་ཅན་ཡི་གེ་གསུམ་གྱི་བདག་ཉིད་ཀྱེའི་རྡོ་རྗེ་ཐེག་པ་ཆེན་པོ་གསང་སྔགས་ཁ་སྦྱོར་འབྱེད་པའི་མཚན་ཉིད་དོ། །སྔགས་བཏུབས་སྦྲུལ་བའི་སྐུའི་རང་བཞིན་ནོ། །སྔགས་བཟླས་པས་ལོངས་སྤྱོད་པའི་སྐུའི་བདག་ཉིད་དོ། །ལྷན་ཅིག་སྐྱེས་པའི་དོན་གྱི་སྦྱོར་བས་ཆོས་ཀྱི་སྐུའི་རང་བཞིན་ནོ། དབང་


DTG003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་རང་བཞིན་ཉིད་ཀྱིས་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་བརྟག་པ་གཉིས་ཀྱི་རང་བཞིན་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་རང་བཞིན་ཏེ། རྫོགས་སོ་ཞེས་པ་ཁ་སྦྱོར་གྱི་རང་བཞིན་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པ་ཉིད་ཅེས་པའོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་བརྟག་པ་གཉིས་པའི་ལེའུ་བཅུ་གཉིས་པའོ།། །།ཧེ་རུ་ཀ་ནི་ཞལ་བརྒྱད་པ་ཡི་རིམ་པ་ཟུང་གིས་ཡོངས་ཁྱབ་པ། །གྲུབ་པ་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པའི་འདི་ནི་རབ་བརྗོད་ནས། །དགེ་བ་གང་ཞིག་བསགས་པ་དེ་ཡིས་ཀྱེ་ཡི་རྡོ་རྗེའི་རྣལ་འབྱོར་ལས། །སེམས་ཅན་ཐམས་ཅད་སྲིད་པ་རྣམ་པར་དག་པའི་དངོས་གྲུབ་བསྟན་གྱུར་ཅིག ། རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་བ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཆེན་པོ་ཌྷཾ་ཀ་དཱ་ཤས་མཛད་པ་རྫོགས་སོ།། །།སྨིན་དྲུག་ཟླ་བ་ལ་ནི་པཎྜི་ཏ་མཆོག་དཔལ་ལྡན་ཆོས་ཀྱི་རྒྱལ་པོའི་བཀས། །ཀྱེ་ཡི་རྡོ་རྗེའི་འགྲེལ་བཤད་ཡོན་ཏན་མཆོག་ལྡན་ཌྷཾ་ཀ་དཱ་ཤས་མཛད་པ་ནི། །གང་ཞིག་དཔལ་ལྡན་ཁ་ཆེའི་ཡུལ་དུ་འཁྲུངས་པ་དྲི་མེད་དཔལ་ཞེས་མཚན་གསོལ་དང༌། །སྠི་ར་མ་ཏིའི་རྣམ་རྒྱས་མཛེས་པའི་ངག་གིས་འདིར་ནི་ལེགས་པར་བསྒྱུར་བའོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་མཐའ་ཡས་པ་བརྙེས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས་དཔོན་ཞང་བཙུན་གྱིས་ཡོན་བདག་བྱས་ཏེ་ཕྱི་དང་ནང་གི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དགེ་སྲང་བློ་བརྟན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་དབང་ཕྱུག་ཅེས་བྱ་བའོ།། །།གང་དང་གང་གིས་འདི་ལ་འབད་པའི་དགེ་བའི་མཐུས། །སྐྱེ་བ་སྐྱེ་བར་སྐྱེ་བོའི་ཚོགས་པ་མཐའ་དག་གིས། །འདི་དང་འདི་ལྟའི་རྡོ་རྗེ་ཐེག་པ་ཟབ་མོའི་དོན། །ཀུན་ནས་ཀུན་དུ་ལེགས་པར་རྟོགས་ཤིང་རྒྱས་པར་ཤོག།། །།


previousབརྟག་པ་གཉིས་པའི་བཀའ་འགྲེལ།no next