Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཞི་པ།


  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
བརྟག་པ་གཉིས་པའི་དཀའ་འགྲེལ།
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབརྟག་པ་གཉིས་པའི་དཀའ་འགྲེལ།next

བརྟག་པ་གཉིས་པའི་དཀའ་འགྲེལ།

དང་པོ། རབ་གནས་ཀྱི་ལེའུ།


DTG004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པས་སློབ་དཔོན་གྱི་ལས་བྱ་བར་གསོལ་བ་གདབ་པའི་ཕྱིར་གསོལ་པ། རིམ་པ་ཇི་ལྟར་བཤད་དུ་གསོལ། །ཅེས་བྱ་བ་ལ་སོགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་སྲེག་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་ནི། དང་པོར་བར་ཆད་ཞི་བར་བྱ་བའི་དོན་དུ་སྦྱིན་སྲེག་དང༌། དེ་ནས་རབ་ཏུ་གནས་པའི་ཕྱིར་སྦྱིན་སྲེག་བྱའོ། །རབ་ཏུ་གནས་པ་ཡང་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུ་བ་ན་


DTG004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར། གཉི་ག་ཡང་འདིར་མ་བརྗོད་དོ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་སྐྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་བརྟག་པ་གཉིས་པའི་རབ་གནས་ཀྱི་ལེའུ་སྟེ་དང་པོའོ།། །།

གཉིས་པ། དངོས་གྲུབ་གཏན་ལ་ཕབ་པའི་ལེའུ།


DTG004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཡང་བསོད་ནམས་འདོད་པའམ་སྲིད་པའི་ལོངས་སྤྱོད་འདོད་པ་དེ་རྣམས་ནི། དཀྱིལ་འཁོར་དང་རབ་ཏུ་གནས་པ་ལ་སོགས་པ་ཉིད་ཀྱིས་ཆོག་པར་འཛིན་པས། གང་ཞིག་སངས་རྒྱས་ཉིད་ངེས་པར་འདོད་པ་དེ་རྣམས་ཀྱིས་དེའི་དོན་དུ་གཉིས་པ་རྒྱུའི་དངོས་གྲུབ་གཏན་ལ་ཕབ་པའི་ལེའུ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ནི་གོ་འབྱེད་པ་སྟེ། གཟུགས་ཅན་གྱི་རྫས་ཀྱི་དངོས་པོ་མེད་པའོ། །ནམ་མཁའ་ལྟ་བུ་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། དེ་བཞིན་ཉིད་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། རྟག་པ་ཉིད་དང༌། ཆད་པར་འགྱུར་བ་དེ་རྣམས་སུ་ནམ་མཁའ་དང་འདྲའོ། །ཆོས་ཀུན་ལ་ཞེས་བྱ་བ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྐྱེན་གྱིས་འབྱུང་བ་ལ་སོགས་པའི་ཆོས་རྣམས་སོ། །ནམ་མཁའ་ལྟ་བུའི་ཆོས་དེ་རྣམས་ཐམས་ཅད་ལ་བྱིང་བར་འགྱུར་བ་རྒྱ་མཚོ་ཆེན་པོའི་ཀུ་བ་ལྟ་བུར་འཕྱོ་བའི་སེམས་ཅན་རྣམས་ཇི་ལྟར་རང་འདོད་པའི་ལྷ་ཉིད་ཀྱི་གཟུགས་ལས་གྲུབ་པར་འགྱུར་ཞེས་ཞུ་བའོ། །རྡོ་རྗེ་སྙིང་པོའི་དགོངས་པ་ནི་འདི་ལྟ་སྟེ། ཧེ་རུ་ཀ་བཞི་དང༌། བདག་མེད་མ་དང༌། ཀུ་རུ་ཀུ་ལླེ་ཞེས་བྱ་བའི་ལྷ་ཉིད་མང་དུ་གསུངས་པ་དེ་རྣམས་ཀྱི་ནང་ནས་གང་གི་རྣལ་འབྱོར་གྱིས་འགྲུབ་པར་འགྱུར་ཞེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པས་སམ། །ཞེས་བྱ་བ་ལ་སོགས་པ་ལ། བདག་ནི་མུ་སྟེགས་ཀྱིས་ཉེ་བར་བརྟགས་པའི་མཆོག་གི་ལྷ་སྟེ། དེ་ལས་འདས་པའམ། དེས་སྟོང་པ་ནི་བདག་མེད་མ་སྟེ། རྣམ་པར་ཤེས་པའི་ཕུང་པོའོ། །འདིའི་དངོས་པོ་ཡོད་པ་ནི་བདག་མེད་མ་སྟེ། གང་ལ་དེ་ཡོད་པ་དེ་ནི་བདག་མེད་མའོ། །དེའི་རྣལ་འབྱོར་ནི་ཕྱག་དང་ཞབས་ལ་སོགས་པའི་དབྱིབས་རྫོགས་པའོ། །དེ་ལྟར་རྒྱུད་ཀྱི་ལུགས་ཀྱིས་དེའི་རྣལ་འབྱོར་དང་ལྡན་པས་བདག་མེད་མའི་རྣལ་འབྱོར་དང་ལྡན་


DTG004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱིས་འགྲུབ་པར་འགྱུར་གྱི། །གཞན་དུ་ཀུ་རུ་ཀུ་ལླེ་ལ་སོགས་པ་ཤེས་རབ་ཀྱི་རྣལ་འབྱོར་གྱིས་ནི་མ་ཡིན་ནོ། །ཡང་གང་ཞིག་ཤེས་རབ་ཀྱི་རྣལ་འབྱོར་ལས་ཁ་གཞན་དུ་བལྟས་པ་དེའི་ཚེ་འགྲུབ་པར་མི་འགྱུར་རོ་ཞེས་སྙམ་པ་ལ། ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་གསུངས་ཏེ། གང་གི་ཚེ་ཐབས་ཀྱི་རྣལ་འབྱོར་དང་ལྡན་པས་འགྲུབ་པར་འགྱུར་བ་དེའི་ཚེ་དཔལ་ཧེ་རུ་ལ་བརྩོན་པ་ཡང་འགྲུབ་པར་འགྱུར་རོ། །གཞན་དག་ཕྱག་གཉིས་པ་དང༌། ཕྱག་བཞི་པ་དང༌། ཕྱག་དྲུག་པའི་ཧེ་རུ་ཀའི་རྣལ་འབྱོར་པ། ཧེ་རུ་ཀའི་སྒྲ་མཚུངས་པ་ལས། གཞན་བཟློག་པའི་ཕྱིར་ཧེ་རུ་ཀ་དཔལ་བརྩོན་ཞེས་བྱ་བ་གསུངས་སོ། །འདིས་དཔལ་ཧེ་རུ་ཀ་ལ་བརྩོན་པར་བྱེད་པའི་ཕྱིར་དཔལ་ཧེ་རུ་ཀ་ལ་བརྩོན་པའོ། །ཧེ་རུ་ཀའི་སྒྲས་ནི་དེའི་དངོས་པོའམ་ལས་དེ་མཚན་གྱི་མཚན་ཉིད་དོ། །དཔལ་ཧེ་རུ་ཀ་ལ་བརྩོན་པ་དེ་གང་ལ་ཡོད་པ་དེ་ནི་དཔལ་ཧེ་རུ་ཀ་ལ་བརྩོན་པའོ། །དེ་ཡང་དཔལ་ཧེ་རུ་ཀ་སྟེ་ཞལ་བརྒྱད་པ་ཞབས་བཞི་པ། ཕྱག་བཅུ་དྲུག་པ་འབྲས་བུ་རྡོ་རྗེ་འཛིན་པ། ཀྱེའི་རྡོ་རྗེའི་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཉིད་འབྱུང་བ་མེད་པའི་ཕྱིར་དང༌། དཔལ་གྱི་འོས་མ་ཡིན་པའི་ཕྱིར་ཡང་ཧེ་རུ་ཀ་གཞན་བཟློག་གོ །འདིའི་ཡི་གེ་སོ་སོ་ཡང༌། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཉིད་ཀྱིས་བཤད་དོ། །དེ་གཉིས་ཀྱི་རྣལ་འབྱོར་དང་ལྡན་པ་རྣམས་ཀྱི་རྟག་ཏུ་གུས་པ་དང་བཅས་པས་རྒྱུན་དུ་གོམས་པའི་དུས་ཀྱི་གནས་ལ་སོགས་པ་ནི། །རང་གི་ཁྱིམ་དུ་མཚན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུངས་པའི་ལུགས་ཀྱི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པ་རེ་ཞིག་ཅི་མཛད་ཅེས་དོགས་པ་ལ། ཟླ་བ་གཅིག་ཏུ་གསང་ལ་སྤྱད། །ཅེས་གསུངས་སོ། །ཇི་སྲིད་ཕྱག་རྒྱ་མ་རྙེད་པ་དེ་སྲིད་དུ་གཞན་གྱིས་མ་རྟོགས་པར་ཟླ་བ་གཅིག་ཏུ་གསང་ལ་སྤྱད་དེ། ཕྱི་ནས་རྣལ་འབྱོར་མའི་བཀའ་ལུང་ངམ། བདག་ཉིད་ནུས་པས་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པའི་ཕྱག་རྒྱ་བཟང་མོ་བཀུག་ནས་ཁྱེར་ཏེ། རང་ཉིད་ཀྱི་དལ་བ་སོ་སོར་བརྟག་པའི་ཕྱིར་སྤྱོད་པ་སྤྱད་པར་བྱའོ། །སློང་མོར་རྒྱུ་ཞིང་གཡོ་བ་ཇི་སྙེད་ཅིག་ཕྱག་རྒྱ་དང་ལྡན་པ་འདིར་མཐོང་ཡང་འགྲུབ་པར་མི་འགྱུར་ཏེ།


DTG004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་སྤྱོད་པ་ལ་མ་དད་པའི་སེམས་ཅན་རྣམས་ཀྱིས་དཔྱད་པའི་སྤྱོད་པ་འདིས་ཆོག་གོ་ཞེས་དོགས་པའོ། གསལ་བར་ནུས་པའི་རྣལ་འབྱོར་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བ་ནི་མངོན་པའོ། །ནུས་པ་ནི་ནུས་མཐུའོ། །འདིའི་གསང་བ་ནི་ནུས་པ་རྫོགས་པའི་རྣལ་འབྱོར་པ་སྟེ། དེའི་སྤྱོད་པ་དང་དངོས་གྲུབ་འདི་གསུངས་ཀྱི། ཡང་ལྟོ་དགང་བའི་དཔུང་གཉེན་གཞན་རྣམས་ནི་མ་ཡིན་ནོ། །ཕྱག་རྒྱའི་དངོས་གྲུབ་ནི་ཕྱག་རྒྱ་བྱ་བ་དང༌། ཕྱག་རྒྱའི་ཕྱག་རྒྱ་གདན་མི་ཕྱེད་པས་ལྷན་ཅིག་འགྲུབ་པ་མ་ཡིན་གྱི་ཡང་ཕྱག་རྒྱ་ཉེ་བར་མཚོན་པ་གཅིག་པུས་གཉིས་སུ་མེད་པའི་རྣལ་འབྱོར་པའི་དངོས་གྲུབ་ནི་མ་ཡིན་ནོ། །འོན་ཀྱང་ལྷན་ཅིག་མི་བྱེད་པའི་དངོས་གྲུབ་ཏུ་འགྱུར་བ་ནི་ཕྱག་རྒྱའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །ཡང་གསུངས་པ། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་རབ་ཏུ་བསྒྲགས། །མི་ཕྱེད་མཚན་ཉིད་ཕྱག་རྒྱ་ཡི། །དངོས་གྲུབ་ཡོ་གིའི་ཁྱད་པར་འཕགས། །ཞེས་བྱ་བ་ལ་སོགས་པའོ། །འདི་འཇིག་རྟེན་ཇི་ལྟར་དེ་ལྟར་ཕྱག་རྒྱ་གྲུབ་པ་ཡང་ཅི་སྐྱེ་བའམ་འགག་པར་འགྱུར་རམ་མ་ཡིན་ནོ་ཞེས་དོགས་པ་ལ། ཆགས་དང་འཇིག་པ་དག་གིས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐབས་དང་ཤེས་རབ་ནི་ཐབས་དང་ཤེས་རབ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སེམས་སོ། །གནོད་མི་འགྱུར་ཞེས་བྱ་བ་ནི་ཆགས་པ་དང་འཇིག་པ་དེ་དག་གི་མི་སྦྱོར་བ་དང་མི་བསྐྱེད་པ་དང་མི་འགག་པ་ཞེས་བྱ་བ་ཇི་སྙེད་པའོ། །གང་གི་ཕྱིར་དེ་ལྟར་ཡང་ཡིན་ཞེས་བྱ་བ་ལ་སོགས་པ་ལ། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། འདིར་མདོར་བསྡུས་ནས་སྔགས་དང་རྒྱུད་དང་དམ་ཚིག་རྣམས་དང༌། ཆོས་ཐམས་ཅད་འབྱུང་བའི་ཕྱིར་ཐབས་ནི་འབྱུང་བ་སྟེ། སྐྱེ་བ་དང་ཟད་པ་སྤངས་པ་ནི་སྒྲའོ། །འཇིག་པ་ནི་འདིར་རྟོག་པ་ཐམས་ཅད་འཇིག་པར་འགྱུར་བའི་ཕྱིར་རོ། །ཤེས་རབ་ནི་བདེ་བ་ཆེན་པོའོ། །དེའི་ཕྱིར་དེ་ལྟར་གྱུར་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དངོས་པོ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོའི་ཆོས་གང་སྐྱེ་ཞིང་འགག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་


DTG004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགག་པའི་ཆོས་མ་ཡིན་དུ་ཟིན་ཀྱང༌། ཡང་རིག་མའི་སྐྱེས་བུ་གྲུབ་པ་དེ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་པར་འགྱུར། ཅི་ཞིག་མཛད་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་དུ་གསལ་ཞིང་རྒྱས་པར་བཀའ་སྩལ་པ། རིག་མའི་སྐྱེས་བུ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་དང༌། གང་དུ་ཡང་མི་འགྲོ་གར་ཡང་མི་གནས། ཐོག་མ་དང་ཐ་མལ་སོགས་པ་རྣམ་པར་སྤངས་པ། བསྙེན་པའི་ཡན་ལག་གནས་གསུམ་དུ་སྣང་བ། ཐམས་ཅད་དུ་གཤེགས་པ། ཐམས་ཅད་མཁྱེན་པ། ཐམས་ཅད་པ། ཐམས་ཅད་ཀྱི་དོན། ཐམས་ཅད་ཀྱི་སེམས་ལ་གནས་པ། ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། ཐམས་ཅད་ལ་ཕན་པ། དགེ་བ་མཚུངས་པ་མེད་པ། ལན་ཅིག་མ་ཡིན་པར་འབྱུང་བ་མགོན་པོ་སྐྱོབ་པ། ཀུན་ཏུ་རྟོག་པ་སྤངས་པ། ཁ་དོག་དང་དབྱིབས་དང་བྲལ་བ། སྐྱེ་བའི་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོས་དབྱེ་བར་དཀའ་བའི་ཕྱིར་རྡོ་རྗེ། ཉོན་མོངས་པའི་ཉེ་བར་གདུང་བ་ལས་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེང་གེ །གཏིང་དཔག་དཀའ་བའི་ཕྱིར་ཆུའི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་དེའི་ཕྱིར་འདིའི་དོན་དུ་གཉེར་པ་རྣམས་ཀྱི་ཇི་ལྟར་འདི་ལྟ་བུའི་དངོས་གྲུབ་ཏུ་འགྱུར་ཞེས་དོགས་པ་ལ། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲོས་པ་དང་སྤྲོས་པ་མེད་པའི་འབྲས་བུ་ནི་ཇི་ལྟར་རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཡང་དཀྱིལ་འཁོར་གྱི་སྐབས་ཉིད་འདིར་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟར་ཡང་སྤྲོས་པ་བསྒོམ་པ་ལ་སྦྱོར་བའི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བསྒོམ་པར་བྱེད་པའི་ཕྱིར། དཀྱིལ་འཁོར་ཞེས་གསུངས་སོ། །ཡང་ན་ལྷ་ཉིད་ཀྱི་འཁོར་ལོ་བསྡུས་པའི་ལུས་ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་གཉིས་ཀྱི་རྣམ་པས་ཀྱང་སྐྱོན་མེད་དོ། །གལ་ཏེ་སྤྲོས་པའི་རྣམ་པའི་དཀྱིལ་འཁོར་གྱི་རང་བཞིན་དེ་ཇི་ལྟར་སྤྲོས་པ་མེད་པར་ཡང་འགྱུར་རོ་ཞེས་དོགས་པ་ལ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཤེས་པའི་བདེ་བ་ཆེན་པོ་འདི་ནི་བྱིན་རླབས་ཏེ། གང་དཀྱིལ་


DTG004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞེས་བྱ་བའོ། །དེ་བས་ན་དེ་ལྟར་ཡང་འགྱུར་ཏེ། རང་བཞིན་དུ་འགྱུར་བའི་ཕྱིར་འདིར་ཅི་ཞིག་འགལ་བར་འགྱུར། དེ་ལས་གཞན་འབྱུང་བ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་ཀྱིས་བདག་ཉིད་ཀྱི་ཆེ་བ་གསུངས་པ། བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དེ་སྐད་དུ་དྲི་དོན་དུ་གཉེར་བ་རྣམས་ཀྱིས་མེ་ཏོག་ལྟ་བུར་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་གཟུགས་ལེན་པར་བྱེད་ན་ནི་དེའི་ཚེ་དེ་སྐྱེ་བའི་ཕྱིར་བཅོམ་ལྡན་འདས་ཀྱང་དངོས་པོ་ཉིད་དོ་ཞེ་ན། ལན་གདབ་པ་ཡིན་མོད་ཀྱི། དངོས་ང་དངོས་པོ་ང་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་ང་ནི་རང་གསལ་བའི་ཕྱིར་དང༌། གཟུགས་ལ་སོགས་པ་ལ་གནས་པའི་ཕྱིར་རོ། །དངོས་པོ་ང་མ་ཡིན་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཐམས་ཅད་རབ་ཏུ་ཞི་བའི་བདེ་བ་འབྱུང་བའི་ཕྱིར་ཇི་ལྟ་བུ་དེ་མེ་ཏོག་ནི་མ་ཡིན་ནོ། །བདེ་བ་དངོས་པོ་མ་ཡིན་དུ་ཟིན་ཀྱང་སངས་རྒྱས་ཀྱང་ཇི་ལྟར་ཡིན་ཞེས་དོགས་པ་ལ། དངོས་པོ་རྟོགས་ཕྱིར་ཞེས་གསུངས་ཏེ། དངོས་པོ་རྣམས་ནི་ཕྱི་རོལ་གྱི་དོན་ཏེ་ཕུང་པོ་དང༌། སྐྱེ་མཆེད་ལ་སོགས་བའོ། །རྟོགས་པ་ནི་དེ་རྣམས་ཀྱི་དེའི་རྒྱུ་ལས་བྱུང་བའི་ཕུང་པོ་ལ་སོགས་པའི་བདག་ཉིད་དབྱེར་མེད་པའི་ཕྱིར་རང་གི་རང་བཞིན་གྱི་དངོས་པོར་རྟོགས་པའོ། །དེ་བས་ན་དངོས་པོ་རྟོགས་པའི་ཕྱིར་ངེས་པར་ཕྱིན་ཅི་མ་ལོག་པར་རྟོགས་པ་མ་གཏོགས་པར་སངས་རྒྱས་ཀྱི་མཚན་ཉིད་གཞན་དུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་དང་དེ་རུ་གསུངས་སོ། །སངས་རྒྱས་ནི་ཕྱིན་ཅི་མ་ལོག་པའི་ཆོས་རྣམས་ཇི་ལྟ་བར་རྟོགས་པའི་ཕྱིར། འདི་ནི་དེ་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། གང་ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ་ཞེས་བྱ་བའོ། །བདག་གིས་ནི་སངས་རྒྱས་ཞེས་བྱ་བ་གང་ཡང་དེ་ཤེས་པར་དཀའ་བ་དང༌། གསོལ་བ་གདབ་པར་དཀའ་བ་དེ་ལྟར་ཤེས་ན་གལ་ཏེ་དངོས་པོ་རྟོགས་པ་ཙམ་གྱི་མཚན་ཉིད་ཀྱིས་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་པར་མི་འགྱུར་བ་དང་གསོལ་བ་གདབ་པར་མི་འགྱུར་ཞེས་དོགས་པ་ལ། ང་མི་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པར་ནུས་ཀྱང་ནི་རྨོངས་པ་དང༌། ལེ་ལོ་ཅན་གྱིས་ཤེས་པར་མི་འགྱུར་ན་གང་ཁོ་ན་ལ་གསོལ་བ་གདབ་པར་འགྱུར། ཡིན་མོད་ཀྱི་བདག་གིས་ཤེས་པར་བྱ་བ་བཅོམ་ལྡན་འདས་ལ་གསོལ་བ་གདབ་པ་ཡང་གང་དུ་གནས་པར་འགྱུར་བ་སྒྲོགས་ཤིག་


DTG004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བར་དོགས་པ་ལ། བདེ་བ་ཅན་ན་ང་རྟག་བཞུགས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེར་བཅོམ་ལྡན་འདས་ཅི་མཛད་པས་བཞུགས་སྙམ་པ་ལ། འཆད་པ་པོ་ང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་ལས་འབྱུང་བས་གཞན་དུ་འབྱུང་བ་མེད་པའི་ཕྱིར། ང་ནི་འཆད་པ་པོ་དང༌། ཉན་པ་པོ་དང་ཆོས་སོ། །རང་གིས་ཚོགས་ལྡན་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་གཤེར་བའི་ངོ་བོར་ཡོངས་སུ་གྱུར་པ་དེ་བཞིན་གཤེགས་པའི་ཚོགས་དང་ལྷ་མོའི་ཚོགས་ཀྱིས་སོ། །གལ་ཏེ་མཆོག་གི་མཐའ་དང༌། དགའ་བྲལ་གྱི་དང་པོར་བདེ་བའི་བདག་ཉིད་བཅོམ་ལྡན་འདས་དགའ་བ་ཙམ་གྱི་ལུས་ཀྱིས་ཇི་ལྟར་དངོས་བོ་རྟོགས་པར་འགྱུར། གང་གིས་ན་སངས་རྒྱས་ཡིན་ཞེས་དོགས་པ་ལ། དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་ནི་རྡོ་རྗེ་སྙིང་པོའོ། །ཇི་ལྟར་ན། ང་ནི་དགའ་བའི་བདག་ཉིད་དེ། །དེ་བཞིན་པུས་ཀྱང་ཡིད་ཆེས་གྱིས། །ཞེས་བྱ་བ་ལ་ཀྱང་ནི་བསྡུ་བའོ། །ཡིད་ཆེས་པ་ནི་ཡེ་ཤེས་འདིས་དངོས་པོའི་དོན་རྟོགས་པར་བྱེད་པའོ། །ཇི་ལྟ་བུ་ཞེ་ན། མར་མེ་ལྟར་ཞེས་བྱ་བ་ནི་ཇི་ལྟར་མར་མེ་འདིས་མུན་པ་འཇོམས་ཤིང་དངོས་པོ་རྣམས་གསལ་བར་བྱེད་པ་དེ་བཞིན་དུ་ངའི་ཡེ་ཤེས་ཀྱིས་མུན་པ་ལྟ་བུའི་མི་ཤེས་པ་རྩེད་ནས་འཇོམས་ཏེ། དེས་བསྒྲིབས་པའི་བདག་ཉིད་ཀྱི་དངོས་པོ་གསལ་བར་བྱེད་དོ། །གལ་ཏེ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ལུས་ཇི་ལྟར་མཚོན་པར་བྱ་ཞེས་དོགས་པ་ལ། སུམ་ཅུ་རྩ་གཉིས་མཚན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་མཚན་སུམ་ཅུ་རྩ་གཉིས་རྣམས་དང༌། དཔེ་བྱད་བརྒྱད་ཅུས་དེ་མཚོན་པར་མི་ནུས་སམ། ནུས་པ་ཉིད་དེ་ཞེས་ངས་མཚོན་པར་འགྱུར་རོ། །ཞེས་བསྟེན་པའོ། །ཡུལ་མང་བ་དང༌། མཚན་མ་ཡང་མང་བ་ཡང་ཡིན་ན། ཡུལ་གང་དུ་མཚན་མ་གང་གིས་བཙལ་བར་བྱ་བ་ཡིན་ཞེས་སྙམ་པ་ལ། བདེ་བ་ཅན་དུ་ཞེས་བྱ་བ་དང༌། ཁུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཨེ་མའོ། །བཅོམ་ལྡན་འདས་ཀྱི་གསུང་གསང་བ་འདི་ཐམས་ཅད་ནི་མཐུན་པ་མ་ཡིན་ཏེ། གཤེར་བའི་བདག་ཉིད་ཀྱི་བཅོམ་ལྡན་འདས་ཁྱོད་འཁོར་ལོས་བརྒྱན་པའི་ཕྱག་རྒྱ་དང་ཞབས་ཞེས་བྱ་བ་ལ་སོགས་པ་མཚན་སུམ་ཅུ་རྩ་གཉིས་རྣམས་དང༌། སེན་མོ་ཅུང་ཟད་དམར་བ་ལ་


DTG004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དཔེ་བྱད་བརྒྱད་ཅུ་རྣམས་ཀྱིས་མཛེས་པ་མ་ཡིན་ན་གང་གིས་ན་ཁྱོད་མཚོན་པར་འགྱུར། དེ་བས་ན་མི་ཤེས་པ་ཉིད་དུ་གནས་པར་འགྱུར་རོ། །ཞེས་དགོངས་པ་མི་ཤེས་པས། རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་སྨོད་དོ། །འདི་ནི་དགོངས་པ་སྟེ། མཚན་དང་དཔེ་བྱད་ཀྱི་རྒྱུ་རྣམས་ནི་མཚན་དང་དཔེ་བྱད་རྣམས་སོ། །དབྱངས་ཡིག་བཅུ་དྲུག་གིས་མཚན་དང༌། ཡི་གེ་སུམ་ཅུ་རྩ་བཞིའི་དཔེ་བྱད་དེ་རྣམས་ཀྱིས་ང་མཚོན་པ་དེ་བཞིན་དུ་མ་ཡིན་ནོ། །དེ་ལྟར་ཡང་གསུངས་པ། སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར། །གཞན་རྣམས་གང་རྣམས་དེ་རྣམས་དང༌། །སྔགས་རྣམས་ཐམས་ཅད་སྐྱེད་པ་པོ། །ཨ་སོགས་དབྱངས་ཡིག་ཐམས་ཅད་ནི། །སྒེག་པ་སྔོན་འགྲོའི་རོ་རྣམས་སོ། །ཡིག་འབྲུ་ལྷ་ཡི་གཟུགས་ཀྱིས་ནི། །ཀ་ལ་སོགས་པ་ཡང་དག་གནས། །ཞེའོ། །ལས་གང་གིས་སྐྱེ་བོ་རྣམས་འཆིང་བར་འགྱུར་བའི་ལས་དེ་ཇི་ལྟ་བུའི་ཐབས་དང་བཅས་པ་དེ་ཉིད་ཀྱིས་གྲོལ་བར་འགྱུར་ཞེའམ། དེའི་ལས་བསྟན་པའི་ཕྱིར། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་འདིས་སྨྲས་པ་དང༌། བདག་གིས་འདི་ལ་སྦྱོར་བར་བྱའོ་ཞེས་བྱ་བ་ལ་སོགས་པ་མངོན་པའི་ང་རྒྱལ་མང་པོས་བདེ་བ་འབའ་ཞིག་ཉེ་བར་ལོངས་སྤྱོད་པའི་སྲེད་པ་འདོད་ཆགས་ཀྱི་ཞེན་པ་མི་ཟད་པའི་ལས་དེས་འདི་འཆིང་བར་འགྱུར་རོ། །ཇི་སྟེ་འདོད་ཆགས་ཀྱིས་འཇིག་རྟེན་འདི་འཆིང་བར་འགྱུར་ན་དེའི་ཚེ་བདག་ཅག་རྣམས་ཀྱིས་ཀྱང་ཉན་ཐོས་ལྟ་བུར་འདོད་ཆགས་འདི་སྤང་བར་བྱའམ་ཞེས་དོགས་པ་ལ། འདོད་ཆགས་ཉིད་ཀྱིས་གྲོལ་བར་འགྱུར། །ཞེས་གསུངས་ཏེ། ཇི་ལྟར་འདོད་ཆགས་ནི་འཆིང་བའི་རྒྱུ་ཡིན་པ་དེ་བཞིན་དུ། ཐར་པའི་རྒྱུ་ཡང་ཡིན་པ་སྟེ་ཇི་ལྟར་སྤང་བར་བྱ། །འོན་ཀྱང༌། ཐབས་དང་བཅས་པ་དེ་ཉིད་ཀྱིས། །ཞེས་བྱ་བ་གསུངས་སོ། །དེའི་ཕྱིར་ད་ནི་ཐབས་བཙལ་བར་བྱ་སྟེ། ཐབས་ནི་དབྱེར་མེད་པས་རྡོ་རྗེ་འཛིན་པ་ཡོངས་སུ་ཤེས་པའི་ཕྱིར་དང༌། དབྱེ་བས་དེ་བཞིན་གཤེགས་པ་ལྔ་ཡོངས་སུ་ཤེས་པའི་ཕྱིར་ཡང་ཆོས་ཐམས་ཅད་རོ་གཅིག་པའི་ངོ་བོའི་འདོད་ཆགས་ནི་མི་ཟད་པ་མ་ཡིན་ནོ། །ཡང་གསུངས་པ། འདོད་ཆགས་ལས་ནི་


DTG004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྐྱེ། །འདོད་ཆགས་ཉིད་ལས་ཟད་པར་འགྱུར། །འདོད་ཆགས་རྡོ་རྗེ་ཡོངས་ཤེས་ཕྱིར། །ཡིད་ནི་རྡོ་རྗེ་སེམས་དཔར་གྱུར། །ཞེའོ། །དེ་ལ་དབྱེ་བ་ནི། ཀུན་ཏུ་རུ་ལས་ལྡ་རུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབྱེར་མེད་པར་།དགའ་བ་ཆེན་པོ་གཅིག་ཉིད་ལས། །ཞེས་གསུངས་སོ། །གལ་ཏེ་དོན་དམ་པར་བཅོམ་ལྡན་འདས་གཅིག་པུ་ཉིད་ནི་ཇི་ལྟར་ལྔར་དབྱེ་བར་འགྱུར། ཇི་སྟེ་ཐ་དད་ན་དེའི་དབྱེ་བ་ཇི་ལྟར་ཐར་པའི་མི་མཐུན་པའི་ཕྱོགས་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་མི་འདུ་འགྱུར་ཞེ་ན། རྒོལ་བ་འདི་ཡང་མི་ཟད་པ་མ་ཡིན་པར་གྲུབ་པའི་ཕྱིར། །ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ལྟར་ཐོབ་པས་དེའི་མིང་དུ་འགྱུར་ཏེ། དེ་རྣམས་སུ་འགྱུར་པ་ཡང་བུད་ཤིང་བསྲེགས་པའི་རིག་པས་འཇོམས་ཤིང་བཅོམ་ལྡན་འདས་ཀྱང་རིགས་རྣམས་སུ་འགྱུར་རོ། །ཡང་གསུངས་པ། གཏི་མུག་དག་པས་གཏི་མུག་སྟེ། །ཞེ་སྡང་དག་པས་ཞེ་སྡང་ཉིད། །འདོད་ཆགས་དག་པས་འདོད་ཆགས་ཏེ། །ང་རྒྱལ་དག་པས་ཆེས་ང་རྒྱལ། །ཕྲག་དོག་དག་པས་ཕྲག་དོག་ཉིད། །ཐམས་ཅད་རྣམ་དག་རྡོར་འཛིན་མགོན། །ཞེས་གཏི་མུག་ལ་སོགས་པ་རྣམ་པར་དག་པས་ཉོན་མོངས་པ་ལྔ་པོ་རྣམས་ཞི་བར་འགྱུར་རོ། ཞེས་བྱ་བ་ལ་སོགས་པའོ། །མཆོག་ཏུ་བདེ་བའི་རང་བཞིན་གྱིས་དོན་དམ་པར་བཅོམ་ལྡན་འདས་གཅིག་པུ་ལ་ཡང་འདོད་ཆགས་ལ་སོགས་པ་གདུག་པའི་སེམས་འདུལ་བའི་སེམས་ཅན་རྣམས་ཀྱི་ངོར་ལྔར་དབྱེ་བར་འགྱུར་ཞེས་བསྟན་པར་བྱ་བའི་ཕྱིར། དབྱེ་བས་འགྲོ་བ་ལྔ་རུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་གསུངས་པ། གཏི་མུག་ཞེ་སྡང་ང་རྒྱལ་ཆེ། །སྐྱེ་བོ་འདོད་ཆགས་སེར་སྣ་ཅན། །བསྡུ་ཕྱིར་རང་གི་འཁོར་ལོ་ཅན། །འཁོར་ལོ་གཟུགས་ནི་དུ་མ་འཛིན། །ཞེའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་དངོས་གྲུབ་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།

གསུམ་པ། རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུ།


DTG004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གཏན་ལ་ཕབ་ནས་རྣལ་འབྱོར་མ་རྣམས་ཀྱི་སྒྲུབ་ཐབས། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཐམས་ཅད་ནི་འདུས་པ་ལ་སོགས་པའོ། །གླེང་གཞི་ནི་


DTG004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལའམ་དེ་རྣམས་ཀྱི་ངེས་པའོ་ཞེས་བྱ་བ་ནི་གྲགས་པ་སྟེ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱའོ། །ཐབས་ནི་འདིས་དངོས་གྲུབ་ཉེ་བར་ཐོབ་པར་འགྱུར་བའོ། །དེ་ཉིད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས་ཀྱི་དབྱེ་བ་ནི། སྡོམ་པ་དང་ནི་དབང་དང་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་དང་ཐབས་ཀྱི་དབྱེ་བས་སྡོམ་པ་རྣམ་པ་གཉིས་ཏེ། སངས་རྒྱས་ཀྱི་སྡོམ་པ་དང༌། རྣལ་འབྱོར་མའི་སྡོམ་པའོ། །དེ་ལ་རེ་ཞིག་སངས་རྒྱས་ཀྱི་སྡོམ་པ་ནི། སངས་རྒྱས་ཀུན་གྱི་སྡོམ་པ་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་ཝཾ་རྣམ་པ་ཞེས་བྱ་བ་ནི་གང་དུ་བདེ་བ་ཆེན་པོ་རབ་ཏུ་གནས་པ་སྟེ་སྡོམ་པའོ། །རབ་ཏུ་གནས་ཞེས་བྱ་བ་ནི་མངོན་པར་འབྱུང་བའི་གནས་ཏེ། དེ་ཡང་དག་པར་སྐྱེས་པའོ། །མཁའ་འགྲོ་མ་རྣམས་ཀྱི་སྡོམ་པ། ཨེ་ཝཾ་གྱི་རྣམ་པ་ནི། ཨེ་ཡི་ཆ་བྱད་བཟང་པོ་གང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་ཡི་ཆ་བྱད་ཅེས་པ་འདི་ནི་དབྱིབས་ཏེ། གྲུ་གསུམ་ཀུན་རྫོབ་ཀྱི་རྣམ་པའི་གཟུགས་ཅན་གྱི་ཤེས་རབ་པོ། །གང་ཞེས་བྱ་བ་ནི་དམིགས་ཀྱིས་མ་བསྟན་པའོ། །བཟང་པོ་ཞེས་བྱ་བ་ནི་འདིར་བཅོམ་ལྡན་འདས་བདེ་བ་ཆེན་པོར་རོལ་པའི་ཕྱིར་རོ། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །ཅེས་བྱ་བ་ལ། དབུས་སུ་ཞེས་བྱ་བ་ནི་ཟེའུ་འབྲུ་ལའོ། །ཝཾ་གྱིས་ཞེས་བྱ་བ་ནི་ཐབས་སུ་གྱུར་པས་སོ། །རྣམ་པར་བརྒྱན་ཞེས་བྱ་བ་ནི་བརྒྱན་པར་བྱས་པའོ། །བདེ་བ་ཐམས་ཅད་ཀྱི་གནས་ཞེས་བྱ་བ་ལ་གནས་ནི་གཞིའོ། །ཐམས་ཅད་ནི་དམ་ཚིག་ལྔ་པོ་རྣམས་སོ། །བདེ་བ་ནི་དྲུག་པ་སྟེ། དེ་རྣམས་ཀྱི་བདེ་བ་ཐམས་ཅད་དོ། །སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རིན་ཆེན་ནི་དེ་ཉིད་ཀྱི་ཁྱད་པར་དུ་ཆེས་འཕགས་པའི་ཕྱིར་སངས་རྒྱས་རིན་ཆེན་ནོ། །དེ་རྣམས་ཀྱི་ཟ་མ་ཏོག་ནི་སངས་རྒྱས་རིན་པོ་ཆེའི་ཚོགས་ཀྱི་གནས་སོ། །ཡང་གསུངས་པ། ཨེས་ནི་ཤེས་རབ་བརྗོད་པ་ཉིད། ཝཾ་གྱིས་ཐབས་སུ་གྱུར་པ་ཉིད། །ཝཾ་གྱིས་རྣམ་བརྒྱན་པ་དེ་ཡི། །ཨེ་ནི་ངེས་པར་འཛེས་པར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །ཇི་སྟེ་མཁའ་འགྲོ་མའི་སྡོམ་པ་ཡོངས་སུ་ཤེས་པ་དང་ཡོངས་སུ་མི་ཤེས་པ་འདིས་ནི་ཅི་ཞིག་བྱ་ཞེ་ན། དགའ་བ་དེ་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་


DTG004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། དགའ་བ་ནི་རངས་པའི་ཁྱད་པར་ཏེ། མིག་བྱེ་བ་ལ་སོགས་པའི་ཁྱད་པར་སྣ་ཚོགས་འོ་བྱེད་པ་དང་འཁྱུད་པ་ལ་སོགས་པའི་མཚན་ཉིད་རྣམས་ཏེ་སྐད་ཅིག་མ་བཞིའོ། །རྒྱུད་གཞན་ལས་གསུངས་པ། འོ་དང་འཁྱུད་པ་ལ་སོགས་ཀྱིས། །སྣ་ཚོགས་དགའ་བས་སྣ་ཚོགས་ཉིད། །བྷ་ག་ལིང་ག་རབ་སྦྱོར་བས། །རྣམ་པར་སྨིན་པའི་ཡེ་ཤེས་མཆོག །ཕྱག་རྒྱ་ཉེད་པ་རྣམ་པར་ཉེད། །མཚན་ཉིད་བྲལ་བས་ངེས་མཚོན་བྱ། །ཞེའོ། །དེ་རྣམས་ཀྱི་ཉེ་བར་མཚོན་པའི་དགའ་བ་རྣམས་སྐད་ཅིག་མ་དང་ཡོངས་སུ་སྦྱར་བའི་དགའ་བ་ཡོངས་སུ་ཤེས་པས་སྐལ་པ་དང་ལྡན་པའི་རྒྱུའི་དབང་གསུངས་པ། སློབ་དཔོན་གསང་བ་ཤེས་རབ་དང༌། །ཞེས་བྱ་བ་ལ་སོགས་པའོ། །འདིར་གྲངས་མ་གསུངས་པ་ལ་ཡང༌། དབང་གི་གྲངས་ཀྱིས་དགའ་གྲངས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ལ་སོགས་པ་གང་དག་གིས་དེ་རྣམས་ནི་དགའ་བ་ལ་སོགས་པའོ། །དབང་གི་གྲངས་ཀྱིས་དགའ་བ་ལ་སོགས་པའི་གྲངས་སུ་བྱ་བ་དེ་ཉིད་ཇི་ལྟར་བཞི་ཞེས་དོགས་པ་ལ། རྒོད་པ་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་པར་བསྡུ་བར་བརྗོད་པའི་ཕྱིར་འདིར་དབང་མ་སྨོས་སོ། །དེ་མ་ཐག་ཏུ་གསུངས་པའི་ཡེ་ཤེས་འབྱུང་བའི་རྒྱུ་ནི། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་ཀྱིས་རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ། །བདེ་བར་འགྱུར་ཟིན་ཀྱང་འོན་ཀྱང་དེ་ཉིད་མེ་ཤེས་སོ་ཞེས་དོགས་པ་ལ། དཀྱིལ་འཁོར་འཁོར་ལོ་ཅི་ཞེས་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་ནི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་བོ། །དེ་ཉིད་ནི་དཀྱིལ་ཏེ་བྱེད་པ་པོའོ། །བླང་བ་པོའོ། །བླང་བར་ཞེས་བྱ་བ་ནི་བདུད་རྩི་ལྔའི་རང་བཞིན་གྱིས་སངས་རྒྱས་ལྔ་པོ་རྣམས་མཛད་པའི་ཕྱིར་རོ། །འདུས་པའི་དཀྱིལ་འཁོར་ཞེས་བྱ་བ་ནི་སངས་རྒྱས་མཉམ་པར་སྦྱོར་བ་སྟེ་དེའི་འམ་དེར་རོ། །འཁོར་


DTG004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ཚོགས་ནི་ནམ་མཁའི་ཁམས། །ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཁམས་མཉམ་པ་ཉིད་ཀྱི་ཕྱིར་ཁམས་ཀྱི་དབྱེ་བས་ཐ་དད་པ་མེད་དོ། །ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །སོགས་པའི་སྒྲས་ནི་ཕུང་པོ་རྣམས་དང་ཁམས་རྣམས་དང་སྐྱེ་མཆེད་རྣམས་དང་དབང་པོ་རྣམས་སོ། །དེ་ཡི་ངོ་བོས་དེ་རྣམས་སྦྱོང་བ་ནི་ཡུལ་ལ་སོགས་པ་རྣམས་སྦྱོང་བའོ། །སྦྱང་བར་བྱ་བ་ལྟ་ཞོག་གི་ཡུལ་ལ་སོགས་པ་སྦྱང་བ་ཉིད་མི་ཤེས་སོ་ཞེས་བྱ་བར་དོགས་པ་ལ། དེའི་བདེ་བ་ཤེས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཞེས་བྱ་བ་ནི་སྦྱང་བར་བྱ་བའི་ཡུལ་ལ་སོགས་པའོ། །བདེ་པ་ཞེས་བྱ་བ་ནི་སྦྱང་བའོ། །ཡང་ན་དང་པོའི་དོན་ལ་གྲུབ་པ་སྟེ། བདེ་བ་དེ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱང་བར་བྱ་བ་སྦྱང་བའི་ཆོ་ག་རིག་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི། ཁྱོད་ཀྱིས་སྲོག་ཆགས་བསད་པ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱང་བར་བྱ་བ་ཤེས་པར་འདོད་པའི་རྣལ་འབྱོར་མ་རྣམས་ཀྱི་ཞུ་བ། ཡུལ་དེ་རྣམས་ཀྱང་ཅི་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། ཡུལ་དྲུག་ནི། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གཟུགས་ནི་མིག་གི་དབང་པོའི་སྤྱོད་ཡུལ་ཏེ། སྔོན་པོ་དང༌། སེར་པོ་ལ་སོགས་པ་དང༌། ཐུང་དུ་དང་རིང་པོ་ལ་སོགས་པ་དང༌། ཟླུམ་པོ་དང་གྲུ་བཞི་ལ་སོགས་པ་དང༌། སྦོམ་པོ་དང་ཕྲ་བ་ལ་སོགས་པ་དང༌། གྲིབ་མ་དང་ཉི་མ་དང༌། སྣང་བ་དང༌། མུན་པ་ལ་སོགས་པ་ཉི་ཤུ་རྩ་ལྔའི་དངོས་པོ་གཟུང་བར་རིག་པར་བྱའོ། །སྒྲ་ནི་རྣ་བའི་དབང་པོའི་གཟུང་བར་བྱ་བའི་སྒྲ་སྟེ། རྣམ་པ་གསུམ་མོ། །དེ་ཡང་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་དང༌། གཉི་ག་མ་ཡིན་པའོ། །ཡང་ལྔ་སྟེ། འཇིག་རྟེན་ལ་གྲགས་པ་དང༌། གྲུབ་པ་བྱས་པ་དང༌། ཀུན་དུ་བརྟགས་པ་དང༌། འཕགས་པའི་ཐ་སྙད་དང༌། འཕགས་པ་མ་ཡིན་པའི་ཐ་སྙད་དེ། །དེ་ལ་ཡིད་དུ་འོང་བ་ནི་པི་ཝང་ལ་སོགས་པའོ། །ཡིད་དུ་མི་འོང་བ་ནི་ཁྭ་ལ་སོགས་པ་རྣམས་ཀྱིའོ། །གཉི་ག་མ་ཡིན་པ་ནི་ཤིང་དང་ལག་མཐིལ་ལ་སོགས་པ་རྣམས་ཀྱིའོ། །འཇིག་རྟེན་ལ་གྲགས་པ་ནི་འཇིག་རྟེན་པའི་སྐད་ཀྱིས་བསྡུས་པའོ། །གྲུབ་པས་བྱས་པ་ནི་འཕགས་པ་རྣམས་


DTG004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྟན་པའོ། །ཀུན་དུ་བརྟགས་པ་ནི་བརྡ་ལས་བྱུང་བའོ། །འཕགས་པ་དང་འཕགས་པ་མ་ཡིན་པའི་ཐ་སྙད་དག་ནི་མཐོང་བ་དང་མ་མཐོང་བའི་ཐ་སྙད་དག་གིས་དབང་དུ་བྱས་པར་རིག་པར་བྱའོ། །སྣའི་དབང་པོས་གཟུང་བར་བྱ་བའི་དྲི་ནི་རྣམ་པ་གསུམ་སྟེ། ནིམ་པ་དང༌། མངར་བ་དང༌། གཉི་ག་མ་ཡིན་པའོ། །ལྷན་ཅིག་སྐྱེས་པ་དང༌། སྦྱར་བ་ལས་གྱུར་པ་དང༌། ཡོངས་སུ་གྱུར་པ་ལས་བྱུང་བའོ། །ལྷན་ཅིག་སྐྱེས་པའི་དྲི་ནི་ཙནྡན་ལ་སོགས་པ་རྣམས་ཀྱིའོ། །སྦྱར་བ་ལས་བྱུང་བ་ནི་བདུག་སྤོས་སྦྱར་བ་ལ་སོགས་པ་རྣམས་ཀྱིའོ། །ཡོངས་སུ་གྱུར་པ་ལས་བྱུང་བ་ནི་འབྲས་བུ་སྨིན་པ་ལ་སོགས་པ་རྣམས་ཀྱིའོ། །རོ་ནི་ལྕེའི་དབང་པོས་གཟུང་བར་བྱ་ཞིང་མྱང་བ་དེ་དྲུག་གོ །དེ་ཡང་ཁ་བ་དང༌། སྐྱུར་བ་དང༌། ཚ་བ་དང༌། བསྐ་བ་དང༌། ལན་ཚྭ་དང༌། མངར་བའོ། །རེག་ནི་ལུས་ཀྱི་དབང་པོས་གཟུང་བའོ། །དེ་ཡང་དུ་མ་སྟེ། འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་དང༌། ལྷོད་པ་དང༌། གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་ལ་སོགས་པའོ། །ཡིད་ཀྱིས་གཟུང་བར་བྱ་བ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ནི་རྣམ་པ་ལྔ་སྟེ། བསྡུས་པ་ལས་གྱུར་པ་དང༌། མངོན་པར་སྐབས་ཡོད་པ་དང༌། ཡང་དག་པར་བླངས་པ་ལས་བྱུང་བ་དང༌། ཀུན་དུ་བརྟགས་པ་དང༌། དབང་འབྱོར་བའོ། །བསྡུས་པ་ལས་གྱུར་པ་ནི་རྡུལ་ཕྲ་རབ་ཀྱི་གཟུགས་སོ། །མངོན་པར་སྐབས་ཡོད་པ་ནི་དེ་ཉིད་དམ་གཞན་དུ་རབ་ཏུ་སྤྱོད་པའོ། །ཡང་དག་པར་བླངས་པ་ལས་བྱུང་བ་ནི་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཀུན་བརྟགས་པ་ནི་ཐ་སྙད་ལས་བྱུང་བའི་དངོས་པོའོ། །དབང་འབྱོར་བ་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་ལོ། །རྣམ་པར་ཤེས་པ་འདི་རྣམས་ལ་དབང་བྱེད་པའི་ཕྱིར་དབང་པོ་རྣམས་ཏེ་དྲུག་གོ །དེ་རྣམས་ནི་གཏི་མུག་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། འདོད་ཆགས་དང༌། སེར་སྣ་རྡོ་རྗེ་མ་དང༌། བདག་མེད་མའི་རྣལ་འབྱོར་མ་དང་ལྡན་པ་རྣམས་ཏེ། མིག་དང༌། རྣ་བ་དང༌། སྣ་དང་ལྕེ་དང༌། ལུས་དང་ཡིད་རྣམས་སོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ཡང་དག་པར་གནས་པས་གཟུགས་གསལ་བ་ནི་མིག་གི་དབང་པོའོ། །རྣ་བའི་རྣམ་པར་ཤེས་པ་ཡང་དག་པར་གནས་པས་སྒྲ་གསལ་བ་ནི་རྣ་བའི་དབང་པོ་


DTG004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་བལྟའོ། །ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པ་དྲུག་ཏུ་བརྗོད་དོ། །ཡུལ་ཅན་ནི་དབང་པོ་རྣམས་ཏེ་དེ་སྙེད་པའོ། །ཡུལ་དང་ཡུལ་ཅན་དེ་དག་གིས་སྐྱེ་བའི་སྐབས་འབྱེད་ཅིང་རྒྱས་པར་བྱེད་པའི་ཕྱིར་སྐྱེ་མཆེད་རྣམས་ཏེ། བཅུ་གཉིས་ཡིན་ནོ། །ལྔའི་རྣམ་པའི་བདག་ཉིད་ཀྱི་དངོས་པོ་ཉེ་བར་བསྟན་པ་ཉིད། ཉེ་བར་ལེན་ལའི་ཕུང་པོ་ཡང་ལྔ་ཉིད་དེ། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་གཟུགས་ནི་གཟུགས་སུ་ཡོད་པའི་མཚན་ཉིད་དོ། །གཟུགས་སུ་ཡོད་པ་དེ་ནི་རྣམ་པ་གཉིས་ཏེ་རེག་པས་གཟུགས་སུ་ཡོད་པ་དང༌། བསྟན་པས་གཟུགས་སུ་ཡོད་པའོ། །དེ་ལ་གང་ལག་པ་དང༌། རྐང་པ་དང༌། དབྱུག་པ་ལ་སོགས་པ་རྣམས་ཀྱི་རིག་པས་མཉེན་པ་དང༌། སྲ་བ་ལ་སོགས་པའི་གཟུགས་སུ་ཡོད་པ་དེ་ནི་རེག་པས་གཟུགས་སུ་ཡོད་པའོ། །གང་མངོན་དུ་ཕྱོགས་གཅིག་ཏུ་འདི་དང་འདི་ཞེས་སྔོན་པོ་དང་སེར་པོ་ལ་སོགས་པའི་གཟུགས་སུ་ཡོད་པའི་གཟུགས་དེ་ཉིད་བསྟན་དུ་ཡོད་པའོ། །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་དེ། དེ་ཡང་དགེ་བ་རྣམས་དང༌། མི་དགེ་བ་རྣམས་དང༌། དགེ་བ་དང་མི་དགེ་བ་རྣམས་ཀྱི་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའི་འབྲས་བུ་བདེ་བ་དང༌། སྡུག་བསྔལ་བ་དང༌། བདེ་བ་དང༌། སྡུག་བསྔལ་མ་ཡིན་པ་དེ་དག་ཉམས་སུ་མྱོང་བའོ། །དེ་བས་ཚོར་བ་ནི་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་དང༌། བདེ་བ་དང་སྡུག་བསྔལ་མ་ཡིན་པའོ། །འདུ་ཤེས་ནི་འདུ་ཤེས་ཏེ། ཤེས་པར་བྱེད་པའི་མཚན་ཉིད་དེ་འདུ་ཤེས་པར་བྱ་བ་ནི་རྣམ་པ་བཞི་སྟེ་མཐོང་པ་དང༌། ཐོས་པ་དང༌། བརྗོད་པ་དང༌། རྣམ་པར་ཤེས་པ་རྣམས་ཀྱིའོ། །བཞི་ནི་མཐོང་བའི་འདུ་ཤེས་དང༌། ཐོས་པའི་འདུ་ཤེས་དང༌། བརྗོད་པའི་འདུ་ཤེས་དང༌། རྣམ་པར་ཤེས་པའི་འདུ་ཤེས་སོ། །དེ་ལ་མཐོང་བ་ནི་གང་མིག་གི་ཡུལ་དུ་བྱས་པའོ། །ཐོས་པ་ནི་གང་རྣ་བས་རྟོགས་པའོ། །བརྗོད་པ་ནི་གང་རང་གིས་སྤྱད་པའོ། །རྣམ་པར་ཤེས་པ་ནི་གང་སོ་སོར་ཉམས་སུ་མྱོང་བར་གྱུར་པའོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དོ། །དགེ་བ་དང་མི་དགེ་བ་ལ་ཡང་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་སུ་ཡང་


DTG004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་རབ་ཏུ་སྤྱོད་པའོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་དེ། གང་གིས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་རྣམ་པར་ཤེས་པའོ། །གཟུགས་གང་ཡིན་པ་ཅི་ཡང་རུང་བདེ་ཐམས་ཅད་གཞན་དུ་མི་འཐད་པའི་ཕྱིར་རམ། རྗེས་སུ་འགྱུར་བ་མེད་པའི་ཕྱིར་གནས་སྐབས་ཐམས་ཅད་དུ་འབྱུང་བ་ཆེན་པོ་བཞི་པོ་རྣམས་གཟུང་བར་རིག་པར་བྱ་སྟེ། ཡང་དེ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་ངོ༌། །དབང་པོ་རྣམས་ནི་དྲུག་གོ །ཡུལ་རྣམས་ཀྱང་དྲུག་གོ །དབང་པོའི་རྣམ་པར་ཤེས་པ་རྣམས་ནི་དྲུག་གོ །དྲུག་ཚན་གསུམ་པོ་འདི་རྣམས་ཉིད་ནི་ཕན་ཚུན་དུ་འཛིན་པའི་སྦྱོར་བ་ལས་ཁམས་བཅོ་བརྒྱད་དེ། རྣལ་འབྱོར་མ་རྣམས་གོ་བར་བྱ་བའི་ཕྱིར་བསྒྲགས་སོ། །ཀྱེ་མ་དམན་པ་གསང་བ་འདི་ཅི་སྐྱེ་བོ་ཐམས་ཅད་ཀྱི་ཡིད་ཡིན་ན། རྣལ་འབྱོར་མ་རྣམས་ཀྱིས་རྟོགས་པར་མི་འགྱུར་བ་སྟེ། གང་གིས་རྟོགས་པར་འགྱུར་བ་ཉིད་དོ། །ཞེ་ན། གོ་བའི་དོན་མ་ཤེས་པའི་ཕྱིར་གང་དག་བཅོམ་ལྡན་འདས་ལ་སྨོད་པར་དགོས་པ་དེ་རྣམས་འདི་སྐད་དུ་གོ་བར་བྱ་སྟེ། གོ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། །བྱང་ཆུབ་ཀྱི་དོན་ནི་དེའི་དོན་ཏེ་བྱང་ཆུབ་ཀྱི་དོན་དུ་རྣལ་འབྱོར་མ་རྣམས་ལ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་འདི་རྣམས་བསྟན་ཏོ། །གང་གི་ཕྱིར་འདི་ཉིད་འཁོར་བ་སྟེ། འདི་རྣམས་ཉིད་དག་པ་རྣམས་ལས་བྱང་ཆུབ་དེ་འགྲུབ་པར་འགྱུར་ཏེ། ཡང་འདི་རྣམས་མ་གཟུང་པ་ནི་མ་ཡིན་ནོ། །གལ་ཏེ་དེ་སྐད་དུ་དེའི་སྦྱོར་བ་ལས་སེམས་ཅན་གྱི་ཁམས་ཐམས་ཅད་མ་གྲུབ་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་ལ། །རྐྱེན་གྱིས་འབྱུང་བ་ནི། རང་བཞིན་གདོད་ནས་མ་སྐྱེས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཕུང་པོ་ལ་སོགས་པའི་སྦྱོར་བ་ཙམ་གྱིས་བྱང་ཆུབ་པར་སྨྲ་བ་དེ་ལ་བརྗོད་པ་འདིའི་སྐྱོན་དུ་འགྱུར་རོ། །གང་ཡང་ཕུང་པོ་ལ་སོགས་པ་རྟོགས་པ་དེ་རྣམས་ཀྱི་རང་གི་ངོ་བོ་བྱང་ཆུབ་ཀྱི་སྒྲུབ་པ་རྟོགས་པ་དེ་འབའ་ཞིག་ལ་སྐྱོན་མེད་དེ། གང་གི་ཕྱིར་ཕུང་པོ་ལ་སོགས་པ་འབའ་ཞིག་རྟོགས་པ་རྣམས་ཀྱིས་ནི་འཆིང་བ་ཉིད་དེ་བྱང་ཆུབ་ནི་མ་ཡིན་ནོ། །གདོད་ནས་མ་སྐྱེས་པ་ཞེས་བྱ་བ་ནི་དང་པོར་ཏེ་འཁོར་བ་ལས་སྔོན་དུ་མ་སྐྱེས་པའི་


DTG004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་རང་བཞིན་གང་རྟོགས་པ་དེ་གྲོལ་བར་འགྱུར་རོ། །འདི་ཉིད་དུ་གསུངས་པ། དངོས་པོའི་འཆིང་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཞེའོ། །རེ་ཞིག་གྲོལ་བ་ལྟ་ཤིན་ཏུ་རིང་དུ་ཞོག་གི །ཕུང་པོ་ལ་སོགས་པ་མ་སྐྱེས་པའི་རིགས་པ་ཉིད་མི་འཐད་དེ། སྐྱེ་བའི་ཕྱིར་དངོས་པོ་སྟེ་གཟུགས་དང་སྒྲ་ལ་སོགས་པའོ། །ཇི་ལྟར་དེ་མི་སྐྱེ་བར་མི་འགྱུར་ཏེ་སྐྱེ་བར་འགྱུར་བ་ཉིད་དོ། །དངོས་པོ་མི་སྐྱེ་བར་བྱ་ཞེས་བྱ་བར་སུ་ཞིག་ངེས་པར་སྨྲ་སྟེ། དངོས་པོ་སྐྱེ་བར་འགྱུར་བ་ཉིད་དོ་ཞེ་ན། འོན་ཀྱང་གཅིག་དང་དུ་མ་ལ་སོགས་པའི་མཐའ་གསུམ་དང་བྲལ་པའི་ཕྱིར་རང་བཞིན་མེད་པས་མ་སྐྱེས་པ་ཞེས་ཟེར་རོ། །དེ་ལྟར་ཡང་འདི་སྐད་དུ་འཕགས་པས་གསུངས་པ་ཡང་ཡོད་དེ། །གང་ཞིག་རྐྱེན་ལས་གང་སྐྱེས་པ། །རང་བཞིན་གྱིས་ནི་དེ་མ་སྐྱེས། །གང་ཞིག་ངོ་བོས་མ་སྐྱེས་པ། །དེ་ལས་སྐྱེས་ཞེས་ཇི་སྐད་བྱ། །ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དེ་སྐད་དུ་མ་སྐྱེས་པའི་དངོས་པོའི་རང་བཞིན་ཏེ། དེའི་ཚེ་ཇི་ལྟ་བུར་འདོད་ཅེས་སྙམ་པ་ལ། བརྫུན་མིན་བདེན་མིན་དེ་བཞིན་དུ། །ཞེས་བྱ་བ་གསུངས་ཏེ། བདེན་མིན་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བུམ་པ་ལྟ་བུའོ། །བརྫུན་མིན་ཞེས་བྱ་བ་ནི་རི་བོང་གི་རྭ་ལ་ལ་སོགས་པ་ལྟ་བུ་སྟེ། དེ་བཞིན་དུ་དོར་བར་བྱ་བ་མ་ཡིན་པ་དང༌། བླང་བར་བྱ་བ་མ་ཡིན་པའོ། །འདི་ལྟ་བུའི་དངོས་པོ་ནི་ཇི་ལྟ་བུར་འདོད་ཅེས་སྙམ་པ་ལ། ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་འདི་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཆུའི་ཟླ་བ་ལྟ་བུ་སྟེ། ཕྱོགས་གཅིག་པ་ཙམ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་ངེས་པར་དངོས་པོ་རྣམས་ཀྱི་རང་བཞིན་ནི་འབྱུང་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་རང་བཞིན་མེད་པའི་ཡང་དངོས་པོ་རྣམས་ཀྱི་འབྱུང་བ་ཡང་དཔེས་བསྟན་པའི་ཕྱིར་གཙུབ་ཤིང་དང་གཙུབ་སྟན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་མེ་འདི་ནི་གཙུབ་ཤིང་དང་གཙུབ་སྟན་གྱི་རྐྱེན་ལས་བྱུང་བ་དེ་བཞིན་དུ་ཕུང་པོ་ལ་སོགས་པ་འདི་ནི་མ་རིག་པའི་རྒྱུ་དང་འདུ་བྱེད་ལ་སོགས་པའི་རྐྱེན་རྙེད་པས་ཡང་དག་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྐྱེན་གྱིས་འབྱུང་བའི་དངོས་པོ་རྣམས་ཀྱི་རང་བཞིན་གྱི་སངས་རྒྱས་ཀྱི་བྱིན་གྱིས་བརླབ་པའི་རིམ་པ་བཟའ་བཏུང་


DTG004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱིན་གྱིས་བརླབ་པའི་དམ་ཚིག་ནི། །བདུད་རྩི་ལྔ་དང་བུ་རམ་ཆང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་རམ་ནི་ཁྲག་གི་ཁམས་སོ། །ཆང་ནི་རི་ལས་སྐྱེས་པའོ། །དུག་ནི་དྲིའི་ལོ་མའོ། །ནིམ་པ་ནི་པགས་པའོ། །བུ་བཙས་སྐྱེས་ནི་དྲིའོ། །སྐྱུར་བ་ནི་མེ་ཏོག་གོ །མངར་བ་ནི་ཆུའོ། །བསྐ་བ་ནི་ཤའོ། །ཁ་བ་ནི་ཀུན་དུ་རུའོ། །ལན་ཚྭ་ནི་ཚིལ་ལོ། །ཚ་བ་ནི་ཛམ་མོ། །དྲི་ང་བ་ནི་དྲིའི་མར་ཁུའོ། །དྲི་ཞིམ་པ་ནི་དམ་ཤ་ཀ་ར་ཛའོ། །མཆི་མ་ནི་རྒྱ་མཚོ་ལས་སྐྱེས་པའོ། །ཁྲག་ནི་ཁ་བའི་སྙིང་པོའོ། །བྱང་ཆུབ་སེམས་ཀྱིས་ཞེས་བྱ་བ་ནི་ག་བུར་གྱིས་སོ། །རྣལ་འབྱོར་མ་རྣམས་ཀྱི་གསང་བའི་རྫས་བཤད་པ་དང༌། ཤ་ལ་སོགས་པ་ལྔར་གྱུར་པའོ། །དེ་ལྟར་བཅུད་ཀྱིས་ལེན་དུ་བརྗོད་པའི་རྫས་རྣམས་ཀྱི་ཁམས་བསྡུས་པས་དམ་ཚིག་ཅན་རྣམས་ལ་དམ་ཚིག་ཅན་རྣམས་ཀྱི་དམ་ཚིག་གི་བརྡ་ངེས་སྨྲ་བའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།

བཞི་པ། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ།


DTG004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུར་ཁྱད་པར་མངོན་པར་རྟོགས་པ་རྣམས་ཀྱི་དབང་ཅུང་ཟད་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར། ལེའུ་བཞི་པ་གསུངས་ཏེ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཀྱི་ཞེས་བྱ་བ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྡོ་རྗེ་རྣམས་ཀྱི་མཁའ་འགྲོ་མ་ནི་རྡོ་རྗེ་མཁའ་འགྲོ་མ་སྟེ་སྤྱན་ལ་སོགས་པ་སངས་རྒྱས་ལྔའི་བཙུན་མོ་རྣམས་སོ། །ཐེ་ཚོམ་དུ་གྱུར་ཅེས་བྱ་བ་ནི་སོམ་ཉིར་གྱུར་པའོ། །ཡིད་གཉིས་ནི་དེའི་ཐེ་ཚོམ་མ་བཅད་པའི་ཕྱིར། ཡིད་གཉིས་ཉིད་དུ་གྱུར་པས་བཅོམ་ལྡན་འདས་ལ་ཐེ་ཚོམ་ཀྱི་ཚིག་བདུན་ཞུས་པ་ནི་སྤྱོད་པའི་ལེའུ་ལས་གང་བཤད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་རེ་ཞིག་བཅོམ་ལྡན་འདས་ཀྱིས་གླུ་བཀའ་སྩལ་པ། ཀོལླ་ཨི་རེཊྛི་ཨ་བོ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཀོལླ་ཨི་རི་ཞེས་བྱ་བ་ནི་ཀོ་ལ་གི་རི་སྟེ་འོག་གི་གནས་སུའོ། །མུམྨུ་ནི་ར་ཀཀྐོ་ལ་ཞེས་བྱ་བ་ནི་མུམྨུ་ནུ་སྟེ། དེ་བཞིན་དུ་ཞིང་ལའོ། །གྷ་ཎེ་ན་ཞེས་བྱ་བ་ནི་རྒྱུན་གྱིས་སོ། །ཀྲི་པི་ཊཱ་ཧོ་ཞེས་བྱ་བ་ནི་ཅང་ཏེའུ་སྟེ་ཆར་འབེབས་པར་བྱེད་པའོ། །བཛྫ་ཨི་ཞེས་བྱ་བ་ནི་དྲུང་བར་


DTG004_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང་སྒྲ་བྱེད་པའོ། །ཀཱ་རུ་ཎི་ཞེས་བྱ་བ་ནི་སྙིང་རྗེས་སོ། །ཀི་ཨ་ཨི་ཎ་ཞེས་བྱ་བ་ནི་མི་བྱེད་པའོ། །རོ་ལཱ་ཞེས་བྱ་བ་ནི་རྩོད་པ་སྟེ་བརྡེག་པ་དང་ཐལ་ལྕག་དང༌། སྒྲ་ལ་སོགས་པ་འདི་ལུས་ཀུན་ནོ། །ཏ་ཧིཾ་ཞེས་བྱ་བ་ནི་དེ་ལ། བ་ལ་ཞེས་བྱ་བ་ནི་ཤའོ། །མ་ཨ་ནཱ་ཞེས་བྱ་བ་ནི་ཆང་སྟེ། བྱང་ཆུབ་ཀྱི་སེམས་སྒྲུབ་པར་བྱེད་པའི་རིམ་གྲོ་བྱེད་པའོ། །ཁཛྫ་ཨི་བི་ཛ་ཨ་ཞེས་བྱ་བ་ནི་ཟ་བར་བྱེད་པ་དང་འཐུང་བར་བྱེད་པའོ། །ལྷག་མ་ནི་དགོངས་པའོ། །ཧེ་རུ་ཀའི་གཟུགས་ཀྱིས་གར། །ཞེས་བྱ་བ་ལ། གར་ནི་རོལ་མོ་སྟེ་བསྒྲུབ་པར་བྱ་བའི་དངོས་གྲུབ་ཀྱི་ཕྱིར་བྱེད་པའོ། །ཧེ་རུ་ཀའི་གཟུགས་ནི་གསུམ་སྟེ། བསྐྱེད་པའི་ངོ་བོ་དང་རྫོགས་པའི་ངོ་བོ་དང༌། ལྷན་ཅིག་སྐྱེས་པའི་ངོ་བོ་སྟེ། དང་པོར་ནི་བསྐྱེད་པའི་ངོ་བོ། དབུས་སུ་ནི་རྫོགས་པའི་ངོ་བོ། མཐར་ནི་ཡོངས་སུ་རྫོགས་པའི་ངོ་བོའོ། །ཧེ་རུ་ཀའི་གཟུགས་ཀྱིས་ཞེས་བྱ་བ་ནི་གསུམ་གྱི་དབྱེ་བས་སོ། །དྲན་པ་མི་འཕྲོགས་ཞེས་བྱ་བ་ནི་འདི་ལས་དྲན་པ་མ་བཅོམ་པའོ། །དེའི་རྣལ་འབྱོར་ཅེས་བྱ་བ་ནི་དེའི་རྣམ་པར་བྱས་པའོ། །འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །ཅེས་བྱ་བ་ལ། བསྒོམ་པ་ནི་དེ་ཁོ་ན་སེམས་དཔའ་སྟེ་བསྒོམ་པར་བྱ་བ་དང༌། སྒོམ་པ་པོ་དང༌། སྒོམ་པ་གསུམ་གྱིས་མི་དམིགས་པའོ། །དེའི་རྣལ་འབྱོར་ཅེས་བྱ་བ་ནི་དེའི་རྣམ་པ་འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད་དོ། །ཆགས་བྲལ་མིན་ཞེས་བྱ་བ་ནི་ཉེ་བར་མ་ཞི་བའོ། །གོམས་ཞེས་བྱ་བ་ནི་དེ་ཁོ་ན་སེམས་པའོ། །གང་གི་སེམས་ལ་དེ་ཆགས་པ་དང་བྲལ་བ་མ་ཡིན་པ་གོམས་པའི་སེམས་ཀྱིས་རྣལ་འབྱོར་པའམ་རྣལ་འབྱོར་མ་རྣམས་ཀྱིས་སོ། །གླུ་དང་གར་གྱི་དུས་སུ་རྣལ་འབྱོར་མ་རྣམས་ཀྱི་རྣལ་འབྱོར་ནི། རྡོ་རྗེ་ཆོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཆོས་ནི་གསུང་གི་རྡོ་རྗེ་སྟེ། དེའི་རྣམ་པར་གྱུར་པའི་རྣལ་འབྱོར་པ་རྣམས་ནི་རྡོ་རྗེ་ཆོས་ཏེ་དེ་རྣམས་ཀྱིས་བླང་བར་བྱའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེའི་རྣལ་འབྱོར་དང་ལྡན་པས་སངས་རྒྱས་ཏེ་དེ་རྣམས་ཀྱིས་གར་བྱའོ། །གར་དང་གླུ་དག་གི་དགོས་པ་གསུངས་པ། འདི་ཉིད་ཀྱིས་ཚོགས་སྲུང་ཞིང་ཞེས་བྱ་བ་ལ་སོགས་པའོ། །བྱིན་གྱིས་བརླབས་པ་གསུངས་པ། ཚོགས་ཀྱི་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ། ཚོགས་ཀྱི་བདག་པོ་ནི་འཁོར་ལོའི་གཙོ་བོ་དང་ཚོགས་ཀྱི་བླ་


DTG004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྟེ། དེ་གཙོར་བྱས་པའོ། །གླུ་དང་གར་གྱིས་ཞུགས་པ་དང་ལན་གཉིས་བརྗོད་ནས། ཕྱག་རྒྱ་བྱ་བ་དང༌། ཕྱག་རྒྱ་དག་གིས་ལན་གཉིས་ནི། །ཕྱག་རྒྱ་རྟགས་དང་མཚན་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ནི་མཚན་མ་སྟེ་འདིས་ཕྱག་རྒྱས་འདེབས་པའི་ཕྱིར་རོ། །རིགས་ནི་རྒྱལ་བས་མཚན་པའོ། །ཕྱག་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་བྱ་བ་ནི་འབྲས་བུ་རྣལ་འབྱོར་མའི་འཁོར་ལོའོ། །བསྒོམ་པར་བྱ་བ་རྣལ་འབྱོར་མའི་འཁོར་ལོ་དེ་འབའ་ཞིག་མངོན་དུ་འགྱུར་ན། ཕྱག་རྒྱ་འདིས་ཅི་ཞིག་བྱ་ཞེས་དོགས་པ་ལ། རིགས་འཆོལ་སྒོམ་པའི་སྦྱོར་བ་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་འཆོལ་ཞེས་བྱ་བ་ནི། རིགས་འཁྲུགས་པ་དང༌། རིགས་ལ་ལྟོས་པ་མེད་པའོ། །དེའི་སྒོམ་པ་ནི་རིགས་འཆོལ་སྒོམ་པའོ། །དེའི་སྦྱོར་བ་ནི་རིགས་དང་རྒྱལ་བ་སྟོང་པའི་ལྷ་ཉིད་ཀྱི་སྒོམ་པའི་སྦྱོར་བ་སྟེ། དེའི་ཕྱིར་རིགས་འཆོལ་སྒོམ་པའི་སྦྱོར་བ་ལགས་སོ། །དངོས་གྲུབ་མེད་ཅིང་ཞེས་བྱ་བ་ལ་རིགས་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་བརྙན་ལ་སོགས་པ་ལྟ་བུའི་རྣམ་པ་མངོན་དུ་བྱེད་པའོ། །སྒྲུབ་པ་པོའང་མེད་ཅེས་བྱ་བ་ནི་རང་གི་རིགས་ངེས་པ་མེད་པ་ནི་ཕྱིར་བསྒྲུབ་པར་བྱ་བ་མི་ཤེས་པའོ། །གང་གིས་ས་བོན་ས་བོན་ཅི། །ཞེས་བྱ་བ་ནི་ལན་འདིར་གསུངས་པ། ཨཱ་ལི་དང་པོ་བདག་མེད་མ། །ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་རྩ་རྣམ་པར་དག་པའི་ཞུགས་པ་དང་ལན་ནི། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། རྩ་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱི་གོ་རིམས་བཞིན་དུ་རྩ་གཉིས་གཉིས་ནི་རྣལ་འབྱོར་མ་རྡོ་རྗེ་མ་ལ་སོགས་པ་རེ་རེའོ། །དེའི་ཚེ་གཙོ་མོ་དང་གཞན་གྱི་བྱེ་བྲག་གང་ཡིན་ཞེ་ན། གཙོ་མོའི་ཁྱད་པར་གསུངས་པ་བརྐྱང་མ་དང་རོ་མ་ཞེས་བྱ་བ་ལ་སོགས་པ་ནི། བརྐྱང་མ་དང་རོ་མ་ཀུན་འདྲ་མ་སྟེ་རྩ་གསུམ་ནི་བདག་མེད་མའོ། །དེ་ལྟར་ན་ཡང་སུམ་ཅུ་རྩ་གཉིས་མ་བསྡུས་པར་འགྱུར་རོ་ཞེས་དོགས་པ་ལ། འབད་པས་ཀུན་གྱི་ལྷག་མ་སྤང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་གང་གི་ཕྱིར་དེ་སྤང་བར་བྱ་བའི་ཕྱིར་གཏན་ཚིགས་ནི། གང་ཕྱིར་བཅུ་དྲུག་ཆ་མེད་པས། །ཞེས་བྱ་བ་གསུངས་སོ། །གཏན་ཚིགས་འདི་ནི་འགལ་བ་སྟེ་བཅུ་དྲུག་གི་ཆ་


DTG004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཉིད་དོ། །གཞན་དུ་ན་ཇི་ལྟར་འབད་པས་ཀུན་གྱི་ལྷག་མ་སྤང་ཞེས་ཡོངས་སུ་སྤང་བའི་ཚིག་འཐད་པར་འགྱུར། གསུངས་པའི་རིམ་པས་ཡོད་པ་ཉིད་དུ་གྲུབ་པ་ཡང་ཆ་ལྷག་མའི་ཡོད་པ་མ་ཡིན་པ་ཉིད་ཀྱི་གཏན་ཚིགས་ནི། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་བྱ་བ་གསུངས་ཏེ། དོན་ཞེས་བྱ་བ་ནི་དགོས་པ་སྟེ་དངོས་པོའི་བྱ་བའོ། །དེའི་བྱ་བ་ནི་དེའི་བསྐྱེད་པའོ། །དེའི་ཕྱིར་ངེས་པར་དངོས་པོར་འཛིན་པ་ཉེ་བར་གཅོད་པའི་མཚན་ཉིད་ཀྱི་བཅུ་དྲུག་གི་ཆ་ཟླ་ཡོད་པ་མ་ཡིན་པས་བཅུ་དྲུག་གི་ཆ་མེད་དོ་ཞེས་གསུངས་ཏེ། ཇི་ལྟར་བུ་ཡོད་ཀྱང་བུའི་བྱ་བ་མི་བྱེད་པའི་ཕྱིར་བུ་མེད་དོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་བཅོ་ལྔའི་ཆ་ཉིད་གྲུབ་ཅིང་བཅུ་དྲུག་མ་ཡིན་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོས་རྟོགས་ནས། རྡོ་རྗེ་སྙིང་པོས་གསོལ་བ། ག་བུར་ངེས་པར་ཅིས་མི་སྤང༌། །ཞེས་བྱ་བ་ལ་སོགས་པ་ལ། ཅིས་ཞེས་བྱ་བ་ནི་མགོ་སྤྲུག་པའོ། །མི་སྤོང་ཞེས་བྱ་བ་ནི་བུར་ཉིད་མི་སྤོང་བ་སྟེ། གསུངས་པ་དང་འཆད་པར་འགྱུར་བའི་ཡོན་ཏན་གྱི་ཁྱད་པར་འདུ་འཕགས་པ་ནི་བརྟེན་པར་བྱ་བ་ཉིད་དོ་ཞེས་བྱ་བར་དགོངས་པའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྒྱུ་ནི། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབ་པའི་རིམ་པས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་བྱང་ཆུབ་ཀྱི་སེམས་གཅིག་པུ་ཉིད་འདི་བསྐྱེད་པའི་ཕྱིར་རྒྱུ་གཉིས་སོ་ཞེས་བྱ་བར་དོགས་པ་ལ། བྱང་ཆུབ་ཀྱི་སེམས་ཀྱང་རྣམ་པ་གཉིས་སུ་བསྟན་པར་བྱ་བའི་ཕྱིར། ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། ཞེས་གསུངས་ཏེ། རྒྱུ་སྔ་མས་ནི་ཀུན་རྫོབ་དང་རང་བྱིན་གྱིས་བརླབས་པས་ནི་དོན་དམ་པའི་ཕྱིར་གཉིས་ཀྱི་རྒྱུ་གཉིས་སོ། །སྲིད་པ་དང་མྱ་ངན་ལས་འདས་པའི་རྒྱུར་བྱང་ཆུབ་ཀྱི་སེམས་གནས་པའི་ཕྱིར་ཉེ་བར་བསྡུས་ནས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་ཐུན་མོང་གི་རྒྱུ་བྱང་ཆུབ་ཀྱི་སེམས་འདི་སྲིད་པ་དང་མྱ་ངན་ལས་འདས་པ་ཡང་ཐ་མི་དད་པའི་མཚན་ཉིད་ཅེས་བྱ་བ་ཡིན་པར། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར་


DTG004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁོར་བར་འགྱུར་བས་ན་འཁོར་བའོ། །དེ་དང་འགལ་བ་ནི་མྱ་ངན་ལས་འདས་པ་སྟེ། འཁོར་བ་མ་ཡིན་པའི་མཚན་ཉིད་དོ། །དེའི་ཕྱིར་ཇི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་གི་མཚན་ཉིད་ཡིན་ཞེས་དོགས་པ་ལ། འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་བྱ་བ་སོགས་པ་གསུངས་ཏེ། ཆོས་གང་ཁོ་ན་མྱ་ངན་ལས་འདས་པར་གྱུར་པའི་ཆོས་དེ་ཉིད་གཏི་མུག་ལས་འཁོར་བར་འགྱུར་རོ། །དེ་བས་ན་ཆོས་ཉིད་ཀྱིས་སྲིད་པ་དང་མྱ་ངན་འདས་པ་དག་གི་ཁྱད་པར་ཕྲ་མོ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་ཐར་བ་འདོད་པ་རྣམས་ཀྱང་དངོས་པོ་ཡོངས་སུ་སྤང་བར་མི་བྱ་ཞིང༌། གཏི་མུག་ཀྱང་རབ་ཏུ་སྤང་བར་མི་བྱ་བ་དེ་ཉིད་རྟོགས་པར་བྱ་བའི་ཕྱིར། རྨོངས་མེད་འཁོར་བ་དག་པས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཀྱི་སེམས་བླང་བའི་དགོས་པ་ནི། ངེས་པར་སྟོབས་ནི་འཕེལ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོབས་ནི་དཔུང་སྟེ་སྲིད་པ་ལས་རྣམ་པར་རྒྱལ་བའི་ཕྱིར་སྟོབས་སུ་འགྱུར་བ་དང་འཕེལ་བར་འགྱུར་བའོ། །དེ་ནི་བཅུ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། སེམས་ཅན་གཞན་གྱི་བསམ་པ་མཁྱེན་པའི་སྟོབས་དང༌། འཇིག་རྟེན་གྱི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། སེམས་ཅན་གཞན་གྱི་དབང་པོ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། སེམས་རྣམ་པར་གྲོལ་བ་མཁྱེན་པའི་སྟོབས་དང༌། དེའི་སྟོབས་ཀྱིས་འཕེལ་བའི་ཕྱིར་ཞེས་བྱ་བ་ནི་རྒྱས་པ་ཉིད་ཀྱི་ཕྱིར་རོ། །ཅི་གང་ཞིག་ལུས་ཞུ་བའི་བྱང་ཆུབ་ཀྱི་སེམས་འདི་མཆོག་ཏུ་གྱུར་པ་ཡིན་ཞེ་ན། ག་པུར་ཉིད་ནི་བདག་མེད་མ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐྱེད་པ་ལ་སེམས་དེ་ཉིད་ནི་བདག་མེད་མའོ། །རྫོགས་པ་ལ་ནི་བདེ་བ་ཉིད་བདག་མེད་མའི་གཟུགས་ཅན་ནོ། །གང་གི་ཕྱིར་འདི་གཉིས་ནི་མཆོག་མ་ཡིན་པ་ཉིད་དུ་མི་འགྱུར་ཏེ། དེ་བས་ན་མཆོག་ཏུ་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །


DTG004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ག་པུར་ནི། ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱིས་ལས་ཀྱི་ཕྱག་རྒྱ་གསུངས་ནས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་གང་ཡིན་ཞེ་ན་བསྟན་པའི་ཕྱིར། དེའི་བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཞེས་བྱ་བ་ནི་དྲུག་པའི་དོན་ལ་དང་པོའོ། །དོན་དམ་པར་བདེ་བའི་ཤེས་རབ་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོ་དེའི་གནས་དང་དབྱིབས་ལ་སོགས་པ་གསུངས་པ། ལྟེ་བའི་དཀྱིལ་འཁོར་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་སྐྱེས་པའི་རྣལ་འབྱོར་པ། །ཞེས་བྱ་བ་ནི། འགྲོ་བ་སྐྱེད་པའི་ཕྱིར་དེའི་བདེ་བ་ཟ་བའོ། །གང་ཞིག་དེ་དང་ལྷན་ཅིག་གྲུབ་པ་དེ་ཡང་ཕྱག་རྒྱ་ཆེན་པོའོ། །ཇི་ལྟ་བུ་ཞེ་ན། བདེ་བ་སྦྱིན་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་མཚན་ཉིད་ཀྱིས་རྟག་པར་རྒྱུན་མི་འཆད་པར་བདེ་བ་འབབ་པ་མར་མེ་འབར་བ་ལྟ་བུར་འཆད་པ་མི་མཐོང་བའོ། །དྲིས་པ་གང་ཞིག་ངེས་པར་གསུངས་པའི་མཚན་ཉིད་ཀྱི་ཕྱག་རྒྱའི་དངོས་གྲུབ་བདེ་བ་སྦྱིན་པ་ཞེས་བྱ་བ་འདི་ཐམས་ཅད་ནི་བདེ་བ་མ་ཡིན་ཏེ། ཡུལ་རྣམས་བདེ་བར་ལོངས་མ་སྤྱད་པས་བདེ་བ་མ་ཡིན་ནོ། །དེའི་དངོས་པོ་མེད་པའི་ཕྱིར་ཇི་ལྟར་བདེ་བ་སྦྱིན་པའི་དངོས་གྲུབ་ཉིད་ཡོད་པ་མ་ཡིན་ནོ། །ཞེས་དོགས་པ་ལ། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཡུལ་རྣམས་རེ་རེ་ཡང་ཉམས་སུ་མྱོང་བ་རྣམས་ཀྱི་བདེ་བ་སྐྱེ་བར་འགྱུར་ན། བཅོམ་ལྡན་འདས་མ་ཤེས་རབ་ཡུལ་ཐམས་ཅད་ཀྱི་རང་བཞིན་འདི་གང་གི་ཕྱིར་ཉེ་བར་ཟ་བའི་རྣལ་འབྱོར་བ་བདེ་བས་འཕོངས་པར་འགྱུར་བ་གང་ཞིག་ཡིན་དེ་བས་ན་གསུངས་ལ་གྲུབ་པར་འགྱུར་རོ། །དེ་ཉིད་གསུངས་པ། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་གཞན་པ་མ་ཡིན་པས་དངོས་པོ་ཐམས་ཅད་ལ་དེ་ཉིད་དེ་ཉིད་ཅེས་གསུངས་སོ། །ཡེ་ཤེས་ལྔ་ནི་ལྷ་མོའི་འཁོར་ལོ་འབྱུང་བ་ལས་གསུངས་པའི་ཕྱིར་འདིར་མ་བཤད་དོ། །བསྒོམ་པའི་ལམ་ལྷ་མོའི་འཁོར་ལོའི་བསྡུ་བའི་སྡོམ་པ་གསུངས་པ། རྣལ་འབྱོར་མིན་དབུས་གནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་ཞེས་བྱ་བ་ནི་གནས་སྐབས་ཉིད་ཀྱི་ཕྱིར་གསུངས་སོ། །རྣལ་འབྱོར་བའི་ཡང་ལུས་ཀྱི་དབུས་སུ་ཨའི་རྣམ་པར་སྡོམ་པ་ཆོས་ཐམས་ཅད་སྡུད་པ་བླ་


DTG004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མན་ངག་ལས་རིག་པར་བྱ་སྟེ། དེ་ལྟར་ན་ཡང་ཅུང་ཟད་བརྗོད་པར་བྱ་སྟེ། རྡོ་རྗེ་རལླིར་པདྨ་སོན་པ་རྣམས། །འདབ་མ་བརྒྱད་པ་སོ་སོའི་ཕྱོགས་རྣམས་སུ། །ལྔ་བཅུ་ཙམ་དུ་མཉམ་པ་རྣམས་ལས་ནི། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཡི། །སྡེ་ཚན་བརྒྱད་དུ་གྱུར་པ་རྣམས་སུ་བརྗོད། །ཅེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་བྱ་བ་ནི་ཕྱི་རོལ་དང་ནང་གི་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་སྡོམ་པ་དེ་ཉིད་དེའི་ཚེ། ཤེས་རབ་ནི་གང་ཡིན་ཐབས་ནི་གང་ཡིན་ཞེས་དོགས་པ་ལ། །བོལླའི་བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོལླ་ནི་བྱང་ཆུབ་ཀྱི་སེམས་འབབ་པའི་རྩའི་ཁར། བདེ་བ་ནི་བདེ་བ་ཕུན་སུམ་ཚོགས་པ་སྟེ། ཕྱག་རྒྱ་ཆེན་པོའོ། །རྡོ་རྗེའི་སྐྱེ་མཆེད་ཅེས་བྱ་བ་ལ་རྡོ་རྗེ་ནི་མི་ཕྱེད་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་སྐབས་འབྱེད་པ་དང༌། སྐྱེད་པར་བྱེད་པ་ནི་གང་དུ་རྡོ་རྗེའི་སྐྱེ་མཆེད་དེ་གསུངས་པའི་སྡོམ་པ་ནི་ཐབས་ཏེ། དེའི་ཕྱིར་གཉིས་ནི་གསང་བའོ། །འདི་དག་གི་སྙོམས་པར་འཇུག་པ་ནི་དེའི་བདག་ཉིད་ཀྱིས་གནས་པའོ། །འདིས་ནི་གསང་བའི་སྙོམས་འཇུག་པས། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལའོ། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །ཅེས་བྱ་བ་ལ་ཕྱི་རོལ་ཐབས་དང་ཤེས་རབ་དག་གིས་སོ། །གཉིས་གཉིས་ནི་ཕྱི་རོལ་གྱི་གཉིས་གཉིས་སོ། །བསྟན་པ་མེད་ཅེས་བྱ་བ་ནི་དེ་འདིར་ཉེ་བར་མཚོན་པའི་དགོས་པ་ཡིན་པའི་ཕྱིར་རོ། །ལྷའི་འཁོར་ལོ་ལ་ཡང་ཕྱི་རོལ་གྱི་གཉིས་གཉིས་ལྟ་བུར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱི་རོལ་ཞེས་བྱ་བ་ཉེ་བར་བསྟན་པའི་ཕྱིར་ནང་གི་སྐུ་གསུམ་གྱི་དབང་དུ་མཛད་ནས་འཁོར་ལོ་བཞི་གསུངས་པ། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །ཞེས་བྱ་བ་ལ་སོགས་པའོ། །སྐུ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམས་ཏེ། དེའི་དབྱེ་བ་ལས་འཁོར་ལོ་གསུམ་དུ་རིགས་ན། བཞི་པ་ཡང་རེའི་རེའུ་ལྟ་བུར་ཕྱི་རོལ་དུ་འཁོར་བར་འགྱུར་རོ། །ཞེས་དོགས་པ་ལ། སྐུ་གསུམ་ཡོངས་སུ་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐུ་གསུམ་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་སྐུ་གསུམ་ཐ་མི་དད་པར་ཡོངས་སུ་ཤེས་པ་སྟེ། བཞི་པ་བདེ་བ་ཆེན་པོའི་འཁོར་ལོའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོ་འདི་ནི་འཁོར་ལོ་བཞིའོ། །


DTG004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་བལྟ་བར་བྱ་ཞེས་དོགས་པ་ལ། སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁོར་ལོ་རྣམས་ནི་བཞི་ཡིན་དུ་ཟིན་ཀྱང༌། ཡང་སྐུ་གསུམ་ཉིད་ཀྱི་ཚིག་ནི་མེད་དོ་ཞེ་ན། དེ་བསྟན་པའི་ཕྱིར། སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་བཞི་པོ་རྣམས་ཀྱི་གནས་གང་དུ་གང་ཇི་ལྟ་བུར་ཞེས་དོགས་པ་ལ། མ་ལུས་པ་ཡི་སེམས་ཅན་གྱི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་བསྟན་པའི་འཁོར་ལོ་རྣམས་ཀྱི་དགོས་པའང་རྣམ་པ་སྟེ། ཨེ་ཝཾ་རྣམ་པར་རྒྱུ་མཐུན་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་སྐད་དུ་འཁོར་ལོ་རྣམས་ཀྱི་འབྲས་བུ་ངེས་པ་འདི་རྣམས་དེའི་ཕྱིར་ཇི་ལྟར་བརྟག་པ་ཉིད་དུ་འབྱུང་བར་མི་འགྱུར་ཞེས་དོགས་པ་ལ། ལས་ལ་བཅོམ་ལྡན་ཤེས་རབ་སྤྱོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ལ་སྤྱོད་པ་ནི་ལས་ཀྱིས་བསྐུལ་བའི་མཚན་ཉིད་ཉམས་སུ་མྱོང་བ་སྟེ་ཟོས་པའོ། །དེ་ངེས་པར་གཉིས་སུ་མེད་པའི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་ཡིན་ན་ཇི་ལྟར་ལས་ལ་སྤྱོད་ཅེས་དོགས་པ་ལ། ལས་ཀྱི་རླུང་གིས་བསྐུལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་ཕྱིར་ནི་བྱང་ཆུབ་བྱ་བའི་ཕྱིར་རོ། །རླུང་ནི་ལས་ཀྱི་རླུང་ངོ༌། །དེས་བསྐུལ་བ་ནི་ལས་ཀྱི་རླུང་གིས་བསྐུལ་བའོ། །གང་དུ་ལས་ཀྱི་རླུང་གིས་གང་དུ་བཅོམ་ལྡན་འདས་མ་དེ་ཇི་ལྟར་བསྐུལ་བར་བྱ་ཞེས་དོགས་པ་ལ། རྒྱུད་གཞན་དུ་གསུངས་པས་ལས་ཀྱི་རླུང་རྟོགས་པར་བྱའོ། །འདི་ལྟ་སྟེ། ལས་ཀྱི་རླུང་གིས་ལས་བྱེད་པ། །སུམ་མདོའི་གནས་སུ་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པའོ། །ལས་ཀྱི་འབྲས་བུ་གསུངས་པ། ཇི་ལྟར་བྱས་པ་དེ་བཞིན་སྤྱོད། །ཅེས་བྱ་བ་ལ་སོགས་པ་ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བུ་སྟེ་སྲིད་པའི་རྒྱུར་གྱུར་པའམ། ཞི་བའི་རྒྱུར་གྱུར་པའོ། །བྱས་པ་ནི་བསྐུལ་བའི་མཚན་ཉིད་དེ་ལས་སོ། །དེ་བཞིན་ནི་དེ་ལྟ་བུའོ། །སྤྱོད་པ་ནི་ཉམས་སུ་མྱོང་བ་སྟེ། སྲིད་པ་གཞན་དང་གཞན་དུའམ་སྲིད་པ་ཟད་པའོ། །རྒྱུ་མཐུན་ཞེས་བྱ་བ་ནི་ཡུལ་དང་ཡུལ་ཅན་དབང་དུ་བྱེད་པའོ། །རྣམ་པར་སྨིན་པ་དེ་ལས་བཟློག །ཅེས་བྱ་བ་ནི། དེ་ལས་གཞན་པ་ཉིད་དེ་མཐའ་ཡས་པ་ཉེ་བར་ལོངས་མ་སྤྱད་པའི་ལས་ཆེན་པོ་ཡང་དག་པར་འབྱུང་


DTG004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་ནོ། །རྣལ་འབྱོར་དག་ཕྱིར་དྲི་མེད་ཉིད། །ཅེས་བྱ་བ་ལ་དྲི་མེད་ཉིད་ཅེས་བྱ་བ་ནི་འདོད་ཆགས་ལས་རྣམ་པར་གྲོལ་བའོ། །རྣལ་འབྱོར་ནི་སྙོམས་པར་འཇུག་པའམ་སྙོམས་པར་ཞུགས་པའོ། །དེའི་དག་པ་ནི་རྣལ་འབྱོར་དག་པ་སྟེ་དེ་ཉིད་འབྲས་བུ་བྱང་ཆུབ་ཏུ་འབྱུང་བའོ། །སྐྱེས་བུ་བྱེད་པ་ནི་སྐྱེས་བུ་བྱས་པ་དང༌། སྐྱེས་བུའི་དོན་ཏེ་བྱང་ཆུབ་བོ། །སྐྱེད་པ་ནི་སྒྲུབ་པ་དང་བྱང་ཆུབ་མངོན་དུ་བྱེད་པའོ། །དེ་ཉིད་དཔལ་ཆོས་གྲགས་ཀྱིས་གསུངས་པ། ཡང་དག་པའི་ཤེས་པ་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེའོ་གསུངས་པའི་རིམ་པས་འབྲས་བུ་བཞི་བཤད་པའི་ས་བོན་གསུངས་པ། ལྟེ་བ་སྙིར་མགྲིན་མགོ་བོ་ལ། །འཁོར་ལོར་གནས་པ་རྣམ་པ་བཞི། །པུལླུ་ཏ་དང་ཆེས་རིང་ཐུང༌། །ཆད་པའི་ལས་ཀྱི་དབྱེ་བ་ལས། །པུལླུ་ཏས་ནི་ཐར་པར་འགྱུར། །རིང་པོས་རྒྱས་པར་རབ་སྦྱིན་བརྗོད། །ཐུང་དུས་ཀྱང་ནི་དབང་དུ་འགྱུར། །ཆད་པ་ཡིས་ནི་འཆི་བར་འགྱུར། །འཆི་བ་ནི་དབང་པོ་དང་ཡུལ་བྲལ་བ་ཡང་དག་པའི་ཡེ་ཤེས་གྲུབ་པ་གཉིས་མ་ཡིན་པ་གཅིག་པུ་བདེ་བ་ཙམ་ཞེས་བྱ་བ་ཇི་སྙེད་པའོ། །གནས་པ་ཞེས་བྱ་བ་ནི་དབྱུ་གུ་དྲུག་ཅུ་རྩ་བཞི་གནས་པའི་ཚུལ་ཏེ་དེ་གང་ལ་ཡོད་པ་དེ་ནི་གནས་བརྟན་པའི་སྡེའོ། །སྤྲུལ་པ་ནི་འདིར་ཆོས་ཐམས་ཅད་སྤྲུལ་པ་དང་སྐྱེད་པར་བྱེད་པའི་འོག་གི་འཁོར་ལོའོ། །དེ་ལ་དེའི་ཆོས་ཀྱི་སྤྲུལ་པའི་འཁོར་ལོར་གནས་བརྟན་ནོ། །ཐམས་ཅད་ཀྱི་སྒྲས་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་ཆོས་རྣམས་བརྗོད་དོ། །ཐམས་ཅད་ཡོད་པར་སྨྲ་བ་དེ་ནི་ཐམས་ཅད་ཡོད་པར་སྨྲ་པ་སྟེ། གསུངས་པའི་ཆོས་སེམས་ཀྱི་འཁོར་ལོ་ཐམས་ཅད་ཡོད་པར་སྨྲ་བའོ། །དེ་ལས་ཆོས་འབྱུང་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ལ་ཐམས་ཅད་ཡོད་པར་སྨྲ་བའོ། །ཀུན་རིག་ཅེས་བྱ་བ་ནི་རོ་རྣམས་ཀུན་རིག་པ་སྟེ། དེ་འདི་ལ་ཡོད་པའི་ཕྱིར་ཀུན་གྱིས་བཀུར་བའོ། །རོ་མྱོང་བར་འགྱུར་བས་མགྲིན་པར་ཀུན་གྱིས་བཀུར་བའོ། །དགེ་འདུན་ནི་འཁོར་ལོ་གསུམ་དུ་གནས་པའི་ལྟ་རྣམས་ཀྱི་ཚོགས་སམ་སྐུ་གསུམ་མོ། །ཆེ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་དྲི་མས་དྲི་མ་ཅན་མ་ཡིན་པའི་ཕྱིར་རོ། །དེ་འདི་ལ་ཡོད་པའི་ཕྱིར་དགེ་འདུན་ཕལ་ཆེན་ཏེ་བདེ་བ་ཆེན་པོའི་གནས་ཀྱིས་བདེ་བ་ཆེན་པོའི་འཁོར་ལོར་ནི་དགེ་


DTG004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཕལ་ཆེན་ནོ། །སྡེ་པ་ཞེས་བྱ་བ་འདིའི་དོན་གང་ཡིན་ཞེས་སྙམ་པ་ལ། སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུའི་དོན་ནི་སྡེ་པ་ཞེས་བྱ་བའི་དོན་ཏོ། །ཟླ་བ་བཅུ་ཡང་ས་རྣམས་ཡིན། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་བྱ་བའི་མཐར་ཐུག་པས་སྡོམ་པ་སྔོན་བཤད་པ་མ་ཐོས་པ་ངོ་མཚར་བར་བྱེད་པའི་སྡོམ་པ་རྟོགས་པར་བྱེད་པའི་ཚིག་ཉེ་བར་ཐོས་ནས། ལྷ་མོ་རྣམས་ཁ་ཅིག་ནི་བརྒྱལ་བ་དང་ཁ་ཅིག་ནི་མགུ་བ་དང༌། ཁ་ཅིག་ནི་ས་ལ་འགྱེལ་བ་དང༌། ཁ་ཅིག་ནི་འདར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཉིད་ཀྱིས་ལྷ་མོ་དེ་རྣམས་སད་པར་བྱ་བའི་ཕྱིར་དོན་ཇི་ལྟ་བར་བསྟོད་པའི་ཚིགས་བཅད་འདིས་བསྟོད་དོ། །དེ་རྣམས་སད་པ་རྣམས་ལ་དེ་ཁོ་ན་གསུངས་པ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་བྱ་བ་ལ་སོགས་པ་ནི། གོང་དུ་སྡོམ་པ་གསུངས་པས་སངས་རྒྱས་ཀྱི་དངོས་གྲུབ་ཀྱི་རྐྱེན་གྱིས་སེམས་ཅན་རྣམས་ནི་ཐེ་ཚོམ་མེད་པར་སངས་རྒྱས་ཉིད་དོ། །སངས་རྒྱས་མ་ཡིན་པར་ཡང་འདི་ལྟ་བུ་ཉིད་དུ་བསྟན་པའི་ཕྱིར། འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོན་ཀྱང་ཞེས་བྱ་བ་ནི་ཡིན་མོད་ཀྱི་ཞེས་བྱ་བའོ། །དྲི་མ་ཅན་དུ་བྱེད་པའི་ཕྱིར་དྲི་མ་རྣམས་ནི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་མི་ཤེས་པ་རྣམས་སོ། །སེམས་ཀྱི་རང་བཞིན་མེད་པའི་ཕྱིར་གློ་བུར་རྣམས་སོ། །དེ་རྣམས་ཀྱི་ཐོག་མ་མེད་པའི་སྲིད་པའི་རྒྱུན་གྱི་ཚོགས་ཀྱིས་ཕྱི་རོལ་གྱི་དོན་གྱི་རྣམ་པར་རྟོག་པའི་དྲི་མས་བསྒྲིབས་པའི་ཕྱིར་སངས་རྒྱས་མ་ཡིན་ནོ། །དེ་ལྟར་ན་སེམས་ཅན་རྣམས་སངས་རྒྱས་ཉིད་དུ་གྲུབ་པ་ལ་ཡང་གང་དེ་ལ་དྲི་མའི་རྙོག་མས་འཁོར་བར་འགྱུར་ཞིང་སྡུག་བསྔལ་སྣ་ཚོགས་དུ་མ་མྱོང་བར་འགྱུར་བར་དཔེ་བསྟན་པའི་ཕྱིར། བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཙན་དུག་ནི་དུག་གོ །བཙན་དུག་ཟོས་པས་ནི་དེའི་ཟོས་པ་རྣམས་སོ། །བཙན་དུག་ཟོས་པས་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སོ། །བརྒྱལ་བ་ནི་མྱོས་པར་འགྱུར་བའོ། །མི་ཤེས་ཞེས་བྱ་བ་ནི་ཤེས་པ་མེད་པ་སྟེ། གང་དུག་གི་དེ་ཁོ་ན་རིག་པ་དེ་ནི་བཙན་དུག་ཟོས་པས་བརྒྱལ་བར་འགྱུར་བ་དང༌། མྱོས་པར་འགྱུར་བའོ། །རྨོངས་


DTG004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཞེས་བྱ་བ་ནི་རྨོངས་པ་སྤངས་པའོ། །གང་དེར་དེ་ཁོ་ནའི་ཡིད་དེ་ནི། །རྨོངས་སྤངས་དེ་ཉིད་ཡིད་ཀྱིས་ནི། །ཞེས་བྱ་བ་ནི་གང་ཡང་དུག་གི་སྐྱོན་དང་རྨོངས་པ་འཇོམས་པའི་དེ་ཁོ་ནའི་ཡིད་ཀྱིས་སོ། །དེ་ཡིས་དེ་ཉིད་ཡོངས་སུ་གཅོད། །ཅེས་བྱ་བ་ལ་དེ་ཡིས་དེ་ཉིད་ནི་བརྒྱལ་བ་སྟེ་ཡོངས་སུ་གཅོད་པའོ། །ཀྱེའི་རྡོ་རྗེ་ལ་སོགས་པའི་རྒྱུད་ཐོས་པས་རྨོངས་པ་དང་བྲལ་བས། ཡང་དག་པའི་ཡེ་ཤེས་རྣམས་ཉེ་བར་སྐྱེས་པ་སངས་རྒྱས་ཉིད་གྲུབ་པ་ཁོ་ནར་བསྟན་པའི་ཕྱིར། རང་དང་རང་གི་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། རང་དང་རང་གི་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བླ་མ་བརྒྱུད་པའི་རིམ་པས་གོམས་པ་ཀྱེའི་རྡོ་རྗེ་ལ་སོགས་པའི་སློབ་དཔོན་གྱིའོ། །རྟོགས་པ་ནི་ཡང་དག་པར་རྟོགས་ཤིང་ངེས་པ་རྙེད་པ་ལས་ཐེ་ཚོམ་ལྡོག་སྟེ་དེའི་ཕྱིར་རྟོགས་པ་ལས་སོ། །ལྡོག་པ་སངས་རྒྱས་ཉིད་ཀྱི་རྒྱུ་གསུངས་པ། །དམྱལ་བ་ཡི་དགས་བྱོལ་སོང་དང༌། །ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཉིད་ཀྱི་དངོས་གྲུབ་ཚོལ་བ་རྣམས་ལས་ཉེ་བ་ནས་ལྡོག་པ་གསུངས་པ། སངས་རྒྱས་གཞན་དུ་རྙེད་མི་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །ལོག་ནས་ཀྱང་སེམས་གཅིག་པུ་ཉེ་བར་བསྙེན་པ་དང་དྲི་མ་མེད་པར་བྱ་བའི་ཕྱིར། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་ཀྱི་ཆེ་བའི་བདག་ཉིད་གསུངས་པ། གདོལ་བ་སྨྱིག་མཁན་ལ་སོགས་པ། ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱག་རྒྱ་ཕྱག་རྒྱ་ཅི། །ཞེས་ཞུས་པའི་ལན་གསུངས་པ། ས་ནི་པུཀྐ་སཱི་རུ་བཤད། །ཅེས་བྱ་བ་ལ་སོགས་པའོ། །འདོད་པའི་དོན་གྲུབ་པའི་ཕྱིར་དང་བར་ཆད་ཞི་བར་བྱ་བའི་ཕྱིར་ཡང་གཏོར་མ་གསུངས་པ། ཨིནད་ཛ་མ་ཛ་ལ་ཛ་ཀཱ་ཞེས་བྱ་བ་ལ་སོགས་པ་ལ། ཨིནད་ཛ་མ་ལ་སོགས་པ་ནས། ཨཥྚ་སཔྤའི་མཐར་ཐུག་པ་ནི་ལོངས་སྤྱོད་པའོ། །ཨི་དཾ་བ་ལིཾ་བྷུ་ཉྫ་ཛིཾ་གྷ་མཾ་སའི་མཐར་ཐུག་པས་ཟོ་ཤིག་པར་གསོལ་བ་གདབ་པའོ། །ཨམྦྷ་སཔྤ་ཀ་ཛྫ་སཱ་དཱ་ཁནྟི་ཁུ་ཎི་ཕེ་ཊ་གཱ་ད་ཞེས་བྱ་བ་ནི་གསོལ་བ་གདབ་པའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པ་


DTG004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱིན་གྱིས་བརླབ་པའོ། །གསུངས་པའི་དོན་ནི་གཏོར་མ་འདི་བཤད་པའི་རྒྱུད་ཀྱི་རིམ་པས་བཤད་པར་བྱ་སྟེ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །དབང་པོ་ཤར་གྱི་འདབ་མར་བསམ། །མཐར་བྱེད་ལྷོར་ནི་དགོད་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལ། །བྱང་དུ་ནོར་སྦྱིན་དེ་བཞིན་ནོ། །མེར་ནི་བྱིན་ཟ་ཆེན་པོ་ཉིད། །བདེན་བྲལ་མཚམས་སྐྱོང་དེ་བཞིན་ནོ། །རླུང་དུ་གནས་མེད་བསམ་པར་བྱ། །དབང་ལྡན་དུ་ནི་འབྱུང་པོའི་གཙོ། །ཉི་ཟླ་ཚངས་པ་ལ་སོགས་དང༌། །ཚངས་པའི་རིས་ནི་དམ་པ་དང༌། །ཚངས་པ་མདུན་ན་འདོན་ཉིད་དང༌། །དགའ་ལྡན་འཐབ་བྲལ་གནས་པ་དང༌། །རྒྱལ་པོ་ཆེན་པོར་གྱུར་པ་དང༌། །གཞན་འཕྲུལ་དབང་བསྒྱུར་ཉིད་དང་ནི། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང༌། །དགའ་བའི་གནས་སུ་གང་གནས་དང༌། །བདེ་བ་ཅན་དུ་གནས་པ་དང༌། །འོག་མིན་དུ་ནི་གནས་པ་དང༌། །འོད་ཟེར་ཅན་གྱི་འཇིག་རྟེན་ཁམས། །སུམ་ཅུ་རྩ་གསུམ་གནས་པ་ནི། །དེ་ཀུན་སྟེང་དུ་བསམ་པར་བྱ། །ཆོས་འབྱུང་ནང་དུ་སོང་པ་ནི། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང༌། །དེ་བཞིན་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །བདེ་ཆེན་པདྨ་བཟང་པོ་དང༌། །ལྷ་མིན་སེམས་ཅན་དམྱལ་བ་རྣམས། །ཆོས་ཀྱི་འབྱུང་གནས་འོག་ཏུའོ། །ཨོཾ་ལས་ཚངས་པ་ལ་སོགས་ལྷ། །ཧཱུཾ་ལས་ཀུན་འཇོམས་ལ་སོགས་པ། །ཨཱཿ་ལས་སྟོབས་ཀྱི་རྒྱུ་ལ་སོགས། །ཕྱག་གཉིས་ཞལ་གཅིག་ལྡན་པ་སྟེ། །སྟེང་གི་ལྷ་རྣམས་དཀར་པོ་ཆེ། །དབང་པོ་ལ་སོགས་ནག་པོ་པོར་མཚུངས། །སྟོབས་ཀྱི་རྒྱུ་སོགས་དམར་པོ་ཆེ། །རང་མཚུངས་རིག་མའི་ལུས་སྤྲས་ལྡན། །རྡོ་རྗེ་དྲིལ་བུས་ལག་པ་བྲེལ། །གཡས་བརྐྱང་བས་ནི་སྟན་ལ་གནས། །ཚངས་སོགས་རྟག་པའི་ཕྱག་རྒྱས་གདབ། །མཆོད་སྦྱིན་བརྒྱ་སོགས་རྡོ་རྗེ་ཡིས། །སྟོབས་ཀྱི་རྒྱུ་སོགས་གར་བདག་གིས། །ཐམས་ཅད་རིགས་གསུམ་ལས་སྐྱེས་པའི། །དཀར་མོས་དགུག་པ་བྱས་ནས་ནི། །ཆོམ་རྐུན་མ་ཡིས་ཞགས་བཅིང་བས། །རོ་ལངས་མས་ནི་སྒྲོག་བཅིང་བས། །གྷསྨརཱི་ས་ནི་དྲིལ་བུས་དབང༌། །དེ་ནས་མཆོད་ཡོན་ཞབས་བསིལ་དབུལ། །ཆོགས་གཏོར་མ་


DTG004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་བ། །རླུང་དང་མེ་ཡི་དཀྱིལ་འཁོར་བསམ། །ཨ་ལས་བྱུང་བའི་པདྨར་ནི། །དེ་ལས་འབར་དང་ཁོལ་བ་ལས། །བདུད་རྩི་ལྔ་ནི་བསྒྲུབ་པར་བྱ། །ཆ་ཡི་འགྱུར་བ་འདི་བསམས་ནས། །ཨོཾ་གྱིས་བྱིན་གྱིས་བརླབ་པར་བྱ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་མཉེས་པ་དང་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་ར་ཀྟོ་མེ་བྷ་བ། ཧྲྀ་ད་ཡ་མེ། ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ། ཀ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །བྷ་ག་ཝཱན་མཱ་མེ་མུཉྩ་བཛྲཱི་བྷ་ཝ་ས་མ་ཡ་སཏྭ་ཨཱཿ་མུཿ་ཕྱག་རྒྱ་ལས་ལྷ་ཉིད་དུ་འགྲུབ་པ་དང་རིགས་ཡོངས་སུ་ཤེས་པ་སྟེ། རིགས་འཆོལ་སྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེའོ། །དེ་ལྟར་ཕྱག་རྒྱ་ནི་རེ་ཞིག་རིགས་ན། དེ་གང་གི་ལྷ་ཉིད་འདི་རྣམས་ཀྱི་ཕྱག་རྒྱ་དེ་རྣམས་སུ་ཞིག་རིགས་རྣམས་ནི་གང་ཡིན་ཞེས་སྙམ་པ་ལ། རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པ་ནི་རྣམ་པ་དྲུག་པོ་རྣམས་སོ། །བསྡུས་པ་ནི་རྣམ་པ་ལྔ་བོ་རྣམས་སམ་རྣམ་པ་གསུམ་པ་རྣམས་སམ་གཅིག་པུ་ཉིད་དོ། །ཇི་ལྟར་རྣམ་པ་དྲུག་གམ་རྣམ་པ་ལྔ་ལ་སོགས་པ་དེ་ལྟ་བུ་ཉིད་དུ་གསུངས་པ། མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༌། །དཔག་མེད་ཕྲག་དོག་རྡོ་རྗེ་སེམས། །ཞེས་རིགས་རྣམས་ནི་དྲུག་གོ །རིགས་འདི་དག་རྟོགས་ནས་ལྷ་ཉིད་དག་པ་ཡང་ཇི་ལྟར་ཡིན་ཞེས་དོགས་པ་ལ། །ཞེ་སྡང་གཏི་མུག་སེར་སྣ་དང༌། །འདོད་ཆགས་ཕྲག་དོག་བདེ་བ་དག །འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་དག་པས་ནི་མི་བསྐྱོད་པའོ། །གཏི་མུག་དག་པས་ནི་རྣམ་པར་སྣང་མཛད་དོ་ཞེས་བྱ་བ་ལ་སོགས་པའོ། །ཡང་གསུངས་པ། གཏི་མུག་དག་པས་གཏི་མུག་སྟེ། །ཞེ་སྡང་དག་པས་ཞེ་སྡང་ཉིད། །འདོད་ཆགས་དག་པས་འདོད་ཆགས་ཏེ། །ང་རྒྱལ་དག་པས་ཆེས་ང་རྒྱལ། །ཕྲག་དོག་དག་པས་ཕྲག་དོག་སྟེ། །ཐམས་ཅད་དག་པས་རྡོར་འཛིན་མགོན། །ཞེའོ། །རྒྱུད་ཐམས་ཅད་ཅེས་


DTG004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་འདུས་པ་ལ་སོགས་པ་རྣམས་སོ། །འདི་ཉིད་ཐམས་ཅད་མ་ཡིན་པ་ཀྱེའི་རྡོ་རྗེའི་རྒྱུད་གང་ལ་རྒྱུད་ཐམས་ཅད་དུ་གསུངས་པ། ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ་དེ་ནི་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཏོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།

ལྔ་པ། ཧེ་རུ་ཀ་མངོན་པར་འབྱུང་བའི་ལེའུ།


DTG004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རིགས་ཀྱི་ཕྱག་རྒྱ་དང་དཀྱིལ་འཁོར་དུ་བྱུང་བ་རྟོགས་པར་བྱས་ནས། ཉིད་ཀྱི་དཀྱིལ་འཁོར་ཡང་རྟོགས་པར་བྱ་བའི་ཕྱིར། ལེའུ་ལྔ་པ་གསུངས་པ། ཕྱག་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པའོ། །གསོལ་བ་མ་བཏབ་པར། བཅོམ་ལྡན་འདས་མི་གསུང་བའི་ཕྱིར། བཅོམ་ལྡན་འདས་མ་བདག་མེད་མས། ཞལ་བརྒྱད་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ། རྒྱུ་རྡོ་རྗེ་འཛིན་པ་ཕྱག་བཅུ་དྲུག་པ་ལ་ཞུས་པ། ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ཞེས་བྱ་བ་ལ་སོགས་པའོ། །ཞུས་པས་ལེགས་པར་དགྱེས་པ་ཉེ་བར་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་གི་བཅོམ་ལྡན་འདས་མ་ལ་རྗེས་སུ་ཆགས་པ་མཛད་ནས། དཀྱིལ་འཁོར་གསུངས་པ། འཁོར་ལོ་ཇི་ལྟར་སྔར་ཞེས་བྱ་བ་ལ་སོགས་པ་ལ། །འཁོར་ལོ་ནི་དཀྱིལ་འཁོར་རོ། །སྔར་ནི་ལེའུ་བརྒྱད་པར་གསུངས་པའོ། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟ་བར་བའི་དཀྱིལ་འཁོར་ཡང་དེ་བཞིན་ནོ། །འདིར་ཐམས་ཅད་ཀྱི་མཚན་ཉིད་མ་གསུངས་པས། དོ་ཤལ་དང་དོ་ཤལ་ཕྱེད་པའི་ཁྱད་པར་གྱི་ཚིག་འདིར་མ་བཤད་དེ། དེ་ཤེས་པར་འདོད་པས་ཀྱང༌། དཀྱིལ་འཁོར་གྱི་མཚན་ཉིད་མ་གསུངས་པར་བརྗོད་པ་ཐིག་གི་མདོར་བཙལ་བར་བྱའོ། །དཀྱིལ་འཁོར་འདི་ལྟ་བུ་ཡིན་དུ་ཟིན་ཀྱང་དེར་གང་ཡིན་ཞེས་སྙམ་པ་ལ། དེ་ལ་དབུས་སུ་ང་ཡོད་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་ལའོ། །དབུས་སུ་ཞེས་བྱ་བ་ནི་ཟེ་འབྲུའི་གནས་སུའོ། །ང་ནི་བདག་གོ །ཁྱོད་དང་ལྷན་ཅིག་ཅེས་བྱ་བ་ནི། བཙུན་མོ་དང་གཉིས་པའོ། །གང་གི་རྣམ་པས་ཤེས་སྙམ་པ་ལ། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཆེན་པོ་ནི་སེམས་ཅན་ཐམས་


DTG004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དོན་བྱེད་པའོ། །རྗེས་སུ་ཆགས་པ་ནི་དེ་ལ་ཐོགས་པ་སྟེ། དེ་བས་ན་འདོད་ཆགས་ཆེན་པོའི་རྗེས་སུ་ཆགས་པས་སོ། །དེ་ཇི་ལྟར་རྗེས་སུ་གནས་པས་བྱུང་ཞེས་སྙམ་པ་ལ། ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་དགའ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སོ། །དེའི་རང་བཞིན་ལས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་ལས་སོ། །དེ་དེ་ལྟ་བུའི་ངོ་བོ་ཐོབ་པར་གྱུར་པ་རྒྱུ་རྡོ་རྗེ་འཛིན་པ་བརྗོད་ནས། ལྷ་མོའི་འཁོར་ལོ་ཕྱུང་མ་ཐག་ཏུ་འབྱུང་བས་འབྲས་བུ་རྡོ་རྗེ་འཛིན་པ་གསུངས་པ། ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་འདི་རྒྱུད་ཀྱི་རིམ་པས་བཤད་པར་བྱའི། ཡང་ཚིག་གི་རིམ་པས་ནི་མ་ཡིན་ནོ། །རིམ་པ་ཡང་བསྒྲུབ་པ་ཡན་ལག་དྲུག་ཏུ་ཤེས་པར་བྱ་སྟེ། དེའི་ཕྱིར་སྒྲུབ་པ་འདི་ནི་དང་པོར་མཆོད་པ་དང༌། བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། ཡོངས་སུ་བསྔོ་བ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། བདག་གཏང་བ་དང༌། གནང་བ་མནོད་པ་དང༌། ཚངས་པའི་གནས་བསྒོམ་པ་དང༌། ཡང་འཇུག་པ་བྱང་ཆུབ་ཀྱི་སེམས་དང༌། རྡོ་རྗེར་བ་དང༌། གུར་དང༌། ཡཾ་རཾ་བཾ་ལཾ་འབྱུང་བའི་དཀྱིལ་འཁོར་ཏེ། བྷཱུཾ་ལས་འཁོར་ལོའི་སྟེང་དུ་བདག །སྲིད་པ་བར་མ་བསམ་པར་བྱ། །འདིས་ནི་འབྱུང་པོའི་དཀྱིལ་འཁོར་རྣམས། །བཞི་པ་འཁོར་ལོ་ལྔ་པས་ནི། །འདྲིས་གྱུར་དེ་ལས་སངས་རྒྱས་ཀྱི། །གཞལ་ཡས་སྤྱོད་ཡུལ་མ་ཡིན་འགྱུར། །གྲུ་བཞི་པ་ལས་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ལྷ་མོ་བརྒྱད་ཀྱི་འོད་ཚོགས་ཀྱིས། །ལྷ་ཡི་སྣམ་བུ་གསལ་བར་འགྱུར། །འདིར་ནི་མཚོ་སྐྱེས་འདབ་མ་ནི། །བརྒྱད་པ་འཕར་མ་གཅིག་པ་བྲི། །ཉི་མའི་དཀྱིལ་འཁོར་ལ་གནས་པས། །བདུད་བཞི་ཡིས་ནི་རྣམ་པར་གསལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱི་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སངས་རྒྱས་གཞལ་ཡས་ཟིན་པ་དང༌། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །


DTG004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །གཟུགས་བརྙན་རྫོགས་པ་ཆོས་ཉིད་དེ། །ཨཱ་ལི་ཟླ་བ་བསྒོམ་པར་བྱ། །ཀཱ་ལི་བདུན་གྱི་བདུན་པ་ཉིད། །འདི་དག་དབུས་སུ་ཧཱུཾ་གཉིས་ཏེ། །དེ་བས་རིགས་བདག་གྲི་གུག་ལ། །ཟླ་ཉི་ས་བོན་མཚན་མ་ནི། །འདི་དག་ཐམས་ཅད་གཅིག་གྱུར་པ། །ཆུ་དང་འོ་འདྲར་ཐ་དད་མེད། །དེས་ནི་རྡོ་རྗེ་བསམ་པར་བྱ། །ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་དང་འཇིགས་པ་པོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །ཕྱག་རྒྱ་ལྔ་ནི་འཛིན་པའི་ལྷ། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །རྩ་བའི་ལུས་མཚུངས་གཡོན་པ་ནི། །དམར་ཞིང་ཞལ་གཞན་གནག་པ་དང༌། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཐོད་པ་པ་བརྒྱད་རྣམས་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ་ས་དང་ཆུ་དང་རླུང་དང་མེ། །ཟླ་བ་དེ་ནས་སྣང་བྱེད་དང༌། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །གནག་ཅིང་མགོ་སྐྱེས་སྟེང་དུ་སེར། །གྲི་གུག་ཐོད་པ་ཁ་ཊྭཱཾ་ག །འཛིན་ཅིང་སྤག་ལྤགས་ཤམ་ཐབས་ཅན། །ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད་ཙ་ཏུ་རཱ་ན་ནྡ་བྷ་ག་པི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀ་ཪྻཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ན་ནྡ་ད་ཡ་ཀ་ཁ་ག་མུ་ཁེ་ཨེ་ཀཱ་ར་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀ་ཪྻཾ་ཀུ་རུ་ཥྭ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་ར་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དང་པོར་སྐྱེས་བུར་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །རྡོ་རྗེ་རྗེས་སུ་ཆགས་པར་བྱ། །ཞུ་རྗེས་རྒྱལ་བ་འཛག་པར་བྱ། །དེ་བཞིན་གཤེགས་པའི་ཐིག་ལེ་དེ། །ས་བོན་བརྒྱད་དུ་གྱུར་པའོ། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་དམ། ས་བོན་གྱིས་ནི་ལྷ་མོ་དབྱུང༌། །དབང་དཀར་གཤིན་རྗེ་ཆོམ་རྐུན་མ། །རོ་ལངས་མ་ནི་ཆུ་བདག་གནས། །ལུས་ངན་པོ་ནི་གྷསྨརཱི། །དབང་ལྡན་དུ་ནི་པུཀྐ་སཱི། །བྱིན་ཟའི་མཚམས་སུ་རི་ཁྲོད་མ། །བདེན་བྲལ་དུ་ནི་གཏུམ་མོ་གནས། །རླུང་དུ་ཡང་ནི་གཡུང་མོ་ཉིད། །ལྷ་མོའི་འཁོར་ལོ་རྫོགས་པའོ། །ཧོ་གཉིས་དབུས་སུ་གནས་པ་ནི། །སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། །དྲི་ཟའི་སེམས་


DTG004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞེས་བྱ་འདི། །ལྷ་མོའི་པདྨར་བསམ་པར་བྱ། །དྲི་ཟ་ཡང་དག་ཞུགས་པ་ན། །ཁུ་བ་རྗེས་སུ་དྲན་པར་བྱ། །དེ་ནས་བསྐུལ་བའི་གླུ་རྣམས་ཀྱིས། །མཚམས་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ། །རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་ཏིང་འཛིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་མཚལ་བས། །གདོལ་བ་མོ་བདག་ཞུ་བར་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ནི་གཅོད་ཡིད་ཀྱིས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །བསྐུལ་བས་སད་པས་སྔོན་གྱི་ནི། །སྨོན་ལམ་རྗེས་སུ་དྲན་པར་བྱ། །ཨོཾ་དང་ཧཱུཾ་གིས་རྡོ་རྗེ་ཆེ། །ཆུ་ཡི་གཟུགས་ལས་བཞེངས་པ་ནི། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་ཞབས་ཀྱིས་མནན་པ་སྟེ། །སྐྱིལ་ཀྲུང་ཕྱེད་པའི་གར་མཁན་ཉིད། །མགོ་བོའི་ཕྲེང་བའི་དོ་ཤལ་མཛད། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ཀུནད་ལྟ་བུ་སྟེ། །གཡོན་པ་དམར་ཞིང་ཆེར་འཇིགས་པ། །ལྷག་མའི་ཞལ་ནི་བུང་བ་བཞིན། །ཉི་ཤུ་རྩ་བཞི་ཕུན་ཚོགས་སྤྱན། །བདག་མེད་བདེ་བ་སྦྱིན་པ་པོ། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་རྣམས་ལ། །རིམ་པས་གཉིས་འཐུང་ལ་སོགས་སམ། །ས་དང་ཆུ་དང་རླུང་དང་ནི། །མེ་ཟླ་དེ་ནས་སྣང་བྱེད་དང༌། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །དཀར་མོ་ཁ་དོག་ནག་པོར་འགྱུར། །ཆོམ་རྐུན་མ་ནི་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བཙོས་བཞིན། །གྷསྨརཱི་ནི་མར་ཀཏ་མཚུངས། །པུཀྐ་སཱི་ནི་དབང་སྔོན་མཚུངས། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །དཀར་མོ་གཡས་ན་གྲི་གུག་སྟེ། །དེ་བཞིན་གཡོན་


DTG004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ན་རོ་ཧི་ཏ། །ཆོམ་རྐུན་མ་གཡས་ཅང་ཏེའུ་སྟེ། །དེ་བཞིན་གཡོན་ན་ཕག་པ་ཉིད། །རོ་ལངས་མ་གཡས་རུས་སྦལ་ཏེ། །གཡོན་པའི་ཕྱག་ན་ཐོད་པ་ཉིད། །གྷསྨརཱི་ཡི་གཡས་ན་སྦྲུལ། །གཡོན་པའི་ཕྱག་གི་ཐོད་པ་ཉིད། །པུཀྐ་སཱི་གཡས་སེང་གེ་སྟེ། །གཡོན་པའི་ཕྱག་ན་དགྲ་སྟ་འཛིན། །རི་ཁྲོད་མ་གཡས་དགེ་སློང་སྟེ། །གཡོན་ན་གསིལ་བྱེད་དེ་བཞིན་ནོ། །གདོལ་བ་མོ་གཡས་འཁོར་ལོ་སྟེ། །གཡོན་ན་ཐོད་པ་དེ་བཞིན་ནོ། །གཡུང་མོའི་གཡས་ན་རྡོ་རྗེ་སྟེ། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །དཀར་མོ་ལ་སོགས་ཕྱག་གཉིས་བརྗོད། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཚངས་པ་དབང་པོ་ཉེ་དབང་དྲག །གཤིན་རྗེ་དང་ནི་ནོར་བདག་དང༌། །བདེན་བྲལ་དང་ནི་ཐགས་བཟངས་རིས། །དཀར་མོ་ལ་སོགས་ལྷ་མོའི་གདན། །རྡོ་རྗེ་ཉིད་ཀྱིས་ཐམས་ཅད་ཀྱི། །སྙིང་གར་རང་སྔགས་ཡི་གེ་ཉིད། །རྫོགས་པའི་ཕྱག་རྒྱ་མཚན་མ་ནི། །བརྟགས་པས་ཡེ་ཤེས་གནས་དགོད་བྱ། །རང་སྙིང་པད་ཉིར་ཧཱུཾ་རྡོ་རྗེ། །ཧཱུཾ་ཡེ་ཤེས་སེམས་དཔའི་ཐུགས་སོན་པའི། །པད་ཉིར་གནས་པའི་ཧཱུཾ་རྡོ་རྗེ། །ཧཱུཾ་གིས་ཡེ་ཤེས་རྗེས་སུ་བསམ། །དམ་ཚིག་འཁོར་ལོར་བསམ་པར་བྱ། །དམ་ཚིག་འཁོར་ལོར་མཉམ་ཞུགས་པའི། །ཡེ་ཤེས་འཁོར་ལོ་ཆེར་འབར་བ། །སངས་རྒྱས་ཉིད་དང་བྱང་སེམས་ཉིད། །འགྲུབ་འགྱུར་གཞན་གྱིས་ཡང་མ་ཡིན། །ཛཿ་ཧཱུཾ་བཾ་ཧོཿ་བརྗོད་པས་ནི། །དཀར་མོ་ལ་སོགས་རྣམ་པ་བཞིས། །དགུག་དང་གཞུག་པར་བྱ་བ་དང༌། །བཅིང་དང་རྗེས་སུ་མཉེས་པར་བྱ། །མིག་སོགས་རྣམས་ལ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །མིག་ལ་གཏི་མུག་རྡོ་རྗེ་ཡིན། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་ཡིན། །ཡིད་ལ་བདག་མེད་རྣལ་འབྱོར་མ། །མིང་གི་ཡི་གེ་དང་པོས་བསྐྱེད། །ཕྱག་གཉིས་ཞལ་གཅིག་དགེ་བ་ཉིད། །གྲི་གུག་ཐོད་པས་ལག་པ་བྲེལ། །ཁ་དོག་སྣ་ཚོགས་རོ་ཡི་གདན། །སྐུ་གསུང་དེ་བཞིན་ཐུགས་ལ་ནི། །ཨོཾ་དང་ཨཱཿ་ཧཱུཾ་སྔགས་འདིས་ནི། །མཁའ་སྤྱོད་དང་ནི་ས་སྤྱོད་ཉིད། །


DTG004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་འོག་གནས་པ་བསམ་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྟར། །རིགས་གསུམ་ལས་བྱུང་རྣལ་འབྱོར་མའོ། །རང་ཉིད་ས་བོན་ལས་བྱུང་བའི། །ལྕགས་ཀྱུའི་གཟུགས་ཅན་འོད་ཟེར་གྱིས། །སངས་རྒྱས་སྤྱན་དྲངས་ཡང་དག་མཆོད། །དབང་བསྐུར་བ་ནི་བླང་བར་བྱ། །བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས། །མགོན་པོས་བདག་ལ་དབང་བསྐུར་ཅིག །དེ་ནས་དེ་བཞིན་གཤེགས་འདིས་ནི། །ཧེ་རུ་ཀ་ཡི་གཟུགས་མཛད་ནས། །བདུད་རྩི་ལྔ་ཡི་ཆུས་གང་བའི། །བུམ་པ་ཉིད་ཀྱི་ཕྱག་ཐོགས་པས། །བླུགས་ཏེ་དབང་བསྐུར་མཐའ་རུ་འདིའི། །མི་བསྐྱོད་ཕྱག་རྒྱ་ཅོད་པན་ལའོ། །འདིས་ནི་ཡང་ནི་དཀར་མོ་དང༌། །པུཀྐ་སཱི་ནི་ཕྱག་རྒྱ་བྱ། །སངས་རྒྱས་རིན་ཆེན་དཔག་མེད་ཀྱིས། །གཉིས་གཉིས་རིམ་པས་ལྷག་མ་དྲུག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། རླུང་དང་འབར་བའི་ཐོད་པ་ལ། །ས་བོན་ལས་བྱུང་ལྕགས་ཀྱུ་ལྔ། །ལྕེ་ལ་ནས་འབྲས་རྡོ་རྗེས་ནི། །ཀྱེའི་རྡོ་རྗེའི་དཔལ་བདུད་རྩི་མྱང༌། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་མྲི་ཏ་སཱ་ད་ན། །བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །མཆོད་པ་སྣ་ཚོགས་ཡེ་ཤེས་ལས། །དབྱུང་བར་བྱ་ཞིང་ལྷ་མོ་ནི། །བརྒྱད་ཀྱིས་འཁོར་ལོ་ཅན་གྱི་ནི། །བདག་ཉིད་འཁོར་ལོའི་གཙོ་བོ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། བསྟོད་པ་འདིས་ནི་རྣལ་འབྱོར་མས། །འཁོར་ལོའི་གཙོ་བོ་བསྟོད་པར་བྱ། །ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བསྒྲུབས་ཤིང༌། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སང་མཛད་པ། །སྒྱུ་མའི་སྤྲོས་པས་འབྲས་བུ་བསྒྲུབ་མཛད་པའི། །ཧེ་རུ་ཀ་དཔལ་རྡོ་རྗེའི་ཡིད་ཀྱིས་དགྱེས། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་རྗེས་སུ་ཆགས་བྱེད་དང༌། །སངས་རྒྱས་གཞལ་མེད་བསྒོམ་པ་དང༌། །དབང་བསྐུར་བདུད་རྩི་མྱང་བ་དང༌། །མཆོད་པ་བསྟོད་པ་ཡན་ལག་དྲུག །ཡོ་གའི་ཡན་ལག་དྲུག་བསྒོམ་བྱ། །དེས་ནི་མྱུར་དུ་དངོས་གྲུབ་རྙེད། །ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། །དབང་བསྐུར་མ་བི་སྐྱོད་དེ་བཞིན་གཤེགས། །དེས་ནི་མྱུར་དུ་དངོས་གྲུབ་རྙེད། །བདུད་རྩི་མྱང་བ་འོད་དཔག་


DTG004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །བསྟོད་པ་རིན་ཆེན་འབྱུང་གནས་དཔལ། །མཆོད་པ་དོན་ཡོད་ཡང་དག་བཤད། །རྗེས་ཆགས་རྡོ་རྗེ་སེམས་དཔའ་ཉིད། །ཡན་ལག་དྲུག་གིས་བསྐྱེད་པ་ཡི། །དངོས་གྲུབ་འདི་ནི་ཉེ་བར་འགྱུར། །དང་པོ་སྤྲིན་དང་འདྲ་པར་འདོད། །གཉིས་པ་དུ་བ་ལྟ་བུ་སྟེ། །གསུམ་པར་མེ་ཁྱེར་རྣམ་པ་ཉིད། །བཞི་པར་མར་མེ་འབར་བ་དང༌། །ལྔ་པར་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཕྱིས་ནི་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་ན། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །གང་ཚེ་ཡོ་གའི་བསམ་པས་ངལ། །དེ་ཚེ་དག་པས་རྗེས་དྲན་བྱ། །སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །བྱམས་པས་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་རྣམས་རྣམ་ཐར་བརྒྱད་པོ་ཡིན། །ཕྱག་ནི་སྟོད་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་གདུལ་ཕྱིར་ཁྲོ་བོ་ཉིད། །སྤྱན་གསུམ་པོ་ནི་སྐུ་གསུམ་ཡིན། །རུས་པ་བདེན་པ་བཞི་པོ་ཡིན། །གཟུགས་ཕུང་རྡོ་རྗེ་མ་ཡིན་ནོ། །ཚོར་བ་གསང་བའི་དཀར་མོ་ཉིད། །འདུ་ཤེས་ཕུང་པོ་ཆུ་མ་ཉིད། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །འདི་ཡི་རྣམ་ཤེས་བདག་མེད་མ། །དོན་དམ་ལ་ནི་ཕུང་པོ་མེད། །སྐྱེ་མཆེད་དྲུག་གི་རྣམ་དག་ཕྱིར། །དེ་ཉིད་དྲུག་པོ་ཉིད་དུ་འགྱུར། །ཞེ་སྡང་རྡོ་རྗེ་རྡོ་རྗེ་མ། །རྡོ་རྗེ་རོ་མ་ཆུ་མ་ཡིན། །ཕྲག་དོག་རྡོ་རྗེ་མ་དང་ནི། །དེ་བཞིན་གཏི་མུག་རྡོ་རྗེ་མ། །རྡོ་རྗེ་མཁའ་འགྲོ་མ་རུ་འགྱུར། །སེར་སྣ་གསང་བའི་དཀར་མོ་ཉིད། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ས་ནི་པུཀྐ་སཱི་ཞེས་བཤད། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ནི་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ནི་གཟུགས་ཅན་གྷསྨརཱི། །རེག་ལ་ས་སྤྱོད་མ་ཉིད་དེ། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མ། །དབང་ཕྱུག་ཐམས་ཅད་རབ་གྲུབ་ཕྱིར། །ས་ནི་དང་པོར་ནོར་སྦྱིན་མཐའ། །གླང་པོ་ལ་སོགས་སེམས་ཅན་གྱི། །ནད་རྣམས་ཞི་ཕྱིར་འཛིན་པ་པོ། །གློ་དང་དབུགས་


DTG004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་བཞིན་འབོག །ཁོང་སྐམ་མཛེ་དང་འབྲུམ་བུ་དང༌། །མཆིན་པ་མཆེར་པའི་རང་བཞིན་ཡང༌། །གླང་པོ་ལ་སོགས་རབ་ཏུ་གྲགས། །ནི་རཾ་ཤུ་དང་གཞན་གྱི་ནི། །བསམ་གཏན་ལྡན་པས་སྔགས་བཟླས་བྱ། །ཨོཾ་ཨ་ཥྚཱ་ན་ནཱ་ཡ། པིངྒ་ལོ་རྡྷྭ་ཀེ་ཤ་ཝ་རྟྨ་ནེ་ཙ་ཏུ་རྦིཾ་བ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲིཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ། ཨཱ་དྷྨ་ཀྲཱུ་ར་ཙི་ཏྟཱ་ཡ། ཨ་རྡྷེ་ནྡུ་དཾ་ཥྲཱི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། ག་རྫྫ་ཡ་ག་རྫྫ་ཡ། ཏ་རྫྫ་ཡ་ཏ་རྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ས་པྟ་སཱ་ག་རཱ་ན་བ་ནྡྷ་བ་ནྡྷ། ནཱ་གཱ་ཥྚ་ཀཱ་ན། གྲྀ་ཧྞ་གྲྀ་ཧྣ་མ་མ་ཤ་ཏཱུཾ། ཧ་ཧཱ། ཧི་ཧྲི། ཧུ་ཧྭུ། ཧེ་ཧཻ། ཧོ་ཧཽ་ཧཾ་ཧཿ་ཕཊ་སྭཱ་ཧཱ། དེ་ལྟར་རྟོགས་སུ་ཟིན་ཀྱང༌། འོན་ཀྱང་འདི་ནི་ངོ་མཚར་བ་སྟེ། ཞལ་བརྒྱད་དང༌། ཞབས་བཞི་དང༌། ཕྱག་བཅུ་དྲུག་གིས་བརྒྱན་པ། ཇི་ལྟར་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོར་གྱུར་སྙམ་པ་ལ། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་འདི་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཡི་གེ་གསུམ་དང༌། ཧོཿ་དམར་པོ་གཉིས་ཀྱི་བདག་ཉིད་དྲི་ཟའི་སེམས་ཅན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོར་གནས་པ་དང༌། ཧོཿ་དམར་པོ་ཁྲག་དང་འདྲ་བ་དག་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་ན་ནི་བཙུན་མོ་དང་བདག་པོ་ཞུ་བར་གྱུར་པར་བརྗོད་དོ། །ཡང་གཞན་དུ་གསུངས་པ། རྒྱལ་པོའི་འཁོར་ལོ་བསྡུས་ནས་ནི། །སྔགས་ཀྱི་ལུས་སུ་དབྱུང་བར་བྱ། །དྲི་ཟ་མཉམ་པར་ཞུགས་པ་ན། །ཁུ་བ་རྗེས་སུ་དྲན་པར་བྱ། །ཞེའོ། །འགྲོ་ཞིང་ལེན་པའི་ཕྱིར་དྲི་ནི་བག་ཆགས་ཏེ། དེ་ཟ་བའི་ཕྱིར་དྲི་ཟ་སྟེ། སྲིད་པ་བར་མའི་སེམས་ཅན་ནོ། །ཁུ་བ་ཡིན་དུ་ཟིན་ཀྱང་ཇི་ལྟར་ཡང་བཅོམ་ལྡན་འདས་དེ་སད་པར་འགྱུར་ཞེས་སྙམ་པ་ལ། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་བྱ་བ་དང༌། པུཀྐ་སཱི་བདག་ལ་ཡོངས་སུ་སྐྱོབས་ཤིག་ཅེས་བྱ་བ་དང༌། སྟོང་པ་ཉིད་ཀྱི་རང་བཞིན་སྤོངས་ལ་ཞེས་བྱ་བ་དང༌། བདེ་བ་ཆེན་པོའི་ཕྱིར་རྣལ་འབྱོར་ནི་བདེ་བ་ཆེན་པོའི་སྦྱོར་བ་སྟེ། དེས་བདག་ལ་འདོད་པ་མཛོད་ཅིག་ཅེས་བྱ་བའོ། །འདིས་ནི་བྱམས་པའི་རང་བཞིན་ཅན། །པུཀྐ་སཱི་ཡིས་


DTG004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའོ། །སྙིང་རྗེའི་རང་བཞིན་རི་ཁྲོད་མ་ཡིས་བསྐུལ་བ་གསུངས་པ། ཁྱོད་མེད་ན་ནི་བདག་འགུམ་པས། །ཞེས་བྱ་བ་ལ་སོགས་པ་ནི་ཁྱོད་དང་བྲལ་ན་བདག་འགུམ་པ་དང༌། ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །ཅེས་བྱ་བ་དང༌། སྟོང་པའི་རང་བཞིན་ཉིད་སྤོངས་ལ། །ཞེས་བྱ་བ་དང༌། རི་ཁྲོད་མ་བདག་གི་འབྲས་བུ་སྒྲུབས་ཤིག་ཅེས་བྱ་བའོ། །དགའ་བ་ལས་གཞན་མ་ཡིན་པའི་ངོ་བོ་གཏུམ་མོའི་བསྐུལ་བ་གསུངས་པ། འཇིག་རྟེན་མགྲོན་གཉེར་འདོད་པའི་གཙོ་བོ་ཞེས་བྱ་བ་ལ་སོགས་གསུངས་པ་ནི། འཇིག་རྟེན་སངས་རྒྱས་ཉིད་དུ་སྦྱར་བར་མགྲོན་དུ་གཉེར་བར་འདོད་པའི་གཙོ་བོ་དང༌། སྟོང་པ་ཉིད་ལ་ཅི་བཞུགས་སམ་ཞེས་བྱ་བ་དང༌། ཁྱོད་མེད་ན་ནི་ཕྱོགས་སྤྱོད་པར་མི་ནུས་པ་དང༌། གདོལ་པ་མོ་བདག་གཞུ་བར་བགྱིད། །ཅེས་བྱ་བའོ། །བཏང་སྙོམས་ཀྱི་རྣམ་པ་གཡུང་མོའི་བསྐུལ་བ་གསུངས་པ། མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་ནི། མིག་འཕྲུལ་མཁན་ཁྱོད་བཞེངས་ཤིག་ཅེས་བྱ་བ་དང༌། བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། ཞེས་བྱ་བ་དང༌། །གཡུང་མོ་བདག་གིས་བག་མེད་པ། །སྤྱོད་པའི་ཡིད་ཀྱིས་ཞེས་བྱ་བ་དང༌། སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་བྱ་བ་ལ་སོགས་པའི་བསྐུལ་བའི་གླུ་རྣམས་ཀྱིས་བསྐུལ་བས། བཅོམ་ལྡན་འདས་སད་པར་འགྱུར་རོ། །སད་པ་ན་ཇི་ལྟར་བཞེངས་ཤིང་ཇི་ལྟ་བུ་ཞེ་ན། བཟློག་པའི་རིམ་པས། ཨོཾ་དང་ཧཱུཾ་གིས་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། གང་ཞིག་གླང་པོ་རྟ་བོང་བཞེས་བྱ་བ་ལ་སོགས་པ་མཚན་མ་བཅུ་དྲུག་འཛིན་པ་དང༌། སྒེག་པ་ལ་སོགས་པའི་གར་དགུའི་རོ་དང་ལྡན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པས། ཨོཾ་དང་ཧཱུཾ་དག་གིས་ཤེས་རབ་དང་བཅས་པར་བཞེངས་པའོ། །འདིར་ཚིགས་བཅད་ཀྱི་རིམ་པ་གསུངས་པ། །གཾ་ཙཾ་ཞེས་བྱ་བ་ལ་སོགས་པའོ། གཞན་རྗེས་སུ་འཛིན་པས་བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པས་གཾ་ཙཾ་ལ་སོགས་པས་ས་བོན་བརྒྱད་པོ་རྣམས་ཀྱིས། རྣལ་འབྱོར་མ་བརྒྱད་པོ་རྣམས་ཕྱུང་བ་ན། དེ་ཉིད་ཤེས་རབ་དང་བཅས་པ་ནི་བཅོམ་ལྡན་འདས་ཏེ། ཕྱིས་ཆུ་རུ་གྱུར་ཅིང་སྔགས་སུ་གྱུར་པས། གཟུགས་མང་པོ་ལྟ་བུར་


DTG004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སུ་གྱུར་པ་བཤད་པའི་རྒྱུད་དུ་གསུངས་པ། ཁྲོ་བོའི་ཕྱག་རྒྱའི་གདན་གྱི་སྟེང་དུ་གནས་པའི་བདུད་རྣམས་མནན་པས་ཆུའི་རྣམ་པའི་གཟུགས་ལས་བཞེངས་པའོ། །ཡང་གསུངས་པ། དང་པོ་སྐྱེས་བུ་བསམས་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །བསྐུལ་ནས་འཁོར་ལོའི་འདྲེན་པ་ནི། །ཞེས་བྱ་བ་ལ་སོགས་པའོ། །ཕྱག་རྒྱ་ཡང་བཤད་པར་བྱ་སྟེ། །གཡས་པའི་ཞབས་ཀྱིས་བརླ་སླེབས་ཤིང༌། །གཡོན་པའི་ཞབས་རྩེས་ས་མནན་པ། །མནན་པའམ་བཟློག་ནས་མནན་པ་ནི། །ཁྲོ་བོའི་ཕྱག་རྒྱ་གདན་དུ་བརྗོད། །ཅེའོ། །སྐུ་བརྗོད་ནས་བཅོམ་ལྡན་འདས་ཀྱི་སྔགས་གསུངས་པ། །རིག་བྱེད་རྣམས་ཀྱི་དང་པོ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། རིག་བྱེད་ནི་ངེས་བརྗོད་དང༌། མཆོད་སྦྱིན་དང༌། སྙན་དངགས་དང༌། སྲིད་སྲུང་དང་བཞི་སྟེ། དབྱངས་ཀྱི་ཡི་གེ་བཞིའི་བརྡ་རྣམས་སོ། །ངེས་བརྗོད་ནི་ཨོའོ། །སྙན་དངགས་ནི་ཨཱུའོ། །གཞན་དག་གི་ཨཾ་ཨའོ། །དེ་ལ་རིག་བྱེད་རྣམས་ཀྱི་དང་པོ་ནི་ཨོ་སྟེ། དེ་ལ་ཡང་ཟླ་བ་ཕྱེད་པས་བརྒྱན་པའོ། །དེ་ནས་ཞེས་བྱ་བ་དང༌། དེའི་རྗེས་སུ་ཞེས་བྱ་བའི་ཚིག་གསུམ་སྤངས་པ་ནི་སྔགས་སོ། །གལ་ཏེ་བདག་མེད་མའི་དཀྱིལ་འཁོར་ལྟར་འདི་ཡང་དཀྱིལ་འཁོར་དུ་བརྗོད་པ་དེའི་ཚེ་འདི་ཡང་འཕར་མ་གཉིས་ཡིན་ནམ་ཞེས་ཡིད་ལ་སེམས་པའི་ཐེ་ཚོམ་སུན་དབྱུང་བར། འཕར་མ་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷག་མ་ནི་གོ་སླའོ། །དཀྱིལ་འཁོར་དུ་གཞུག་པའི་ཤེས་རབ་ཀྱི་ཁྱད་པར་ནི་མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དེ་ཁོ་ནའི་ལེའུ་ལས་བཤད་པའི་རིམ་པས་རྟོགས་པར་བྱའོ། །བཅུག་པའི་རིམ་པས་ཅི་ཞིག་བྱ་ཞེས་སྙམ་པ་ལ། དེ་ལ་དབང་བསྐུར་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལ་དཀྱིལ་འཁོར་བརྒྱད་པོ་རྣམས་ཀྱི་དབང་སོ་ཤིང་དང་མེ་ཏོག་བསྐྱུར་བ་ལ་སོགས་པ་སྐལ་པ་དང་ལྡན་པའི་སློབ་མ་ལ་སྦྱིན་པར་བྱའོ། །ཇི་ལྟར་དེ་རྣམས་སྦྱིན་པར་བྱ་ཞེས་སྙམ་པ་ལ། དི་ལྟར་གསུངས་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་བཤད་པའི་རྒྱུད་དུ་རྒྱས་པའི་རིམ་པས་གསུངས་པ་དེ་བཞིན་དུ་ཤེས་


DTG004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྦྱིན་པར་བྱའོ། །ཡང་གཞན་དུ་ན་བླ་མ་དང་སློབ་མ་ལ་མི་དགེ་བར་འགྱུར་རོ། །དེ་ལ་འདི་ནི་རིམ་པ་སྟེ། དཀྱིལ་འཁོར་འཁོར་ལོ་བསྟན་པར་བྱ། །ལྷ་ཡི་གནས་ཀུན་རིགས་རྒྱལ་དང༌། །ལྷ་མོའི་མཚན་མ་པད་ནང་དུ། །ལྡན་པ་རྟོགས་བྱས་དེ་རྗེས་སུ། །དཀྱིལ་འཁོར་ཤར་དུ་ཁྲུ་གཉིས་དོར། །དཀྱིལ་འཁོར་སྙིང་པོའི་ཕྱེད་ཚད་ནི། །དཀྱིལ་འཁོར་མཚན་ཉིད་ལྡན་པ་ཡི། །དཀྱིལ་འཁོར་གཞན་དུ་སློབ་མ་བཀྲི། །དེ་ལ་མཆོད་ཡོན་ཞབས་སོགས་སྦྱིན། །མ་ལུས་རྒྱལ་པོའི་ཆོག་བྱས་ནས། །བླ་མ་སློབ་མའི་དགེ་བ་ཡི། །འདོད་པའི་བཀྲ་ཤིས་བླང་བར་བྱ། །དཔལ་འཛིན་དང་ནི་གསེར་གྱི་རི་བོ་ལྟར། །འཇིག་རྟེན་གསུམ་མགོན་དྲི་མ་གསུམ་དང་བྲལ། །སངས་རྒྱས་པདྨའི་འདབ་མ་རྣམ་རྒྱས་སྤྱན། །དེ་ཡི་བཀྲ་ཤིས་དེང་ཁྱོད་བཀྲ་ཤིས་ཤོག །དེ་ཡིས་གསུངས་པ་རབ་མཆོག་གཡོ་བ་མེད། །འཇིག་རྟེན་གསུམ་གྲགས་ལྷ་དང་མིས་མཆོད་པ། །ཆོས་མཆོག་སོ་སོའི་སྐྱེ་བོ་ཞི་མཛད་པ། །འཇིག་རྟེན་གཉིས་པའི་བཀྲ་ཤིས་དེས་ཁྱེད་ལའང༌། །ཐོས་པའི་བཀྲ་ཤིས་ཕུན་ཚོགས་དམ་ཆོས་ལྡན། །དགེ་འདུན་ལྷ་དང་ལྷ་མིན་མིས་མཆོད་པ། །ངོ་ཚ་དཔལ་གནས་རབ་མཆོག་ཚོགས་རྣམས་ཀྱིས། །འཇིག་རྟེན་གསུམ་པའི་བཀྲ་ཤིས་ངེས་ཁྱོད་ལའང༌། གང་ཞིག་བཀྲ་ཤིས་དགའ་ལྡན་ལྷ་ཡི་ཤིང་རྟའི་སྙིང་པོ་ནས། །བཞུགས་པ་འགྲོ་བ་རྣམས་ལ་ཕན་ཕྱིར་འདིར་ནི་གཤེགས་པ་ནི། །དབང་པོར་བཅས་པའི་ལྷ་རྣམས་རྗེས་འབྲང་དེ་བཞིན་གཤེགས་པ་ཡི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་འདབ་སར་འཚེར་བ་མེ་ཏོག་ཆར་འབབ་པ། །འདི་ཉིད་ལུམ་བི་ནི་ཡི་ཚལ་དུ་མང་པོའི་ལྷས་བལྟས་པ། །མགོན་པོའི་སྐྱེ་བ་རྣམས་གྱུར་སྲིད་པའི་མཐར་གྱུར་པའི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་སྣ་ཚོགས་སྐྱོན་རྣམས་རྣམ་པར་གཞོམ་པའི་ཕྱིར། །དགྱེས་པས་དཀའ་ཐུབ་ཚལ་དུ་མངོན་པར་བྱུང་བ་ནམ་ཕྱེད་ན། །དབང་པོར་བཅས་པའི་ལྷ་རྣམས་རྗེས་འབྲང་དེ་བཞིན་གཤེགས་པ་ཡི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་ཀླུ་ཡི་རྒྱལ་


DTG004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཡང་དག་བསྟོད་པ་དང༌། །ཆུ་འགྲམ་ཉིན་པར་མཆོད་ཡོན་ཕྲེང་བས་ཡོངས་སུ་བསྐོར་བ་དང༌། །ཞི་དོན་ངོ་མཚར་རྨད་དུ་གྱུར་པ་སྲིད་པ་གཅོད་པ་ཡི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་གྲོང་ཁྱེར་མཆོག་གྱུར་སེར་སྐྱ་ཞེས་བྱ་བར། །བདག་ཉིད་ཆེན་པོའི་ལྷ་རྣམས་འཆི་འཕོ་མེད་སོགས་ཀྱིས་བསྟོད་པ། །དེ་བཞིན་གཤེགས་པའི་དགེ་བ་མཐའ་ཡས་ཡོད་པར་གྱུར་པ་ཡི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་ཏུ། །དམ་པའི་ཆོས་ཀྱི་རིན་ཆེན་ཚོགས་ཀྱི་ཐུབ་པར་གྱུར་པ་ནི། །སེམས་ཅན་དོན་དུ་གྲུབ་པར་ཤིན་ཏུ་རྒྱས་པར་བརྩོན་པ་ཡི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་འབར་བར་གྱུར་པའི་གསེར་གྱི་སྐུ་ལྟ་བུ། །བཻ་ཌཱུཪྻ་ཡི་མདོག་གི་རྩྭ་ཡི་གདན་གྱི་སྟེང་དུ་ཡང་དག་གནས། །སྐྱིལ་ཀྲུང་ཤིན་ཏུ་དམ་པར་བཅས་པ་མཆོག་ཏུ་གྱུར་པའི་སྐུ། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་བཅོམ་ལྡན་ཤིང་གི་རྒྱལ་པོའི་རྩ་བ་རུ། །བྱམས་པའི་སྟོབས་ཀྱིས་བདུད་ཚོགས་ཀུན་ལས་རྣམ་པར་རྒྱལ་བ་དང༌། །ས་དང་མཁའ་ལ་རྣམ་པ་སྣ་ཚོགས་ངོ་མཚར་གྱུར་པ་ཡི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱེད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་མཆོག །བཞུགས་པར་གྱུར་པའི་བདེ་བར་གཤེགས་པའི་སྟོན་པས་གསུངས་པ་དང༌། །ས་དང་མཁའ་ལ་རྣམ་པ་སྣ་ཚོགས་ངོ་མཚར་སྨང་དུ་གསལ་བར་གྱུར་པ་ཡི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །གང་ཞིག་བཀྲ་ཤིས་ཕན་པར་བྱེད་པ་མཆོག་ཏུ་མཆོད་ཕྱིར་ཐོགས། །བསོད་ནམས་བྱ་བ་བྱེད་པ་འཕགས་པའི་སྐྱེ་བོས་མངོན་བརྟེན་པ། །བཅོམ་ལྡན་འདས་ཐུབ་པ་ཤཱཀྱ་སེང་གེས་ཐམས་ཅད་བླངས་པ་ཡི། །དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག །དྲིལ་བུ་བསྐྱོད་ཅིང་རྡོ་རྗེ་གསོར། །བཀྲ་ཤིས་གླུ་རང་ལྡན་པས་སོ། །གསེར་ལ་སོགས་པའི་སྟན་གནས་པ། །དེ་ལ་དེ་ཡིས་དབང་བསྐུར་བྱ། །སློབ་མ་བཀའ་སྩལ་བྱ་བ་དང༌། །དེ་ལ་དེ་ལྷའི་དབང་ལས་ནི། །ཕྱག་རྒྱ་


DTG004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་ནས་འཁྱུད་པ་ཡི། །གང་ཞིག་ལྷ་ཡི་སྦྱོར་བས་སྦྱིན། །དང་པོ་ཆུ་ཡི་དབང་གིས་དང༌། །གཉིས་པ་ཅོད་པན་དབང་གིས་དང༌། །གསུམ་པ་རྡོ་རྗེ་དབང་གིས་དང༌། །རང་གི་བདག་པོ་བཞི་པ་དང༌། །ལྔ་པ་མིང་གི་དབང་བསྐུར་བྱ། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བདུན་པ་བུམ་པའི་དབང་དང་ནི། །བརྒྱད་པ་གསང་བའི་དབང་གིས་དང༌། །དགུ་པ་ཤེས་རབ་དབང་ཡང་ནི། །དེ་ཉིད་རྡོ་རྗེའི་སྦྱོར་བ་ལས། །བརྟུལ་ཞུགས་དང་ནི་ལུང་བསྟན་ཉིད། །འདི་དག་ཇི་བཞིན་རིམ་པས་སྦྱིན། །རང་གི་རིག་མའི་སྐྱེས་བུ་ཆུས། །ཀུན་ནས་བུམ་པ་བརྒྱད་རྣམས་ཀྱིས། །ཐུགས་ཀྱི་རྡོ་རྗེ་རབ་བསྒོམས་པས། །རྡོ་རྗེ་བསམས་ནས་དབང་བསྐུར་བྱ། །རྡོ་རྗེ་ཉི་མ་རྣམས་བསྒོམས་པས། །དེ་ལ་དབུ་རྒྱན་སྦྱིན་པར་བྱ། །ཐམས་ཅད་སྔོན་བཞིན་བསམས་ནས་ནི། །རྡོ་རྗེ་ཚིགས་བཅད་སྦྱོར་བ་ལས། །སློབ་མ་འཇིག་རྟེན་དབང་བྱས་ནས། །རྡོ་རྗེ་ཆེན་པོ་རྩི་དགུ་པ། །སྙིང་གར་རང་གི་ལག་བྱས་ནས། །རྡོ་རྗེ་སེམས་དཔས་བསྐུར་བར་བྱ། །རྡོ་རྗེའི་དབང་གི་སངས་རྒྱས་ཀྱིས། །དེ་རིང་ཁྱོད་ནི་དབང་བསྐུར་འགྱུར། །དེ་ནི་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ལྷ་མོ་སྒྲོལ་མས་འཁྱུད་པ་ཡི། །སློབ་མ་རྟ་མཆོག་བསམས་ནས་ནི། །ལག་པས་རྡོ་རྗེ་དྲིལ་འཁྲོལ་བས། །རྡོ་རྗེའི་བདག་པོས་དབང་བསྐུར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷིཥི་ཉྩ་མི་ཏི་ཥྛ་བཛྲ་ས་མ་ཡ་སྟྭཾ། སློབ་མ་རྣམ་སྣང་བྱས་ནས་ནི། །མིང་གིས་ཀྱང་ནི་དབང་བསྐུར་བྱ། །ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥྀ་ཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་རྡོ་རྗེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱའོ། །དངོས་པོ་གང་གང་འདོད་དེ་ཀུན། །གཙོར་ཏེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོག་མེད་དག །གང་ཞིག་སངས་རྒྱས་ཡེ་ཤེས་ལྟོས། །དེ་ནི་སངས་རྒྱས་ཐམས་ཅད་ལྟོས། །རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །རྡོ་རྗེ་སྙིང་པོ་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏི་ཥྛ་བཛྲ་ས་མ་ཡ་སྟྭཾ་དྷཱ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ། བདེ་གཤེགས་ཚིགས་བཅད་བདག་ཅག་གིས། །རིམ་པ་བསྡུ་བར་བྱ་བ་ནི། །བདེ་བ་ཅན་ན་བཅོམ་ལྡན་འདས། །ཉིད་ཀྱི་གང་ཚེ་ཆོས་བསྟན་


DTG004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ཚེ་གསང་བའི་དབང་པོས་ཞུས། །མི་རྣམས་ཇི་ལྟར་དབང་བསྐུར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགོད་པ་དག་པ་སློབ་དཔོན་ཉིད། །དེ་བཞིན་ལྟ་བ་གསང་བའི་དབང༌། །ལག་པ་རེག་པ་ཤེས་རབ་སྟེ། །དེ་ཁོ་ན་ཉིད་གཉིས་གཉིས་འཁྱུད། །དབང་བསྐུར་མ་འོངས་པ་ཡིན་ཏེ། །བླ་མའི་ཞལ་ལས་གསལ་བར་འགྱུར། །འདི་ནི་དབང་བསྐུར་དྲུག་པ་ཡིན། །དབང་རྣམས་ཀྱང་ནི་འབྱུང་པར་འགྱུར། །འདི་དག་ནི་དབང་དྲུག་པོ་རྣམས་སོ། །བླ་མ་སློབ་མས་ཕྱག་འཚལ་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །མདུན་དུ་འདུག་ནས་འཆད་པ་ཡི། །ཚིགས་བཅད་ཀྱིས་ནི་ཞུ་བར་བྱ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེན་པོའི་ཚེ་སྩལ་པ། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །རྡོ་རྗེ་མཁའ་སོགས་བདག་ལ་སྩོལ། །ཅེས་སློབ་མས་ཞུས་པ་དང༌། བླ་མས་སྐད་ཅིག་མ་གཅིག་བསམ་གཏན་གྱི་ཡིད་ཀྱིས་གནས་ནས། དེ་དབང་བསྐུར་བའི་དོན་དུ་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་མཆོག་སྤྲོའོ། །ངོས་སུ་རྒྱལ་མཚན་འཕན་ལ་སོགས། །གླུ་དང་རྔ་སོགས་མང་པོ་རྣམས། །གདུགས་དང་བླ་བྲེའི་འོག་གནས་སུ། །གནས་པའི་སློབ་མ་འདི་སྐད་བརྗོད། །དབང་བསྐུར་རིན་ཆེན་ཆེན་པོ་ནི། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ལས་གཉིས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་གཤེགས། །ཐམས་ཅད་ཐབས་ཀྱི་ཆོ་ག་ཡིས། །ཐམས་ཅད་བླ་མེད་མཆོད་པ་དང༌། །ཕྱི་ནས་རྡོ་རྗེ་ལག་ནས་ལག །སློབ་མ་རྡོ་རྗེ་བརྟུལ་ཞུགས་སྦྱིན། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་ཆེན་པོ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་གཙོ། །ཤེས་རབ་ཕ་རོལ་ཕྱིན་བྱུང་བའི། །རྡོ་རྗེ་དྲིལ་བུ་ཞེས་བྱའི་མིང༌། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཡང་ནི་དེ་ལ་དྲིལ་བུ་སྦྱིན། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །རྒྱལ་བས་བྱང་ཆུབ་མཆོག་གསུངས་པ། །ཁྱོད་ཀྱིས་


DTG004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནི་རྟག་ཏུ་ཟུང༌། །འདི་ཉིད་ཀྱི་ནི་དོན་དུ་ནི། །རྡོ་རྗེ་རབ་གནས་རྡོ་རྗེ་ནི། །ཆེ་དང་དྲིལ་བུ་ཆེན་པོ་ཟུང༌། །དེང་ཉིད་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །མཁའ་འགྲོ་ལྔ་དང་ལྡན་པ་དང༌། །དམ་ཚིག་ལྔ་ཡིས་གང་བ་དང༌། །མཁའ་འགྲོ་མ་ཡི་ཚོགས་ལྡན་པས། །རྡོ་རྗེ་སློབ་མ་དབང་བསྐུར་བྱ། །དཀྱིལ་འཁོར་དམ་པ་ཞེས་སུ་གསུངས། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ཞེས་བཤད་པ་སྟེ། །སེམས་ནི་གཞལ་ཡས་སྲིད་ཉིད་དོ། །དེ་ཡི་ཕྱི་རོལ་གྲུ་བཞི་པའི། །ཚད་ནི་མཉམ་པ་ཉིད་གྱུར་པའོ། །གང་ཞིག་བྱམས་པ་ལ་སོགས་སེམས། །ཐིག་བཞི་ཞེས་པ་བརྗོད་པ་ཉིད། །ཐིག་གང་ཡང་དག་བཤད་པ་ནི། །སྦྱོར་བས་ཆོས་ཀྱི་རྗེས་དྲན་པའོ། །ལྟ་བ་ཀུན་ལས་རྣམ་གྲོལ་བ། །ཡེ་ཤེས་ཐིག་དུ་བརྗོད་པ་ཉིད། །རྒྱན་གང་ཡང་དག་བཤད་པ་ནི། །ཚུལ་ཁྲིམས་ཀྱི་ནི་སྡོམ་པ་མཆོག །དབང་པོ་གཉིས་ལ་སོགས་པའི་སེམས། །ལྔ་ནི་ར་བར་འབྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་པར་ཐར་པ་རྣམ་པ་བཞི། །ཡང་དག་སྤོང་བ་བཞི་པོ་ནི། །རྟ་བབས་ཀ་བ་ཉིད་དུ་བརྗོད། །དྲན་པ་ཉེ་བར་གཞག་པ་བཞི། །ཁ་ཁྱེར་བཞི་ནི་བརྗོད་པ་ཉིད། །སྒོ་གང་རྣམ་པ་བཞི་པོ་དེ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དེ་བཞིན་མེ་ཏོག་ཕྲེང་འབྲི་བ། །བྱང་ཆུབ་ཡན་ལག་ཕྲེང་བ་བདུན། །འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཀ་བ་བརྒྱད་པོ་ཞེས་བརྗོད་དོ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་ཡོངས་སུ་གྲགས། །གང་ཞིག་དོ་ཤལ་བཤད་པ་ནི། །ཉོན་མོངས་ཐམས་ཅད་བཅད་པའི་ཕྱིར། །ཀུན་དུ་བཅད་པའི་ངོ་བོ་ཡིས། །ཉོན་མོངས་འཕྲོག་པས་དོ་ཤལ་ཉིད། །ཚོགས་གཉིས་དག་ནི་སྦྱོར་བ་ལས། །འཁོར་ལོ་ཡི་ནི་གནས་པ་ཉིད། །ཉོན་མོངས་རྣམས་ནི་ཕྱེད་གཅོད་པས། །དོ་ཤལ་ཕྱེད་པ་ཉིད་དུ་བརྗོད། །འདི་ནི་དཀྱིལ་འཁོར་གྱི་དེ་ཁོ་ནའོ། །མདོར་བསྡུས་པས་ནི་ཕུང་པོ་ལྔ། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་དུ་བཤད་པ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །


DTG004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དང་རླུང་དུ་རབ་ཏུ་གྲགས། །གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟད་པ་གཤིན་རྗེ་མཐར། །དེས་ནི་ཕུང་པོ་མཐར་བྱེད་འགྱུར། །དེས་ནི་ཤེས་བྱ་མཐར་བྱེད་འགྱུར། །ཞེ་སྡང་ཞེ་སྡང་ལོངས་སྤྱོད་པས། །ཞེ་སྡང་ཟད་པ་ཤེས་རབ་མཐར། །དེས་ནི་སེམས་ཀྱི་མཐར་བྱེད་འགྱུར། །དེས་ནི་ཉོན་མོངས་མཐར་བྱེད་འགྱུར། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །འདོད་ཆགས་ཟད་པ་པད་མཐར་བྱེད། །དེས་ནི་ངག་གི་མཐར་བྱེད་འགྱུར། །སྙོམས་འཇུག་མཐར་བྱེད་དེ་བཞིན་ནོ། །གང་ལ་ཉོན་མོངས་ཀུན་ཟད་པ། །དེ་བཞིན་ལས་ཀུན་ཟད་པ་ཉིད། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་ནི་མཐར་བྱེད་ཅེས་བརྗོད་དོ། །འདི་ནི་ལྷའི་དེ་ཁོ་ན་ཉིད་ཕྱིར་མི་ལྡོག་པའི་སློབ་དཔོན་གྱི་དབང་ངོ༌། །མི་བསྐྱོད་སྦྱང་བ་བྱས་པ་དང༌། །རྟག་པའི་དྲན་པ་བྱས་ནས་ནི། །སློབ་མ་རིང་མིན་འདུག་པར་ནི། །བྱས་ནས་བླ་མས་དེ་མ་ཐག །མིག་ལ་གོས་ལ་སོགས་པས་དགབ། །བརྟགས་པའི་སྟན་ལ་བཞག་ནས་ནི། །ཕྱག་རྒྱ་ལྡན་པས་ཞུགས་པ་དང༌། །རྡོ་རྗེ་སྦྱོར་བ་བརྩམ་པར་བྱ། །རང་གི་ལྷག་པའི་ལྷར་སྦྱོར་བས། །རྡོ་རྗེ་ས་བོན་སྦྱོར་བས་ནི། །སློབ་མ་རྟག་པར་བསམས་ནས་ནི། །རྒྱུད་ཀྱི་རིགས་ཀྱི་མིང་གིས་ནི། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །བདག་གིས་གསང་བའི་དབང་བསྐུར་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །དེ་ནས་མི་ཟད་དོགས་པ་ཡི། །ཉ་ཕྱིས་ལ་སོགས་འཛིན་སྤངས་པའི། །ལྕེ་ཡི་དག་པའི་ལྕེ་རྩེ་ཡིས། །གཉིས་ལས་བྱུང་བས་ལེན་དུ་གཞུག །བླ་མེད་འདི་ནི་དེ་ཉིད་དེ། །གཉིས་སུ་མེད་ཅིང་མི་འགྱུར་བ། །ཆོས་ཀྱི་དབྱིངས་ཀྱི་རྣམ་པའི་འོད། །དམ་པའི་བདེ་བ་མྱང་བར་གྱིས། །གཡས་པ་མཆོག་སྦྱིན་སྙིང་གར་ནི། །ཁུ་ཚུར་ཆོས་གོས་ཟེའུ་འབྲུ་དང༌། །དེ་ཡི་མགྲིན་པར་དྲིལ་ཕྱག་མཚན། །གཏད་ནས་རྡོར་འཛིན་བླ་མས་ནི། །དབུགས་འབྱིན་ཐམས་ཅད་བྱིན་ནས་ནི། །ཤཱཀྱ་ཐུབ་པར་རང་གྱུར་པས། །སློབ་མ་ཆེན་པོ་ལུང་བསྟན་ཏེ། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །ཁྱོད་ལ་འཆི་འཇིག་མྱ་ངན་མེད། །སྐྱེ་མེད་དགའ་དང་ནད་མེད་ཅིང༌། །ཐེག་པ་བདེ་ཆེན་འདི་ལས་ནི། །


DTG004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བུ་ཆེན་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་བདེ་གཤེགས་ཀྱི། །ང་ཡིས་འདི་ལྟར་ཁྱོད་ལུང་བསྟན། །ཤིན་ཏུ་སྲིད་པ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ལས་བསྒྲལ་ཏེ། ཀྱེ་རང་གི་ལྷག་པའི་ལྷ་ཡི་མཚན། །དེ་བཞིན་གཤེགས་པ་ས་འོག་དང༌། །མི་ཡུལ་མཐོ་རིས་འགྲུབ་པ་ཉིད། །འདི་ནི་ལུང་བསྟན་པ་དང་གསང་བའི་དབང་དག་གོ །གོང་མའམ་ཡང་ན་གཞན་ངག་ནི། །རྒྱུད་གཞན་གསུངས་པའི་རིམ་པས་ནི། །དཔག་མེད་སྦྱོར་བས་སྦྱིན་པ་ལ། །ཕྱག་རྒྱ་བཟང་པོ་རབ་ཏུ་བརྟག །ལྷ་མོ་དགའ་སྦྱིན་ཐར་སྦྱིན་ལ། །སྣ་ཚོགས་གཟུགས་ཅན་སྙིང་རྗེ་ཅན། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །རྡོ་རྗེ་འཆིང་བའི་སྦྱོར་བས་ནི། །རྡོ་རྗེ་མཆོད་པ་ཡང་དག་བརྩམ། །རྡོ་རྗེ་སེམས་ནི་ཕྱུང་ནས་ནི། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །མཉམ་པའི་ཁུ་བའི་ཆོ་ག་ལས། །དཀྱིལ་འཁོར་དམ་པ་བྲི་བ་ཉིད། །ཧཾ་མཾ་བསམ་གཏན་བསྐྱེད་བྱས་ནས། །དེ་བཞིན་དབུགས་ནི་འབྱིན་པར་བྱ། །གསང་བའི་དཀྱིལ་འཁོར་དམ་པ་ཉིད། །མཆོག་ཏུ་བཅུག་ཅིང་མཐོང་བ་ནས། །ངན་འགྲོ་ཀུན་ལས་རྣམ་པར་གྲོལ། །ཁྱེད་རྣམས་དེང་ཉིད་ལེགས་པར་གནས། །ཐེག་པ་བདེ་ཆེན་འདི་ལས་ནི། །ཁྱོད་ལའང་འཆི་བ་ཡོད་མ་ཡིན། །སྤོབས་མིན་འཆད་པའི་འོས་མིན་པས། །གང་ལའང་འཇིགས་མེད་བརྩེ་བར་གྱིས། །དམ་ཚིག་སྡོམ་པ་གྲུབ་པ་ནི། །སངས་རྒྱས་ཀུན་གྱིས་མཉམ་གསུངས་པ། །བཀའ་མཆོག་རྟག་པ་ཉིད་དུ་ནི། །འདི་ནི་ཁྱོད་ཀྱིས་རྟག་ཏུ་སྲུངས། །སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་རྣམས་སྨོད་པར་བྱེད་པ་ནི། །ཇི་ལྟར་ཡང་ནི་སྨྲ་བ་མིན། །སྐལ་མེད་དེ་ཉིད་གཏམ་མི་བྱ། །སྐལ་ལྡན་སེམས་ཅན་སླུ་མི་བྱ། །བདག་གི་ལུས་ལ་དེས་མི་སྨད། །ཆོས་ཀྱི་ཚད་ནི་གཟུང་མི་བྱ། །བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུའང་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་


DTG004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལ་གཏོར་མ་སྦྱིན། །ཞེས་བྱ་བ་ལ་སོགས་པ་དབུགས་དབྱུང་བ་རྒྱས་པར་བྱའོ། །ཤེས་རབ་ཀྱི་ནི་དབང་བསྐུར་ནས། །སྨྲ་བྱ་བཞི་པ་དེ་རྗེས་བརྗོད། །རྡོ་རྗེ་དྲིལ་བུ་བདེ་དབྱངས་ཀྱི། །གཉིད་ཀྱིས་མིག་ནི་རྒྱས་བཏབ་པ། །སངས་རྒྱས་སད་དང་གཉིད་ལོག་འདི། །བཞི་པ་གསལ་བར་འོས་པ་ཉིད། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །འདི་ནི་བླ་མ་དམ་པའི་ཞལ་ལས་སྤྱད་པ་བཞི་པའོ། །དབང་བསྐུར་ནས་ཅི་ཞིག་བྱ་ཞེས་སྙམ་པ་ལ། །དེ་ལ་དེ་ཉིད་བསྟན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་དེ་ཁོ་ན་ཉིད་དང་མཉམ་པ་ཉིད་དམ་དེ་ཁོ་ན་ཉིད་དང་འདྲ་བའམ། དེ་ཁོ་ན་ཉིད་དབྱེར་མེད་པའམ། དེ་ཁོ་ན་ཉིད་མཚོན་པར་བྱེད་པའོ། །དེ་ཁོ་ན་གསུངས་པ་གང་ཡིན་ཞེས་སྙམ་པ་ལ། དགའ་བྲལ་དང་ཕོ་མཆོག་མཐའ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །བླ་མས་འཆད་པར་འགྱུར་རོ། །མཐའ་ཡི་མཐའ་ཡིས་ཆེ་བ་ཉིད། །ཅེས་བྱ་བ་ནི། དེའི་དུས་སུ་འབྱུང་བའི་ཐབས་དང་ཤེས་རབ་དག་གིས་མཆོག་གི་མཆོག་གོ །རེ་ཞིག་མཚོན་པར་བྱེད་པ་ནི་དེ་ལྟ་བུ་ཡིན་ན་ཡང༌། མཚོན་པར་བྱ་བ་ཇི་ལྟ་བ་ཡིན་ཞེས་དོགས་པ་ལ། །རང་གི་གཡས་ལས་ལག་གཞན་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་པ་གཡོན་པའི་སྲིན་ལག་དང༌། མཐེ་བོང་རྒན་པོ་དག་གིས་བླ་མའི་མན་ངག་གིས་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྒྱ་མཚོ་ལྟ་བུ་ལས་སྐྱེ་བའི་རླབས་གཉིས་ནི་དབའ་རླབས་གཉིས་སོ། །བཙིར་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བའོ། །གང་ཞིག་རྒྱུད་གཞན་གྱི་ལུགས་ཀྱིས། རྒན་པོའི་སྲིན་ལག་དག་གིས་ནི། །སློབ་མའི་ཁར་ནི་བཏུང་བར་བྱ། །ཞེས་བྱ་བ་ནི་གསང་བའི་དབང་ལ་སྦྱོར་བར་བྱེད་པ་དེ་རྣམས་ཀྱིས་འདི་མི་དྲན་པ་སྟེ། དེ་ནི་ལག་ཏུ་མི་བླང་ཞིང༌། །ཉ་བྱས་དུང་ཆོས་ཉིད་དུ་མིན། །མི་འཆི་ལྕེ་ཡིས་བླང་བ་ཉིད། །ཅེའོ། །ཡིན་མོད་ཀྱི་གལ་ཏེ་དེ་ལྟར་ན་དེ་ཉིད་དེའི་ཚེ་བྲམ་ཟེ་བོར་ནས་སྟན་ཁོ་ན་ལ་ཆེར་གུས་པ་ཞེས་བྱ་བའི་རིགས་པ་འདི་རྙེད་པར་འགྱུར་ཏེ། གང་གི་ཕྱིར་འབད་པས་མཚོན་པར་བྱེད་པ་ཉིད་ལས་ཡང་མཚོན་པར་བྱ་བ་མི་ཤེས་པ་ཉིད་


DTG004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པར་གྱུར་ཏོ་ཞེ་ན། རླབས་གཉིས་བཙིར་བས་རྟོགས་པར་བྱའོ། །མཚོན་པར་བྱ་བ་བསྟན་པར་མི་ནུས་པས། དཔེ་གཉིས་ཀྱིས་གསུངས་པ། གཞོན་ནུའི་དགའ་བ་ཇི་ལྟ་བའམ། ལྐུགས་པའི་རྨི་ལམ་ཞེས་བྱ་བ་ནི། ཇི་ལྟར་གཞོན་ནུ་མས་དགའ་བ་མི་ཤེས་པ་ལ། ལྐུགས་པས་རྨི་ལམ་དུ་མྱོང་བ་དགའ་བའི་བདེ་བའམ། རྨི་ལམ་མཐོང་བ་བསྒྲགས་པར་འདི་གཉིས་མི་ནུས་པ་དེ་བཞིན་དུ་མཚོན་པར་བྱ་བའི་ཡེ་ཤེས་སུ་གྱུར་པ་འདི་ཡང་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མཚོན་པར་བྱེད་པ་གང་གི་མཚོན་པར་བྱ་བ་དེ་ཅི་ཞེས་སྙམ་པ་ལ། མཆོག་གི་མཐའ་དང་དགའ་བྲལ་དབུས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་བླ་མས་འཆད་པར་འགྱུར་རོ། །སྟོང་དང་སྟོང་མིན་ལྷན་ཅིག་སྐྱེས། །ཞེས་བྱ་བ་ལ་འདི་ཉིད་ནི་ཧེ་རུ་ཀ་སྟེ། ལྷན་ཅིག་སྐྱེས་པ་ནི་དཔལ་ཧེ་རུ་ཀ་ཞེས་གསུངས་སོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་ལེའུ་ལྔ་པའོ།། །།

དྲུག་པ། བྲིས་སྐུའི་ཆོ་གའི་ལེའུ།


DTG004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་རྣམ་པར་གཟུང་བ་ཕྱག་རྒྱའི་རང་གི་ངོ་བོ་གཟུང་བ་སྔོན་དུ་འགྲོ་བ་ཅན་གྱི་བྲིས་སྐུའི་ཆོ་གའི་ལེའུ་དྲུག་ཏུ་གསུངས་པ། བླ་མ་སློབ་དཔོན་འདོད་ལྷ་ཡི། །ཞེས་བྱ་བ་ལ་སོགས་པའོ། །རེ་ཞིག་ཕྱག་རྒྱའི་དེ་ཁོ་ན་བཤད་ནས། ཡང་བྲིས་སྐུའི་ཆོ་ག་ཇི་ལྟ་བུ་ཞེས་སྙམ་པ་ལ། འདྲི་མཁན་དམ་ཚིག་ཅན་དང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པ་པོ་ཡང་ཞེས་བྱ་བ་ནི། བྲིས་སྐུ་ཆེ་སྟེ་ལྷ་ལ་སོགས་པ་འདེབས་པ་པོ་སྟེ་དེས་སོ། །དེ་ནས་རྒྱུད་ལས་གསུངས་པའི་བསྲུང་བར་བྱ་བ་དང༌། བཟའ་བར་བྱ་བའི་དམ་ཚིག་དག་འདི་ལ་སྤྱོད་པའི་ཕྱིར་དམ་ཚིག་ཅན་ནོ། །དེ་བས་ན་དམ་ཚིག་ཅན་ནི་རི་མོ་མཁས་དང་སྒྲུབ་པ་པོའི་ཡང་ཕྱིར། འབྲི་མཁན་ཡང་དམ་ཚིག་ཅན་གྱིས་སོ། །འདྲི་མཁན་དང་སྒྲུབ་པ་པོ་དག་འབའ་ཞིག་དམ་ཚིག་ཅན་མ་ཡིན་ཞིང༌། བྲིས་སྐུའི་སྐུད་པ་འཁལ་བ་ཡང་དམ་ཚིག་ཅན་དུ་བསྟན་པའི་ཕྱིར། དེ་ཡང་དམ་ཚིག་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམ་ཚིག་བྱིན་རླབས་ལས་ཞེས་བྱ་བ་ནི་དམ་ཚིག་བརྟན་པ་ལས་སོ། །རྣམ་པ་ཐམས་ཅད་དུ་ཆོ་ག་འདི་ནི་མ་


DTG004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། འོན་ཀྱང་དུས་ཀྱི་ཁྱད་པར་ཉིད་རྟོགས་པར་བྱ་བའི་ཕྱིར། ཟླ་བ་ཉ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྲིས་སྐུ་བསྒྲུབ་པའི་རིམ་པ་གསུངས་པ། རང་གི་ཕྱག་རྒྱ་གཡོན་དུ་བཞག །ཅེས་བྱ་བ་ལ་སོགས་པའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་བྲིས་སྐུའི་ཆོ་གའི་ལེའུ་སྟེ་དྲུག་པའོ།། །།

བདུན་པ། བཟའ་བའི་ལེའུ།


DTG004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་གྱི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་བཟའ་བ་བརྗོད་པའི་ཕྱིར་ལེའུ་བདུན་པ་གསུངས་པ། གྲོ་གར་དམ་ཚིག་ཅན་གྱིས་བྲི། །ཞེས་བྱ་བ་ལ་སོགས་པའོ། །གླེགས་བམ་བརྗོད་ནས་བཟའ་གསུངས་པ། ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་ཚོགས་ནི་འཁོར་ཏེ། རྣལ་འབྱོར་མ་བརྒྱད་དང་མཁའ་འགྲོ་མ་ལྔ་རྣམས་སོ། །ཡང་ན་དེ་ལྟར་ཡོངས་སུ་བརྟགས་པའི་སྲིད་མོ་དང་སྤུན་གྱི་ཚོགས་རྣམས་སོ། །དེ་རྣམས་ཀྱི་འདུ་བ་ནི་ཚོགས་ཀྱི་འཁོར་ལོར་རོ། །བཟའ་བ་གྲུབ་པའི་གནས་ནི། །དུར་ཁྲོད་རི་ཡི་བྱ་སྐྱིབས་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་མེད་ཕྱི་རོལ་རིའི་བྱ་སྐྱིབས་ནི་རིའི་བྲག་ཕུག་གོ །དུར་ཁྲོད་ནི་ཡི་དགས་ཀྱི་གནས་སུ་རབ་ཏུ་གྲགས་པའོ། །ནང་གི་ལ་ཡང་པུ་ལ་གི་རི་དང༌། པུ་ལླཱི་ར་མཱ་ལ་ཡའོ། །དུར་ཁྲོད་ནི་གང་ལས་བཅོམ་ལྡན་འདས་ཀྱིས་དབུགས་རྒྱུ་ཞེས་བྱ་བ་ལ་སོགས་པའོ། །མི་མེད་གྲོང་ཁྱེར་ཞེས་བྱ་བ་ནི་རབ་ཏུ་སོང་བའི་གྲོང་ཁྱེར་རོ། །དབེན་པའམ་རྒྱ་མཚོའི་མཐར་ཞེས་བྱ་བ་ནི་ནམ་མཁའ་ཆུ་འཛིན་པའི་ངོས་སུའོ། །བཟའ་བ་ནི་ཡེ་ཤེས་ཡོངས་སུ་སྐྱོང་བའོ། །དེ་ལ་ཞེས་བྱ་བ་ནི་བཟའ་བའི་གནས་སོ། །གདན་དུ་ཞེས་བྱ་བ་ནི་འདིར་འདུག་པའི་ཕྱིར་གདན་ནོ། །བརྟག་པ་དང་ནི་རྣམ་པར་བརྟག་པར་བྱ་བའོ། །དགུའི་གྲངས་ནི་ཕུང་པོ་ལྔ་དང་ཁམས་བཞིའོ། །རོའི་གཟུགས་ནི་ཤེས་རབ་ཀྱི་རང་བཞིན་ནོ། །སྟག་ནི་ཁྱད་པར་གྱིས་ཀུན་དུ་བསྣོལ་བའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པའི་སེམས་སོ། །དེའི་པགས་པ་ནི་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་དོན་གྱི་རྣམ་པར་རྟོག་པའོ། །དུར་ཁྲོད་རས་ནི་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོའི་སྒྲིབ་པ་སྟེ། རང་གི་ལྷའི་མངོན་པར་ཞེན་པའོ། །གང་དུ་གང་དེ་ལྟར་དགོད་པར་བྱ་ཞེས་སྙམ་པ་


DTG004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དབུས་སུ་ཧེ་རུ་ཀ་བདག་གཟུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་ཀྱེའི་རྡོ་རྗེའི་རང་གི་གཟུགས་ཀྱི་བདག་ཉིད་ཐབས་དང༌། ཤེས་རབ་གཉིས་ཀྱི་ལུས་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་རྣམས་ཀྱི་རྩ་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱིའོ། །དེ་ནས་ཞེས་བྱ་བ་ནི་བཟའ་བའི་དུས་སུའོ། །དགོད་ཅེས་བྱ་བ་ནི་ལས་ཀྱི་དྲུག་པའོ། །ཇི་ལྟར་དགོད་སྙམ་པ་ལ། གནས་ཤེས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་ནི་འབར་བ་འཛིན་པ་ལ་སོགས་པ་ཇི་སྙེད་པའི་རྩ་རྣམས་སོ། །ཇི་ལྟར་མངོན་བཞིན་ཞེས་བྱ་བ་ནི་གླེང་གཞིའི་ལེའུ་ལས་གསུངས་པའི་རྩའི་འཁོར་ལོ་རྣམས་སམ། བརྡའི་ལེའུ་ལས་གསུངས་པའི་གནས་ཇི་ལྟ་བའོ། །ཕྱོགས་ཞེས་བྱ་བ་ནི་མདུན་དང་གཞན་དང་གཡས་དང་གཡོན་དུ་གནས་པའོ། །ཕྱོགས་བྲལ་ནི་མཐའི་མཚམས་སོ། །ཕྱོགས་དང་ཕྱོགས་བྲལ་དེ་རྣམས་སུ་དེ་ལྟར་ལུགས་འདིས་ངེས་པའི་དོན་བཤད་པས་དེ་ཁོ་ནའི་དོན་གསལ་བ་ཉིད་དོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་བཟའ་བའི་ལེའུ་སྟེ་བདུན་པའོ།། །།

བརྒྱད་པ། འདུལ་བའི་ལེའུ།


DTG004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བ་ལ་འདུས་པ་རྣམས་ཀྱི་སྤུན་དང་བུ་མོ་ལ་སོགས་པ་རྣམས་དང༌། མ་དང་སྲིད་མོ་ལ་སོགས་པ་རྣམས་ཀྱིས་གདུལ་བའི་དོན་དུ་བརྒྱད་པ་གདུལ་བའི་ལེའུ་གསུངས་པ། དེ་ལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ་ཞེས་བྱ་བ་ནི། དེ་ནི་ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོ་སྟེ། ཐུགས་ཀྱི་རིགས་ལས་བྱུང་བའི་མཱ་མ་ཀཱིའོ། །ཡང་གསུངས་པ། ཕྱག་རྒྱ་ཆེན་པོ་མཱ་མ་ཀཱི། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །དམ་ཚིག་ཕྱག་རྒྱ་སྒྲོལ་མ་སྟེ། །ཆོས་ཀྱི་ཕྱག་རྒྱ་གོས་དཀར་མོ། །ཞེའོ། །དེ་ཅི་དོན་དམ་པར་བསྟན་ཅིང་བསྒྲགས་པར་ནུས་སམ་ཞེས་དོགས་པ་ལ། ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་རྣམ་པ་ནི་ཐ་སྙད་ལས་བྱུང་བའི་རྣམ་པའོ། །དེའི་གཟུགས་ནི་མང་བ་སྟེ། དེ་བས་ན་མང་བས་ན་ཀུན་རྫོབ་ཀྱི་རྣམ་པའི་གཟུགས་ཀྱིས་སོ། །དེའི་རྣམ་པ་གསུངས་པ། ཤིན་ཏུ་རིང་མིན་ཞེས་བྱ་བ་ལ་སོགས་པ་ནི། རིང་པ་དང་ཐུང་བདག་ཤིན་ཏུ་དགག་པ་དག་ཚང་


DTG004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་བསྟན་པའི་ཕྱིར་རོ། །གནག་པ་དང་དཀར་བ་ཞེས་བྱ་བ་ནི་རབ་ཏུ་དགག་པ་ལས་སྔོ་བསངས་མར་རྟོགས་པར་བྱ་བའི་ཕྱིར་རོ། །པདྨའི་འདབ་མའི་རྣམ་འདྲ། །ཞེས་བྱ་བ་ནི་འདིས་རྣམ་པར་འབྱེད་པ་དང་གསལ་བར་བྱེད་པའི་རྣམ་པ་སྟེ། བུད་མེད་ཀྱི་གསལ་བྱེད་དོ། །པདྨའི་འདབ་མ་འདྲ་ཞེས་བྱ་བ་ནི། པདྨའི་འདབ་མ་ལྟར་འདི་ཉེ་གནས་འཇམ་པའི་ཕྱིར་པདྨའི་འདབ་མ་ལྟ་བུའི་རྣམ་པའོ། །ལྷག་མ་ནི་གོ་སླའོ། །གསུངས་པའི་མཚན་ཉིད་ཀྱི་ཕྱག་རྒྱ་འདི་འཇིག་རྟེན་གྱི་ཁམས་པས་ཇི་ལྟར་ཤེས་ཞེས་དོགས་པ་ལ། །ཕལ་པས་པདྨ་ཅན་དུ་བརྗོད། །ཅེས་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་མཚན་ཉིད་མི་ཤེས་པ་རྣམས་དང༌། མཁས་པ་མ་ཡིན་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་པདྨ་ཅན་དུ་བརྗོད་དོ། །དེ་བཞིན་དུ་ཡང་ཙ་རའི་བུས་བརྗོད་པ། ཤིན་ཏུ་རིང་བ་མ་ཡིན་པ་དང༌། ཤིན་ཏུ་ཐུང་བ་མ་ཡིན་པ་དང༌། ཤིན་ཏུ་གནག་པ་མ་ཡིན་པ་དང༌། ཤིན་ཏུ་དཀར་བ་མ་ཡིན་པ་དང༌། ཤིན་ཏུ་སྦོམ་པ་མ་ཡིན་པ་དང༌། ཤིན་ཏུ་སྐེམས་པ་མ་ཡིན་པ་དང༌། སྐྱེས་བུའི་སྐྱོན་རྣམས་མི་འབྱུང་བ་དང༌། ཆ་ཤེས་པ་དང༌། ཀུན་རྫོབ་ཀྱི་གྲོས་དང༌། བརྡུང་བ་ཤེས་པ་དང༌། གར་ཤེས་པ་དང༌། གླུ་ཤེས་པ་དང༌། མཛེས་པ་དང་རྟག་ཏུ་འབབ་པ་དང༌། སྤུ་སྤངས་པ་དང༌། ཚད་དང་ལྡན་པ་དང༌། ལག་པ་དང་རྐང་པའི་ཡན་ལག་མཉེན་པ་དང༌། འཇམ་པར་སྨྲ་བ་ཞེས་བྱ་བ་ལ་སོགས་པ་མང་པོས་པདྨ་ཅན་ལ་བསྟོད་དོ། །རྒྱུད་གཞན་ལས་ཀྱང༌། རི་བོང་ཅན་གྱི་བཞིན་དང༌། སྔོ་བསངས་དང༌། ཉུང་བའི་ཡན་ལག་དང༌། དལ་གྱིས་འགྲོ་བ་དང༌། མགྲིན་པ་རིང་བ་དང༌། པདྨའི་དྲི་དང་ལྡན་པའི་རྔུལ་དང༌། རི་དྭགས་ཀྱི་ལྟ་སྟངས་དང༌། རི་དྭགས་ཀྱི་མགྲིན་པ་དང༌། རི་དྭགས་ཀྱི་ལྟོ་བ་དང༌། རི་དྭགས་ཀྱི་རྒྱལ་པོའི་རོ་སྨད་དང༌། རྐེད་པ་དང༌། པདྨའི་འདབ་མ་ལྟ་བུའི་ཉེ་གནས་དང༌། དངོས་གྲུབ་སྦྱིན་མ་ནི་པདྨ་ཅན་གསུངས་སོ། །འདིའི་ཉེ་གནས་ཀྱང་གསུངས་པ། །སྤུ་མེད་ཤ་ལྡན་སྦོམ་པོ་སྟེ། རུས་སྦལ་རྒྱབ་འདྲ་དགེ་བ་ཉིད། །གླང་པོའི་དབང་པོ་མགྲིན་པ་མཚུངས། །རྒྱས་ཤིང་ཤིན་ཏུ་མྱོས་བྱེད་འབབ། །ལྷ་མོ་ཆེན་མོ་འདི་གཅིག་གིས། །ནང་གི་ཡོན་ཏན་སྦྱིན་པ་མོ། །


DTG004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པར་སྐལ་བཟང་ཤེས་པར་བྱ། །སྒྲུབ་པ་པོ་ལ་མཆོག་རབ་སྦྱིན། །ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་གཟུགས་ཞེས་བྱ་བ་ནི་རང་གི་ངོ་བོ་སྟེ། དེ་འདི་ལ་ཡོད་པའི་ཕྱིར། ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མའོ། །དེ་རྙེད་ནས་ནི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་གསུངས་པའི་མཚན་ཉིད་ཡང་དག་པར་ཐོབ་ཅིང་འགྲུབ་པར་འགྱུར་ཏེ། དེའི་དོན་དུ་འདི་ལྟ་བུའི་ཕྱག་རྒྱ་བཙལ་བར་བྱའོ། །ལེའུ་གང་ལས་གསུངས་པའི་ཕྱག་རྒྱས་འདུལ་བར་བྱེད་པ་དང༌། འདུལ་བ་ལེན་པར་བྱེད་པ་དང༌། འདུལ་བར་བྱེད་པའི་ཕྱིར་དབང་པོ་རྣམས་འདུལ་བ་དེ་ནི་འདུལ་བའི་ལེའུའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་འདུལ་བའི་ལེའུ་ཞེས་བྱ་བ་སྟེ་བརྒྱད་པའོ།། །།

དགུ་པ། སྔགས་བཏུ་བའི་ལེའུ།


DTG004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཚར་གཅད་པ་སྔོན་དུ་འགྲོ་བའི་སྔགས་ཀྱི་ལེའུ་བརྗོད་པའི་ཕྱིར། དེ་ནས་ཁ་སྦྱར་འབྱེད་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་སྦྱར་ནི་ལྟེ་བ་དང༌། རྩ་ལ་སོགས་པ་ལྟ་བུར་པགས་པ་དང༌། བ་སྤུ་ལ་སོ་ཞེས་པ་རྣམས་ཀྱིས་བཀབ་པའི་ཕྱིར། ཡང་དག་པའི་ཁ་སྦྱར་ལྟ་བུ་སྟེ། ལུས་ལ་བརྗོད་དོ། །ཡང་ན་ཁ་སྦྱར་ནི་ཐབས་དང་ཤེས་རབ་གཉིས་སོ། །དེ་ལ་ཐབས་ནི་ལུས་སོ། །ཤེས་རབ་ནི་རྣམ་པར་ཤེས་པའོ། །དེ་དག་འདུས་པ་ནི་ཁ་སྦྱར་ཏེ། དེ་ཉིད་སྐྱེ་བོ་རྣམས་ཀྱི་ལུས་སུ་བརྗོད་དོ། །དེ་ལས་འབྱེད་པ་ནི་ལུས་རྣམ་པར་ཤེས་པ་འབྱིན་པ་སྟེ་ཁ་སྦྱར་འབྱེད་པའོ། །དེ་གང་གིས་མཚོན་པ་དང་བྱེད་པ་དེ་ནི་ཁ་སྦྱར་འབྱེད་པའི་མཚན་ཉིད་དོ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །ཞེས་བྱ་བ་ནི་གང་གིས་ཀུན་དུ་ཤེས་པ་ཙམ་གྱིས་ཏེ་བྱ་བ་གཞན་ལ་མི་ལྟོས་པར་ཁ་སྦྱར་འབྱེད་པའོ། །སྒྲུབ་པ་པོ་དངོས་གྲུབ་ཅེས་བྱ་བ་ནི་ཁ་སྦྱར་འབྱེད་པ་ཟིན་ཅིང་ཐོབ་བའོ། །དེ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། །བསྒྲུབ་བྱའི་ལྟེ་བའི་རྩ་བ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚར་གཅད་པ་མདུན་ན་གནས་པའི་ལྟེ་བ་གདོན་པར་བྱ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་སྐྲག་པར་སྐྱེད་ཅེས་བྱེད་པ་སངས་རྒྱས་པ་དང་འགལ་བར་བྱེད་པ་ཁ་སྦྱར་འབྱེད་པའི་མཚན་ཉིད་འདི་གསུངས་སོ་ཞེས་དོགས་པ་སུན་དབྱུང་བར། སྙིང་རྗེས་བསད་པར་བྱ་བ་ཉིད། །ཅེས་བྱ་བ་ལ་སོགས་


DTG004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུངས་ཏེ། སྙིང་རྗེས་འཇིགས་པ་མེད་པ་དང་འགལ་བ་མེད་པར་བྱ་བ་ཉིད་དོ། །གཞན་དུ་ན་ཡང་དེ་བཞིན་གཤེགས་པའི་བསྟན་པ་ལ་གནོད་པར་བྱེད་པ་དང༌། ཕ་མ་ལ་གནོད་པར་བྱེད་པ་དང༌། བླ་མ་དང༌། སངས་རྒྱས་འཇིག་པ་དང༌། མཚམས་མེད་པ་ལྔ་བྱེད་པ་རྣམས་དམྱལ་བར་འགྲོ་བར་འགྱུར་རོ། །དེ་བས་ན་ཇི་ལྟར་དམྱལ་བར་འགྲོ་བར་མི་འགྱུར་བ་དེ་ལྟ་བུ་ཉིད་དུ་བླ་མ་དང་སངས་རྒྱས་ལ་ཞུས་ནས་མཆོག་ཏུ་ཚར་བཅད་པ་ཉིད་ཀྱིས་རྗེས་སུ་གཟུང་བར་བྱའོ། །གཞན་ཡང་སྦྱོར་བ་གཞན་གསུངས་པ། སྐྱེ་བོའི་གཟུགས་མཐོང་ནས་ཞེས་བྱ་བ་ལ་སོགས་པའོ། །ཁ་སྦྱར་ཕྱེ་ནས་དེ་མ་ཐག་ཏུ་རྣམ་པར་དག་པ་གསུངས་པ། སྲིད་པ་སྦྱོར་བ་ཉམས་དགའ་བ། ཞེས་བྱ་བ་ལ་སོགས་པའོ། །དགོས་པ་གསུངས་པ། རྟོགས་མེད་དངོས་གྲུབ་སྦྱིན་པ་པོ། །ཞེས་སོ། །རྣམ་པར་དག་པ་བརྗོད་ནས་སྔགས་བཏུབ་གསུངས་པ། དང་པོར་རྣམ་པར་སྣང་མཛད་སྦྱིན། །ཞེས་བྱ་བ་ལ་སོགས་པ་ལ་སྔགས་བཏུ་བ་ནི་སྔགས་བཏུ་བ་སྟེ་གསང་བའི་སྔགས་གསལ་བར་བྱེད་པའོ། །དང་པོར་ནི་ཐོག་མར་རོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། །ཨུཥྨ་རྣམས་ཀྱི་བཞི་པ་ཞེས་བྱ་བ་ནི་ཧའོ། །པུཀྐ་སཱི་ནི་ཨུའོ། །དེས་བརྒྱན་པ་ནི་ལྡན་པའོ། །སྟོང་པས་མནན་ཞེས་བྱ་བ་ནི། །མགོ་བོར་ཐིག་ལེས་བརྒྱན་པའོ། །མདོག་དཀར་མཐར་ནི་སྭཱ་ཧཱ་སྟེ། །སྔོན་དུ་བསྙེན་པ་འབུམ་བཟླ་ཞིང༌། །བསྒྲུབ་པར་བྱ་བའི་ལུས་ལ་སྦྱར་བ་ནི་རེངས་པར་བྱེད་པའོ། །ཡིག་འབྲུའི་བདག་ནི་ཨོཾ་མོ། །མཁའ་སྤྱོད་ནི་ཨོཾ་ངོ༌། །མཐར་སྭཱ་ཧཱ་སྟེ་འབུམ་བཟླས་ནས། ཡན་ལག་གཉིས་ལ་སྦྱར་བ་ནི་དབང་དུ་བྱེད་པའོ། །འབུམ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །རིག་བྱེད་རྣམས་ཀྱི་དང་པོ་ནི་ཨོཾ་མོ། །དང་པོའི་གཉིས་པ་ནི་ཁའོ། །ཐིག་ལེར་བཅས་ཤིང་མཐར་སྭཱ་ཧཱ། ཞེས་བྱ་བས་ནི་སྐྲོད་པར་བྱེད་པའོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། །གཉིས་པའི་གསུམ་པ་ཞེས་བྱ་བ་ནི་ཛའོ། །ར་དང་ལྡན་ཞིང་ཆུ་མས་བརྒྱན། །ཞེས་བྱ་བ་ནི་ཨི་དང་ལྡན་པའོ། །ཐིག་ལེར་བཅས་ཤིང་མཐར་སྭཱ་ཧཱ། །ཞེས་བྱ་བ་ནི་སྡང་བར་བྱེད་པའོ། །ཡིག་འབྲུའི་དབང་ཕྱུག་ནི་ཨོཾ་མོ། །ལྔ་པ་ཉིད་ཀྱི་གསུམ་པ་ནི་བའོ། །མཁའ་འགྲོ་མ་ནི་ཨུ་སྟེ་དེ་དང་ལྡན་པའོ། །སྟོང་པ་དང་བཅས་ཤིང་མཐར་སྭཱ་ཧཱ་ནི་མངོན་སྤྱོད་བྱེད་


DTG004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཡིག་འབྲུའི་ཐུ་བོ་ནི་ཨོཾ་མོ། །ཧཱུཾ་དང་མཐར་སྭཱ་ཧཱ་ནི་འགུགས་པར་བྱེད་པའོ། །གཏི་མུག་རིགས་ནི་ཨོཾ་མོ། །གྷུ་དང་མཐར་སྭཱ་ཧཱ་ཞེས་བྱ་བ་ནི་གསོད་པར་བྱེད་པའོ། །དང་པོ་རྣམ་པར་སྣང་མཛད་ནི་ཨོཾ་མོ། །དང་པོ་ཉིད་ཀྱི་དང་པོ་ཉིད་ནི་ཀའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུ་དང་ལྡན་པའོ། །མཐའ་གནས་པ་ཡི་གཉིས་པ་ནི་རིའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུ་དང་ལྡན་པའོ། །ཡང་ཀ་ནི་རྡོ་རྗེ་མཁའ་འགྲོ་མ་དང་ལྡན་པའོ། །མཐར་གནས་པ་ནི་གསུམ་པ་ཞེས་བྱ་བ་ནི་ལ་སྟེ་དེ་དང་ལྡན་པའོ། །ཆོམ་རྐུན་མ་ཞེས་བྱ་བ་ནི་ཨེ་སྟེ་དེས་བརྒྱན་པའོ། །དེའི་རྗེས་སུ་ཧྲཱིཿ་དང་མཐར་སྭཱ་ཧཱ་ནི་ཀུ་རུ་ཀུ་ལླེའི་སྔགས་སོ། །ཨོཾ་ནི་དང་པོ་བཞི་པའི་གསུམ་པ་ཞེས་བྱ་བ་ནི་དའོ། །ཆོམ་རྐུན་མ་ཞེས་བྱ་བ་ནི་ཨེས་བརྒྱན་པའོ། །མཐར་གནས་པ་ཡི་བཞི་པ་ཞེས་བྱ་བ་ནི་ཝའོ། །དེ་ནས་པི་ཙུ་བཛྲ་ལྡན་པའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ཞེས་བྱ་བ་ནི་ཧའོ། །པུ་ཀྐ་སཱི་ནི་ཞེས་བྱ་བ་ནི་ཨུ་དང་ལྡན་པའོ། །སྟོང་པས་མནན་ཅིང་སུམ་འགྱུར་ཉིད། །ཅེས་བྱ་བ་དང་ལྔ་པའི་གཉིས་པ་ཞེས་བྱ་བ་ནི་ཕའོ། །གསུམ་པའི་དང་པོ་ནི་ཊའོ། །མཐར་སྭཱ་ཧཱ་ནི་ཀྱེའི་རྡོ་རྗེའི་སྙིང་པོའོ། །རྣམ་པར་སྣང་མཛད་དང་པོར་ཞེས་བྱ་བ་ནི་ཨོཾ་དང་པོར་རོ། །ཛྭ་ལ་ཛྭ་ལ་དང་ལྔ་པའི་བཞི་པ་ནི་བྷའོ། །མཐར་གནས་པ་ཡི་དང་པོ་ཞེས་བྱ་བ་ནི་ཡ་དང་ལྡན་པའོ། །གྷསྨརཱི་ནི་ཨོཾ་སྟེ་དེ་དང་ལྡན་པའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ནི་ཧའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུ་དང་ལྡན་པའོ། །སྟོང་པ་ནི་ཐིག་ལེ་དང་ལྷན་ཅིག་ཅིང་སུམ་འགྱུར་རོ། །ལྔ་པ་ནི་གཉིས་པའི་ཕའོ། །གསུམ་པའི་དང་པོ་ནི་ཊའོ། །མཐར་སྭཱ་ཧཱ་ནི་ཕྱག་བཞི་པའི་འོ། །དང་པོར་ནི་ཨོཾ་མོ། །དང་པོའི་དང་པོར་ཞེས་བྱ་བ་ནི་ཀའོ། །ནང་གི་དཀར་མོ་ཞེས་བྱ་བ་ནི་ཨེ་སྟེ་དེ་དང་ལྡན་པའོ། །གསུམ་པའི་དང་པོ་ནི་ཊའོ། །དེ་ཡང་ཨི་འདིས་བརྒྱན་པ་སྟེ་གཉིས་ཀ་ཡང་ཉིས་འགྱུར་རོ། །ལྔ་པའི་གསུམ་པ་ནི་བའོ། །གཉིས་པའི་གསུམ་པ་ནི་ཛ་སྟེ་ར་དང་ལྡན་པའོ། །མཐར་ཧཱུཾ་གསུམ་མོ། །ལྔ་པ་ཉིད་ཀྱི་གཉིས་པ་ནི་ཕའོ། །གསུམ་པའི་དང་པོ་ནི་ཊའོ། །མཐར་སྭཱ་ཧཱ་ནི་ཕྱག་དྲུག་པའི་འོ། །དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་སྔོན་དུ་ཨོཾ་མོ། །བཞི་པའི་དང་པོར་ནི་ཏའོ། །བྱིན་ཟ་ནི་རེ་ཕ་སྟེ་དེ་དང་ལྡན་པའོ། །རོ་ལངས་མ་ནི་ཨེ་སྟེ་


DTG004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་ལྡན་པའོ། །མཐར་གནས་པ་ཡི་གསུམ་པ་ནི་ལའོ། །གྷསྨརཱི་ནི་ཨོཾ་སྟེ་དེ་དང་ལྡན་པའོ། །དང་པོའི་དང་པོ་ནི་ཀའོ། །མཐར་གནས་པ་ཡི་དང་པོ་ནི་ཡ་སྟེ་དེ་དང་འདུས་པའོ། །རྡོ་རྗེ་མ་ནི་དབྱངས་ཀྱི་གཉིས་པ་སྟེ་དེ་དང་ལྡན་པའོ། །ཀྵ་ནི་ཆོམ་རྐུན་མ་ཡིས་ཞེས་བྱ་བ་ནི་ཨེ་དང་བཅས་པའོ། །ལྔ་པ་ཉིད་ཀྱི་དང་པོ་ནི་པའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ནི་ཧའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུ་སྟེ་དེ་དང་བཅས་པའོ། །སྟོང་པ་ནི་ཐིག་ལེ་སྟེ་དེས་མནན་པའོ། །སུམ་འགྱུར་ནི་གསུམ་དུ་སྦྱོར་བའོ། །ཕཊ་དང་མཐར་སྭཱ་ཧཱ་སྔགས་འདི་ནི་ཕྱག་གཉིས་པའོ། །བདག་མེད་ཅེས་བྱ་བ་ནི་ཨའོ། །དང་པོའི་དང་པོ་ནི་ཀའོ། །དེ་ལྟར་སྡེ་ཚན་དྲུག་གི་དང་པོའི་ཡི་གེ་དྲུག་གོ །དང་པོར་ཨོཾ་དང་མཐར་སྭཱ་ཧཱ་འབུམ་བཟླས་པས་གྲོང་ཁྱེར་དཀྲུགས་པའི་སྔགས་ཀྱིས་འདོད་པའི་དོན་བྱེད་དོ། །དང་པོར་རྣམ་པར་སྣང་མཛད་དང༌། ར་ཀྵ་གཉིས་དང་ཧཱུཾ་གསུམ་དང༌། ཕཊ་དང་ལྷག་མ་སྭཱ་ཧཱ་ནི་ས་སྦྱང་བའི་སྔགས་སོ། །རྣམ་པར་སྣང་མཛད་ནི་ཨོཾ་སྟེ་དང་པོའོ། །རྡོ་རྗེ་མ་ནི་ཨཱའོ། །དབྱངས་ཀྱི་མཐའ་ཞེས་བྱ་བ་ནི་ཨཱཿ་སྟེ་དེ་དང་ལྡན་པའོ། །མཐར་ཧཱུཾ་ནི་བཟའ་བ་དང་བཏུང་བ་བྱིན་གྱིས་བརླབ་པའི་སྔགས་སོ། །དང་པོར་རྣམ་པར་སྣང་མཛད་ནི་སྔོན་དུ་ཨོཾ་མོ། །ཨ་ཀཱ་རོ་མུ་ཁཾ་དང༌། ཨུ་ཥྨ་རྣམས་ཀྱི་གསུམ་པ་ནི་སའོ། །མཐར་གནས་པ་ཡི་བཞི་པ་ནི་ཝའོ། །མགོ་བོར་ར་ཡིས་རྣམ་པར་བརྒྱན། །དྷརྨཱ་ཎཱི་དེ་མ་ཐག་ཏུ་རྡོ་རྗེ་མ་ནི་ཨཱའོ། །ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ། ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ་མཐར་ཞེས་བྱ་བ་ནི། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་སྔགས་བཏུ་བ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །།

བཅུ་པ། བཟླས་པའི་ལེའུ།


DTG004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ལེའུ་ལས་བཏུས་པའི་སྔགས་རྣམས་ཀྱིས་བྱ་བ་ལས་ཀྱི་དབྱེ་བ་ལས། ཕྲེང་བའི་དབྱེ་བ་དང༌། དམ་ཚིག་གི་དབྱེ་བ་ཡང་བརྗོད་པར་ལེའུ་བཅུ་པ་གསུངས་པ། བཟླས་པའི་ཡུལ་ནི་རབ་ཕྱེ་བ། །ཞེས་བྱ་བ་ལ་སོགས་པའོ། །འདིས་བཟླས་པ་བྱེད་པའི་ཕྱིར་བཟླས་པ་སྟེ་ཕྲེང་བའོ། །དེའི་ཡུལ་ནི་དེའི་སྐྱེ་གནས་དང་དེ་འབྱུང་བའི་གནས་ཏེ་ཤེལ་ལ་སོགས་པའོ། །རེངས་པར་འོ་མའི་བཏུང་བ་ཉིད། །ཅེས་བྱ་བ་ལ་སོགས་པ་དང༌། །བསད་པ་ལ་


DTG004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སི་ཧླ་ཉིད། །ཅེས་བྱ་བ་ནི་ནང་གི་བཤད་པ་ལ་སོགས་པ་ལྔ་པའོ། །མཐའི་ཤྭ་དང་པོའི་ཤྭ། །ཞེས་བྱ་བ་ལ་སོགས་པ་ཕྱི་རོལ་གྱི་དམ་ཚིག་ལྔའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་ལེའུ་བཅུ་པའོ།། །།

བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་དོན་གྱི་ལེའུ།


DTG004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རྣམས་ཀྱི་ཀུན་རྫོབ་ཀྱི་རིགས་རྟོགས་པར་བྱ་བའི་ཕྱིར་ལེའུ་བཅུ་གཅིག་པ་གསུངས་པ། ལུས་ཅན་རྣམས་ཀྱི་རིགས་དང་གཟུགས། །ཞེས་བྱ་བ་ལ་སོགས་པ་ལ་རིགས་ནི་རུས་ཏེ་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞེས་བྱ་བའི་རིགས་སྐྱེ་བོ་འདི་ལ་གང་གིས་དེ་གཟུགས་སུ་ཡོད་པ་དང༌། ངེས་པར་བྱེད་པའི་ཕྱིར་དེ་རིགས་ཀྱི་གཟུགས་ཅན་ནོ། །གང་དང་གང་གིས་མཚན་མའམ། ཁ་དོག་གིས་དེ་དང་དེའི་རིགས་རྟོགས་པ་དེ་ལྷའི་སྦྱོར་བས་སྦྱིན་པའི་ཕྱིར། གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། རྣལ་འབྱོར་པ་གང་ནག་པོ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྟག་པ་དང་པོའི་ལེའུ་བཅུ་པར་གསུངས་པ། ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བརྟེན་པར་བྱ། །ཞེས་ལྷན་ཅིག་སྐྱེས་པའི་གྲུབ་པའི་གནས་ཕུན་སུམ་ཚོགས་པའི་རིམ་གྲོ་བྱེད་པ་ཕྱི་དང་ནང་ལ་དགའ་བ་ལ་སོགས་པ་གསུངས་པ། ཚལ་དང་སྐྱེ་བོ་མེད་གནས་དང༌། །ཞེས་བྱ་བ་ལ་སོགས་པའོ། །མྱོས་པས་མཚན་པའི་ལག་པས་ཞེས་བྱ་བ་ལ། མྱོས་པས་མཚན་པ་ནི་ཚང་གི་མཚན་མ་སྟེ་དལ་བ་མེད་པའོ། །དེ་བྱེད་པའི་ཕྱིར་ཆང་གིས་མཚན་པའི་ལག་པའོ། །དེ་བརྗོད་པའི་ལས་ཀུན་གྱིས་གསོལ་བ་བཏབ་པའི་ཕྱག་རྒྱ་ལ། །འཆད་པར་འགྱུར་བའི་ཁྱོགས་དང་བརླ་བསྐུམ་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་འཇུག་པ་རྣམས་ཀྱི་ལས་སོ། །བྱ་ཞེས་བྱ་བ་ནི་དགའ་བ་ལ་རྩོམ་པའོ། །ཡང་ན་མྱོས་པར་བྱེད་པའི་ཕྱིར་མྱོས་བྱེད་དོ། །རང་རང་གི་གནས་སུ་མཚན་པར་བྱེད་པའི་ཕྱིར་མཚན་མའོ། །འོད་གསལ་བས་ལག་པ་ལྟ་བུ་ནི་འོད་ཟེར་ཏེ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ །དེ་རྣམས་ཀྱི་ཇི་ལྟར་གནས་པར་བཀོད་པས་མྱོས་བྱེད་ཀྱི་མཚན་མས་མཚན་པའི་ལག་པས་ཏེ་དབྱངས་ཀྱིས་སོ། །ཕྱག་རྒྱ་ཆེན་པོ་ལ་ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་ལ་སྟེ། མྱོས་བྱེད་འབྱུང་བའི་ལས་བྱེད་པའོ། །འོག་དང་སྟེང་དང་བྱིན་པ་དང་བརླ་དང༌།


DTG004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་དང་མཇུག་མ་དང་ལྟེ་བ་དང་དེའི་སྟེང་དུ་སྙིང་ག་དང༌། ལྐོག་མ་དང༌། རྐན་དང༌། ཞལ་དང༌། སྣ་དང༌། རྣ་བ་དང༌། དཔྲལ་བ་དང༌། ལྟག་ཁུང་དུའོ། །ཇི་ལྟར་བྱ་ཞེས་སྙམ་པ་ལ། འོག་དང་སྟེང་དུ་ལྟ་བ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་ཕྱོགས་གཉི་ག་ཡང་འགལ་བ་མེད་དེ་འདི་ནི་བླ་མས་འཆད་པར་འགྱུར་རོ། །ལྷན་ཅིག་སྐྱེས་པ་ནི་གཉིས་སོ། །དེའི་དོན་ནི་དགོས་པ་སྟེ་ལྷན་ཅིག་སྐྱེས་པའི་དོན་ཏོ། །དེའི་དོན་གྱི་སྦྱོར་བ་ནི་ཕྱག་རྒྱ་ལ་སྦྱོར་བའོ། །དེ་བརྗོད་པའི་ལེའུ་ནི་ལྷན་ཅིག་སྐྱེས་པའི་དོན་གྱི་སྦྱོར་བའི་ལེའུའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་ལྷན་ཅིག་སྐྱེས་པའི་དོན་གྱི་སྦྱོར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།

བཅུ་གཉིས་པ། དབང་གི་ལེའུ།


DTG004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་རྣམས་ལ་དེ་ཁོ་ན་ཉིད་བསྒྲགས་པའི་ཕྱིར་དང༌། སྣོད་དང་ལྡན་པར་བྱ་བའི་ཕྱིར་སྔགས་ཀྱི་རྗེས་སུ་དབང་གི་ལེའུ་གསུངས་པ། དེ་ནས་རྡོ་རྗེ་ཅན་གྱི་དབང་བཞིའི་ཚིགས་བཅད་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི་དགའ་བ་བཞི་དང་ཐ་མི་དད་པའི་ལུས་ཀྱི་དབང་གི་ཚིགས་བཅད་བཞིའོ། །དེ་རྣམས་ཀྱི་རྣམ་པ་བཞི་པོ་དེ་རྟོགས་པར་བྱ་བའི་ཕྱིར་ཡང་ཨ་ན་ཥྱ་བྷའི་ཚིགས་བཅད་ཀྱིས་བསྡུས་པ་ལས་བཞི་པོ་རྟོགས་པར་བྱ་བའི་ཕྱིར་ཡང༌། རྡོ་རྗེ་རབ་གནས་རྡོ་རྗེ་ནི། །ཆེ་དང་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་ཚིགས་བཅད་བཞིའི་རྗེས་སུ་རིམ་པས་སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་ཅེས་བྱ་བ་ལ་སོགས་པའི་དབང་བཞི་པོ་རྟོགས་པར་བྱའོ། །བཤད་པའི་རྒྱུད་ལས་ཡང་དེ་རྣམས་ཇི་ལྟར་ཆོ་ག་རྒྱས་པར་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུ་བར་བཏུས་པའོ། །དེ་དོན་དུ་གཉེར་བ་རྣམས་ཀྱིས་ལེགས་པར་བསྡུ་བ་ཉིད་དུ་བཅལ་བར་བྱ་སྟེ་དེ་བས་ན་འདིར་མ་བཤད་དོ། །གསང་བ་ལ་སོགས་པ་ཟིན་པར་བྱ་བ་ལ་ཡན་ལག་གཉིས་བྱིན་གྱིས་བརླབ་བ་གསུངས་པ། ཨོཾ་པདྨ་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་རྒྱུད་ཀྱི་རྒྱལ་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པའི་ཕྱིར་རོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྟེ། སྒྱུ་མའི་བརྟག་པ་ཞེས་བྱ་བ་གཞན་ཀྱེའི་རྡོ་རྗེ་ཞེས་བྱ་བ་འབུམ་ཕྲག་ལྔ་པ། བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ། བརྟག་པ་གཉིས་ཀྱི་བདག་ཉིད་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་


DTG004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེན་པོའོ། །སློབ་དཔོན་ཆེན་པོ་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་ཁྱད་པར་མང་པོ་དང་བཅས་པའི་བསྡུ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་མའི་བརྟག་པ། བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་བྱུང་བ་བརྟག་པ་གཉིས་ཀྱི་བདག་ཉིད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཀྱེའི་རྡོ་རྗེ་ལས་ལེའུ་བཅུ་གཉིས་པའོ།། །།ལྷ་མོ་རྒྱུད་སྟོང་སྙིང་པོའི་གྲངས་ཀྱི་རྩོམ་པ་ས་ལ་དང་པོའི་རི་མོ་ནི། བཅོམ་ལྡན་འདས་ཀྱི་ཆེན་པོའི་ཆེན་པོ་ཀྱེའི་རྡོ་རྗེ་ཀཽ་མུ་དིའི་དཀའ་འགྲེལ་འདི། །མཐའ་ཡས་རྒྱུད་ཀྱི་རྩ་བར་གྱུར་པ་བདག་གིས་བྱས་པས་བསོད་ནམས་གང་བསྒྲུབས་པ། །དེས་ནི་ངེས་པར་སྐྱེ་བོ་གཞན་ཚོགས་འདི་དག་རྒྱུད་རྒྱལ་དེ་ཡི་དོན་རྟོགས་ཤོག །ཐོས་པའི་སྟོན་ཀ་བྱུང་བའི་དཔལ། །སྦྱང་དཀའི་ཟླ་བ་ཀཽ་མུ་དི། །མཁས་པའི་ཙ་ཀོར་ཚོགས་ཀྱིས་ནི། །བསོད་ནམས་འདི་ནི་བཏུང་བར་མཛོད། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་ཀཽ་མུ་དི་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཨི་ནྟ་རུ་ཙི་ར་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་པའོ།།


previousབརྟག་པ་གཉིས་པའི་དཀའ་འགྲེལ།next