Nitartha Digital Library
Tibetan
 
previousབཅུ་གཅིག་པ། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་ལེའུ།next

བཅུ་གཅིག་པ། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་ལེའུ།


DTG004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་ལེའུ་གསུངས་པ། །མཉམ་པར་ཁྲོས་པའི་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །ཅེས་པ་ལ་སོགས་པ་དང༌། དབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །བུམ་པ་ཅན་གྱིས་དབང་དུ་བྱེད། །དགང་བ་ཡིས་ཀྱང་དགུག་པའོ། །ཞི་བ་ཅན་གྱིས་རེངས་པར་བྱེད། །ཅེས་པ་ལ་སོགས་པ་དེ་ལྟུང་བར་བྱེད་པ་ལ་སོགས་པའི་ལྟ་སྟངས་སྒྲུབ་པའི་ཆེད་དང༌། དཔལ་ཐེག་པ་ཆེན་པོ་ལ་གཞུག་པའི་ཆེད་དུའོ། །གསང་བ་འདིར་མིན་ཞེས་པ་གསུང་རབ་ཏུ་སྟེ་གཞུག་པའི་བྱ་བར་གྱུར་པ་མ་ཡིན་ནོ། །མཆོག་ཏུ་དམ་ཚིག་ཉམས་པར་འགྱུར། །ཞེས་པ་ལ་དམ་ཚིག་ཅེས་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་སྡུག་པའི་མཚན་ཉིད་ཅན་དམ་ཚིག་ཅེས་པ་སྟེ་སྙིང་རྗེའོ། །དེའི་དབྱེ་བ་ནི་མཆོག་ཏུ་ཉམས་པར་འགྱུར་བའོ་ཞེས་པ་དྲང་བའི་དོན་ཏོ། །ད་ནི་ལྟ་སྟངས་བཞི་པོ་རྣམས་དགོངས་པའི་སྐད་གཞན་གྱིས་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པར་ཐིག་ལེ་རྣལ་འབྱོར་བཞི་རྣམ་པར་དག་པ་ནང་གི་བདག་ཉིད་ཀྱི་རིམ་པས་གསལ་བར་བྱ་སྟེ། གཙུག་ཏོར་ནས་ནི་ཐིག་ལེ་མེས། །ཞུ་བ་དབྱུང་བས་ལྟུང་བའོ། །བདེ་བ་ཆེན་པོའི་ཏིང་འཛིན་གནས། །སྟོང་ཉིད་ལྟ་བས་ལྟུང་བར་བྱ། །ཀུན་བཀུར་འཁོར་ལོར་བུམ་པ་ཅན། །དཔྲལ་བ་ཅན་ཞེས་རབ་ཏུ་གྲགས། །རྡོ་རྗེ་པདྨའི་ཏིང་འཛིན་གནས། །ཁམས་གསུམ་པོ་ནི་དབང་དུ་


DTG004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས། །སྙིང་ག་ཆོས་སུ་དགང་བས་འགུགས། །ཁྲོས་པ་དེ་ལས་ཐམས་ཅད་ཅན། །ཧེ་རུ་ཀ་དཔལ་རང་བཞིན་ཕྱིར། །ལྟ་བ་ངན་པ་རྟག་ཏུ་འཇོམས། །རེངས་དང་ཞི་བ་ནོར་བུའི་ནང༌། །རྒྱལ་བའི་གཟུགས་བརྙན་རྣམ་པར་བསྒོམ། །ད་ནི་མཉམ་ཉིད་མི་གཡོར་བཤད། །མཆོག་ཏུ་མི་འགྱུར་རྟོག་པའོ། །འདིར་བརྟན་པར་བྱེད་པར་བཤད་དེ། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དུ་གསུངས་པ་ཡང༌། འདི་ལྟར་དཔལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གོམས་པ་མཆོག་ཐོབ་པའི་རྣལ་འབྱོར་པས་ཚོགས་ཀྱི་དཀྱིལ་འཁོར་དེ་ཉིད་དུ་ཚར་བཅད་པ་དང་རྗེས་སུ་གཟུང་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བ་ཅན་ཁ་ཅིག་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོ་དེ་ཁོ་ན་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱིས་ཞི་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན་ནོ་ཞེས་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་ཡང་དག་པའི་ལྟ་བ་རྟོགས་པར་མཛད་ནས་སྟོང་པ་ཉིད་དུ་ལྟ་བ་ཚར་གཅོད་པར་མཛད་དོ། །ལོག་པར་ལྟ་བ་རྣམས་ལ་པདྨ་གར་གྱི་དབང་ཕྱུག་གི་གཟུགས་ཀྱིས་དོན་དམ་པའི་བདེན་པ་རྟོགས་པར་མཛད་ནས་དབང་དུ་མཛད་དོ། །དེ་བཞིན་དུ་ཤིན་ཏུ་དགྲ་པོ་གདུལ་དཀའ་བ་རྣམས་ལ་དཔལ་ཧེ་རུ་ཀ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལྟ་བ་ངན་པ་ཚར་གཅད་པར་མཛད་ནས་རྗེས་སུ་འཛིན་པར་མཛད་དོ་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལ་འཁྲུག་པར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་པ་ལ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། །ཡང་དག་སྦྱོར་ལས་ཆུ་ཤེལ་ལས་ཀྱང་ཆུ་རུ་འགྱུར་ཏེ་མེ་ལོང་ལ་ནི་དངོས་པོའི་གཟུགས། །སྐྱུར་བའི་རྒྱུ་ལས་ལྕེ་འཛག་རང་གི་སྒྲ་ལས་ཅིག་ཤོས་དག་པའི་ས་བོན་ལས་མྱུ་གུར། །འགྱུར་ཏེ་ཁབ་ལེན་ལས་ཀྱང་ལྕགས་ཀྱི་ཐུར་མའང་གཡོ་འགྱུར་འདོད་པ་འདི་ལ་ཅི་ཡང་མིན། །དངོས་པོ་རྣམས་ཀྱི་ནུས་པ་འདི་ནི་སྲིད་གསུམ་གནས་སུ་སུ་ཞིག་གིས་ཀྱང་སྤྲུལ་པ་མིན། །སེམས་ཅན་སླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སེམས་ཅན་གནོད་པ་


DTG004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་ཐོབ་མི་འགྱུར། །ཞེས་པ་འདིའི་དོན་འདི་ཡིན་ཏེ། སེམས་ཅན་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་དང༌། སྤྱན་མ་ལ་སོགས་པ་ལྷ་མོ་རྣམས་འདོད་ཆགས་ཆེན་པོ་ལ་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པ་རྣམས་སོ། །བྱང་ཆུབ་ཀྱི་སེམས་དེ་འཕོས་པ་ལས་སེམས་ཅན་ལ་མཆོག་ཏུ་གནོད་པར་འགྱུར་རོ་ཞེས་པའོ། །ཕྱག་རྒྱ་ཞེས་པ་ཕྱག་རྒྱ་ཆེན་པོ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་ཅན་ནོ། །ཐོབ་མི་འགྱུར་བ་ནི་རྙེད་པར་མི་འགྱུར་རོ་ཞེས་པ་ངེས་པའི་དོན་ཏོ། །དྲང་བའི་དོན་གྱི་ནི་གོ་སླའོ། །ད་ནི་དམ་ཚིག་བསྐྱང་བའི་ཆོ་ག་གསལ་བར་བྱ་སྟེ། དེ་ལ་དམ་ཚིག་བཟའ་བར་བྱ། །སྒྲོལ་མ་ཞེས་བྱ་མཉམ་གཞག་པས། །ན་ག་དེ་བཞིན་ཧ་དང་པོ། །མཐའ་ཡི་ཤྭ་དང་དང་པོའི་ཤྭ། །ཞེས་པ་ལ་སོགས་པ་འདིའི་དོན་འདི་ཡིན་ཏེ། །རྒྱུད་གཞན་དུ་ཡང་གསུངས་པ། །འདིར་དམ་ཚིག་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དམ་ཚིག་དེ་རྣམས་རྣལ་འབྱོར་པས་བསྐྱང་ཞིང་བསྲུང་བར་བྱ་སྟེ། ཕྱིའི་ནི་ཕྱི་རོལ་དུ་འཇིག་རྟེན་པ་འཇུག་པའི་དོན་དུའོ། །ནང་གི་བདག་ཉིད་རྣམས་ནི་ནང་གི་ཡེ་ཤེས་འཇུག་པའི་དོན་དུའོ། །དེ་ལྟར་ཕྱི་རོལ་དུ་འཇིག་རྟེན་པ་འཇུག་པས་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཏེ། ཕྱི་རོལ་གྱི་དམ་ཚིག་བསྲུང་བ་ལས་སོ། །དེ་བཞིན་དུ་ནང་གི་བདག་ཉིད་ལ་ཡེ་ཤེས་འཇུག་པས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ་ནང་གི་བདག་ཉིད་ཀྱི་དམ་ཚིག་བསྲུང་བ་ལས་སོ། །དེའི་ཕྱིར། །ལེགས་པར་མཉམ་གཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །ཞེས་པའོ། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང༌། དགེ་མི་དགེ་ཤེས་དུས་མཁྱེན་པ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །སེམས་ཅན་དབང་ཤེས་དུས་ཤེས་པས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པའོ། །དཔལ་འདུས་པར་ཡང་གསུངས་པ། འདི་ལྟ་སྟེ། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་དམ་ཚིག་ཉིད་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ༌། །དམ་ཚིག་བཞི་པོ་བསྲུང་བར་བྱ། །སྐུ་གསུང་ཐུགས་ཀྱི་


DTG004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་བདག །གསང་བར་བྱང་སེམས་ཐིག་ལེའི་གཟུགས། །དམ་ཚིག་གཞན་གྱིས་བསྲུང་བར་འོས། །ཞེས་པ་སྟེ་ངེས་པའི་དོན་ཏོ། །དཔལ་ཕྱག་ན་རྡོ་རྗེས་ཀྱང་གསུངས་པ། །ཤེས་རབ་དང་ཁ་སྦྱར་བས་དགའ་བའི་སྐད་ཅིག་ཏུ་འགྱུར་ཏེ། དེ་ཡང་སྐུའི་དམ་ཚིག་གོ །དགའ་བའི་སྐད་ཅིག་ལས་པདྨར་རྡོ་རྗེ་ཞུགས་པས་མཆོག་ཏུ་དགའ་བའི་སྐད་ཅིག་ཏུ་འགྱུར་ཏེ་དེ་ཉིད་གསུང་གི་དམ་ཚིག་གོ །མཆོག་ཏུ་དགའ་བའི་སྐད་ཅིག་ལས་པདྨར་རྡོ་རྗེ་བསྐུལ་བས་ཁྱད་དགའི་དགའ་བའི་སྐད་ཅིག་ཏུ་འགྱུར་ཏེ། །དེ་ཉིད་ནི་ཐུགས་ཀྱི་དམ་ཚིག་གོ །ཁྱད་དགའི་དགའ་བའི་སྐད་ཅིག་ལས་རྡོ་རྗེ་ནོར་བུ་བྱང་ཆུབ་ཀྱི་སེམས་འོངས་པས་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་ཏུ་འགྱུར་ཏེ། དེ་ཁོ་ན་ཡེ་ཤེས་ཀྱི་དམ་ཚིག་བཞི་པའོ། །དམ་ཚིག་འདི་རྣམས་ལ་རབ་ཏུ་ཞུགས་པ་ཉིད་ཀྱི་ཕྱིར་དམ་ཚིག་སེམས་དཔའ་ཞེས་མངོན་པར་བརྗོད་པར་བྱའོ། །ཞེས་པ་ངེས་པའི་དོན་ཏོ། །དེ་བསྲུངས་པ་ཡིན་ན་དང་པོ་དང་ག་དང་པོ་དང་དེ་བཞིན་དུ་ཧ་དང་པོ་དང༌། མཐའི་ཤྭ་ལ་སོགས་པའི་ཤ་རྟག་ཏུ་བཟའ་བར་བྱའོ་ཞེས་པ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང་འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་ཕུང་པོ་སྟེ་བཟའ་བར་བྱ་ཞིང་སྒྲིབ་པ་མེད་པར་བྱའོ། །འདི་ནི་དམ་ཚིག་དམ་པ་སྟེ། བྱིས་པའི་རྣལ་འབྱོར་རྟོགས་བྱ་མིན། །ཞེས་པ་ངེས་པའི་དོན་ཏོ། །འདི་ཉིད་དུ་གསུངས་པ་ཡང༌། མ་དག་པ་ན་དུག་ཉིད་འགྱུར། །དག་ན་བདུད་རྩི་ལྟ་བུར་འགྱུར། །ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་དམྱལ་བའི་ལེའུར་གསུངས་པ། དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་བསྔོ་བ་འདི་ནི་དུག་དང་བཅས་པ་ཟུག་རྔུ་དང་བཅས་པ་སྟེ། འདི་ལྟ་སྟེ་དཔེར་ན་ཁ་ཟས་བཟང་པོ་དུག་ཅན་ཞིག་ཡོད་པ་ལ་འོན་ཀྱང་དེ་ཁ་དོག་དང༌། དྲི་དང་རོ་དང་རེག་བྱ་ཡིད་དུ་འོང་བ་ཡིན་ཀྱང་དུག་དང་བཅས་པ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ཀྱིས་ཡོངས་སུ་སྤང་བར་འགྱུར་གྱི། ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཆེད་དུ་ནི་མ་ཡིན་ནོ། །དེ་ཉིད་བྱིས་པའི་རིགས་ཅན་ཤེས་རབ་འཆལ་བའི་རིགས་ཅན་ནི་ཡོངས་སུ་ལོངས་སྤྱད་པར་བྱ་བར་སེམས་ཏེ། །དེས་ཟས་དེ་ཟོས་ཤིང་ཁ་དོག་དྲི་དང་རོ་མྱངས་པ་ན་བདེ་བ་བྱེད་ཅིང་ཞུ་བ་ན་དེ་ལ་སྡུག་བསྔལ་སྨིན་པར་འགྱུར་རོ་ཞེས་སོ། །ཞེས་པ་དཔལ་ཀྱེའི་རྡོ་རྗེའི་


DTG004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་དང་པོ་རྫོགས་སོ།། །།


previousབཅུ་གཅིག་པ། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་ལེའུ།next