Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཞི་པ།


  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
བརྟག་པ་གཉིས་པའི་དཀའ་འགྲེལ།
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབརྟག་པ་གཉིས་པའི་དཀའ་འགྲེལ།next

བརྟག་པ་གཉིས་པའི་དཀའ་འགྲེལ།

དང་པོ། རབ་ཏུ་གནས་པའི་ལེའུ།


DTG004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཆོས་རྣམས་ཐམས་ཅད་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན་པ་དེ་ལྟ་ནའང་སེམས་ཀྱི་རང་བཞིན་ཡང་དག་པར་སྦྱང་བའི་དོན་དུ་སྐུ་གཟུགས་ལ་སོགས་པའི་རབ་ཏུ་གནས་པ་རྟོགས་པར་བྱེད་པའི་ལེའུ་གསུངས་པ། བཤད་དུ་གསོལ་ཞེས་པ་ལ་སོགས་པ་རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པའོ། །རབ་ཏུ་གནས་པའི་མཚན་ཉིད་དེ་རང་བཞིན་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་སྦྲེལ་ལོ། །རྡོ་རྗེ་སྙིང་པོས་ཞེས་པ་ལ་འདིའི་དོན་ནི་འདི་ཡིན་ཏེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང༌། དེ་བཞིན་ཉིད་བདེན་སེམས་གང་ཞིག །དོན་ཡོད་རྣམ་འགྱུར་མེད་པ་ཅན། །སྐྱེ་མེད་འགག་མེད་ཅེས་བྱ་བ། །འདི་འདྲ་རྡོ་རྗེ་ཉིད་དུ་འགྱུར། །ཞེས་སོ། །སྙིང་པོ་ནི་རང་བཞིན་ཞེས་མངོན་པར་བརྗོད་པར་བྱའོ། །སྦྱིན་སྲེག་བྱས་ཏེ་དཀྱིལ་འཁོར་ནི། །ཇི་ལྟར་གསུངས་པ་བཞེངས་བྱས་ནས། །སྲོད་ལ་ལྷག་གནས་ལ་སོགས་པ། །བྱས་ཏེ་སྐུ་གཟུགས་སྦྱང་བར་བྱ། །ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །སྐུ་གཟུགས་སྙིང་གར་རབ་གཞུག་བྱ། །རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཨོཾ་བཛྲ་པུཥྤེ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཉེ་བར་སྤྱོད་པ་ལྔའི་མཆོད་པ་ལ་སོགས་པ་ནི་རྒྱུད་གཞན་གྱི་ཆོ་གས་བྱའོ། །ཆོ་ག་ཇི་ལྟ་བ་ནི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བྱའོ་ཞེས་པ་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། །དཔལ་ས་མྦུ་ཊའི་རྒྱུད་དུ་གསུངས་པ་ཡང༌། ལྷ་ལགས་ཡ་མཚན་ཆེ་བ་ཐོས། །ནང་གི་དཀྱིལ་འཁོར་སྦྱིན་སྲེག་སོགས། །བདག་གིས་མི་ཤེས་ཅི་ལྟར་ལགས། །བདེ་བ་ཆེན་པོ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་རུ་ཀ་སོགས་ལྷ་རྣམས་ཀྱིས། །རྩ་ཡི་གཟུགས་སུ་ལེགས་གནས་པ། །ལུས་ནི་དཀྱིལ་འཁོར་ཉམས་དགའ་བའོ། །ཇི་སྐད་གསུངས་པའི་སྒོ་བཞིར་ལྡན། །རང་གི་ཡན་ལག་ལས་བྱུང་བའི། །ཀ་བ་བརྒྱད་ཀྱིས་གཟུང་སྟེ་གནས། །དངོས་པོ་ཀུན་གྱིས་མཉམ་པ་ཉིད། །གྲུ་བཞི་པ་རུ་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས། །འཁོར་ལོ་གསུམ་གྱི་བདག་ཉིད་བརྗོད། །མགོ་བོ་


DTG004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་ཟེ་འབྲུ་ལ། །རྩོལ་ཆེན་རླུང་སོགས་རིམ་ཇི་བཞིན། །བླ་མ་བརྒྱུད་པའི་རིམ་པ་ཡིས། །རྫོགས་པའི་དཀྱིལ་འཁོར་དེ་ཡིན་ནོ། །ཉན་ཐོས་རྣམས་དང་དེ་བཞིན་དུ། །སོ་སོ་གཅིག་པུ་སངས་རྒྱས་དང༌། །ཚངས་པ་ལ་སོགས་ལྷ་རྣམས་ཀྱང༌། །དཀྱིལ་འཁོར་དེ་ལ་རྫོགས་པའོ། །ནང་གི་ཁུ་བ་སོགས་རྣམས་དང༌། །དེ་བཞིན་ཕྱི་རོལ་གཟུགས་སོགས་ཀྱི། །བསྲེག་རྫས་རྣམས་ཀྱིས་སྦྱིན་སྲེག་བྱ། །ཤེས་རབ་མེ་ནི་ཆེར་འབར་ལའོ། །སྐྱེ་མཆེད་དྲུག་དང་ཁམས་རྣམས་དང༌། །ཁྱད་པར་དུ་ནི་ཕུང་པོ་སོགས། །ལྷ་ཡི་ངོ་བོ་དེ་རྣམས་དང༌། །དེ་བཞིན་མཁའ་འགྲོ་མ་རྣམས་ལ། །གང་ཕྱིར་དེ་རྣམས་དེས་མཆོད་ན། །མཆོད་སྦྱིན་མཆོད་པར་ཡང་དག་བཤད། །མགོ་བོའི་ཐོད་པ་ཉིད་ཀྱང་ནི། སྲེག་རྫས་སྣོད་དུ་བརྗོད་པར་བྱ། །བླུགས་གཟར་རོ་མར་ཡང་དག་བཤད། །སྙིང་གའི་འཁོར་ལོ་བརྒྱང་མ་དག །དགང་གཟར་ཞེས་པར་ཡང་དག་བསྟན། །ཐབ་ཀྱང་ལྟེ་བའི་དཀྱིལ་འཁོར་དུའོ། །ལས་ཀྱི་རླུང་གིས་བསྐྱོད་བྱས་པ། །ཚངས་པའི་མེ་ནི་སྐྱེད་པར་གནས། །ནཱ་ད་སྔགས་ཞེས་བརྗོད་པ་ཡིན། །ཀུན་ནས་བསྐོར་བ་བཟླས་པར་འགྱུར། །སོ་སོར་སྣང་བ་སྒོམ་པ་སྟེ། །དཀྱིལ་འཁོར་གཉིས་མེད་རྣལ་འབྱོར་ལས། །ལྷན་ཅིག་སྐྱེས་ལ་གནས་པ་ཉིད། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་སོགས། །སེམས་ཀྱི་རྒྱལ་པོ་སློབ་དཔོན་ཏེ། །དཀྱིལ་འཁོར་གཙོ་བོའི་ངོ་བོ་ལས། །ཇི་སྐད་བཤད་པའི་ཨེ་ཝཾ་སོགས། །ཐམས་ཅད་འདི་ཉིད་དུ་བསམ་བྱ། །དཔལ་བདེ་བ་དམ་པ་རྟོགས་པར་བྱེད་པའི་རྒྱུད་ཆེན་པོར་ཡང་གསུངས་པ། ལྷ་རྣམས་ཚིམ་པར་བྱེད་པའི་མཆོག། སྦྱིན་སྲེག་ང་ཡིས་བཤད་པར་བྱ། །རྣམ་པར་མི་རྟོག་སེམས་གང་ཡིན། །ཐབ་ཀྱི་སྒྲ་ཡིས་མཚོན་པ་ཡིན། །རྣམ་པར་དབེན་པའི་མེ་དབུས་སུ། །གཟུགས་ཀྱི་ཕུང་པོ་ལ་སོགས་ལྔའི། །ཡམ་ཤིང་སེམས་ལས་ཡང་དག་པར། །བྱུང་བ་མཐའ་དག་སྦྱིན་སྲེག་བྱ། །གཟུགས་ལ་སོགས་པའི་དངོས་པོ་གང༌། །ཡམ་ཤིང་ཞེས་པར་རབ་ཏུ་གྲགས། །དེ་ལྟར་སྣུམ་ནི་ཟླ་བའི་རྒྱུན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོགས། །ཁམས་གསུམ་པོ་ནི་མ་ལུས་པ། །གཉིས་སུ་དབྱེར་མེད་ཐ་དད་མེད། །ཤེས་རབ་མེ་ལ་དགང་བླུགས་དབུལ། །ལུས་ནི་སྦྱིན་སྲེག་ཡང་དག་ལྡན། །ཕྱི་རོལ་སྦྱིན་སྲེག་


DTG004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་མི་བྱེད། །རྡོ་རྗེ་བདུད་རྩི་ལ་སོགས་པའི། །རྒྱུད་ལ་ཀུན་ནས་བརྟེན་ནས་ནི། །ཕྱི་རོལ་གྱི་ནི་སྦྱིན་སྲེག་བྱ། །གསང་བར་སྐྲ་གྲོལ་གཅེར་བུ་ཡིས། །ཙཱ་རུའི་བཟའ་བ་སྔོན་འགྲོ་བ། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེས། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །ཞེས་སོ། །ཞི་བར་ཐབ་ཁུང་ཟླུམ་པོ་སྟེ། །རྒྱས་པ་ལ་ནི་གྲུ་བཞི་པ། གསད་པ་ལ་ནི་གྲུ་གསུམ་བརྗོད། །འདི་ཉིད་ཁོ་ནར་ལྷག་མ་སྒྲུབ། །ཅེས་པ་འདིའི་རྒྱས་པར་བཤད་པ་ནི་དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། ཞི་ལ་ཞི་བའི་སེམས་ཀྱིས་ནི། །དབང་བསྐུར་ཡང་དག་བརྩམ་པར་བྱ། །རྒྱས་ལ་རྒྱས་པའི་སེམས་ཀྱིས་ནི། །རིན་ཆེན་སྤྲིན་གྱི་ཆར་པ་དབབ། །རྗེས་ཆགས་སེམས་ཀྱིས་གཞོན་ནུ་མ། །ཀུན་ནས་བཀུག་སྟེ་ལོངས་སྤྱོད་བྱ། །གསད་ལ་སྡང་བའི་སེམས་ཀྱིས་ནི། །མེ་ཡི་སྤྲིན་གྱི་ཆར་རྣམས་ཀྱིས། །ཞེས་པ་ལ་སོགས་པའོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། སྐྱེད་མོས་ཚལ་ལམ་རི་བོ་སྐྱེ་བོ་རི་དགས་བྲལ་བར་ཞི་བའི་སྔགས་རྣམས་བསྒྲུབ་པར་བྱ། །དྲག་པོ་རྣམས་ནི་དྲག་པོའི་དུར་ཁྲོད་དུ་སྟེ་ལྷ་རྣམས་གནས་སུ་རེངས་དང་རྨོངས་པ་ཡང༌། །དབང་དང་དགུག་པ་སྔགས་པས་མཆོག་གི་ཁྱབ་བདག་བདེ་བ་ཕྱག་རྒྱ་ཀུན་དང་རབ་སྦྱོར་བ། །གནས་གཞན་སྐྱེ་གནས་གཞན་དུ་མི་རྣམས་ཀྱི་ནི་སྐྱེ་བ་འབུམ་ཕྲག་གིས་ཀྱང་འགྲུབ་མི་འགྱུར། ཞེས་པ་ངེས་པའི་དོན་ཏོ། །དེ་ལྟར་སྦྱིན་སྲེག་མཆོག་ཏུ་གྱུར། །རབ་ཏུ་གནས་པའང་བཤད་པར་བྱ། །གསུངས་པ་ཡང༌། པདྨ་ཡང་དག་བཟུང་ནས་ནི། །བདུད་རྩི་ལྔ་དང་ལྡན་པ་ཡི། །མཆོད་ཡོན་སྔགས་པས་དེ་ནས་དབུལ། །ཞབས་བསིལ་ཉིད་ཀྱང་ཁྱད་པར་དུའོ། །དཔལ་བདེ་བ་དམ་པ་རྟོགས་པར་བྱེད་པར་གསུངས་པ་ཡང༌། རབ་ཏུ་གནས་པ་ཞེས་པ་ནི། །སྐུ་གཟུགས་ལྷ་ཞེས་ཡང་དག་བཤད། །གང་ཞིག་སེམས་ཀྱིས་མཚོན་གྱུར་ཅིང༌། །སེམས་ནི་གང་ཞིག་བརྟན་གྱུར་པ། །ལུས་ངག་སེམས་ལས་རྟག་ཏུ་སྟེ། །དེ་ཉིད་སྐུ་གཟུགས་ཡིན་པར་བཤད། །ཕུང་པོ་རྣམས་ནི་དངོས་གཅིག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་དེ་བཅིངས་ནས། །སྣ་ཡི་རྩེ་མོར་ལྟ་བ་ཡིས། །རང་གི་རང་བཞིན་རྣལ་འབྱོར་གྱིས། །དེ་ཉིད་ལྟ་བས་གནས་པར་བྱ། །རྣམ་པར་མི་རྟོག་རང་བཞིན་དུ། །གང་ཚེ་སེམས་ནི་རབ་


DTG004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ། །དེ་ཚེ་དེ་ཡི་རབ་གནས་དང༌། །ལྷ་ཡི་མཆོད་པ་ཕུན་སུམ་ཚོགས། །འདི་ལས་རང་བྱིན་བརླབ་པར་འགྱུར། །སངས་རྒྱས་ཀུན་བདག་འདུས་པ་ལས། །སངས་རྒྱས་ཀུན་བདག་སྡོམ་པའོ། །རྣལ་འབྱོར་རྫོགས་པའི་སངས་རྒྱས་འགྱུར། །ཐུགས་ཀྱི་རྡོ་རྗེའི་གསུང་ཇི་བཞིན། །བདག་གིས་གསལ་བར་བཤད་པ་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེར། །ཞེས་སོ། །རྒྱུད་གཞན་དུ་གསུངས་པ་ཡང༌། པདྨའི་ནང་དུ་མི་ཡི་སྣ་རྩེ་རུ། །རྡོ་རྗེ་ལས་བྱུང་འོ་མའི་རྒྱ་མཚོའི་གཟུགས། །ཡིད་བཞིན་ནོར་བུ་འགྲོ་བ་ཀུན་གྱི་རང་བཞིན་ཏེ། ཧེ་རུ་ཀ་དཔལ་རྟག་རིག་འཛག་པའི་སྐད་ཅིག་མ། །གཅིག་གིས་ཐམས་ཅད་ངེས་པར་རབ་གནས་འགྱུར། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང༌། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །རབ་ཏུ་མི་གནས་མྱ་ངན་འདས། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པ་ངེས་པའི་དོན་ཏོ། །དྲང་བའི་དོན་གྱིས་ནི་འདི་ཐམས་ཅད་གོ་སླའོ། །ད་ནི་གསང་བ་ཆེན་པོའི་མཆོད་པ་བརྗོད་པར་བྱ་སྟེ། དཔལ་ཕྱག་ན་རྡོ་རྗེས་གསུངས་པ་ཡང༌། འདིར་ཤེས་རབ་དང་ཐབས་ཀྱི་རྒྱུད་གཞན་དུ་མཆོད་པ་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་མཆོད་པའོ་ཞེས་སོ། །དེ་ལ་ཕྱི་རོལ་གྱི་མཆོད་པ་ནི་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་རྣམས་ཀྱིས་ཏེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་རྟེན་ལ་བསྙེན་བཀུར་བྱ་བའི་ལེའུར་གསུངས་པ། མེ་ཏོག་དང་བདུག་སྤོས་དང༌། དྲི་མཆོག་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། དྲིལ་བུ་དང༌། བ་དན་དང༌། ཀུན་ནས་མར་མེའི་ཕྲེང་བ་རྣམས་དང༌། མཆོད་པ་མང་པོ་རྣམས་ཀྱིས་མཆོད་པར་བྱའོ། །ཞེས་སོ། །བདུད་རྩི་ལྔ་དང་སྒྲོན་མ་ལྔ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཚིམ་པར་བྱེད་པའོ་ཞེས་པའོ། །ནང་གི་བདག་ཉིད་ཀྱི་མཆོད་པ་ནི་རང་གི་ཁུ་བའི་ཐིག་ལེ་མ་འཕོས་པ་བཞི་པོ་གསང་བ་དང་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བར་སོན་པ་རྒྱུ་མཐུན་པ་དང༌། རྣམ་པར་སྨིན་པ་དང༌། སྐྱེས་བུའི་བྱེད་པ་དང༌། དྲི་མ་མེད་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང༌། མཚན་ཉིད་དང་བྲལ་བ་


DTG004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མི་མཐུན་པ་དེ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཅེས་པ་དབང་པོའི་ཁམས་རྣམས་དང༌། དང་ཡིག་ལས་ས་ལ་སོགས་པའི་ཁམས་རྣམས་དང༌། གཟུགས་ལ་སོགས་པ་ཡུལ་གྱི་ཁམས་རྣམས་མཆོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་མ་འཕོས་པའི་ཐིག་ལེ་རྣམས་དང་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་ཡོངས་སུ་མཆོད་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བརྟག་པ་གཉིས་པ་རབ་གནས་ཀྱི་ལེའུ་སྟེ་དང་པོའོ།། །།

གཉིས་པ། དངོས་གྲུབ་ཀྱི་ལེའུ།


DTG004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གཉིས་པ་དངོས་གྲུབ་ཀྱི་ལེའུ་གསུངས་པ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །རྒྱ་མཚོའི་ཀུ་བ་ཇི་ལྟ་བར། །སེམས་ཅན་རང་འདོད་ལྷ་ཡི་ནི། །གཟུགས་ཀྱིས་ཇི་ལྟར་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པ་ལ་ནམ་མཁའ་ལྟ་བུ་ཞེས་པ་ནི་རང་བཞིན་མེད་པའི་ཆོས་ཐམས་ཅད་རྣམ་པ་ཇི་ལྟར་ཐོག་མར་རྒྱ་མཚོ་ཆེན་པོར་འཕངས་པའི་ཀུ་བ་ཉི་ཚེ་བར་འགྱུར་བ་དེ་ལྟར་འདོད་ཆགས་ལ་སོགས་པའི་ཆུ་སྲིན་གྱིས་དཀྲུགས་པའི་འཁོར་བའི་རྒྱ་མཚོར་སེམས་ཅན་རྣམས་ཇི་ལྟར་གྲུབ་པར་འགྱུར་ཞེས་པའོ། །དཔལ་ཌོམྦིའི་ཞབས་ཀྱིས་ཀྱང་གསུངས་པ། དེ་ལྟར་ཤེས་ནས་སྲིད་པའི་རྒྱ་མཚོ་དུག་གི་ཆུ་ཅན་འདོད་ཆགས་ལ་སོགས་ཆུ་སྲིན་འཁྲུགས། །ནད་ཀྱི་ཟུག་གཟེར་རྦ་རླབས་རྒྱས་པས་བསྒྲུབས་པའི་འགྲམ་ཉིད་གཅིག་པུ་བདེ་བ་ཆེན་པོ་སྟེ། དེ་ཕྱིར་སྐྱེ་བོ་བྱང་ཆུབ་བློ་ལྡན་སྐད་ཅིག་ཙམ་ཡང་རང་གི་དོན་ལ་མཐའ་གཅིག་ཏུ། །བརྩོན་པ་གཏི་མུག་ཞགས་པའི་ཕོངས་པ་སྤངས་ཏེ་ཡང་དག་རྨད་དུ་བྱུང་བར་མི་འགྲོའམ། །ཞེས་སོ། །རང་འདོད་ལྷའི་གཟུགས་ཞེས་པ་དཔལ་གདན་བཞི་པར་ཡང་གསུངས་པ། །བདག་ཉིད་ལྷ་དང་ཕ་རོལ་ལྷ། །བདག་ཉིད་ལྷ་ནི་དམ་པ་སྟེ། །བདག་ཉིད་གཟུགས་སུ་ནུས་མེད་རྣམས། །གཟུགས་བརྙན་ལ་སོགས་རྣམས་རྟོག་བྱེད། །བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་པ་ལ་དཔལ་འདུས་པར་གསུངས་པ་ཡང༌། །དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་མེད་


DTG004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཀྱང་མེད་དེ། །ནམ་མཁའ་ལྟ་བུར་བདག་མེད་པ། །འདི་ནི་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་སོ། །ཀྱེའི་རྡོ་རྗེ་སེམས་ཞེས་བཤད། །རྣམ་རྟོག་མེད་པའི་རང་བཞིན་ཏེ། །རང་བཞིན་འོད་གསལ་རྣམ་པ་ཅན། །གདོད་ནས་ཞི་བ་ནམ་མཁའ་མཉམ། །ཞེས་སོ། །བསམ་གཏན་ཉོན་མོངས་འཇིག་བྱེད་པ། །ཞེས་པ་ལ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང༌། བསམ་གཏན་ཅི་ཡི་དོན་བརྗོད་བྱ། །སྡུག་བསྔལ་ཐམས་ཅད་གཅོད་པ་དང༌། །ཉོན་མོངས་དྲ་བ་འཇིག་བྱེད་པ། །ཤེས་རབ་ལྷན་ཅིག་བསམ་གཏན་ནི། །སྲིད་པ་འཇོམས་པར་བྱེད་པའི་མཆོག །ཅེས་སོ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །ཉིན་གཅིག་བར་ཆད་མེད་པ་རུ། །བསྒོམས་ནས་ཡོངས་སུ་བརྟག་པར་གྱིས། །ཞེས་པ་འདིའི་དོན་ནི་འདི་ཡིན་ཏེ། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། རང་གི་སེམས་ནི་བརྒྱལ་དང་གཉིད་ལ་རབ་ཞུགས་མི་ཡི་བདག་པོ་རང་བཞིན་མེད་པར་འགྱུར། །སད་ལ་རང་བཞིན་དང་བཅས་གསལ་བྱེད་དེ་རྣམས་སྲོག་ཆགས་རྣམས་ཀྱི་ཐར་པའི་ལམ་མ་ཡིན། །དངོས་དང་དངོས་མེད་ཀྱིས་ཕྱེ་སེམས་ཀྱི་རྡོ་རྗེ་རྣལ་འབྱོར་བ་ལ་བདེ་མཉམ་སྟེར་བ་ཡིན། །ནམ་མཁའི་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་གང་དེ་ཐར་པ་སྟེར། །གསུངས་པ་ཡང༌། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དཔལ་ཕྱག་ན་རྡོ་རྗེས་ཀྱང་གསུངས་པ། འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། ཉིན་གཅིག་ཡོངས་སུ་བརྟག་པར་བྱ། །གལ་ཏེ་ཡིད་ཆེས་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་པའོ། །འདིར་ཡིད་ཆེས་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ། གཞན་སྔགས་ལ་སོགས་པས་ཉིན་གཅིག་བསྒྲུབ་པར་བྱ་བ་མ་ཡིན་པ་གང་གིས་སྔགས་པ་རྣམས་ཀྱི་ཡིད་ཆེས་བར་འགྱུར་བའོ། །དེའི་ཕྱིར་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ། རྟེན་མེད་པར་བྱས་ནས་ཟབ་མོ་སྟོང་པ་ཉིད་ཀྱི་གཞིལ་ཡིད་ཆེས་སུ་འགྱུར་ཏེ། །བདེན་པར་ཡིད་ཆེས་པར་བྱེད་པ་ཡིད་ཆེས་པའི་དོན་དུ་བ་ལ་སོགས་པ་རྣལ་འབྱོར་བས་ཤེས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་


DTG004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བསྒྲུབ་པར་བྱ། །ཞེས་པ་ལ་སངས་རྒྱས་ཀྱི་གཟུགས་ནི་སྲིད་པ་གསུམ་སྟེ། བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །མན་ངག་དེ་ཉིད་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ། །དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ་ཡང༌། གང་དང་གང་གིས་འདུལ་བ་ཡིས། །སེམས་ཅན་གདུལ་བྱ་ཉིད་འགྲོ་བ། །རྣམ་པ་དེ་དང་དེ་ཡིས་ནི། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པའོ། །ཞེས་པའོ། །དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་གསུངས་པ་དེ་ཉིད་ལ་འཇུག་པར་བྱ་སྟེ། བཀབ་དང་མ་བཀབ་མིག་དག་གིས། སྟོང་པར་གང་ཞིག་རྗེས་བརྟགས་མིན། །རྨི་ལམ་ལྟ་བུར་གཟུགས་བརྙན་མཐོང༌། །རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཇི་ལྟར་མེ་ལོང་པྲ་ཕབ་ལ། །གཞོན་ནུ་མས་མཐོང་དངོས་མེད་སྐྱེས། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ལ་དེ་ལྟར་རྣལ་འབྱོར་བས། །མེད་པའི་ཆོས་ཅན་རྣམས་ལ་ཆོས། །སྐྱེ་བ་འདི་ནི་རབ་ཏུ་མཐོང༌། །ཡིད་བཞིན་ནོར་ལྟར་མཐའ་ཡས་པའི། །སེམས་ཅན་རེ་བ་ཡོངས་གང་བྱེད། །པྲ་ཕབ་པ་ཡི་གཞོན་ནུ་མས། །མ་མཐོང་བ་ཡི་རྫས་མཐོང་བྱེད། །ཉི་ཚེ་བ་ཡི་མིག་དག་གིས། །བསམས་ནས་སྒྲུབ་པ་པོ་ཡིས་མཐོང༌། །ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ཞུགས་པས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མེད་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་བྲལ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་རྣལ་འབྱོར་བ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕོ་བ་དུས་ཀྱི་རྩ་ལ་མཐོང་གི་བར་དུའོ་དེར། །ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བའོ་སེམས་ནི་གཞན་པ་མིན་པ་ཉིད། །ཅེས་སོ། །འདིར་བརྟན་པར་བྱེད་པ་གསུངས་ཏེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ་ཡང༌། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་


DTG004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་སོ། །འཕགས་པ་ཚེ་དང་ལྡན་པ་རབ་འབྱོར་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བར་སེམས་པ་དེ་ནི་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་དོ་ཞེས་སོ། །འདིར་བླ་མའི་མན་ངག་གིས་ནམ་མཁའ་ལ་ཐོག་མར་རྣལ་འབྱོར་བས་དུ་བ་མཐོང་སྟེ། སྨིག་རྒྱུ་ནི་མ་ཡིན་ནོ་ཞེས་པ་རང་གི་ཉམས་སུ་མྱོང་བ་ལས་ཤེས་པར་བྱའོ། །དེ་ལྟར་དུ་བ་ནི་མཚན་མ་དང་པོའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ། །མཁའ་སྣང་ནི་མཚན་མ་གསུམ་པའོ། །སྒྲོན་མ་ནི་མཚན་མ་བཞི་པའོ། །མཚན་མ་ལྔ་པ་ནི་སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །ཞེས་དཔལ་འདུས་པ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དངོས་གྲུབ་པ་འདི་ཀུན་རྒྱུ་དང་བཅས། །དངོས་གྲུབ་ཉེ་བར་འགྲུབ་པའོ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པར་སྐད་ཅིག་རེ། །ཞེས་པ་ལ་སོགས་པའོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། །ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་སྙིང་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་མཁའ་ལ་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་ཞག་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་བ་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་སྟེང་དུ་འབབ་འགྱུར། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་སོགས་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་རྣམས་ནི་དང་ཞིང་སྒྲིབ་པ་རྣམ་བྲལ་རྨི་ལམ་བཞིན་དུ་སྣང༌། སྐད་ནི་ཀུན་ནས་ཚད་མེད་དུ་མའི་སྐད་གཞན་རྣམས་ཀྱིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། སེམས་ནི་དམ་བའི་བདེ་བས་གང་ཞིག་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད། །ཅེས་སོ། །གསུངས་པ་ཡང༌། འདི་ལ་ཡེ་ཤེས་འཁྲུལ་པ་མེད། །འདི་ལ་འཁྲུལ་པ་རིགས་མ་ཡིན། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཡིད་ལ་མི་བྱེད་པས་ཀྱང་འཐོབ། །ཅེས་སོ། །དེ་བཞིན་དུ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། དཔལ་ལྡན་ཟླ་བ་ཆུ་


DTG004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འཛག་པའི། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ཀུན་མཁྱེན་ཆོས་འབྱུང་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་དུ་བརྟེན་ནས་རོ་མཉམ་འགྱུར་བ་ཇི་བཞིན་ཉིད་དུ་ཆོས། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱིས་རྣམས་མང་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །ཞེས་སོ། །འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང༌། །མྱ་ངན་གདུང་སོགས་ཉེར་འཚེ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཞེས་པའི་ཚིག་འདི་རྒྱས་པར་བཤད་པ་ནི་དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ཉོན་མོངས་ནད་ཀྱི་དགྲ་ཆེ་བ། །ཞེས་སོ། །ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན། །ཞེས་པ་ལ། རྒྱུད་གཞན་དུ་གསུངས་པ་ཡང༌། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་སྟེ། །ཕུང་པོ་ལ་སོགས་སྒྲིབ་པས་རབ་དམན་ཡུལ་ཅན་གང་ཞིག་པྲ་ཕབ་བརྒྱད་ལྟ་བུ། །དེ་བོར་སངས་རྒྱས་ཉིད་ཆེད་ནོར་ཆགས་འཁྱོག་པོའི་སྙིང་ཅན་མ་དང་བརྟགས་མ་ལ། །གང་གིས་རྟེན་བྱེད་རྣམ་བརྟགས་བློ་ཅན་དེ་ཡིས་དེ་ཡང་འཕོ་བ་ཐོབ་པར་བྱེད། །འདོད་ཆགས་ཉམས་ལ་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལ་ནི་ཞེ་སྡང་སྟེ། །སྡང་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་བརྒྱལ་ཏེ། །མ་ལུས་མཆོག་མིན་བཟའ་དང་བཏུང་བ་ལ་སོགས་ཡུལ་ཅན་ལ་ནི་རབ་ཏུ་འཇུག །དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་བཅོམ་ཞིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །ཞེས་སོ། །སླར་ཡང་དེ་ཉིད་དུ་གསུངས་པ། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པའི་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་ལ་གཟུགས་བཞིན། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་མཚུངས་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་བྲལ་བ་སྣང་བ་ཙམ་ནི་མཁའ་གནས་པའི། །སེམས་ལ་སེམས་ཀྱིས་བདག་གིས་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཀྱི་དོན་ནི་གཟུགས་སུའོ། །ཞེས་སོ། །རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་ཀྱིས། །དམ་པའི་བདེ་བ་བདེ་ཆེན་ན། །རྫོགས་པ་སྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་དགོས་པ་ཅི། །ཞེས་པ་ལ་དེ་ལ་རྫོགས་པའི་


DTG004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཞེས་བྱ་བ་རྟོགས་པ་དང་དབང་པོ་གཉིས་ཀྱི་བདེ་བ་དང་བྲལ་བ་སྟེ། དེ་ཉིད་སངས་རྒྱས་སྟེར་བར་བྱེད་པ་ཡིན་ན་དེའི་ཕྱིར། རྫོགས་པའི་དཀྱིལ་འཁོར་བསྐྱེད་པ་དང༌། །ཕྱག་རྒྱ་བསྐྱེད་པས་དགོས་པ་ཅི། །ཞེས་པའོ། །ཚིག་འདི་གསན་ནས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་འདི། །ཨེ་མ་དད་པའི་ཤུགས་ཀྱིས་ཉམས། །ཞེས་པ་ཀུན་རྫོབ་ཏུའོ། །ལུས་ཀྱི་དངོས་མེད་ག་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་བྱ་ཁྱབ་བྱེད་ངོ་བོ་ཡིས། །བདེ་བས་འགྲོ་བ་ཁྱབ་པའོ། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ལས་མི་རྟོགས། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་དམིགས་པ་ཉིད་མི་འགྱུར། །ཞེས་པ་ཀུན་རྫོབ་ཀྱིས་སོ། །རྒྱུད་འདི་ཉིད་དུ་སླར་ཡང་དོན་དམ་པས་འགོག་པ་འདི་ལྟ་སྟེ། དངོས་པོ་དངོས་པོ་མེད་པ་ང་། །ཞེས་པ་རྣམ་པ་ཐམས་ཅད་པའི་ཤེས་རབ་བོ། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་པ་མངོན་པར་ཤེས་པ་དྲུག་ཅན་ཐབས་སོ། །རྨོངས་པ་གང་རྣམས་ང་མི་ཤེས། །འདི་ལྟར་གྱུར་པའི་གང་ཞིག་ལེ་ལོས་བཅོམ་པས་ཀྱང་སྟེ་དེ་རྣམས་ནི་དབང་པོ་གཉིས་ཀྱི་བདེ་བས་ཉེ་བར་བཅོམ་པ་རྣམས་སོ། །འདིར་ཁམས་གསུམ་པ་རྒྱུ་བ་དང་བཅས་པའམ་མི་རྒྱུ་བ་དང་བཅས་པའི་འདས་པ་དང་མ་འོངས་པ་དང་ལྟར་བྱུང་བ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར། གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ལུས་ལས་སྐྱེས་རྟེན་དང་པ་བརྟེན་པའི་འབྲེལ་པས་ཇི་ལྟར་མེ་ཏོག་ལས་སྐྱེས་པའི་དྲི་ལྟ་བུ་ཡིན་ན་དེ་མེད་པ་ན་ཡང་འཇིག་སྟེ། ཇི་ལྟར་མེ་ཏོག་མེད་པ་ན་དྲི་ལྟ་བུ་ཡིན་ནོ། །དེ་ལྟ་ཡང་མ་ཡིན་ནོ། །དེའི་ཕྱིར་ཕྱི་དང་ལུས་ལ་ཁྱབ་པར་བྱས་ནས། ཕྱི་ལ་གནས་པ་ལུས་ལ་གནས་པ་ཞེས་བརྗོད་ཀྱི། །ལུས་མེད་ན་དེ་མེད་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེའི་ཕྱིར་ལུས་སྐྱེས་མིན་ཞེས་པ་ནི་ངེས་པའོ། །དེ་སྐད་དུ་ཡང་གསུངས་པ། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང༌། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་ལུས་ནི་ཞིག་གྱུར་ཀྱང༌། །ཡེ་ཤེས་ལ་ནི་འཇིག་པ་མེད། །རང་བཞིན་ཁོ་ན་མྱ་ངན་འདས། །རྣམ་དག་རྣམ་པའི་སེམས་ལས་སོ། །ཞེས་པ་ལ་སོགས་པའོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱ་བྱིན་གྱི་ལེའུར་ཡང་གསུངས་པ། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ།


DTG004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་བུ་དེ་གལ་ཏེ་མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཞན་འགའ་ཞིག་ཡོད་ན་དེ་ཡང་ཁོ་བོ་ནི་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའོ། །ལྷའི་བུ་རྣམས་དེ་ལྟར་སྒྱུ་མ་དང་མྱ་ངན་འདས་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་ལྟར་རྨི་ལམ་དང་མྱ་ངན་ལས་འདས་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་སོ། །ལྷའི་གཟུགས་ཀྱི་རྣལ་འབྱོར་ནི། །སྐྱེས་ཟིན་ཙམ་ལ་རྣམ་པར་གནས། །ཞེས་པ་ལ། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། མངལ་དུ་ཡང་དག་དག་པའི་སྐུ་སྟེ་བཙའ་བའི་དུས་ནས་སོ་ནི་སྐྱེས་པའང་ཆོས་ཀྱིའོ། །སོ་ནི་རབ་ཏུ་ལྟུང་བར་གྱུར་བ་མི་ཡི་བདག་པོ་རྒྱལ་བའི་ལོངས་སྤྱོད་རྫོགས་པའི་སྐུ། །དེ་ནས་སྤྲུལ་པའི་སྐུ་ནི་རབ་ཏུ་གསལ་ཞིང་ངེས་པར་འཆི་བའི་མཚམས་ཏེ་མི་རྣམས་ཀྱིའོ། །མངལ་དང་ཕྱི་རོལ་དག་ཏུ་སླར་ཡང་འདི་ནི་ཡེ་ཤེས་རྣམ་ཤེས་དབྱེ་བས་རྣམ་བཞིར་འགྱུར། །ཞེས་སོ། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་པ་ལ། ཕལ་པ་ཞེས་པ་ནི་བདེ་བ་ཆེན་པོ་དད་གཅིག་ཏུ་འདྲེས་པར་གྱུར་པའི་བྱང་ཆུབ་ཀྱི་སེམས་འཕོ་བ་ལས་ཕལ་བ་ཞེས་བརྗོད་པར་བྱའོ། །ཆགས་པས་འཇིག་རྟེན་འཆིང་འགྱུར་ཏེ། །ཆགས་པ་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་པ་ལ་སོགས་པ་ལ། རྒྱུད་གཞན་དུ་ཡང་གསུངས་པ། ཆགས་པ་ཉིད་དང་ཆགས་བྲལ་ཡང༌། །འདྲེས་པར་གྱུར་པ་རྙོག་པ་མེད། །དེ་ལྟར་ཆགས་དང་ཆགས་བྲལ་དག །གཅིག་པ་རོ་མཉམ་སྐད་ཅིག་གོ །ཞེས་སོ། །འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ལས་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ནི། །དབྱེ་བས་ལྔ་རུ་འགྲོ་བའོ། །ཞེས་སོ། །སླར་ཡང་འདི་ཉིད་དུ་གསུངས་པ། །བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི་བག་ཆགས་ཏེ། །སྲ་བ་གཏི་མུག་ཆོས་ཉིད་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་འདོད། །གང་ཕྱིར་བྱང་སེམས་ཞུ་བ་ཉིད། །ཁུ་བ་ཆུ་ཡི་ཁམས་སུ་འདོད། །ཆུ་ནི་མི་བསྐྱོད་ངོ་བོའི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀ་བསྲུབས་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་མེ་ལས་ཡང་དག་འབྱུང༌། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་ངོ་བོ་ཅན། །ཕྲག་དོག་དོན་ཡོད་གྲུབ་པར་འགྱུར། །དོན་ཡོད་རླུང་ལས་


DTG004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་བྱུང༌། །བདེ་བ་འདོད་ཆགས་ཆགས་པར་འགྱུར། །ཆགས་པ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ཕྲ་མ་རྡོ་རྗེར་འགྱུར། །ཕྲ་མ་ནམ་མཁའ་ལས་བྱུང་བ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཇིག་རྟེན་བསྟན་པའི་ལེའུར་གསུངས་པ་ཡང༌། རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་ནམ་མཁའ་ལ་མཉམ་པའམ། བགྲང་བའམ་ཚད་དམ་མཚུངས་པའམ། སེམས་སམ་སེམས་པའམ་སེམས་ལས་བྱུང་བའི་ཆོས་རྣམས་ཡོད་དམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་ཁོ་ནར་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་མཉམ་པ་མེད་པ་གཞལ་དུ་མེད་པ་གྲངས་མེད་པ་མི་མཉམ་པ་དང་མཉམ་པ་སྟེ། རབ་འབྱོར་འདི་རྣམས་ནི་དེ་བཞིན་གཤེགས་པའི་ཆོས་རྣམས་སོ་ཞེས་སོ། །སེམས་ནི་ཆེན་པོ་གཅིག་ཉིད་ནི། །ལྔ་ཡི་གཟུགས་ཀྱིས་མཚོན་པའོ། །ཞེས་པ་ལ་དཔལ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མར་གསུངས་པ་ཡང༌། ཨེ་མ་བསམ་གྱིས་མི་ཁྱབ་སྟོང་ཉིད་རྡོ་རྗེར་ངེས། །རྡོ་རྗེའི་བདག་ཉིད་ཅན་ནི་རང་ཉིད་ཐར་པར་བྱེད། །རང་ཉིད་ཀྱང་ནི་དུ་མའི་གཟུགས་ཀྱིས་སྟོན་བྱེད་ཅིང༌། །རང་ཉིད་འཆི་བར་བྱེད་སྟེ་རང་ཉིད་ཀྱང་ནི་དུ། །རང་ཉིད་མེ་ལས་ས་ཡང་རང་ཉིད་དེ། །རང་ཉིད་རླུང་སྟེ་ཆུ་ཡང་རང་ཉིད་དོ། །རང་ཉིད་ནམ་མཁའ་རང་ཉིད་དྲག་པོ་ཡང༌། །རང་ཉིད་ཁྱབ་འཇུག་ཉི་མ་ཟླ་བའང་རང་། །ཞེས་པ་ལ་སོགས་པའོ། །རིགས་ནི་ལྔ་པོ་དེ་ཉིད་ལ། །སྟོང་ཕྲག་དུ་མ་སྐྱེས་པའོ། །དེ་ཕྱིར་འདི་ནི་རང་བཞིན་གཅིག །བདེ་བ་ཆེན་པོ་མཆོག་ཏུ་བརྟག །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་མཁའ་བཞིན་དུ་རོ་མཉམ་བསམ་པའི་ལུས་སུའང་ལུས། །རྣལ་འབྱོར་ལྡན་པས་ཤེས་བྱ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱི་ཁ་དོག་སོགས་དབྱེ་བས། སེར་པོ་ནག་པོ་ཁ་དོག་དམར་པོ་ཞེས་དང་དཀར་པོས་རླུང་མེ་དང་ཆུ་ལའོ། །ཡེ་ཤེས་ནམ་མཁའ་ལ་ཡང་སྔོན་པོ་ལྗང་གུར་གྱུར་ཏེ་ལུས་དང་བསམ་པའི་རབ་དབྱེ་བས། །དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་པ། གཏི་མུག་ཞེ་སྡང་དེ་བཞིན་ཆགས། །ང་རྒྱལ་སེར་སྣ་ཅན་འགྲོ་རྣམས། །


DTG004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ཕྱིར་འཁོར་ལོར་རྡོ་རྗེ་ཅན། །རང་ཉིད་རྣམ་པ་དུ་མའི་གཟུགས། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་ཅན་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །འདོད་པ་ཐམས་ཅད་སེལ་བར་བྱེད། །ཅེས་པ་ལ་སོགས་པའོ། །འདི་ཉིད་དུ་གསུངས་པ་ཡང༌། གཅིག་ཉིད་དུ་མ་ཉིད་དུ་འགྱུར། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་འབྱེད་པའི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བརྟག་པ་གཉིས་པར་དངོས་གྲུབ་གཏན་ལ་དབབ་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།

གསུམ་པ། དགོངས་པའི་སྐད་ཀྱི་ལེའུ།


DTG004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དངོས་གྲུབ་ཀྱི་ཐབས་ལེའུ་གསུམ་པ་གསུངས་པ། དེ་ནས་རྡོ་རྗེ་ཅན་གྱིས་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་པ་ལ་སོགས་པའོ། །གསུངས་པ་ཡང༌། རྡོ་རྗེ་ཅན་ཞེས་པ་འགྱུར་བ་མེད་ཅིང་མ་འཕོས་པའི་ཐིག་ལེ་བཞི་པོ་རྡོ་རྗེ་ནོར་བུར་སོན་པ་རྣམས་ནི་རྡོ་རྗེ་ནོར་བུར་ཞུགས་པའི་པདྨར་ཀུན་ནས་དགའ་བ་ཐམས་ཅད་པ་བདེ་བ་མཉམ་པའི་གཞི་མ་འཕོས་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཅན་རྣམས་སོ། །རྒྱུད་ཐམས་ཅད་ཅེས་པ་ལ། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་སོ། །དཔལ་རྡོ་རྗེ་རྩེ་མོར་ཡང་གསུངས་པ། སངས་རྒྱས་རྣམས་ཀྱི་ཆོས་ལོངས་སྤྱོད། །སངས་རྒྱས་ཐུགས་རྗེ་སྐུ་ལ་བྱེད་པ། །སེམས་ཅན་ཀུན་ལ་ཕན་དོན་ཆེད། །ཐམས་ཅད་རྒྱུད་ནི་ཡང་དག་འབྱུང༌། །ཞེས་སོ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །ཞེས་པ་ལ་སོགས་པ་འདིའི་ངེས་པའི་དོན་ནི་དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་ཡང༌། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །དཔལ་ལྡན་གྱི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་རྨི་གཉིད་ལྷུག་


DTG004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ལས། །དབང་པོ་གཉིས་སྐྱེས་བདེ་མིན་ཞིང༌། །ཡེ་ཤེས་ལུས་དང་ངག་དང་སེམས། །གནས་བཞིར་ཡང་དག་མི་གནས་ཏེ། །ཞེས་སྡོམ་པའི་རྣལ་འབྱོར་གྱི་ངེས་པའོ། །མཁའ་འགྲོ་མའི་སྡོམ་པ་ཨེ་ཝཾ་ཡི་གེ་གསུངས་པ། ཨེ་ཡིག་ཆ་བྱད་བཟང་པོ་གང༌། ཞེས་པ་ལ་སོགས་པ་ལ་དཔལ་སམྦུ་ཊར་གསུངས་པ་ཡང༌། གྲུ་གསུམ་ཀུན་རྫོབ་རྣམ་པའི་གཟུགས་ཅན་ཤེས་རབ་སྟེ། །བཟང་པོ་པདྨའི་སྟེང་གནས་རྡོ་རྗེ་མགོན་པོའི་སྒྲུབ་བྱེད་དོ། །དབུས་སུ་ཝཾ་ཡིག་གིས་བརྒྱན་པ། །ཞེས་པ་དབུས་སུ་སྟེ་ཟེ་འབྲུ་ལ་ཐབས་སུ་གྱུར་པའི་ཝཾ་ཡིག་གིས་བརྒྱན་ཞིང་སྤྲས་པར་བྱས་པའོ། །བདེ་བ་ཐམས་ཅད་རྣམས་ཀྱི་གནས། །ཞེས་པ་ལ་གནས་ནི་བཞིའོ། །ཐམས་ཅད་ནི་དམ་ཚིག་ལྔའོ། །བདེ་བ་ནི་དྲུག་པའོ། །བདེ་བ་དང་ཐམས་ཅད་དེ་རྣམས་ཀྱིའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཏེ་དེ་རྣམས་ཁོ་ན་ཆེས་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་ན་རིན་པོ་ཆེ་རྣམས་སོ། །དེ་རྣམས་ཀྱི་ཟ་མ་ཏོག་ནི་སངས་རྒྱས་རིན་པོ་ཆེའི་རྣམ་པའི་གནས་སོ། །དཔལ་སམྦུ་ཊ་རུ་གསུངས་པ་ཡང༌། ཨེ་ཡིག་གིས་ནི་ཤེས་རབ་བཤད། །ཝཾ་ཡིག་ཀྱང་ནི་ཐབས་དང་ལྡན། །ཝཾ་ཡིག་གིས་ནི་བརྒྱན་པ་སྟེ། །ཨེ་ཡིག་བུད་མེད་ལ་མཛེས་པའོ། །ཞེས་སོ། །གསུངས་པ་ཡང༌། ཨེ་ཡིག་རྣམ་པའི་གཟུགས་ཅན་ནོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །སངས་རྒྱས་རིན་ཆེན་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། ཟ་མ་ཏོག་ནི་རྡོ་རྗེ་ནོར་བུ་དང་པདྨའོ་ཞེས་པ་སངས་རྒྱས་རིན་ཆེན་ཟ་མ་ཏོག་གོ །དགའ་བ་དེ་ཡིས་སྐྱེ་བར་འགྱུར། །ཞེས་པ་ལ་སོགས་པ་ལ་གསུངས་པ་ཡང༌། དགའ་བ་མཆོག་ཏུ་དགའ་བ་དང༌། །ཁྱད་དགའི་དགའ་བ་གསུམ་པ་སྟེ། །ལྷན་ཅིག་སྐྱེས་པའི་རང་བཞིན་འདི། །བརྟན་དང་གཡོ་བ་ཀུན་གྱི་བདག །ཀུན་གྱི་ལྷན་ཅིག་སྐྱེས་གང་འདི། །བསམ་གྱིས་མི་ཁྱབ་ཅེས་བར་བཤད། །བརྗོད་མེད་ཀུན་འགྲོ་ཞི་བ་ཡིས། །ཡེ་ཤེས་ཧེ་རུ་ཀ་རུ་བརྗོད། །ཁ་སྦྱར་འཁྱུད་པ་ལ་སོགས་པ། །རྣམ་པ་སྣ་ཚོགས་སྣ་ཚོགས་དགའ། །བྷ་གར་ལིང་ག་རབ་སྦྱོར་བས། །རྣམ་སྨིན་ཡེ་ཤེས་དམ་པའོ། །ཕྱག་རྒྱ་ཉེད་པ་རྣམ་ཉིད་དོ། །མཚན་ཉིད་བྲལ་བ་ངེས་པར་མཚོན། །ཞེས་སོ། །ཤེས་རབ་བཅུ་དྲུག་ལོ་ལོན་ལ། །


DTG004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་དག་གིས་ཡང་དག་འཁྱུད། །ཅེས་པ་འདིའི་དོན་ནི་འདི་ཡིན་ཏེ། དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་གསུངས་པ་ཡང༌། ནང་ལ་སོགས་པའི་དབྱེ་བ་ཡིས། །སྟོང་ཕྱིར་བཅུ་དྲུག་ལོ་ལོན་པའོ། །དེ་རྣམས་ཀྱི་ནི་སྐྱེ་མེད་པ། །དེ་ཡང་བཙུན་མོ་ཞེས་པར་བརྗོད། །དཔལ་མཆོག་གི་རྒྱུད་དུ་ཡང་གསུངས་པ། དྲིལ་བུ་ནཱ་ད་ལ་དམིགས་ནས། །མེ་ཏོག་བདུག་སྤོས་རྣམས་ཀྱིས་བརྒྱན། །བཅུ་གཉིས་ལོ་ལོན་དྲིལ་བུར་འགྱུར། །རྔ་ཆེན་བཅུ་དྲུག་ལོ་ལོན་པའོ། །ཞེས་སོ། །དཀྱིལ་འཁོར་འཁོར་ལོ་ཅི་ཞེས་བརྗོད། །ཅེས་པ་ལ་འདི་ཉིད་དུ་གསུངས་པ་ཡང༌། ཕྱག་རྒྱ་ཆེན་པོའི་དབང་བསྐུར་ལ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །འདི་ནི་དེ་ཡི་མཐུ་ཉིད་དེ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །དཔལ་འདུས་པར་ཡང་གསུངས་པ། བྷ་གའི་དཀྱིལ་འཁོར་ཞེས་བྱ་དང༌། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། །ལུས་ཀྱི་དཀྱིལ་འཁོར་ཞེས་བཤད་པ། །གསུམ་ལ་དཀྱིལ་འཁོར་བརྟག་པའོ། །ཞེས་སོ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་ལ་སོགས་པ་འདིའི་དོན་ནི་འདི་ཡིན་ཏེ། དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་ཡང༌། འདིར་གང་རྣལ་འབྱོར་བ་ཡིས་སྲོག་གཅོད་པ་བྱ་བ་དེ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་རང་གི་ལུས་ལ་སྲོག་ཉམས་པར་གསུངས་ཏེ། ཕྱི་རོལ་དུ་སྲོག་གཅོད་པ་ནི་མ་ཡིན་ནོ། །འདིར་ཕྱི་རོལ་དུ་གང་སྲོག་གཅོད་པར་གསུངས་པ་ནི་གདུལ་དཀའ་བ་འདུལ་བའི་ཆེད་དུ་སྲོག་རྣལ་འབྱོར་གྱི་སྟོབས་ཀྱིས་བཀུག་ནས་སླར་ཡང་ལུས་དེ་ཉིད་ལ་རྣལ་འབྱོར་པས་གཞུག་པར་བྱའོ། །དེ་ལྟར་ན་གདུལ་དཀའ་བ་འདུལ་བ་པོར་འགྱུར་གྱི་གདུལ་དཀའ་བ་མཐར་བྱེད་པ་ནི་རྣལ་འབྱོར་པ་མ་ཡིན་ནོ་ཞེས་གྲུབ་པོ། །གསུངས་པ་ཡང༌། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །ཞེས་སོ། །སྒྲུབ་པ་པོ། བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས་པས་ཀྱང་ཕྲན་ཚོགས་ཀྱི་ལས་བྱེད་པ་ནི་དམྱལ་བར་འགྲོའོ་ཞེས་སོ། །གསུངས་པ་ཡང༌། ཇི་ལྟར་བདག་ཉིད་ལ་ལྟ་བ། །དེ་ལྟར་སེམས་ཅན་རྣམས་ལའོ། །ཞེས་སོ། །སྒྲ་ནི་གང་ཞིག་གཞལ་གྱིས་དམན། །ཞེས་པ་འདིར་ཐམས་ཅད་མཁྱེན་པའི་གསུང་སྐད་ཐམས་ཅད་པ་གང་ལས་སེམས་ཅན་རྣམས་


DTG004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་ལ་རང་རང་གི་སྐད་གཞན་གྱིས་འགྱུར་བ་དེ་ཉིད་རབ་ཏུ་མི་གནས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐད་ཡིན་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་མི་གནས་པའི་སྒྲ་ཡིན་པ་ཉིད་ཀྱི་ཕྱིར་བརྫུན་དུ་སྨྲ་བ་ཞེས་བརྗོད་དོ། །དེ་སྐད་དུ་ཡང་གསུངས་པ། གཙོ་བོ་ཁྱོད་ཀྱིས་ཅུང་ཟད་ཀྱང༌། །ཡི་གེ་གཅིག་ཀྱང་བརྗོད་མེད་ཀྱང༌། །གདུལ་བྱའི་སྐྱེ་བོ་ཐམས་ཅད་ནི། །ཆོས་ཀྱི་ཆར་བས་ཚིམ་པར་མཛད། །ཅེས་སོ། །དེ་བཞིན་དུ་ཡང་གསུངས་པ། །སྐྱེས་བུ་དེ་ཉིད་ཙམ་ལས་ནི། །ཡིད་བཞིན་ནོར་བུ་ལས་བཞིན་དུ། །རྩིག་སོགས་ལས་ཀྱང་སྟོན་པ་ནི། །ཇི་ལྟར་འདོད་པས་ངེས་པར་འབྱུང༌། །ཞེས་སོ། །སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་དོན་དུ་སྟེ། །སེམས་ཅན་རྣམས་སླུ་བའི་ཆེད་དུ་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱིས་སླུ་བ་ཅན་གྱི་ཚིག་འདི་མ་ཡིན་ནོ་ཞེས་པ་ནི་གྲུབ་པོ། །འདིར་ལུས་སྒྲིབ་པ་མེད་པར་སྐྱེས་པར་གྱུར་པ་ན་ཐམས་ཅད་མཁྱེན་པའི་ས་བཅུ་གཉིས་པོ་གང་འཛིན་པ་ནི། རྣལ་འབྱོར་བའི་མ་བྱིན་པར་ལེན་བའོ། །ཕ་རོལ་དུ་བུད་མེད་ཅེས་པ་ལ་ཕ་རོལ་ཏེ་ཆེས་མཆོག་ཏུ་གྱུར་པ་ལས་དང་ཡེ་ཤེས་དང་བྲལ་བ་བདེ་བ་ཆེན་པོའི་རང་བཞིན་ཕྱག་རྒྱ་ཆེན་པོ་སྟེ། དེ་བསྟེན་པར་གྱིས་ཤིག་པའོ། །རང་མཚུངས་མཛེས་མ་ཞེས་པ་དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་བྱ་བ་དེ་ནི་སྲོག་ཉམས་པར་གསུངས་ཏེ། སྒྲ་ནི་གང་ཞིག་ཞལ་གྱིས་དམན་པའང་སྙིང་ལ་འགྱུར་བ་དེ་ནི་བརྫུན་དུ་སྨྲ་བ་ཉིད། །གང་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ས་ནི་འཛིན་པའང་རྣལ་འབྱོར་པ་ཡིས་རྐུ་བར་གསུངས། །ཐིག་ལེ་མ་ལྷུང་པ་ལས་བདེར་འགྱུར་ཆགས་བྲལ་མིན་ལས་གཞན་གྱི་བུད་མེད་བསྟེན་པའོ། །ཞེས་སོ། །བཟའ་བཏུང་ཇི་ལྟར་རྙེད་པ་དང༌། །བགྲོད་དང་བགྲོད་མིན་སྤང་མི་བྱ། །ཞེས་པ་ལ་སོགས་པ་སྟེ། འདིའི་ངེས་པའི་དོན་ནི་གསུངས་པ་ཡང༌། །བཟའ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །བཏུད་པ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བའོ། །བགྲོད་བྱ་ནི་རྒྱུར་གྱུར་པའི་ཡེ་ཤེས་སོ། །བགྲོད་བྱ་མ་ཡིན་པ་ནི་ལྷན་ཅིག་སྐྱེས་པའི་ངོ་བོའོ། །འདི་དག་དབྱེར་མེད་པའི་རྣལ་འབྱོར་གྱིས། །བགྲོད་དང་བགྲོད་མིན་སྤང་མི་བྱ། །ཞེས་པའོ། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །ཕུང་པོ་ལྔ་སྒྲིབ་པ་མེད་པས་དྲི་མ་འབྱིན་


DTG004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་སྐྱེད་པས་ན་དག་པའོ། །དཔལ་གདན་བཞི་པར་ཡང་གསུངས་པ། །རང་གི་ལུས་ནི་བཀྲུ་བྱ་སྟེ། །འདོད་ཆགས་ཞེ་སྡང་དྲི་མའི་ནང༌། །ཟབ་མོ་རྒྱ་མཚོ་ལྟ་བུ་རྣམས། །སྟོང་ཉིད་ཡེ་ཤེས་དེ་ཉིད་ཀྱིས། །ཞེས་སོ། །གཙང་སྦྲ་ནི་སེམས་ཀྱི་རྡོ་རྗེ་རྣམ་པར་སྤྱོད་པས་དག་པའོ། །དེ་སྐད་དུ་ཡང་གསུངས་པ། གཙང་སྦྲ་དང་པོ་ཕོ་ཉ་མོ། །གཉིས་པ་ཟླ་བ་ཉིད་དུ་འདོད། །གཅིག་ཏུ་ཙཱ་རུའི་བཟའ་བ་ནི། །གཙང་སྦྲ་གསུམ་པ་བརྗོད་པར་བྱ། །ཕྱི་རོལ་རྣལ་འབྱོར་དགའ་རྣམས་ལ། །ཆུ་ཡི་གཙང་སྦྲ་ཡང་དག་སྤྱད། །རང་སེམས་དྲི་མ་ཅན་གྱུར་ན། །གཙང་སྦྲ་ཡིས་ནི་དགོས་པ་ཅི། །མི་བྱ་ཞེས་པ་ནི་དམིགས་པ་མེད་པའི་སྦྱོར་བས་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །གྲོང་བའི་ཆོས་ཀྱི་སྒྲ་ཡིས་ནི། །མིག་ལ་སོགས་པའི་སྐྱེ་མཆེད་དེ། །སྤང་མི་བྱ་ཞེས་པའོ། །བློ་ལྡན་སྔགས་ཉིད་མི་བཟླ་ཞིང༌། །ཞེས་པ་ཕྱི་རོལ་གྱི་སྔགས་བརྗོད་པ་སྟེ། གདོད་མ་ནས་མ་སྐྱེས་པའི་རང་བཞིན་གྱིས་ནི་བཟླས་པར་མི་བྱའོ། །བསམ་གཏན་ཉིད་ནི་དམིགས་མི་བྱ། །ཞེས་པ་ལ་བསམ་གཏན་ནི་གང་ཡིད་རྩེ་གཅིག་པས་ཀུན་ནས་གནས་པར་བྱ་བ་སྟེ། བྱ་བ་མེད་པ་ཉིད་ཀྱིས་ན་དེའི་ཚེ། བསམ་གཏན་ཉིད་ཀྱང་དམིགས་མི་བྱ། །ཞེས་པའོ། །གཉིད་ནི་སྤང་བར་མི་བྱ་ཞིང༌། །ཞེས་པ་ལ་གཉིད་ནི་གཏི་མུག་སྟེ། གཏི་མུག་ནི་རྣམ་པར་སྣང་མཛད་དུ་འདོད་ལ། རྣམ་པར་སྣང་མཛད་གང་ཡིན་པ་དེ་འདི་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་ཡོངས་སུ་གཏང་བར་བྱ་བ་མ་ཡིན་ནོ། །དབང་པོ་རྣམས་ནི་མི་དགག་གོ །དབང་པོ་ནི་མིག་ལ་སོགས་པ་རྣམས་ཏེ། བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་དགག་པར་མི་བྱའོ་ཞེས་པའོ། །བ་ལ་ཐམས་ཅད་བཟའ་བར་བྱ། །ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ལུས་པ་མེད་པར་སྒྲིབ་པ་མེད་པའོ། །རིགས་ལྔ་ལ་ནི་མཉམ་པར་སྦྱང༌། །ཅེས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་སུ་དམིགས་པའོ། །བཙུན་མོ་ཐམས་ཅད་དགའ་བར་བྱེད། །ཅེས་པའི་བཙུན་མོ་ཞེས་པ་འདི་ཡིས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་རྣམས་དབྱེར་མེད་པའི་རྣལ་འབྱོར་གྱིས་འཇུག་པར་གང་གི་ཚེ་འགྱུར་བ་དེའི་ཚེ། །བཙུན་མོ་ཐམས་ཅད་དགའ་བར་བྱེད་པ་ཁོ་ནའོ་ཞེས་སོ། །དོགས་པ་མེད་པའི་སེམས་ཀྱིས་ནི། །ཞེས་པ་ཇི་ལྟ་བར་བཅོམ་ལྡན་


DTG004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་དབང་པོ་རྣམས་དང་ལྷན་ཅིག་ཐ་མི་དད་པ་ཉིད་ཀྱིས་ན་བདེ་བ་ཆེན་པོའི་རྣམ་པས་བྱ་བ་མེད་པ་ཉིད་དུ་གནས་པར་འགྱུར་ཏེ། དེའི་ཚེ། དོགས་པ་མེད་པའི་སེམས་ཀྱིས་ནི། །ཞེས་པའོ། །བཤེས་ལ་སྡུག་པར་མི་བྱ་ཞིང༌། ཞེས་པ་ལ། བཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། དེ་ལ་རང་བཞིན་མེད་པས་ན་སྡུག་པར་མི་བྱའོ་ཞེས་པའོ། །དེ་བཞིན་སྡང་ལ་སྡང་བ་མིན། །ཞེས་པ་སྡང་བ་མིག་ལ་སོགས་པའི་ཤེས་པ་སྟེ། དེ་ལ་སྡང་བར་བྱ་བ་མ་ཡིན་ཞེས་པ་དབྱེར་མེད་པའི་རྣལ་འབྱོར་ལས་སོ། །རྡོ་ཤིང་འཇིམ་པའི་རང་བཞིན་གྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །ཞེས་པ་གང་གི་ཚེ། སེམས་ཀྱི་རྡོ་རྗེ་དབང་པོ་རྣམས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱུར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་གྱིས་རྣམ་པར་གནས་པར་འགྱུར་བ་དེའི་ཚེ་ཤིང་དང་རྡོ་བ་ལ་སོགས་པ་ལ་ཕྱག་མི་བྱའོ་ཞེས་བཤད་པར་བྱའོ། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་ལ་གསུངས་པ་ཡང༌། བདེ་བ་ཆེན་པོས་འགྲོ་བ་ཁྱབ། །བདེ་བ་སྤངས་ནས་རྟོགས་མ་ཡིན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་འགྲོ་མ་དང་བཙུན་མོ་བཟང༌། །སངས་རྒྱས་ལྔ་དང་དུ་མ་རྣམས། །དེ་བཞིན་བདེ་བས་སངས་རྒྱས་གཤེགས། །ཐ་མལ་ང་རྒྱལ་གཞོམ་དོན་དུ། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །ཐ་མལ་གནས་སྐབས་གཞོམ་ཆེད་དུ། །སྒོམ་པ་བསྒོམ་པ་ཉིད་མ་ཡིན། །ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་དགོངས་པའི་སྐད་ཀྱི་ལེའུ་སྟེ་གསུམ་པའོ།། །།

བཞི་པ། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ།


DTG004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྤྱོད་པའི་ལེའུར་གང་མདོར་བསྟན་པའི་གླུ་དང་གར་ལ་སོགས་པ་རྒྱས་པར་བསྟན་པའི་ཆེད་དུ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ་གསུངས་སོ། །དང་པོར་རེ་ཞིག་གླུ་བསྟན་པར་བྱ་སྟེ། ཀོལླ་ཨི་རི་ཊྛི་ཨ་བོ་ལ་ཞེས་པ་འདི་ཡིས་ཏེ། བོ་ལ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་སུ་བཤད་དོ། །ཀོ་ཞེས་བྱ་བ་བདེ་བའོ། །ལླ་ཨི་རེ་བཟུང་ནས་སོ། །ཊྛི་ཡ་ཞེས་པ་གནས་སོ་སྟེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ་ཞེས་པ་འདི་ཡིས་ཀོལླ་ཨི་རེ་ཊྛི་ཨ་ཞེས་པ་པོ་ལའི་སྒྲ་ཡིས་བརྗོད་པར་བྱའོ། །མུ་མྨུ་ཎི་རེ་ཀ་ཀོ་ལ། ཞེས་པ་ལ་མུ་མྨུ་ཎི་རེའི་སྒྲ་ཡིས་ལྟེ་བའི་དཀྱིལ་འཁོར་རོ། །ཀ་ཀྐོ་ལ་ནི་པདྨའོ། །དེས་ན་པདྨའི་


DTG004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འཁྱུད་པར་བྱས་པའོ་ཞེས་པའི་དོན་ཏོ། །གྷ་ཎྐྲ་བི་ཊྚ་ཧོ་བཱ་ཛྫ་ཨི་ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ་ཞེས་པ་ལ་གྷ་ཎ་ནི་རྒྱུན་མ་ཆད་པར་རོ། །ཀྲི་པི་ཊྚ་ནི་རྡོ་རྗེ་བསྒུལ་བའོ། །ཀ་རུ་ཎ་ནི་ཞུ་བའི་རྣམ་པ་འཇིག་རྟེན་གསུམ་གྱི་ངོ་བོ་འཛིན་པ་སྟེ། འོན་ཀྱང་བྱང་ཆུབ་གྱི་སེམས་ཐམས་ཅད་ཀྱི་རྡོ་རྗེའོ། །དེས་ན་པོ་ལ་དབང་པོ་གཉིས་བསྲུབས་པས་རོལ་ནི་ཚོགས་པར་བཤད་པར་བྱའོ། །ཏཾ་ཧཾ་བ་ཨུ་ཁ་ཛྫ་ཨེ་གྷ་ཌེ་མྨ་ཨ་ཎཱ་པ་ཛྫ་ཨི་ཞེས་པ་ལ་ཏི་ཧཾ་ཞེས་པ་པོ་ལ་དང་ཀ་ཀྐོ་ལ་ཡང་དག་པར་སྦྱར་བ་ལ་བཟའ་བར་བྱའོ། །བ་ལ་ནི་ཤ་སྟེ་དེ་བཞིན་གཤེགས་པ་ལྔ་རྣམས་གཟུགས་ལ་སོགས་པའི་རང་བཞིན་ཡིན་པས་ན་ཕུང་པོ་ལྔའོ། །དེ་རྣམས་ཀྱི་ཤ་ཟ་བར་བྱ་ཞིང་རང་བཞིན་མེད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཞུ་བར་གྱུར་པ་ཉིད་ཀྱི་ཕྱིར་རོ། །མ་ད་ན་ནི་ཆང་སྟེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་སོ། །གྷ་ཌེཾ་ནེ་པོ་ལ་དང་ཀ་ཀྐོ་ལ་སྦྱར་བས་ཡང་དག་བར་བསྡམས་ནས་ཆེས་ཆེར་བཏུང་སྟེ་བཏུང་བར་བྱའོ་ཞེས་པའི་དོན་ཏོ། །ཧ་ལེ་ཀཱ་ལི་ཉྫ་ར་པ་ནི་ཨ་ཨི་དུནྡུ་ར་ཏ་ཧིཾ་བི་ཛྫ་ཨ་ཨི། ཞེས་པ་ལ་ཧ་ལེ་ནི་བོད་པའོ། །ཀཱ་ལི་ཉྫ་ར་ནི་སྐལ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཏེ་པདྨའི་ཟེ་འབྲུར་རབ་ཏུ་འཇུག་པའོ་ཞེས་པའི་བར་རོ། །དུན་དུ་རུ་ནི་སྐལ་པ་མོད་པ་མིག་ལ་སོགས་པའི་སྐྱེ་མཆེད་དེ། དོར་བ་ནི་སེལ་བར་བྱེད་པ་སྟེ། རང་བཞིན་མེད་པའི་གནས་ལ་རྣམ་པར་འཇོག་པའོ་ཞེས་པའི་དོན་ཏོ། །ཙ་ཨུ་ས་མ་ཀ་སྠུ་རི་སི་ཧླ་ཀ་བྤུ་ར་ལཱ་ཨི་ཨ་ཨི། ཞེས་པའི་བཞི་མཉམ་གྱི་སྒྲ་ཡིས་རྣམ་པར་སྣང་མཛད་དོ། །གླ་རྩིའི་སྒྲ་ཡིས་མི་བསྐྱོད་པའོ། །སི་ཧླ་ནི་རིན་ཆེན་འབྱུང་ལྡན་ནོ། །ག་པུར་ནི་འོད་དཔག་ཏུ་མེད་པར་འདོད་དོ། །འདི་རྣམས་དང་ལྷན་ཅིག་བཅོམ་ལྡན་འདས་དབྱེར་མེད་པའི་ཡན་ལག་གིས་བཞུགས་སོ། །ཞེས་པའི་དོན་ཏོ། །མཱ་ལ་ཨི་ནྡྷ་ན་ཤཱ་ལི་ཛ་ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཞེས་བ་མཱ་ལ་ཨི་ནྡྷ་ན་ནི་ཚོད་མ་སྟེ་ཕུང་པོ་ལྔའོ། །ཤཱ་ལི་ཛ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཏེ་རྒྱུན་མ་ཆད་པར་མ་ལུས་པར་བདག་གི་དབང་དུ་བྱའོ་ཞེས་པའི་དོན་ཏོ། །ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟ་ཤུདྡྷ་ན་མུ་ཎི་ཨ་ཨི། ཞེས་པ་ལ་ཕྲེཾ་ཁ་ཎ་ནི་འོང་བའོ། །འགྲོ་བ་ནི་ཁ་ཊ་སྟེ་འགྲོ་བ་དང་འོང་བ་འདི་དག་འགོག་པས་དག་པ་དང་མ་དག་པའི་ཤེས་པ་རྟོགས་པར་མི་ནུས་སོ་ཞེས་པ་དགོངས་པའོ། །ནི་རཾ་ཤུ་ཨཾ་གྷེ་ཙ་ཌཱ་བི་ཨ་ཨི་ཏ་ཧིཾ་ཛ་


DTG004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རཱ་བ་པ་ཎི་ཨ་ཨི། ཞེས་པ་ལ་རུས་པའི་རྒྱན་ནི་ནི་རཾ་ཤུ་སྟེ་འདིས་ཡེ་ཤེས་ལྔའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །ཙ་ཌཱ་བི་ནི་ཡིད་ལ་མི་བྱེད་པ་ལ་འདོག་པའོ། །ཤ་རཱ་པ་ཎི་ནི་རོ་སྟེ་བདག་མེད་པའི་བྱང་ཆུབ་ཀྱི་སེམས་པདྨའི་སྣའི་རྩེ་མོ་རྣམ་པར་གནས་པའོ་ཞེས་པའི་དོན་ཏོ། །མ་ལ་ཡ་ཛ་ཀུ་ནྟུ་རུ་བ་ཊྚ་ཨི་ཌི་ཎྜི་མ་ཏ་ཧིཾ་ན་བ་ཛྫི་ཨ་ཨི། ཞེས་པ་ལ་མ་ལ་ཡ་ཛ་ནི་འདུ་བར་འདོད་དོ། །བདེ་བ་དང་ལྷན་ཅིག་མིག་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྒྱུར་བྱས་ནས་བྱང་ཆུབ་སེམས་རྡོ་རྗེ་ཤེས་རབ་དང་ལྷན་ཅིག་འདུ་བར་བཤད་དོ། །ཀུ་ནྟུ་རུ་ནི་དབང་པོ་གཉིས་ཡང་དག་པར་སྦྱོར་བ་སྟེ། གཉིས་པོ་འདུ་བས་རབ་ཏུ་འཇུག་པའོ། །རབ་ཏུ་འཇུག་པ་ནི་རེག་པ་ཡིན་ལ། ཌི་ཎྜི་མ་ནི་དེ་ལ་མི་རེག་པ་ཡིན་ལ། ཐམས་ཅད་གཅིག་ཏུ་གྱུར་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་ངོས་པའི་དོན་ཏོ། །དྲང་བའི་དོན་གྱིས་ནི་གོ་སླའོ། །དྲན་པ་མི་འཕྲོགས་རྣལ་འབྱོར་ལས། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གར། །ཆགས་པའི་སེམས་ཀྱིས་སྒོམ་པ་སྟེ། །རྒྱུན་མི་འཆད་པར་གོམས་སེམས་ཀྱིས། །ཞེས་པ་འདིའི་ངེས་པའི་དོན་ནི་གསུངས་པ་ཡང༌། །དགའ་བས་ཤེས་རབ་མཐོང་བ་ལས། །ལྟ་བའི་ངོ་བོས་སྐྱེ་བར་བྱེད། །དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་པ། །ཆོས་འབྱུང་གྲོང་ཁྱེར་གང་གི་གནས། །རྡོ་རྗེ་དམ་ཚིག་གླུ་ལེན་ལས། །རྡོ་རྗེ་རྐང་པས་གར་སྟབས་ཏེ། །རྫ་རྔ་སྒེག་སོགས་ཁྱད་པར་དུའོ། །ཞེས་སོ། །རྒྱུད་གཞན་དུ་ཡང་གསུངས་པ། པདྨའི་གདན་གྱི་དབུས་སུ་ནི། །གང་ཞིག་སེམས་ནི་ཡང་དག་གནས། །ཞི་བ་དེ་ཉིད་ཡང་དག་དག །ལྷན་ཅིག་སྐྱེས་དགའ་གར་མཁན་ནོ། །གར་གྱི་ཆོས་ནི་དེ་ཉིད་ཤེས། །གར་བྱེད་པ་སྟེ་ཐེ་ཚོམ་མེད། །འཇིག་རྟེན་རྣམས་ལ་ཕན་པའི་རྒྱུར། །འཇིག་རྟེན་ཆོས་ཀྱི་གར་བྱེད་དོ། །དེ་ཉིད་འདི་ནི་སྦས་པ་ཆེ། །ཕྱག་རྒྱ་ཆེན་པོ་སྟེར་བ་པོ། །རྡོ་རྗེ་སེམས་དཔའི་གསུང་ཇི་བཞིན། །འབད་པ་ཡིས་ནི་བསྲུང་བར་བྱ། །བདེ་དང་དགའ་དང་མགུ་བ་ཡིས། །གླུ་དང་རོལ་མོའི་རྣམ་འཕྲུལ་དང༌། །དྲི་དང་ཕྲེང་བ་བྱུག་པ་ཡིས། །རིག་པའི་རྒྱལ་པོ་རབ་ཏུ་འགྲུབ། །ཇི་ལྟར་བདེ་བས་བདེ་པ་གཟུང༌། །ཇི་ལྟའི་སྤྱད་པའི་གཡོ་བ་དང༌། ཇི་ལྟའི་བཟའ་དང་གནས་པས་ཀྱང༌། །མཆོག་ཏུ་འགྱུར་བ་མེད་པ་འགྲུབ། །རྡོ་རྗེ་ཆོས་ཀྱིས་ཞེས་པ་ལ་བརྗོད་


DTG004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད་པའི་དོན་གསལ་བར་བྱེད་པ་གསུང་རྡོ་རྗེའི་བདག་ཉིད་གླུ་རྣམས་ཀྱིས་སོ། །སངས་རྒྱས་ཀྱིས་ཞེས་པ་ཟག་པ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་མཚན་དང་དཔེ་བྱད་ཀྱི་ངོ་བོའི་སྐུ་སྒྱུ་མ་ལྟ་བུའི་དོན་རབ་ཏུ་རྟོགས་པར་བྱེད་པ་ལོངས་སྤྱོད་པའི་གར་རྣམས་ཀྱིས་སོ། །མ་མ་རྣལ་འབྱོར་མ་རྣམས་ཀྱིས། །ཞེས་པ་གདུལ་བྱའི་བསམ་པའི་དབྱེ་བས་སྣ་ཚོགས་པའི་ངོ་བོའི་སྤྲུལ་པའི་གར་རྣམས་ཀྱིས་སོ། །དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་པ། །སངས་རྒྱས་གར་མཁན་ཏིང་འཛིན་གནས། །སངས་རྒྱས་གར་གྱིས་གར་མཛད་དོ། །གར་དང་གླུ་ལ་ཞེན་རྣམས་ལ། །སྒོམ་ལ་ཆགས་པའི་སེམས་ཀྱིས་སོ། །ཞེས་སོ། །སྒོམ་པ་ནི་དེ་ཁོ་ན་ཉིད་སེམས་པ་སྟེ་བསྒོམ་བྱ་དང༌། སྒོམ་པར་བྱེད་པ་དང༌། སྒོམ་པ་གསུམ་མི་དམིགས་པའོ། །འདི་ཉིད་དུ་གསུངས་པ་ཡང༌། འགྲོ་བ་ཐམས་ཅད་བསྒོམ་བྱ་སྟེ། །གང་ཕྱིར་ཡིད་ཀྱིས་བསྒོམ་མི་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ལས། །སྒོམ་པ་བསྒོམ་པ་ཉིད་མ་ཡིན། །དེ་ལ་དབང་དུ་གྱུར་པའི་སྒོམ་པ་ལ་ཆགས་པའི་སེམས་ཀྱིས་རྒྱུན་མི་འཆད་པར་ཉེ་བར་ཞི་བ་མེད་པར་གང་གི་སེམས་ལ་དེ་ཁ་ན་ཉིད་གོམས་པ་སེམས་པ་དེ་ཡིས་རྒྱུན་མི་འཆད་པར་གོམས་པའི་སེམས་ཀྱིས་རྣལ་འབྱོར་པའམ་རྣལ་འབྱོར་མ་ཡིས་སོ་ཞེས་པའོ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བ་སྟན་པ་མེད། །ཅེས་པ་འདིའི་དོན་འདི་ཡིན་ཏེ། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བའི་སྡོམ་པར་གསུངས་པ་ཡང༌། བཅོམ་ལྡན་འདས་དེ་ལ་སེམས་རྫོགས་པའི་སངས་རྒྱས་ཞེས་པ་ཅི་ལྟར་ལགས། བསམ་གྱིས་མི་ཁྱབ་རྒྱ་ཆེ་ཟབ། །དངོས་གྲུབ་བདེ་ཀུན་འབྱུང་བའི་གནས། །ཀུན་ནས་ཁྱབ་ཅིང་དྲི་མ་བྲལ། །ང་ནི་བྱང་ཆུབ་སེམས་བསྟན་པའོ། །ཞེས་སོ། །གདོལ་པ་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱད་པ་རྣམས། །ཞེས་པ་ལ་སོགས་པ་འདིའི་དོན་འདི་ཡིན་ཏེ། སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་ཡིན་ནོ་ཞེན་བདེན་ཏེ། སྐྱེ་བ་འདི་ལ་གང་སྔར་མཚམས་མེད་པ་ལྔ་ལ་སོགས་པ་དྲག་པོའི་ལས་བྱས་པ་དེ་སྔགས་ཀྱི་ཚུལ་འདི་ལ་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཏིང་ངེ་འཛིན་གྱིས་བཅོམ་ནས་དགེ་བ་གཞན་གློ་བུར་


DTG004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་མི་འཇུག་པར་བྱ་བའི་ཆེད་དུ་རྡོ་རྗེ་ཆོས་འབྱུང་གི་ཁང་བར་བདུད་བཞིའི་གེགས་ལ་སོགས་པའི་སྒྲ་འཇུག་པའི་སྒོ་རྣམས་ལ་བྱམས་པ་དང༌། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་སོགས་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་སྒོ་གླེགས་བཅུག་སྟེ་དེར་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་བསྒྲུབས་ནས་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་དེ་བཞིན་གཤེགས་པ་བཞེད་ཀྱི། སྔགས་ཀྱི་ཐེག་པར་ཞུགས་པར་གྱུར་པ་སླར་ཡང་མཚམས་མེད་པ་ལྔ་ལ་སོགས་པ་དྲག་པོའི་ལས་བྱེད་པ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །ཞེས་དེ་བཞིན་གཤེགས་པ་བཞེད་པ་ནི་མ་ཡིན་ནོ། །འདིར་ཐེག་པ་གསུམ་ཀ་ལ་ཡང༌། བཅོམ་ལྡན་འདས་ཀྱི་གསུང་ནི་དང་པོར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་ཞེས་པས་སྔགས་ཀྱི་ཐེག་པ་ལ་ཞུགས་པར་གྱུར་པ་རྣམས་ཀྱིས་སྡིག་པ་བྱེད་པ་རྣམས་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་བ་ནི་མ་ཡིན་ནོ། །ཞེས་སོ། །གསུམ་པ་ཡང༌། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཀྱི་འབྲས་བུ་སྟེར་བ་ཞེས་པ་ནི་སྐྱེ་པ་འདི་ལ་སྟེ། མེའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་རྒྱུད་ཀྱི་རྒྱལ་པོ་ཡིན་གྱི། ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་སར་སྐྱེས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིར་ལྷ་ལ་སོགས་པ་རྣམས་ལ་ཡང་མིའི་སྐྱེ་བ་ཐོབ་ནས། སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་རོ་ཞེས་བ་བཅོམ་ལྡན་འདས་ཀྱི་ངེས་པའོ་ཞེས་སོ། །བྱིས་པ་མི་ཤེས་པས་བསྒྲིབས་པ། །འགྲོ་བ་མི་ཤེས་པ་འདི་རྣམས། །འགྲོ་དྲུག་སྲིད་པའི་རྒྱུ་བ་རུ། །གང་རྨོངས་དེ་རྣམས་འཁོར་བར་འགྱུར། །ཞེས་པ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ་ཡང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་བདག་ཏུ་བྱེད་པ་དང་བདག་གིར་བྱེད་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་བར་བྱེད་དམ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་བར་བྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་


DTG004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པར་རབ་ཏུ་ཤེས་པར་གྱིས་ཤིག་ཅེས་སོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། མངལ་དུ་མངལ་གནས་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོ་གང༌། །རྒན་པོ་ཉིད་ལ་འཆེ་བའི་སྡུག་བསྔལ་སྔར་ཡང་འགྲོ་བ་དྲུག་ཏུ་འཇིག་སྟེར་དུ་འབོད་སོགས། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་རྣམས་ལས་སྡུག་བསྔལ་འཛིན་པར་བྱེད། །ཅེས་སོ། །ཨེ་ཝཾ་ཡི་གེར་བཞུགས་པ་ཡི། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཞེས་པ་ལ་སོགས་པ་ལ། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ་ཡང༌། རྡོ་རྗེ་གུར་གྱི་ཏིང་འཛིན་བཞུགས། །འབྱུང་པོ་ཆེན་པོའི་གཏོར་མ་གསུངས། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །ཟླ་བ་ཉི་མ་ཚངས་ལྷ་སོགས། །ཚངས་པའི་རིས་ནི་དམ་པ་སྟེ། །ཚངས་པ་མདུན་ན་འདོན་ཉིད་དང༌། །དགའ་ལྡན་འཐབ་བྲལ་གནས་པ་དང༌། །རྒྱལ་པོ་ཆེ་ལས་ཡང་དག་འབྱུང༌། །གཞན་གྱིས་སྤྲུལ་ལ་དབང་སྒྱུར་དང༌། གང་ཞིག་འཕྲུལ་དགའི་ལྷ་རྣམས་དང༌། །གཙང་མའི་གནས་ན་གང་གནས་དང༌། །བདེ་བ་ཅན་ན་འདུག་པ་རྣམས། །འོག་མིན་དུ་ནི་གནས་རྣམས་དང༌། །འོད་ཟེར་ཅན་གྱི་འཇིག་རྟེན་ཁམས། །སུམ་ཅུ་རྩ་གསུམ་གནས་པ་རྣམས། །དེ་རྣམས་ཐམས་ཅད་སྟེང་དུ་བསམ། །ཆོས་འབྱུང་ནང་དུ་སོང་བའོ། །དབང་པོ་ཤར་གྱི་འདབ་མར་བསམ། །མཐར་བྱེད་ལྷོ་རུ་དགོང་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལ། །བྱང་དུ་ནོར་སྦྱིན་དགོད་པར་བྱ། །མེ་མཚམས་སུ་ནི་མེ་ལྷ་ཆེ། །དེ་བཞིན་བདེན་བྲལ་བདེན་བྲལ་དུའོ། །རླུང་གི་ཕྱོགས་སུ་རླུང་བསམ་སྟེ། །འབྱུང་པོའི་འདྲེན་པ་དབང་ལྡན་དུ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང༌། །མཐའ་ཡས་དེ་བཞིན་ནོར་རྒྱས་བུ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །པད་ཆེན་པདྨ་བཟང་པོ་དང༌། །ལྷ་མིན་སེམས་ཅན་དམྱལ་བ་རྣམས། །ཆོས་ཀྱི་འབྱུང་གནས་འོག་མར་རོ། །ཨོཾ་ཡིག་ལས་གང་ཚངས་ལྷ་སོགས། །ཧཱུཾ་ཡིག་ལས་གང་བརྒྱ་བྱིན་སོགས། །ཨཱཿ་ཡིག་ལས་ནི་


DTG004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྒྱུ་སོགས། །ལག་གཉིས་གདོང་གཅིག་ཅན་རྣམས་ཏེ། །སྟེང་གི་ཚངས་སོགས་ལྷ་རྣམས་དཀར། །དབང་པོ་ལ་སོགས་ནག་པོ་མཚུངས། །སྟོབས་རྒྱུ་ལ་སོགས་དམར་པོ་ཆེ། །རང་འདྲའི་རིག་མས་ལུས་ལ་འགྲོགས། །རྡོ་རྗེ་དྲིལ་བུས་ལག་པ་བྲེལ། །གཡས་བརྐྱང་བ་ཡི་འདུག་སྟངས་གནས། །ཚངས་སོགས་བརྟགས་པས་ཕྱག་རྒྱས་གདབ། །རྡོ་རྗེ་ཅན་གྱིས་བརྒྱ་བྱིན་སོགས། །སྟོབས་རྒྱུ་སོགས་རྣམས་གར་དབང་གིས། །ཐམས་ཅད་རིགས་གསུམ་ལས་བྱུང་བའོ། །ད་ནི་ཐོག་མར་ཡཾ་ཡིག་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་མེའི་དཀྱིལ་འཁོར་གྲུ་གསུམ་པ་རྩེ་མོ་གྱེན་དུ་འབར་བའོ། །དེའི་དབུས་སུ་ཨཱཿ་ཡིག་ཡོངས་སུ་གྱུར་པའི་ཐོད་པའོ། །ཐོད་པའི་དབུས་སུ་ལྕགས་ཀྱུ་ལྔ་དང་ས་བོན་ལྔ་རྣམས་ཞེས་པ་སྟེ། ཧཱུཾ་ཡིག་གིས་གླང་པོ་ཆེའི། །ཧཱུཾ་ཡིག་གིས་བ་གླང་གི །ཨཾ་ཡིག་གིས་ཁྱིའི། །ཧྲཱིཿ་ཡིག་གིས་རྟའི། ཁཾ་ཡིག་གིས་མིའི་སྟེ་ལྕགས་ཀྱུ་ལྔ་རྣམས་སོ། །སྒྱུ་མ་ཆེན་པོའི་རྒྱུད་དུ་གསུངས་པ་ཡང༌། སོ་གཉིས་མྱུར་འགྲོ་ཉིད་དང་ནི། །དེ་བཞིན་བ་གླང་ཁྱི་ཉིད་དང༌། །ཆེན་པོ་ཉིད་དང་མཉམ་པར་ལྡན། །དེ་བཞིན་ཡེ་ཤེས་བདུད་རྩི་ལྔ། །བི་ར་ཤུ་མ་མུ་སྟེ་བདུད་རྩི་ལྔའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་པས་བདུད་རྩིར་བྱའོ། །སྟེང་གི་བར་སྣང་ལ་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཟླ་བ་ལ་གནས་པ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ་འོད་ཟེར་དང་བཅས་པ་བསམས་ནས། ཕྱོགས་བཅུར་སོན་པའི་སྨན་རྣམས་འོད་ཟེར་གྱིས་བཀུག་སྟེ། དེ་ཉིད་དུ་རབ་ཏུ་གཞུག་ཅིང་གཅིག་ཏུ་འདྲེས་པར་གྱུར་པར་བསྒོམ་མོ། །ཨོཾ་ཡིག་གིས་ཁ་བཅད་ནས་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབ་པོ། །དེ་སྐད་དུ་ཡང་དཔལ་འདུས་པར་གསུངས་པ། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས། །བདུད་རྩི་ལྔ་པོ་ཞེས་པར་བཤད། །སྦར་དང་སྲོ་བ་ཉིད་དང་ནི། །གསལ་བར་བྱེད་དང་གཟུགས་བསྟན་པ། །སྔགས་ཀྱི་ལུས་སུ་རབ་སྦྱོར་བས། །བདུད་རྩི་ལྔ་པོ་བཟའ་བར་བཤད། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བའི་བདག་ཉིད་ལས་ཡང་དག་པར་ཚིམ་པར་བྱའོ་ཞེས་པའི་དོན་ཏོ། །ཤེལ་གྱི་རྣམ་པར་བསྐྱེད་ནས་ནི། །ཡེ་ཤེས་ཉི་མ་གཞན་


DTG004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལྟ་བུ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དོན་དམ་མཚོན་གྱིས་བཀུག་ནས་ནི། །བདུད་རྩི་དེར་ནི་བསྐྱེད་བྱས་ནས། །བྲ་བའི་སྦྱོར་བས་ཟ་རུ་གཞུག །མཆོད་ཡོན་ཞབས་བསིལ་དེ་བཞིན་དབུལ། །སྔགས་འདི་ཡིས་ནི་ཚིམ་བར་བྱ། །ཨོཾ་ཨི་ནྡུ་ཛ་མ་ཛ་ལ་ཛ་ཀྑ་བྷཱུ་ཏ་བ་ཧྣི་བཛ་ཨུ་ར་ཀྑ་ཙནད་སུ་ཛྫ་མཱ་ད་པཱ་བྥ་ཏ་ལ་པཱ་ཏཱ་ལེ་ཨ་ཥྚ་ས་པྤ་སཱ་ཧཱ། ཨི་དཾ་བ་ལིཾ་བྷུ་ཉྫ་ཛིཾ་གྷ་ཕུ་ལླ་དྷུ་པ་མཾ་ས་བིཾ་གྷ་ཨ་མྦ་ཀཱ་ཛྫ་ས་པྤ་ས་དྷ་ཁ་ནྟི་ཁུ་ཎི་ཕེཌ་གཱ་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤ་ནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། ཌྲྀ་ཌྷོ་མེ་བྷ་ཝ་སུ་བོ་ཥྱོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཤཱ་ཤུ་ཏོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་བ། ཧྲཾ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ། པྲ་ཡ་ཙྪ། སརྦ་ཀཱ་ཪྻེ་ཥུ། མེ་ཙི་ཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་མཱ་མེ་མུ་ཉྩ། བཛྲཱི་བྷ་བ་ས་མ་ཡ་སཏྭ་ཨཱཿ་མུཿ་ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།

ཧེ་རུ་ཀ་མངོན་པར་འབྱུང་བའི་ལེའུ།


DTG004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བརྟག་པ་གཉིས་པ་ལ་ཧེ་རུ་ཀ་མངོན་པར་འབྱུང་བ་ཞེས་བྱ་བའི་ལེའུ་ལྔ་པ་གསུངས་པ། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་དང་འཇིགས་པའོ། །དཔའ་པོ་ཐོད་པའི་ཕྲེང་བ་ཅན། །བདག་མེད་མ་ཡིས་མགྲིན་པར་འཁྲུད། །ཕྱག་རྒྱ་ལྔ་ནི་འཛིན་ལྷ་ལ། །བདག་མེད་རང་ཉིད་ཀྱིས་ཞུས་པ། །བཅོ་ལྔས་ཡོངས་སུ་བསྐོར་བ་ཡིས། །བདག་གི་འཁོར་ལོ་ཁྱོད་ཀྱིས་གསུངས། །ཁྱོད་ཀྱི་འཁོར་ལོ་ཇི་ལྟར་ལགས། །གཙོ་བོ་བདག་གིས་སྔར་མ་འཚལ། །བདག་མེད་ཙུམ་པ་ན་མཛད་ནས། །རྡོ་རྗེ་ཐོད་པར་སྩལ་ནས་ནི། །སྟ་ན་དག་ནི་མཉེས་བྱས་ནས། །དཀྱིལ་འཁོར་ཡང་དག་རབ་གསལ་མཛད། །འཁོར་ལོ་ཇི་ལྟར་སྔར་གསུངས་བཞིན། །ཞེས་པ་ལ་འཁོར་ལོ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲ་བ་དྲ་བ་ཕྱེད་པར་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །མེ་ཏོག་ཕྲེང་དར་ལྡ་ལྡི་ལྡན། །ཞེས་པ་ལ་སོགས་པ་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། ཇི་སྐད་དུ་རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། །དཔལ་རྡོ་རྗེ་བདུད་རྩིར་ཡང་གསུངས་པ། བཅོམ་ལྡན་རྡོ་རྗེ་ཅན་འདི་


DTG004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །དགའ་ཆེན་ཡང་དག་སྦྱོར་བ་ཡིས། །དེ་ལ་མཱ་མ་ཀཱི་ཡིས་ཞུས། །གསང་བའི་པདྨ་གྲུ་གསུམ་དུ། །དཀྱིལ་འཁོར་བྲི་བྱ་མཱ་མ་ཀཱི། །པདྨ་འདབ་མ་བརྒྱད་བྱས་ནས། །ཟེ་འབྲུ་གསང་བའི་སྤྱོད་ཡུལ་ཏེ། །དེ་ཡི་དབུས་སུ་རིག་མའོ། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །ཞེས་སོ། །དཔལ་སམྦུ་ཊར་གསུངས་པ་ཡང༌། དཀྱིལ་འཁོར་ལུས་ཞེས་གསུངས་པ་སྟེ། །སྒོ་བཞི་ཇི་ལྟར་གསུངས་པ་ཉིད། །ལྟེ་བའི་དབུས་སུ་པདྨ་ཆེ། །ཀུན་མཁྱེན་ཡེ་ཤེས་གྲགས་པའོ། །གནས་དེར་གནས་པའི་དཔའ་བོ་ནི། །ཆ་མེད་ཆ་ནི་རྣམ་པར་སྤངས། །ལུས་ཅན་རྣམས་ཀྱི་ལུས་ལ་རོལ། །ལུས་ལས་འདས་པ་གསལ་བྱེད་མིན། །ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། ཐམས་ཅད་ཟླ་བ་ཞུ་མཚུངས་རང་གི་རྡོ་རྗེའི་ཁ་ནས་ཡུམ་གྱི་པདྨར་སྤྲོ་བར་བྱ། །དེ་ནི་ཉི་མར་རབ་ཏུ་ཞུགས་པ་རོ་མཉམ་འགྱུར་ཏེ་ཨ་སོགས་ཀ་སོགས་རབ་ལྡན་པ། །དེ་ཡི་དབུས་སུ་ཞི་སོགས་ལས་ཀྱི་ཡེ་ཤེས་ས་བོན་དུ་འགྱུར་རིགས་ཀྱི་དབང་གིས་སོ། །དེ་ཡིས་རྫོགས་པའི་ལྷ་མོའམ་ནི་ལྷ་ཡང་རྣལ་འབྱོར་པ་ལ་འབྲས་བུ་སྟེར་བར་འགྱུར། །གསུངས་པ་ཡང༌། བྱང་ཆུབ་སྤྱོད་དང་དེ་བཞིན་སའི། །ཡེ་ཤེས་དག་པ་ཟག་པ་མེད། །དེ་ནི་དཀྱིལ་འཁོར་དབུས་སུ་གནས། །རང་གི་མཚན་མར་དེ་ལྟར་བྱ། །ཞེས་སོ། །དེ་ནས་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་ལས་རྫོགས་པའི་བཅོམ་ལྡན་འདས། ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་རྣམས་ཀྱིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་སྟེ། །འཇིགས་པ་ཡང་ནི་འཇིགས་པར་མཛད། །མགོ་བོའི་ཕྲེང་བའི་དོ་ཤལ་བརྒྱན། །ཉི་མར་བཞུགས་ཤིང་གར་སྟབས་ལྡན། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཁ་དོག་ནག་པོ་འཇིགས་པ་པོ། །ཉིད་ཀྱི་ཞལ་ནས་ཧཱུཾ་ཡིག་སྤྲོ། །ཐལ་བས་ལུས་ལ་བྱུགས་པ་ཉིད། །དགའ་བས་གཉིས་གཉིས་སྙོམས་འཇུག་པ། །བདག་མེད་མ་དང་ལྷན་ཅིག་སྦྱོར། །རྦ་རླབས་མེད་པའི་བདེ་བ་ཐོབ། །རྦ་རླབས་མེད་པའི་རང་བཞིན་ཅན། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ཀུནད་ལྟ་བུ་སྟེ། །གཡོན་པ་དམར་པོ་ཆེར་འཇིགས་པ། །སྟེང་གི་ཞལ་ནི་གཙིགས་པ་པོ། །སྤྱན་ནི་ཉི་ཤུ་རྩ་བཞིས་བྱུག།


DTG004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མའི་ཞལ་ནི་བུང་བ་བཞིན། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་རྣམས་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ལའོ། །སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་དགོད་པ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་པ་ཞི་བ་ཡིས། །གར་དགུའི་ཉམས་དང་ལྡན་པའོ། །ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །ནག་མོ་དབུ་སྐྱེས་དམར་སེར་ཅན། །གྲི་གུག་ཐོད་པ་ཁ་ཊྭཱཾ་འཛིན། །སྟག་གི་པགས་པ་རྐེད་པར་དཀྲིས། །དང་པོའི་སྐྱེས་བུ་བསྒོམ་བྱས་ནས། །འཁའ་འགྲོ་མ་ཡི་འཁོར་ལོ་སྒྲོ། །དེ་བཞིན་གཤེགས་པའི་ཐིག་ལེ་དེ། །ས་བོན་བརྒྱད་པོ་རྣམས་སུ་འགྱུར། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ། །ས་བོན་རྣམས་ཀྱིས་སྤྲོ་བར་བྱ། །དབང་དཀར་གཤིན་རྗེར་ཆོམ་རྐུན་མ། །ཆུ་རུ་རོ་ལངས་མ་གནས་ཤིང༌། །ལུས་ངན་དུ་ནི་གྷསྨརཱི། །དབང་ལྡན་དུ་ནི་པུཀྐ་སཱི། །བྱིན་ཟའི་མཚམས་སུ་རི་ཁྲོད་མ། །བདེན་བྲལ་མཚམས་སུ་གཏུམ་མོ་གནས། །རླུང་གི་མཚམས་སུ་གཡུང་མོ་ཉིད། །ལྷ་མོའི་འཁོར་ལོ་ཡང་དག་ལྡན། །དེ་ནས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པར་བྱ་སྟེ། །ཨོཾ་པདྨ་སུ་ཁཱ་དྷཱ་ར་མ་ཧཱ་རཱ་ག་སུ་ཁནད་ད། །ཙ་ཏུ་ར་ཨཱ་ནན་ད་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཀཱ་ཪྻཾ་ཀུ་རུ་ཥཱ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནན་ད་དཱ་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཀཱ་ཪྻཾ་ཀུ་རུ་ཥཱ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧོཿ་ཡིག་གཉིས་ཀྱི་དབུས་སུ་གནས་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཡི་གེ་འདི་ནི་དྲི་ཟའི་སེམས་ཅན་དུ་བཤད་དེ། ལྷ་མོའི་མཚོ་སྐྱེས་སུ་བསམ་པར་བྱའོ། །དྲི་ཟ་ཡང་དག་ཞུགས་པ་ན། །ཞུ་བར་གྱུར་པ་དྲན་པར་བྱ། །དེ་ལས་མཚམས་ཀྱི་ལྷ་མོ་ཡིས། །བསྐུལ་བའི་གླུ་ཡིས་སྐུལ་བར་བྱེད། །ཅེས་པ་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། །དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་ཡང༌། དེ་ལྟར་སྐུ་དང་གསུང་དང་ཐུགས་ལས་ཡང་དག་པར་བྱུང་བ་འོག་དང་སྟེང་དུ་ཤེས་རབ་ཀྱི་འོད་ཟེར་རྣམས་ཀྱིས་ཞུ་བ་སྟེ། ཤེས་རབ་ཆགས་པས་ཞུ་བ་ཞེས་པ་ལ་ཤེས་རབ་ནི་གཏུམ་མོ་སྟེ་དེས་ཞུ་བའོ། །འདིར་བསྐུལ་བ་རྣམ་པ་གཉིས་ཏེ་གཅིག་ནི་སྲོག་རྫོགས་པའི་ཆེད་དུ་ཡིན་ལ་གཉིས་པ་ནི་ལོ་བཅུ་དྲུག་མཚམས་སུ་བདེ་བ་འགྲུབ་


DTG004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད་དུའོ། །དེས་ན་རྡོ་རྗེ་ཅན་ཡང་རི་བོང་འཛིན་པ་ཞུ་བ་བཞིན་བལྟས་ནས་ཡཾ་ཡིག་ལས་དེ་ལྟར་ཞི་བའི་བདེ་བའི་འབྲས་བུ་སྟེར་བ་ལྟེ་བ་དང་གསང་བ་ལ་སོགས་པའི་པདྨར་རྣམ་པར་ཤེས་པ་བརྒྱལ་བ་རབ་ཏུ་སད་པར་བྱེད་དོ་ཞེས་པའི་ངེས་པའི་དོན་ཏོ། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང༌། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་སོ། །དཔལ་མཚོ་སྐྱེས་རྡོ་རྗེའི་ཞབས་ཀྱིས་ཀྱང་གསུངས་པ། གང་ཞིག་ཟླ་ཉི་སྦྱར་སར་གནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱི་སྦྱོར་བས་འཇིག་རྟེན་གསུམ་པོ་ནི། །རྒྱལ་བའི་དཀྱིལ་འཁོར་རྣམས་པ་འདི་སྤྲུལ་ནས། །འདི་ཀུན་མ་ལུས་པ་དང་རིག་མ་ཡང༌། །བདག་ལ་བསྡུས་ནས་བདེ་བ་དམ་པ་སྩོལ། །ཤེས་རབ་ཆགས་རོ་བདུད་རྩི་གཉུག་མ་ཡི། །གནས་སུ་ཐིམ་པ་དེ་ལ་ཕྱག་འཚལ་ལོ། །སྟོང་པ་དངོས་པོས་རྣམ་པར་དམན་པ་འགྲོ་འདི་མཐའ་དག་དངོས་པོའི་ངོ་བོའི་རིང་བཞིན་ཏེ། སྟོང་ཕྱིར་སངས་རྒྱས་བྱང་ཆུབ་མེད་ལ་གཞན་ཕན་ཐུགས་རྗེས་མཚན་མེད་དམ་བཅའ་འང་མེད། །དེ་ལྟར་མཐའ་དག་ཤེས་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་ཡང་ངེས་པར་དཀྱིལ་འཁོར་གྱི། །དབང་པོ་དཔག་མེད་ཡོན་ཏན་ཅན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀྱིལ་འཁོར་དུ་བསམ་བྱ། །གནས་དེ་ལས་སྟེང་དུ་གཤེགས་པའི་དོན་དུ་རྒྱུ་མཐུན་པའི་བདེ་བ་ལ་པུཀྐ་སཱི་ལ་སོགས་པ་རྣམས་ཀྱིས་རྡོ་རྗེའི་གླུ་རྣམས་ཀྱིས་བསྐུལ་བར་མཛད་དོ། །དེ་ལས་ལྟེ་བར་རྒྱུ་མཐུན་པ་ཉིད་ཀྱི་དོན་དུ་པུཀྐ་སཱི་ས་རབ་ཏུ་སད་པར་མཛད་དོ། །སྙིང་གར་རི་ཁྲོད་མ་རྣམ་པར་སྨིན་པའི་དོན་དུའོ། །མགྲིན་པར་གཏུམ་མོས་སྐྱེས་བུ་བྱེད་པའི་དོན་དུའོ། །མགོ་བོར་གཡུང་མོས་དྲི་མ་མེད་པ་ཉིད་ཀྱི་དོན་དུའོ། །འདི་ལྟ་བུ་ལ་སོགས་པ་རྣམས་ཀྱིས་བཞེངས་སུ་འཇུག་པར་བྱེད་དོ་ཞེས་པའོ། །དཔལ་ཐམས་ཅད་མཁྱེན་པ་འཇིགས་བྱེད་ཀྱི་རྒྱུད་དུ་གསུངས་པ་ཡང༌། ནམ་མཁའ་ལྟ་བུར་དམིགས་བྱས་ནས། །གླུ་འདི་ཡིས་ནི་བསྐུལ་གྱུར་པ། །སྐྱེས་པ་མེད་པའི་རང་བཞིན་ཡང༌། །དང་པོའི་སངས་རྒྱས་ནམ་མཁའ་མཚུངས། །ཞེས་སོ། །དེ་ལྟར་རྟོག་པ་མེད་


DTG004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་དུ་རྣལ་འབྱོར་མ་རྣམས་ཀྱིས་གླུས་བཞེངས་སུ་འཇུག་པར་མཛད་དོ། །ཞེས་པ་ངེས་པའི་དོན་ཏོ། །གསུངས་པ་ཡང༌། ལྷ་མོ་རྣམས་ཀྱིས་གླུ་མཛད་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ཅན་འདོད་དོན་གཉེར་རྣམས་ལ་འདོད་པ་མཛོད། །ཅེས་སོ། །རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིང༌། །པུ་ཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་ཏིང་འཛིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་བ་མོ་བདག་གཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཡིད་ཆད་པར་འགྱུར། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ད་ནི་ལྷ་བཞེངས་པ་བརྗོད་པར་བྱ་སྟེ། འདིར་བཅོམ་ལྡན་འདས་སྟོང་པ་ཉིད་ལ་རབ་ཏུ་བཞུགས་པ་ལ། གླུ་རྣམས་ཀྱིས་རབ་ཏུ་སད་པར་གྱུར་པ་ནི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་དང་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་སེམས་ཅན་གྱི་དོན་གྱི་ཆེད་དུ་སླར་ཡང་སྐྱེ་བར་མཛད་དོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུར་གསུངས་པ་ཡང༌། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་ཏེ། བཅོམ་ལྡན་འདས་སྒྱུ་མ་དེ་གཞན་ལ་གཟུགས་དེ་གཞན་པ་མ་ལགས་ཏེ། བཅོམ་ལྡན་འདས་གཟུགས་ཁོ་ན་སྒྱུ་མའོ། །སྒྱུ་མ་ཁོ་ན་གཟུགས་ལགས་སོ། །བཅོམ་ལྡན་འདས་སྒྱུ་མ་དེ་གཞན་ལ་ཚོར་བ་དེ་ཡང་གཞན། འདུ་ཤེས་དེ་ཡང་གཞན། འདུ་བྱེད་དེ་རྣམས་ཀྱང་གཞན་མ་ལགས་ཀྱི། །བཅོམ་ལྡན་འདས་དེ་ལྟར་སྒྱུ་མ་ཁོ་ན་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་སོ་ཞེས་པ་ལ་སོགས་པའོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། །རྡོ་རྗེ་ཅན་དེས་གླུ་རྣམས་གསན་ནས་སྲིད་པ་གསུམ་པོ་མཐའ་དག་མིག་འཕྲུལ་ལྟ་བུར་ནི། །གཟིགས་ནས་བསྐྱེད་པ་མཛད་དེ་དྲི་མེད་འོད་ཟེར་འཕྲོ་བ་རང་གི་མཚན་མ་སྤྲོ་བྱས་ནས། །རྡོ་རྗེའི་རྒྱན་ལྡན་རྒྱལ་བའི་


DTG004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོའི་ཅོད་པན་ཅན་ནི་ཤེས་རབ་མ་ཡིས་འཁྱུད་པ་ཡང༌། །ཤེས་རབ་ཐབས་ཀྱིས་རྒྱལ་པོ་སླར་ཡང་དཀྱིལ་འཁོར་མ་ལུས་པ་ནི་རབ་ཏུ་སྤྲོ་བ་ཡང༌། སླར་ཡང་དེ་ཉིད་དུ་གསུངས་པ། རྟག་དང་མི་རྟག་མཐོང་སྟེ་དེ་ལྟ་ན་ཡང་བླུན་པོའི་བློ་ཅན་སེམས་ནི་དག་དོན་ཆེད། །སྒྲུབ་ཐབས་བརྗོད་པར་བྱ་སྟེ་སྙིང་པོར་གྱུར་པ་འགའ་ཡང་འདིར་ནི་བསྒྲུབ་པར་བྱ་བ་མེད། །གང་ཞིག་བསྒྲུབ་བྱ་སྒྲུབ་པ་པོ་དེ་འཁྲུལ་ཞེས་རྡོ་རྗེ་ཅན་གྱི་སྒྲུབ་ཐབས་མཐའ་དག་གང༌། །དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དཀྱིལ་འཁོར་དབང་པོར་རབ་ཏུ་བྱ། །ཞེས་སོ། །ཨོཾ་ཧཱུཾ་དག་ལས་རྡོ་རྗེ་ཆེ། །ཞུ་བའི་གཟུགས་ལས་བཞེངས་པ་ནི། །ཁ་དོག་ནག་པོ་དྲག་ཆེན་པོ། །སྤྱན་གསུམ་པ་དབུ་སྐྲ་དམར་སེར་གྱེན་དུ་འབར་བའི་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། དཔྲལ་བའི་སྟེང་དུ་མགོ་བོ་ལྔའི་ཕྲེང་བས་རྣམ་པར་བརྒྱན་པ་སྨིན་མ་འཁྱོག་པོ་དང་བཅས་པའི་ཁྲོ་གཉེར་ཅན་ལ་ཞལ་གཙིགས་པ། ཞལ་དང་པོ་ནག་པོ་གཡས་པ་དཀར་བ། གཡོན་པ་དམར་བ་སླར་ཡང་གཡོན་གྱི་ཞལ་གཉིས་ནག་པ། དེ་བཞིན་དུ་གཡས་ཀྱི་ཞལ་གཉིས་ནག་པོ་སྟེང་ཞལ་དུ་བའི་མདོག་ཅན་རྣམ་པར་འགྱུར་བ། ཞལ་རྣམས་ཐམས་ཅད་མཆེ་བ་གཙིགས་ཞིང་སྤྱན་གསུམ་པ་ཅན། ཕྱག་གཡས་པ་བརྒྱད་རྣམས་སུ་པདྨའི་སྣོད་བརྒྱད་དུ་རིམ་པ་ཇི་ལྟ་བར་གླང་པོ་ཆེ་དང་རྟ་དང་བོང་བུ་དང་བ་ལང་དང་རྔ་མོ་དང༌། མི་དང་བྱི་ལ་སྟེ། དེ་བཞིན་དུ་གཡོན་གྱི་ཐོད་པ་བརྒྱད་རྣམས་སུ། སའི་ལྷ་དང་ཆུ་དང་རླུང་དང་མེའི་ལྷ་དང༌། ཟླ་བ་དང་ཉི་མ་དང༌། གཤིན་རྗེ་དང༌། ནོར་སྦྱིན་ཅན་ཕྱག་རྒྱ་དྲུག་དང་ལྡན་པ་མགོ་བོ་རློན་པའི་ཕྲེང་བས་སྐུ་ལ་བརྒྱན་པ། གཅེར་བུ་གཡས་བརྐྱང་བའི་སྟབས་ཀྱི་ཞབས་ཀྱིས་བཞུགས་པ་ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་པ་ནི་མནན་པ། ཉི་མའི་དཀྱིལ་འཁོར་ལ་གར་སྟབས་ཀྱི་ཚུལ་གྱིས་བཞུགས་པར་བསམ་པར་བྱའོ། །བདག་མེད་མ་ནག་མོ་ཕྱག་གཉིས་མ། །གྲི་གུག་དང་ཐོད་པ་དང་བཅས་པའི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་དག་གིས་བཅོམ་ལྡན་འདས་ལ་སྙོམས་པར་ཞུགས་པ་གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། སྤྱན་གསུམ་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། །མགོ་བོའི་ཕྲེང་བས་མགོ་བོར་རྣམ་པར་བརྒྱན་པ། མི་མགོ་སྐམ་པོའི་ཕྲེང་བས་སྐུ་


DTG004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྒྱན་པ། གཡས་བརྐྱང་བའི་ཟླ་བའི་ཞབས་སྟབས་ཀྱིས་མཆོག་ཏུ་བདེ་བ་ཆེན་པོས་བཅོམ་ལྡན་འདས་ལ་སྙོམས་པར་ཞུགས་པའི་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ། །དེ་ལ་ཤར་གྱི་སྒོར་གཾ་ཡིག་ལས་བྱུང་བའི་གཽ་རཱི་ཁ་དོག་ནག་མོ་ཕྱག་གཡས་བར་གྲི་གུག་དང༌། གཡོན་པར་ཉ་རོ་ཧི་ཏ་ཅན་ཚངས་པ་མནན་པ། གཟུགས་ཀྱི་ཕུང་པོའི་རང་བཞིན་སྤྲོ་བར་བྱའོ། །ལྷོའི་སྒོར་ཙཾ་ཡིག་ལས་སྐྱེས་པའི་ཆོམ་རྐུན་མ་བཙོད་ཀྱི་ཁ་དོག་ཅན་ཕྱག་གཡས་པ་ན་ཅང་ཏེའུ་དང་གཡོན་པ་ཕག་པ་ཅན་དབང་པོ་ལ་ཆིབས་པ་ཚོར་བའི་ཕུང་པོའི་རང་བཞིན་སྤྲོ་བར་བྱའོ། །ནུབ་ཀྱི་སྒོར་བཾ་ཡིག་ལས་སྐྱེས་པའི་རོ་ལངས་མ་གསེར་བཙོ་མ་ལྟ་བུ་ཕྱག་གཡས་པ་ན་རུས་སྦལ་དང༌། གཡོན་པ་ན་ཆུ་སྐྱེས་ཀྱི་སྣོད་ཅན་ཉེ་དབང་མནན་པ། འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་བསམ་པར་བྱའོ། །བྱང་གི་སྒོར་གྷཾ་ཡིག་ལས་སྐྱེས་པའི་ཟ་ནུས་མ་མར་ཀ་ཏའི་མདོག་ཅན་ཕྱག་གཡས་པ་ན་སྦྲུལ་དང༌། གཡོན་པ་ན་ཐོད་པ་ཅན་དྲག་པོ་ལ་ཆིབས་པ་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་བལྟ་བར་བྱའོ། །དབང་ལྡན་གྱི་མཚམས་སུ་པུཀྐ་སཱི་བཾ་ཡིག་ལས་སྐྱེས་པ་སྔོན་མོ་ཕྱག་གཡས་པ་ན་སེང་གེ་དང༌། གཡོན་པ་ན་དགྲ་སྟ་ཅན་གཤིན་རྗེ་མནན་པ་སའི་ཁམས་ཀྱི་རང་བཞིན་རྣམ་པར་བསམ་པར་བྱའོ། །མེའི་མཚམས་སུ་ཤཾ་ཡིག་ལས་སྐྱེས་པའི་རི་ཁྲོད་མ་དཀར་མོ་གཡས་པ་ན་དགེ་སློང་དང༌། གཡོན་པ་ན་ཁར་གསིལ་ཅན་ནོར་གྱི་འདྲེན་པ་ལ་གནས་པ། ཆུའི་ཁམས་ཀྱི་རང་བཞིན་དགོད་པར་བྱའོ། །བདེན་བྲལ་གྱི་མཚམས་སུ་གཏུམ་མོ་ནམ་མཁའི་མདོག་ཅན། །ཙཾ་ཡིག་ལས་སྐྱེས་པ་གཡས་པ་ན་འཁོར་ལོ་འཛིན་པ། །ཕྱག་གཡོན་པ་ན་ཐོད་གཤོལ་ཅན་སྲིད་པོ་མནན་པ་མེའི་ཁམས་ཀྱི་རང་བཞིན་ཅན་བསྒོམ་པར་བྱའོ། །རླུང་གི་ཕྱོགས་སུ་ཌཾ་ཡིག་ལས་སྐྱེས་པའི་གཡུང་མོ་ཁྲ་བོའི་མདོག་ཅན་ཕྱག་གཡས་པ་ན་རྡོ་རྗེ་དང་གཡོན་པ་སྡིགས་མཛུབ་ཅན། ཐགས་བཟངས་རིས་ལ་གནས་པ་རླུང་གི་ཁམས་ཀྱི་རང་བཞིན་ཅན་བསྒོམ་པར་བྱའོ། །འདི་རྣམས་ཐམས་ཅད་སྤྱན་གསུམ་པ་ཞལ་མཆེ་བ་གཙིགས་པ་ཅན་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། །བྱང་ཆུབ་ཀྱི་སྤྲོས་པ་ལས་ཡང་དག་པར་བྱུང་བ་བསྒོམ་པར་བྱའོ། །ཞེས་པ་ལ་


DTG004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། གསུངས་པ་ཡང༌། འདི་ལྟར་ལྷན་ཅིག་སྐྱེས་པ་གཅིག་པུ་དེ་ཁོ་ན་ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་སྟེ་རྣམ་པ་བཞིའོ་ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། ཤེས་རབ་མ་ཡིན་ཐབས་ཀྱང་མིན་འདི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་རྣམ་ཤེས་དབྱེ་བ་ལས། འདི་ནི་ལོངས་སྤྱོད་རྫོགས་སྐུ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་ཅན་རྣམས་སྨིན་ཆེད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །རྡོ་རྗེ་སེམས་དཔའ་གཅིག་འདི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་བྱུང་བར་འགྱུར། །གདུག་པ་རྣམས་སྨིན་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པའི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། །བགེགས་རྣམས་གཞོམ་པའི་དོན་དུ་ཕྱག་གི་པདྨར་རལ་གྲི་དོན་ཡོད་གྲུབ་པ་འབྱུང་བར་འགྱུར། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སྐུ་གསུང་ཐུགས་ཀྱི་དབྱེ་བ་རྣམས་ཀྱིས་དུས་ཀུན་དུ། །དེས་པའི་རྡོ་རྗེ་ཅན་གྱི་བཞུགས་པ་རྣམ་གསུམ་ཕྱི་དང་ནང་དང་གཞན་དུའང་རབ་ཏུ་འགྱུར། །ཕྱི་རོལ་སྣ་ཚོགས་ཕྱོགས་སུ་འགྱུར་ཏེ་མཆོག་གི་ལུས་ལ་སྲོག་གི་རླུང་ནི་རབ་ཏུ་རྒྱུ་བའོ། །ཁྱབ་བདག་གི་གང་ས་སོགས་དཀྱིལ་འཁོར་ལ་རབ་གྱུར་ཏེ་རྡོ་རྗེ་བཙུན་མོའི་བྷ་ག་ལ། །གཅིག་པུ་རྡོ་རྗེ་ཅན་ནི་དབྱེ་བ་གསུམ་སྟེ་ཡུལ་དང་ཡུལ་ཅན་ཁམས་རྣམས་ཀྱིས་ཀྱང་བསྐོར། །དུས་གསུམ་གནས་གསུམ་དུ་བཞུགས་སྲིད་པ་གསུམ་དུ་གནས་པའང་སེམས་ཅན་དུ་མའི་དོན་སླད་དུའོ། །དེ་ལྟར་ངེས་པ་སྐུ་ཡི་རྡོ་རྗེ་མཆོག་གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་རྣམ་པར་གསུངས། །གསུང་གི་རྡོ་རྗེ་འང་ཨ་སོགས་ཀ་སོགས་ལྷ་ཡི་རྣམ་པ་ཉིད་དེ་མཐའ་དག་རྒྱལ་བའི་རིགས་རྣམས་ཀྱི། །སྟོང་པ་དྲུག་གིས་ཐུགས་ཀྱི་རྡོ་རྗེ་རྣམས་གསུམ་སྲིད་པ་ལ་གནས་གཙོ་བོའི་རྣམ་པ་གཅིག །དེ་བཞིན་ཡེ་ཤེས་རྡོ་རྗེ་སྲིད་པའི་འཇིགས་པ་འཇོམས་པ་སྣ་ཚོགས་ཡུལ་གྱི་རང་བཞིན་ནོ། །ཞེས་པ་ལ་སོགས་པའོ། །ཧཱུཾ་གི་ཡེ་ཤེས་རྗེས་སུ་བསམ་པར་བྱ་ཞིང༌། དམ་ཚིག་གི་འཁོར་ལོ་


DTG004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡེ་ཤེས་ཀྱི་འཁོར་ལོ་ཆེར་འབར་བ་མྱུར་དུ་གཞུག་པར་བྱའོ། །ཞེས་པ་འདིའི་དོན་ནི་དཔལ་དྲི་མ་མེད་པའི་འོད་དུ་གསུངས་པ་ཡང༌། འདིར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ། དམ་ཚིག་གི་དཀྱིལ་འཁོར་རྫོགས་པར་བྱས་ནས། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་གཞུག་པ་དང་འཆིང་བ་དང་མཉེས་པ་དང༌། རོ་མཉམ་པར་བྱེད་པ་ཞེས་པ་ལ་ལང་ཚོ་ཅན་མ་དང་རབ་ཏུ་འགྲོགས་པ་ལ་ཡེ་ཤེས་སེམས་དཔའ་ནི་ཁུ་བ་སྟེ་དགོངས་པའི་སྐད་གཞན་གྱིས་སོ། །དེ་དགུག་པ་ནི་སྲོག་ལ་སོགས་པའི་རླུང་གི་ཚོགས་ཀྱིས་བྱེད་དེ། །སྟེང་དུ་སྤྱི་བོར་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་དོན་ཏོ། །དེ་ཞུ་བར་བྱས་ནས་ཁུ་བ་ཐིག་ལེའི་གཟུགས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང༌། གསང་བའི་པདྨ་ལ་རབ་ཏུ་འཇུག་པར་བྱེད་དོ། །སའི་ཁམས་ནི་ཐིག་ལེའི་གཟུགས་དེའི་བཅིང་བ་བྱེད་དོ། །ཞེས་པ་མཆོག་གི་བདེ་བའི་དབང་གིས་ཤིན་ཏུ་མགྱོགས་པས་འོངས་པ་འགྲོར་མི་སྟེར་བའོ། །ཆུའི་ཁམས་ཀྱི་ཐིག་ལེ་ཞུ་བ་དང་གསང་བའི་པདྨ་དང་རྡོ་རྗེ་ནོར་བུར་གནས་པ་ནི་གཡོ་བ་ཞེས་བརྗོད་ཅིང༌། མི་འཕོ་བའི་བདེ་བའི་དབང་གིས་བརྙེས་པ་སྟེ་ལུས་ལ་བསིལ་བ་ཉིད་དུ་བྱེད་དོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། ཤེས་རབ་ཆོས་འབྱུང་ལ་གནས་མཐའ་དག་སླར་ཡང་སྤྲོ་བ་བྱས་ཏེ་ངེས་པར་ཐིག་ལེ་ཡིས། །སྣ་ཚོགས་རྒྱན་དང་ལྡན་ཞིང་མེ་ལོང་ལ་གནས་ལྟ་བུའི་ཡེ་ཤེས་འཁོར་ལོ་རང་བྱུང་བ། །འདོད་པ་དང་ནི་གཟུགས་དང་གཟུགས་མེད་སྲིད་པ་རྣམ་པ་གསུམ་པོའང་རིམ་པས་སྦྱང་བྱས་ཏེ། །ཕྱི་ནས་ཡེ་ཤེས་མེ་ལྕེས་སྲིད་པ་གསུམ་པོ་མཐའ་དག་དུས་གཅིག་ཏུ་ནི་དགུག་པར་བྱ། །ཞེས་པ་དེས་པའི་དོན་ཏོ། །དྲང་བའི་དོན་གྱིས་ནི་གོ་སླའོ། །སྐུ་གསུང་དེ་བཞིན་ཐུགས་ལ་ནི། །ཨོཾ་ཨཱཿ་ཧཱུཾ་ཞེས་གསང་སྔགས་ལས། མཁའ་ལ་སྤྱོད་དང་ས་སྤྱོད་ཉིད། །ས་འོག་གནས་པར་བསམ་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །རྣལ་འབྱོར་མ་རྣམས་རིགས་གསུམ་བྱུང༌། །འདིའི་ངེས་པའི་དོན་ནི་དེ་བཞིན་དུ་ཡང་རྒྱུད་གཞན་དུ་གསུངས་ཏེ། མཁའ་ལ་སྟེ་པདྨ་མཁའ་འགྲོའི་དབུས་སུ་མཁའ་སྤྱོད་མ་འཁོར་ལོ་ས་དགའ་བའི་ངང་ཚུལ་འདི་སྟེ་དེར་གནས་པའི་ལེགས་པར་སྤྱོད་པ་ནི་མཁའ་སྤྱོད་མའི་འཁོར་ལོར་ཡང་དག་པར་བཤད་དེ། ས་ཞེས་པ་སའི་དབུས་གནས་པ་


DTG004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དང་འཆི་བ་ལྟེ་བའི་པདྨ་རྣམས་ལ་སྟེ། དེར་གནས་པའི་ལེགས་པར་རྣམ་པར་སྤྱོད་པ་ནི་ས་སྤྱོད་མའི་འཁོར་ལོ་ཡང་དག་པར་བཤད་དོ། །ས་འོག་ཅེས་པ་གང་གསུངས་པ་པདྨར་བྱང་ཆུབ་ཀྱི་སེམས་ལྟུང་བར་བྱེད་ཅིང་ཏཱཾ་ལཾ་སྟེ་ཡིད་ཀྱིས་ཕྱི་རོལ་དུ་ནུས་པ་ནི་ས་འོག་ཏུ་གནས་པ་ཞེས་མཚན་མའོ། །མིག་ཏུ་གཏི་མུག་རྡོ་རྗེ་ལ་སོགས་པའི་རིགས་དྲུག་རྣམས་དགོད་པར་བྱའོ། །གསུངས་པ་ཡང་རྣམ་པ་སྣ་ཚོགས་པ་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང་མཚན་ཉིད་དང་བྲལ་བ་རྣམས་ཀྱིས་དབང་བསྐུར་བ་དང༌། དེ་བཞིན་དུ་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བ་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་བྱའོ་ཞེས་སོ། །རང་གི་ལག་པ་གཡས་གཡོན་གྱི། །མཐེ་བོ་མིང་མེད་དག་གིས་ནི། །ལོངས་སྤྱོད་རྫོགས་པའི་རླབས་གཉིས་སུ། །རྣལ་འབྱོར་བ་ཡིས་བཙིར་བར་བྱ། །ཕྱི་ནས་ཡེ་ཤེས་སྐྱེ་བར་འགྱུར། །གཞོན་ནུ་མ་ཡིད་དགའ་བ་བཞིན། །དེ་ལ་ཅི་ཡང་སྐྱེ་འགྱུར་ཏེ། །ལྐུགས་པའི་རྨི་ལམ་ཇི་ལྟ་བའོ། །ཞེས་པ་ལ་འདིས་རྒྱས་པར་བཤད་པ་གསུངས་ཏེ། རྒྱུད་གཞན་དུ་གསུངས་པ་ཡང༌། གཡས་དང་གཡོན་ཞེས་པ་ནི་གཡས་པ་དང་ཅིག་ཤོས་ཏེ་འདི་དག་ཐ་སྙད་ནི་གཅིག་ཏུ་འདྲེས་པར་གྱུར་པའི་སེམས་རྡོ་རྗེའི་རང་བཞིན་གྱིས་ན་ཨ་བ་དྷཱུ་ཏཱི་ནི་ལག་པའོ། །དེའི་རྒན་པོ་དང་མིང་མེད་དག་སྟེ་བརྐྱང་མ་དང་རོ་མ་དེ་དག་གིས་ཤེས་རབ་དང་ཐབས་འཇུག་བཞིན་པའི་རྣལ་འབྱོར་མ་དག་གིས་ཀུན་རྫོབ་དང་དོན་དམ་པའི་རླབས་གཉིས་ལ་བཙིར་བར་བྱའོ་ཞེས་པ་ལ་བཙིར་བ་ནི་ཁ་སྦྱོར་བ་དང་འཁྱུད་པ་ལ་སོགས་པ་རྣལ་འབྱོར་པའི་ལོངས་སྤྱོད་པ་རོ་མཉམ་པར་བྱེད་པ་སྟེ། ལོངས་སྤྱོད་པར་གྱུར་པ་ན་རླབས་གཉིས་ལོངས་སྤྱོད་པའོ། །གཞོན་ནུ་མའི་དགའ་བ་ཞེས་པ་དུས་གཉིས་སྤངས་པ་ཆགས་པ་དང་བྲལ་བ་ཞེས་པའི་དོན་ཏོ། །ལྐུགས་པའི་རྨི་ལམ་ཞེས་པ་བདག་ཉིད་ཀྱིས་རང་ཉིད་ཀྱི་ཤེས་པར་བྱའོ། །ཞེས་པ་ནི་བརྗོད་པར་མི་ནུས་པ་སྟེ། ངག་གི་ལམ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་དུ་གསུངས་པ་ཡང༌། ལྷ་དེའི་སྐད་ཅིག་ཅི་ལྟར་ལགས། །གཙོ་བོ་ཆེན་པོ་བཤད་དུ་གསོལ། །དེ་ལ་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པའོ། །ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་


DTG004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བརྟག་པ་གཉིས་པར་ཧེ་རུ་ཀ་མངོན་པར་འབྱུང་བ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།

དྲུག་པ། བྲིས་སྐུའི་ཆོ་གའི་ལེའུ།


DTG004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཕྱག་རྒྱ་ལྔའི་རྣམ་པར་དག་པ་རབ་ཏུ་རྒྱས་པ་འཆད་ཅིང་བྲིས་སྐུ་བསྒྲུབ་པའི་ལེའུ་གསུངས་པ། ལྷ་མོ་ལ་ནི་དམ་འཁྱུད་ཅིང༌། །པོ་ལ་ཐོད་པར་བཅུག་ནས་ནི། །ཞེས་པ་ལ་བོ་ལ་ནི་རྡོ་རྗེའོ། །ཀཾ་བདེ་བ་སྐྱོད་པར་བྱེད་དོ་ཞེས་པས་ཐོད་པ་ཞེས་བརྗོད་པར་བྱའོ། །དཔལ་སཾ་པུ་ཊ་རུ་ཡང་གསུངས་པ། ཆོས་ཀྱིས་དབྱིངས་ཀྱི་ལུས་ཅན་རྣམས། །ཐོད་པ་ལ་ནི་སུ་ཞིག་སྨོད། །ཡང་དག་སྦྱོར་བའི་བདེ་བསྒྲུབས་ནས། །ཕྱག་རྒྱ་ལྔ་ནི་རབ་གསལ་མཛད། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང༌། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་རབ་གསལ་མཛོད། །ཉོན་མོངས་མ་ལུས་བསལ་བ་དང༌། །མི་ཤེས་མ་ལུས་གཞོམ་སླད་དུའོ། །ཞེས་སོ། །བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཆེད། །རྣ་བ་དག་ལ་རྣ་ཆ་འཛིན། །སྔགས་ཀྱི་བཟླས་པ་མགུལ་རྒྱན་ཉིད། །གདུ་བུ་སྲོག་ཆགས་གསོད་པ་སྤང༌། །ཕྱག་རྒྱ་བསྟེན་པ་སྐ་རགས་སོ། །ཞེས་པ་དྲང་པའི་དོན་ཏོ། །ད་ནི་ངེས་པའི་དོན་གསལ་པར་བྱ་སྟེ། བླ་མ་སློབ་དཔོན་འདོད་ལྷ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དེའི་འདུད་པ་ནི་འཕོ་བ་སྟེ་དེའི་དོན་དུ་འཁོར་ལོ་ཅན་འཛིན་པ་སྟེ་འཁོར་ལོ་ཅན་ནི་འཆིང་བའོ། །ཞེས་པའི་དོན་ཏོ། །སྨོད་ཚིག་ཅེས་པ་ལ་སྨོད་ཚིག་ནི་ཉམས་པའོ། །དེ་མི་ཉན་པའི་ཆེད་དུ་རྣ་བ་དག་ལ་རྣ་ཆ་གཟུང་བར་བྱ་སྟེ། རྣ་ཆ་ཞེས་པ་ནི་རྣ་ཆ་འཆིང་བའོ། །ཡིད་སྐྱོབ་པར་བྱེད་དོ་ཞེས་པས་ན་སྔགས་ཏེ་བཟླས་པ་ཞེས་པ་འགོག་པའི་ཆེད་དུ། མགུལ་རྒྱན་ཞེས་པ་མགུལ་རྒྱན་འཆིང་བའོ། །གདུ་བུ་སྲོག་ཆགས་གསོད་པ་སྤང༌། །ཞེས་པ་སྲོག་ནི་གང་གི་ཕྱིར་སེམས་སུ་འདོད་དེ། དེ་གསོད་པར་མི་བྱའོ་ཞེས་པའི་དོན་ཏོ། །ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། བསྟེན་པ་ཞེས་པ་བསྟེན་པར་བྱ་བའི་ཆེད་དུ་སྐ་རགས་ཞེས་པ་སྐ་རགས་འཆིང་བའོ། །དེ་ལྟར་ཕྱག་རྒྱ་ལྔའི་མན་ངག་བླ་མ་བརྒྱུད་པའི་རིམ་པས་ངེས་པའི་དོན་གྱིས་ཤེས་པར་བྱའོ། །དེ་བཞིན་དུ་ཡང་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ། མེ་ནི་དངུལ་ཆུའི་དགྲ་ནི་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུའི་འཆིང་བ་མེད། མ་བཅིངས་གསེར་བྱེད་མེད་དེ་གསེར་དང་བྲལ་


DTG004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྨྲ་པོ་ཉིད་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་འདིར་མ་ཕུག་ལུས་འདིར་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་སོ། །གསུངས་པ་ཡང༌། དང་པོའི་འཁོར་ལོ་ཅན་འཆིང་བཅིངས་པ་གདུ་བུ་ངེས་པའི་སྐ་རགས་ཀྱིས་ནི་དབུགས་འབྱུང་འགོགས། །མགྲིན་རྒྱན་རྣ་རྒྱན་ཕབ་པ་རྡོ་རྗེ་པདྨ་ལས་སྐྱེས་ནོར་ནི་མཐར་ཕྱིན་ཤིན་ཏུ་དག །འདི་ལྟར་ཐུན་ཕྱེད་ཐུན་དུའང་ཉིན་པར་དངུལ་ཆུ་བཞིན་དུ་སེམས་ཀྱི་རྡོ་རྗེ་བཅིང་བྱས་ནས། །ཀུནད་འགུགས་པའི་སྦྱོར་བས་སྟེང་དུ་དྲངས་ཏེ་རང་གི་གྲོང་དུ་ཁམས་ལ་བརྒྱུས་ཏེ་བཞག །གཡོ་བ་ཡོངས་སུ་སྤངས་བྱས་ནས། །ཡང་དག་རླུང་རྣམས་དགད་པར་བྱ། །བུམ་པ་ཅན་གྱིས་རིམ་པར་སྦྱིན། །གང་གིས་རླུང་ནི་འབབ་བྱེད་པ། །ནང་གི་རྣལ་འབྱོར་ཆོ་ག་ཡིས། །རླུང་ནི་སྟེང་དུ་སྤར་བར་བྱ། །དེ་ཡིས་ས་བོན་རང་ཉིད་འགྲོ། །རང་གནས་རྣལ་འབྱོར་རྟོགས་ལས་སོ། །ས་ཆུ་མེ་དང་རླུང་གི་གཞན་དབང་མ་ཡིན་གཞན་མིན་ལ་མིན་གཞན་དུ་མིན་ཏེ་མཁར། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བྱས་གོ་འཕང་མ་ཡིན་ཐོག་མ་དབུས་མཐར་འགྲོ་བའང་མིན། །ཆགས་ལ་མིན་ཉིད་ཆགས་བྲལ་ལ་མིན་འབྱུང་བའི་དུས་སུ་འདི་ལྟར་བཙལ་བཞིན་པ་མ་ཡིན། །སྐྱེད་ལ་ཧེ་རུ་ཀ་མིན་འདི་ནི་རོ་མཉམ་དུས་སུ་རབ་ནུབ་ག་ལ་བདུད་རྩིའི་དཔལ། །ཞེས་པ་ལ་སོགས་པའོ། །དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་ཡང༌། འདིར་བཅོམ་ལྡན་འདས་ཀྱིས་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པས་བདེ་བ་ཆེན་པོ་བསྒྲུབ་པར་གསུངས་པ་གང་ཡིན་པ་ནི་བདེན་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཉམས་པར་གྱུར་པ་དེ་ཡིས་སྐྱོབ་པ་རྣམས་གྲོལ་ཏེ། །སེམས་ཅན་རྣམས་ཀྱིས་ཉིན་ཞག་སོ་སོའི་དུས་སུ་སྲུང་བྱེད་གང་དེ་སྐྱོབ་རྣམས་གཏོང་བར་བྱེད། །སེམས་ཅན་རྣམས་ཀྱིས་རང་སྙིང་ལ་གནས་བདེ་བ་གང་གཏོང་དེ་ནི་རྒྱལ་རྣམས་སྲུང་བར་མཛད། །དེ་ནས་རྒྱལ་བ་མཆོག་གི་སྤྱོད་འདི་ལྷ་ཀླུ་ལྷ་མིན་རྣམས་ཀྱི་བྱ་བ་དཀའ་བར་འགྱུར། །ཞེས་སོ། །གསུངས་པ་ཡང༌། གཞན་གང་ཆུང་ཟད་སྤྲོས་པ་ཡོད་པའང་ཁྱབ་བདག་དཀྱིལ་འཁོར་ལ་ནི་འབྱུང་པོ་ལས་སྐྱེས་མཐར། །ཐམས་ཅད་སེམས་ཅན་དོན་གྱུར་མཆོག་གི་ཡོན་


DTG004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་རྣམ་མང་རང་གི་ལུས་ལ་རིག་པར་བྱ། །དེ་བཞིན་རྒྱུད་སྔགས་རྣམ་མང་རིགས་ལ་གནས་རྣམས་རྣལ་འབྱོར་མ་དང་རྣལ་འབྱོར་དབྱེ་བ་ལས། །འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས། །ཞེས་སོ། །ལྷན་སྐྱེས་གཟུགས་ཅན་ཀྱེ་རྡོ་རྗེ། །དེ་ལ་ལྷ་མོ་ངེས་ཞུས་པ། །ཆོ་ག་ཇི་ལྟ་བུ་ཞིག་གིས། །བྲིས་སྐུ་བྲི་བར་བྱ་ཞེས་སོ། །འདི་ཉིད་བདག་གིས་མི་ཤེས་པས། །བདེ་བ་ཆེན་པོ་བཤད་དུ་གསོལ། །འདིར་ནི་འདྲི་མཁན་དམ་ཚིག་ཅན། །ཞེས་པ་ལ་སོགས་པ་ལ། གསུངས་པ་ཡང༌། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་སོ་གསུངས་པ་ཡང༌། ཆོས་འབྱུང་བྲིས་སྐུ་བཟང་པོ་ལ། །བྱང་ཆུབ་སེམས་ཀྱི་ལྷ་ཉིད་ནི། །དེ་ནི་བདེ་ཆེན་ངོ་བོ་ཡིས། །རྣལ་འབྱོར་རིགས་པས་རྟག་ཏུ་མཆོད། །དཔལ་ཧེ་རུ་ཀ་མངོན་པར་འབྱུང་བར་ཡང་གསུངས་པ། དེ་ནས་རྣལ་འབྱོར་པ་ཆེན་འགྲུབ། །སྐྲག་པ་ཐམས་ཅད་སྤངས་པ་སྟེ། །བྲིས་སྐུའི་གཟུགས་ནི་སྣ་ཚོགས་ཀྱི། །སྔགས་པས་ཆོ་ག་བཞིན་དུ་བྲི། །རྣལ་འབྱོར་མ་ཡི་ཡན་ལག་གནས། །སྒྲུབ་པ་པོ་ཡིས་མཚོན་པའོ། །ཞེས་པ་ལ་སོགས་པའོ། །མི་ཡི་ཐོད་གནས་ཁ་དོག་ལྔས། །སིཧླ་ག་པུར་བསྒོས་པ་ཡིས། །ཞེས་པ་ལ་སོགས་པ་རྣམས་ནི་མིའི་ཐོད་པར་གནས་པའི་ཁ་དོག་ལྔ་པ་ལྔ་ཅན་གྱིས་སིཧླ་དང་ག་བུར་ལ་སོགས་པ་རྣམས་ཏེ། གླུའི་རིམ་པའི་མན་ངག་གི་ངེས་པའི་དོན་གྱིས་གོ་སླའོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བྲིས་སྐུའི་ཆོ་ག་སྟེ་ལེའུ་དྲུག་པའོ།། །།

བདུན་པ། བཟའ་བའི་ལེའུ།


DTG004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གླེགས་བམ་གྱི་ཆོ་ག་སྔོན་མ་ཅན་བཟའ་བ་བརྗོད་པའི་ཆེད་དུ་དམ་ཚིག་གི་ལེའུ་གསུངས་པ་ཡང༌། །གྲོ་གར་བྲི་ཞེས་པ་ལ་སོགས་པའོ། །གསུངས་པ་ཡང༌། གྲོ་ག་ཞེས་པ་ནི་ས་ལ་སོགས་པའོ། །བོ་ཏི་ནི་མཆོག་གི་ཡི་གེ་སྟེ་ཨཱ་ལི་དང་ཀཱ་ལིའི་རབ་ཏུ་སྦྱོར་བས་བཀླག་པར་བྱའོ། །བཟླས་པའོ་ཞེས་པ་ངེས་པའི་དོན་ཏོ། །རྡོ་རྗེ་ཅན་གྱི་བཟའ་བ་བསྟན། །རྒྱུད་གཞན་དུ་ཡང་གསུངས་པ་ཡང༌། རྡོ་རྗེ་ཅན་ཞེས་པ་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པའོ། །བཟའ་བ་ཞེས་པ་འཆད་བར་འགྱུར་བ་ལ་བརྗོད་པར་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གཽ་རཱི་ལ་སོགས་པའི་མཁའ་འགྲོ་མ་


DTG004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་འཁོར་དང་གནས་དང་ཉེ་བའི་གནས་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཏེ། དེ་རྣམས་འདུས་པའི་ཚོགས་ཀྱི་དཀྱིལ་འཁོར་དུ་ཀྱེའི་རྡོ་རྗེའི་བདག་ཉིད་ཅན་ཚོགས་ཀྱི་གཙོ་བོར་གྱུར་ནས། གནས་དང་བདག་ཉིད་དང་རྣལ་འབྱོར་སྲུང་བའི་དོན་དུ་བགེགས་ཐམས་ཅད་བཟློག་པར་བྱའོ། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང༌། རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་གཙོ། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །ཞེས་སོ། །ད་ནི་བཟའ་བ་འགྲུབ་པའི་གནས་གསུངས་པ། དུར་ཁྲོད་ཅེས་པ་ལ་སོགས་པ་སྟེ་དེར་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བྱས་ཏེ་བཟའ་བ་དང་ལོངས་སྤྱོད་བྱ་བ་དང༌། བཏུང་བ་ལ་སོགས་པ་སྦར་བ་དང༌། བསྲོ་བ་ལ་སོགས་པའི་རིམ་པས་ཐམས་ཅད་རྣམ་པར་སྦྱངས་ནས། ལམ་གསུམ་པའི་མེའི་ཐབ་ཏུ་བདུད་རྩི་ལྟ་བུར་སྦྱིན་སྲེག་བྱའོ། །ཅིའི་རང་བཞིན་ཅན་ཞེས་དོགས་པ་ལ་གསུངས་པ་རྒྱུད་གཞན་དུ་ཡང་གསུངས་ཏེ། ཆུ་གཏེར་ཤིན་ཏུ་བཀྲ་བ་དང༌། །འགྲམ་ནི་རི་ཡི་དབང་པོ་ལྡན། །ཐིབས་པོ་མཛེས་པའི་སྙིང་པོ་ཅན། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །སྣ་ཚོགས་རྒྱལ་མཚན་བ་དན་དང༌། །དྲིལ་བུ་དོ་ཤལ་གྱིས་མཛེས་པ། །སྲིད་གསུམ་བསྐྱེད་པ་འཁོར་ལོ་སྟེ། །དཀྱིལ་འཁོར་དེ་ནི་ལུས་ཡིན་ནོ། །ཞེས་པ་ལ་སོགས་པའོ། །དེ་ནས་འདི་ལ་ཚོགས་ཀྱི་འཁོར་ལོ་ལ་སྔར་བཤད་པའི་རྡོ་རྗེའི་རིགས་ལ་སོགས་པའི་དམངས་རིགས་ལ་སོགས་པ་རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉ་མོ་རྣམས་ཀྱི་བཟའ་བ་དང་བཏུང་བ་ལ་སོགས་པའི་ཆོ་ག་བརྗོད་པར་བྱ་སྟེ། །སྐྱེ་བོ་དང་བྲལ་བའི་ཁྱིམ་དུ་གསང་བའི་གནས་སུ་རིགས་ཀྱི་ཕོ་ཉ་མོ་ཐམས་ཅད་གོས་དང་བྲལ་བ་རྣམས་དང༌། སྒྲུབ་པ་པོ་ཡང་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་རང་རང་གི་གནས་སུ་རྣལ་འབྱོར་མ་རྣམས་སྐྲ་གྲོལ་བ་སྒྲུབ་པ་པོ་ཡང་གཙུག་ཕུད་བཅིངས་པའོ། །སྟན་དུ་རྟག་བྱ་བ་ཞེས་པ་ལ་སོགས་པ་ལ་རོའི་པགས་པའི་སྟེང་དུ་གནས་པ་རྣམས་སོ། །ཚོགས་ཀྱི་བདག་པོ་ནི་སྟག་གི་པགས་པའི་སྟེང་དུ་འཁོར་ལོའི་དབུས་སུའོ། །རོའི་པགས་པ་ཁྲུ་གང་བ་ཙམ་གྱིས་སྡེར་བྱས་ནས། ཚོགས་ཀྱི་གཙོ་བོ་ལ་སྦྱིན་པར་བྱའོ། །ཤར་དང་ལྷོ་དང་ནུབ་དང་བྱང་གི་རྣལ་འབྱོར་མ་རྣམས་ལ་རྟ་དང་ཁྱི་དང་མི་དང་


DTG004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེ་དང་བ་ལང་རྣམས་ཀྱི་པགས་པའི་སྡེར་སྦྱིན་པར་བྱ་སྟེ། དབང་ལྡན་གྱི་རྣལ་འབྱོར་མ་དང་བདེན་བྲལ་ཕྱོགས་ཀྱི་རྣལ་འབྱོར་མ་དང་རླུང་གི་མཚམས་ཀྱི་རྣལ་འབྱོར་མ་དང༌། མེ་མཚམས་ཀྱི་རྣལ་འབྱོར་མ་རྣམས་ལ་བ་ལང་དང་བོང་བུ་དང་ཅེ་སྦྱང་དང་རྔ་མོའི་པགས་པའི་སྡེར་སྦྱིན་པར་བྱ་སྟེ། རང་རང་གི་རིགས་ཤི་བ་རྣམས་ཀྱིའོ། །འདི་ཉིད་དུ་ཡང་གསུངས་པ། ཆ་གཅིག་པ་ཞེས་པ་ལ་སོགས་པ་སྟེ། པདྨ་དུམ་བུ་གཅིག་པ་དང༌། དུམ་བུ་གཉིས་པ་དང༌། དུམ་བུ་གསུམ་པའམ། ཇི་ལྟར་རྙེད་པ་རྣལ་འབྱོར་མ་རྣམས་ལ་བཏུང་བའི་དོན་དུ་སྦྱིན་པར་བྱའོ། །དེ་ནས་བཟའ་བ་སྡེར་དུ་བྱིན་ནས་སྒྲུབ་པ་པོས་བསྐོར་བ་ལན་གསུམ་བྱས་ཏེ། དྲི་དང་མེ་ཏོག་དང་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་མཆོད་ལ་ཡོངས་སུ་བསྔོ་བ་བྱ་སྟེ། བསོད་ནམས་འདི་ཡིས་སེམས་ཅན་རྣམས་ཐམས་ཅད་ཕྱག་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་པའོ། །ཚོགས་ཀྱི་འཁོར་ལོ་འདི་རྒྱལ་པོས་བྱ་སྟེ། ཐུན་མོང་དུ་ནི་སྔགས་ཀྱི་སྟོབས་ཀྱིས་སམ་ལྷའི་ངེས་པས་སོ། །གཞན་དུ་ནི་སྒྲུབ་པ་པོ་རྣམས་ལ་བར་ཆད་དུ་འགྱུར་རོ། །ཐུན་མོང་བའི་ཚོགས་ཀྱི་འཁོར་ལོ་ནི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་བྱ་སྟེ། རང་གི་རང་རིགས་ཀྱིས་སྨིན་པའི་རིགས་ཀྱི་བུ་མོ་རྣམས་ཀྱིས་སོ། །གཞན་དུ་ནི་ཚོགས་ཀྱི་འཁོར་ལོར་མི་འགྱུར་རོ། །ཤེས་རབ་དང་ཐབས་ཀྱི་བདེ་བ་བྱང་ཆུབ་ཀྱི་སེམས་མྱང་བ་མེད་པར་བཟའ་བ་དང་བཏུང་བ་འབའ་ཞིག་པས་ནི་དཔའ་བོའི་སྟོན་མོར་བརྗོད་པར་བྱའོ། །དེ་ཡང་སློབ་དཔོན་ལ་སོགས་པ་ལ་དགེ་བསྙེན་རྣམས་ཀྱིས་བྱའོ། །སྔགས་ཀྱི་ཚུལ་འདིར་སློབ་དཔོན་རྣམ་པ་གསུམ་སྟེ་ཁྱིམ་ན་གནས་པ་དང་དགེ་ཚུལ་དང་དགེ་སློང་ཆུང་དུ་དང་འབྲིང་དང་མཆོག་གོ །དགེ་སློང་གཉིས་དག་གི་ནང་ནས་ཐོག་མར་དབང་བསྐུར་བ་ཐུ་པོ་དང༌། དགེ་ཚུལ་གཉིས་ཀྱི་ནང་ནས་སྔོན་ལ་དབང་བསྐུར་བ་རྒན་པ་དང༌། ཁྱིམ་པ་གཉིས་ཀྱི་ནང་ནས་སྔར་དབང་བསྐུར་བ་གཙོ་བོའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་ནི་ཚོགས་ཀྱི་འཁོར་ལོ་ལ་ཤར་དུ་མངོན་པར་ཕྱོགས་པ་སྦྱིན་པའི་བདག་པོས་ཚོགས་ཀྱི་འདྲེན་པར་བྱའོ། །དགེ་སློང་གཞན་རྣམས་ཀྱང་རྒན་པ་དང༌། གཞོན་པའི་རིམ་པས་དེ་ནས་ཉེ་བར་འཁོད་པར་


DTG004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་བཞིན་དུ་བྱང་དུ་ཁ་ཕྱོགས་པས་དགེ་ཚུལ་གྱི་སློབ་དཔོན་གྱི་གྲལ་ཏེ། བདེན་བྲལ་མཚམས་ནས་མེའི་མཐར་ཐུག་པར་རོ། །དབང་ལྡན་ནས་རླུང་གི་མཐར་ཐུག་པར་ལྷོར་ཁ་ཕྱོགས་པས་རྒན་པ་དང་གཞོན་པའི་དབྱེ་བས་ཁྱིམ་ན་གནས་པའི་སློབ་དཔོན་གྱི་གྲལ་འོ། །ཤར་དུ་དགེ་སློང་མ་དབང་བསྐུར་བ་རྣམས་ནུབ་ཏུ་ཁ་ཕྱོགས་པར་རྒན་པ་དང་གཞོན་པའི་དབྱེ་བས་ཉེ་བར་འཁོད་པར་བྱའོ། །ཞེས་སོ། །བཟའ་བ་དང་བཏུང་བ་ལ་སོགས་པ་ཤར་དུ་བྱའོ། །དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན་བ་བྱུང་གི་ཆུ་ཡིས་གྲུ་བཞི་པ་བྱས་ཏེ། དེར་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས། ཚོགས་ཀྱི་བདག་པོའི་གཡོན་དུ་ལས་ཀྱི་ཕྱག་རྒྱ་གཅིག་གཞག་པར་བྱ་སྟེ། ཚོགས་ཀྱི་བདག་པོའི་ཕྱག་རྒྱ་བྱས་ནས་སོ། །གཞན་དུ་ན་རྣལ་འབྱོར་མ་མེད་པར་ཚོགས་ཀྱི་བདག་པོས་བཏུང་བར་མི་བྱ་སྟེ། ཚོགས་ཀྱི་འཁོར་ལོ་ལ་དབང་བསྐུར་བའི་སྦྱིན་པའི་བདག་པོས་ཚོགས་ཀྱི་བདག་པོ་ལ་བསོད་ནམས་འཕེལ་བའི་དོན་དུ་ཕྱག་རྒྱ་མོ་ངེས་པར་དབུལ་བར་བྱའོ། །གཞན་དུ་ན་སྦྱིན་པའི་བདག་པོ་ལ་རྩ་བའི་ལྟུང་བར་འགྱུར་རོ། །དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། ཆད་ནི་ཤེས་རབ་རང་བཞིན་སྦྲང་རྩི་དང་བཅས་བུ་རམ་སྐྱེས་སམ་འབྲས་སྐྱེས་ཤིང་སྐྱེས་ཏེ། །ཕྱག་རྒྱ་དང་བྲལ་འཐུང་བྱེད་གང་དེ་ཡུལ་ཅན་དུ་འགྱུར་བདུད་ཀྱི་ཚོགས་ཀྱིས་བསྐོར་དེའི་ཕྱིར། །ཤེས་རབ་ལྷག་ལྡན་སྡིག་པའི་དྲི་མ་འཕྲོག་ཅིང་སྔགས་པ་རྣམས་ལ་དངོས་གྲུབ་སྦྱིན་པར་འགྱུར། །ཕྱག་རྒྱ་གང་སུ་རུང་བ་འདིར་ནི་དམ་ཚིག་རྣམས་བྲལ་བཏུང་བའི་སླད་དུ་རབ་ཏུ་བྱ། །ཞེས་སོ། །གང་དུ་དགེ་སློང་རྡོ་རྗེ་འཛིན་པ་དག་གི་ནང་ནས་རྒན་པ་རྨོངས་པ་དང་གཞོན་པ་སྟོན་པ་པོ་ཡིན་ན་དེར་གཞོན་པ་ཚོགས་ཀྱི་བདག་པོ་རྒན་པོ་རྨོངས་པ་ནི་ཁང་པ་གཞན་དུ་ཚིམ་པར་བྱའོ། །དེ་ལྟར་རིམ་པས་ཐམས་ཅད་ཤེས་པར་བྱའོ་ཞེས་པའོ། །དགེ་བསྙེན་མ་དབང་བསྐུར་བ་ནི་ནུབ་ཏུ་མངོན་པར་ཕྱོགས་པ་སྟེ་དགེ་སློང་མའི་གྲལ་བཞིན་ནོ། །ཚོགས་ཀྱི་གཙོ་མོའི་གཡོན་དུ་ཐབས་སྦྱིན་པའི་བདག་པོས་གཞག་པར་བྱའོ། །རྣམ་པ་གཞན་དུ་ན་ཐབས་མེད་པར་ཚོགས་ཀྱི་གཙོ་མོས་མྱོས་བྱེད་དང་ཤ་བཟའ་བར་མི་བྱའོ། །དེ་ནས་ཚོགས་ཀྱི་བདག་པོ་ལ་སོགས་པ་ལ་གཡོན་སྐོར་དུ་བཟའ་བ་དང་སྟོན་མོ་དབུལ་


DTG004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་ཞིང་བཏུང་བ་ནི་ཁམ་ཕོར་རམ་ནཱ་རི་ཀ་ལ་སོགས་པའི་སྣོད་དུ་དབུལ་བར་བྱའོ། །དེ་ནས་མྱོས་བྱེད་ལ་སོགས་པ་སྦྱངས་ཤིང་རྒྱས་པར་བྱས་ལ་སྦར་ནས་བདུད་རྩིར་བྱས་ཏེ། གཏོར་མ་ལ་སོགས་པ་ཕུལ་ནས། འཆད་པར་འགྱུར་པའི་བདུད་རྩི་རིལ་བུས་བསང་གཏོར་བྱས་ཏེ་ལག་པ་གཡོན་པས་ཨོཾ་ཡིག་གིས་སྦྱང་བར་བྱའོ། །ལག་པ་གཡས་པས་ཨཱཿ་ཡིག་གིས་རྒྱས་པར་བྱའོ། །ཐལ་མོ་བཀབ་ནས་ཧཱུཾ་ཡིག་གིས་འབར་བར་བྱའོ། །བྱ་ཁྱུང་གི་ཕྱག་རྒྱས་ཧོཿ་ཡིག་གིས་བདུད་རྩིར་བྱས་ནས་མྱོས་བྱེད་ཀྱི་ཐིགས་པས་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་གཞི་ལ་ཆོས་འབྱུང་གྲུ་གསུམ་པ་དང༌། དབུས་སུ་ཐིག་ལེ་ཟླུམ་པོ་བྱས་ནས་དེའི་དབུས་སུ་ཡེ་ཤེས་ཀྱི་འཁོར་ལོ་ཤིན་ཏུ་དང་བ་ལྷའི་བདག་ཉིད་གཟུགས་བརྙན་དང་མཚུངས་པ་དེ་ཚིམ་པར་བྱ་སྟེ། འཆད་པར་འགྱུར་བའི་ཚོགས་སོ། །ཞིང་སྐྱོང་ལ་སོགས་པ་རྣམས་ཀྱི་གྲོང་ཁྱེར་དང་གྲོང་གི་མིང་གི་ཡི་གེ་མཉམ་པ་རྣམས་དང་པོ་དང་མཐའི་ཡི་གེ་དག་གིས་མིང་གི་ཡི་གེ་གཉིས་དང་མིང་གི་ཡི་གེ་མི་མཉམ་པ་རྣམས་ཀྱི་དང་པོ་དང་བར་དང་མཐའ་རྣམས་ཀྱིས་ཡི་གེ་གསུམ་མིང་དུ་འགྱུར་རོ། །དང་པོར་ཨོཾ་ཡིག་དང་བར་དུ་མིང་དང་མཐར་ཨཱཿ་ཧཱུཾ་སྟེ་དཔེར་ན། ཨོཾ་ཆེ་གེ་མོ་ཨཱཿ་ཧཱུཾ། བ་ལིཾ་གྲྀ་ཧྣ་གྲྀ་ཧྣ་སརྦ་ས་ཏྭཱ་ནཱཾ་ར་ཀྵཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་ཧཱ་རཱི་ཏི་པི་ཎ་ཌ་ཀེ་པྲ་ཏཱི་ཙྪ་ཀིཥིཾ་སྭཱ་ཧཱ། འཕྲོག་མ་ལ་ཆང་བུ་གཉིས་སོ། །ཨོཾ་དུ་ཏཱི་ཀེ་ཨ་གྲ་གྲཱ་སཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་ཨཱཿ་ཧཱུཾ་གི་སྔགས་ཀྱིས་བསྔགས་པར་བྱས་ནས་བཟའ་བར་འགྱུར་བ་ཇི་སྲིད་པ་ས་ལ་གཞག་པར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪི་ཥྚ་བ་ལིཾ་ཨུ་ཙྪི་ཥྚ་བྷ་ཀྵ་ཀཱ་ཡ་སྭཱ་ཧཱ། ལྷག་མའི་གཏོར་མའི་སྔགས་སོ། །འདི་ཡང་སྔར་གསུངས་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པར་བྱའོ། །ཇི་ལྟར་རྗེས་སུ་མཐུན་པའི་དུས་སུ་ཐམས་ཅད་སོ་སོར་བྱའོ། །དེ་ནས་སློབ་དཔོན་སློབ་མ་དང་བཅས་པ་ཐམས་ཅད་ཀྱིས་བཟའ་བ་དང་བཏུང་བ་བྱའོ། །གང་གི་ཚེ་འགའ་ཞིག་འཐབ་པ་དང་རྩོད་པ་བྱེད་པ་དེ་གདོན་པར་བྱའོ། །གང་གི་ཚེ་དགེ་སློང་དམ་དགེ་ཚུལ་ལམ། ཁྱིམ་ན་གནས་པ་ང་རྒྱལ་བྱེད་ན་དེའི་ཚེ་ནུས་པ་དྲི་བར་བྱའོ། །གལ་ཏེ་མངོན་པར་ཤེས་པ་ལ་སོགས་པའི་ནུས་པ་སྟོན་པར་བྱེད་ན་དེའི་ཚེ་དེ་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚོགས་ཀྱི་གཙོ་བོ་སྟེ་རྣམ་པ་གཞན་དུ་


DTG004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པའི་མངོན་པའི་ང་རྒྱལ་དང༌། དབང་བསྐུར་གྱིས་རྒན་པའི་ང་རྒྱལ་གྱིས་དགེ་ཚུལ་ལམ་ཁྱིམ་ན་གནས་པ་ཚོགས་ཀྱི་འདྲེན་པར་མི་འགྱུར་གྱི་གང་སྔར་དགེ་སློང་ཡིན་པ་དེ་ཐམས་ཅད་དུ་ཚོགས་ཀྱི་འདྲེན་པའོ། །ཅི་སྟེ་ཚོགས་ཀྱི་འཁོར་ལོ་ལ་བཏོན་པ་ཆད་པ་སློང་ན་དེའི་ཚེ་བཟའ་བ་དང་བཏུང་བ་ལ་སོགས་པ་དེ་ལས་ཆད་པ་སྦྱིན་པར་བྱ་སྟེ་ཚོགས་ཀྱི་བདག་པོས་སོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་ལ་ཆོ་ག་འདི་ཐམས་ཅད་དུ་སྦྱིན་པའི་བདག་པོས་བྱའོ་ཞེས་པ་དྲང་བའི་དོན་ཏོ། །ད་ནི་ནང་གི་ཚོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གསལ་བར་བྱ་སྟེ་གསུངས་པ་ཡང༌། དེར་བཅོམ་ལྡན་འདས་བདེ་བ་ཆེན་པོའི་འཁོར་ལོས་སྒྱུར་བ་ཡང་དག་པའི་ཚུལ་གྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་དྲན་པ་སྔོན་དུ་འགྲོ་བས་རང་གི་སྐུའི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་ཁྱད་པར་དུ་འཕགས་པའི་ང་རྒྱལ་བསྐྱེད་ལ་དང་པོར་གཟུགས་ལ་སོགས་པ་ཡུལ་རྣམ་པ་གསུམ་མྱངས་ནས་དེའི་རྗེས་སུ་སྦྱང་པ་ལ་སོགས་པའི་ཆོ་གས་བཟའ་བ་ཐམས་ཅད་མངོན་པར་འདུས་བྱས་ཏེ་རང་བཞིན་གྱིས་གྲུབ་པའི་ནང་གི་ཐབ་ཁུང་རྗེས་སུ་དྲན་པར་བྱས་ལ། དམ་ཚིག་སེམས་དཔའི་ཞལ་དུ་རྩེ་གསུམ་པའི་མེའི་དབུས་སུ་སྲེག་བླུགས་སྦྱིན་སྲེག་བྱའོ། །ཞེས་ང་རྒྱལ་བསྐྱེད་ནས་བཟའ་བར་བྱའོ། །དེ་ལས་བདེ་བར་འཇུག་པར་བྱེད་ཅིང་བཅུད་ལེན་དུ་འགྱུར་རོ། །དེ་ལྟར་སྒྲུབ་པ་པོས་བཟའ་བ་དང་སྟོན་མོ་དང་བཏུང་བ་ལ་སོགས་པ་རྣམས་ཀྱིས་སྐུའི་རྡོ་རྗེ་རིམ་པར་བྱས་ནས་མཐར་ལྔ་པ་རེག་བྱའི་ཡུལ་མྱོང་བར་བྱེད་དོ། །རིམ་པ་འདི་ཡིས་ལྷན་ཅིག་སྤྱོད་པ་ལ་སོགས་པ་ལྷ་མོའི་འཁོར་ལོ་རྗེས་སུ་ཆགས་པར་བྱེད་པ་ལ་མཁས་པ་བལྟས་ནས་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་མོ་བླངས་ཏེ། བརྟགས་ལ་བཞག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་བྱའོ་ཞེས་བསྟན་པར་མོས་པ་བསྐྱེད་ནས་འཁྱུད་པ་དང་འོ་བྱེད་པ་དང་འཇིབ་པ་དང༌། སེན་མོ་འདེབས་པ་དང་སིད་ཡིག་དང༌། ཁུ་བྱུག་དང༌། བུང་བའི་སྒྲ་ཡིས་རྩ་རྣམས་རྒྱས་པ་ལ་སོགས་པ་བྱས་ནས་དེ་བཞིན་གཤེགས་པའི་སྐྱིལ་མོ་ཀྲུང་དང་རྡོ་རྗེའི་སྐྱིལ་མོ་ཀྲུང་དང༌། རིན་པོ་ཆེའི་སྐྱིལ་མོ་ཀྲུང་དང༌། ལས་ཀྱི་སྐྱིལ་མོ་ཀྲུང་ལ་སོགས་པ་བཅིང་བ་བཅིངས་ནས་ལས་ལ་གནས་པར་འགྱུར་རོ། །དེ་ནས་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པས་རྡོ་རྗེའི་སྐྱིལ་མོ་ཀྲུང་བསྲུབས་པ་


DTG004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྷན་ཅིག་སྐྱེས་པའི་མེ་རབ་ཏུ་སྦར་ནས་ཕུང་པོ་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོ་ནས་བརྩམས་ནས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འབབ་པའི་རྒྱུན་གྱི་རྣམ་པས་ཨཱ་ལི་དང་ཀཱ་ལིར་ཞུ་བར་གྱུར་ནས། འདོད་ཆགས་དང་ཆགས་བྲལ་དང་ཆགས་པ་བར་མའི་རིམ་པས་གང་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་སོ་སོར་རང་གི་བདག་ཉིད་ཀྱིས་རིག་པར་བྱ་བ་མཛད་དོ། །ཆོས་འཕགས་ཀྱི་ལེའུར་ཡང་གསུངས་པ། ཆོས་ཐམས་ཅད་རོ་གཅིག་པ་ཉིད་ཀྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པ་ཉིད་དོ། །ཆོས་ཐམས་ཅད་མཐའ་ལས་འདས་པ་ཉིད་ཀྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ལས་འདས་པ་ཉིད་དོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་ཀྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དོ། །ཞེས་སོ། །དེར་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཆོས་ཀྱི་འབྱུང་གནས་ཨ་ར་ལི་ཆེན་པོ་ལ་རོལ་བའི་རང་བཞིན་བསྟན་པའི་དོན་དུ་ཡིད་གཞན་དུ་མི་འཕྲོ་བར་ཕན་ཚུན་རབ་ཏུ་དགའ་བའི་དོན་དུ་སངས་རྒྱས་ཀྱི་གར་བྱེད་དོ། །རིམ་པ་འདི་ཡིས་ཏེ་ཕྱག་རྒྱ་དང༌། ཕྱག་རྒྱའི་ལན་བཅིང་བ་དང༌། མཆོད་པ་དང༌། མཆོད་པའི་ལན་དང༌། གར་དང་གར་ཀྱི་ལན་དང༌། གླུ་དང་གླུའི་ལན་དང༌། ལུས་ཀྱི་བརྡ་དང༌། ངག་གི་བརྡ་ཡིས་ཐ་སྙད་དུ་བྱའོ། །དེ་ལྟར་འཇིག་རྟེན་བསམ་གཏན་སྤངས་བཞིན་པ་ཡིད་ཀྱི་ཆགས་པ་བཅོམ་ནས་རྟག་ཏུ་དགའ་བ་ཡིད་ལ་བྱེད་པ་ནི། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་དགའ་བཞིན་པ་ཇི་ལྟར་རྒྱལ་པོ་ཨི་ནྡྲ་བྷཱ་ཏི་བཞིན་དུ་ལུས་དེ་བསྒྱུར་ཏེ། རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོ་དང་ལྷན་ཅིག་མི་སྣང་བར་གྱུར་ཅིང་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ཞེས་པ་ངེས་པའི་དོན་ཏོ། །ད་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དང༌། ཁ་ལ་སོགས་པ་དག་པའི་དོན་དུ་དམ་ཚིག་གི་རིལ་བུ་བརྗོད་པར་བྱ་སྟེ། ཉི་མ་སོ་སོར་དམ་ཚིག་བཞི་སྔགས་པས་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ་ཞེ་ན། དེ་ནི་བདེན་ཏེ། རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ་རྒྱུ་དེའི་ཕྱིར་རྣལ་འབྱོར་པས་མཚན་མ་མེད་པ་ཁ་ན་མ་ཐོ་བ་མེད་པ་གོ་ཀུ་ལ་སོགས་པ་བཟའ་བར་བཅོམ་ལྡན་འདས་ཀྱི་བཀས་གསུངས་སོ། །འདིར་ནམ་མཁའ་ལ་སོགས་པ་


DTG004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རེ་རེ་འཕེལ་བའི་དབྱེ་བས་བླངས་ནས་བདུད་རྩི་ལྔ་དང་གཅིག་ཏུ་བྱས་ཏེ་རྫས་བཅུ་པོ་རྣམས་བརྟག་པར་བྱའོ། །གོ །ཀུ། ད། ཧ། ན། བི། མུ། མ། ར། ཤུ། ཞེས་པའོ། །གཏོར་མ་ཆེ་ཞིང་རྒྱ་ཆེ་བ་བྱིན་ནས་སྔགས་ཀྱི་ཆོ་ག་འདི་ཡིན་ཏེ། ཨོཾ་བཛྲ་ཀྲོ་དྷི་ཤྭ་རི། སརྦ་ཏྲ་བྱཱ་ནི། བི་ཤོ་དྷ་ཡ་ཧཱུཾ་ཕཊ་ཅེས་པ་རྫས་སྦྱང་བའི་སྔགས་སོ། །སྲན་མ་མུ་དགའི་ཚད་ཀྱི་རིལ་བུ་བྱ་ཞིང་སྦར་བ་དང༌། བསྲོ་བ་བདུད་རྩི་ལྔ་ལ་སོགས་པའི་རིམ་པས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པ་བྱས་ནས་སྦྱངས་པ་ཉིད་ཀྱིས་ན། རིལ་བུས་བཟའ་བ་དང་བཏུང་བ་ལ་སོགས་པ་ཐབ་ཀྱི་ཟླུམ་པོ་ལས་བྱུང་བ་དང་ལྷན་ཅིག་བསང་གཏོར་བྱ་སྟེ་རྣམ་པར་དག་པར་འགྱུར་རོ། །ཁར་བཅུག་པས་ཁ་རྣམ་པར་དག་པར་འགྱུར་རོ། །ཚོགས་ཀྱི་འཁོར་ལོ་དང་བསྒོམ་པའི་དུས་སུ་ཡང་ཐམས་ཅད་བསྲུང་བར་འགྱུར་རོ། །དེ་ལྟར་རིལ་བུའི་ཆོ་གའི་ངེས་པའོ། །དེ་སྐད་དུ་ཡང་དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། ཤ་ལྔ་དང་ནི་ཡང་དག་ལྡན། །ལྕགས་གསུམ་གྱིས་ནི་དཀྲིས་བྱས་པ། །རྡོ་རྗེ་ཉི་མའི་རབ་སྦྱོར་གྱིས། །ཁ་རུ་བཅུག་སྟེ་འགྲུབ་པར་འགྱུར། །འདི་ནི་ཡེ་ཤེས་བདུད་རྩིར་འགྱུར། །རྣལ་འབྱོར་པ་ལ་དངོས་གྲུབ་སྟེར། །ཞེས་པ་ངེས་པའི་དོན་ཏོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བཟའ་བའི་ལེའུ་སྟེ་བདུན་པའོ།། །།

བརྒྱད་པ། འདུལ་བའི་ལེའུ།


DTG004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བརྒྱད་པ་འདུལ་བའི་ལེའུ་གསུངས་པ། དེ་ལ་རྣལ་འབྱོར་མས་ཞུས་པ། །ཕྱག་རྒྱ་ཆེན་མོ་ཅི་ལྟ་བུ། །ཀུན་རྫོབ་རྣམ་པའི་ངོ་བོ་ཡིས། །བདེ་བ་སྦྱིན་པ་བཤད་དུ་གསོལ། །ཞེས་པ་ལ་སོགས་པ་ལ་གསུངས་པ་ཡང༌། ཆེན་མོ་ཡང་འདི་ཡིན་ལ། ཕྱག་རྒྱ་ཡང་ངོ་ཞེས་པས་ཕྱག་རྒྱ་ཆེན་མོ་སྟེ། ཐུགས་ཀྱི་རིགས་ལས་བྱུང་བ་པྲ་ཕབ་པ་བརྒྱད་ལྟ་བུའོ། །དེའི་རྣམ་པ་གསུངས་པ། འདིར་ཕྱག་རྒྱ་བཟང་མོ་ནི་ལུས་ཕྲ་བ་རྫི་མ་དང་བཅས་པའི་སྐྲ་ཅན། ལག་པ་དང་རྐང་པ་འཇམ་པ། སེམས་ཅན་ལ་མཉེས་གཤིན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཅུང་ཟད་རིང་བ། མིག་མི་གཡོ་བ་ནི་པདྨ་ཅན་ཞེས་བརྗོད་པར་བྱའོ། །གསུངས་པ་ཡང༌། ཧ་ཅང་རིང་མིན་ཐུང་བ་མིན། །ཧ་ཅང་དཀར་མིན་ནག་པ་མིན། །ཧ་ཅང་སྦོམ་མིན་སྐེམས་པ་མིན། །སྐྱེས་བུའི་སྐྱོན་ནི་རབ་སྦེད་པའོ། །དུས་ཤེས་ཀུན་རྫོབ་རྒྱུན་ཅན་ཏེ། །རོལ་མོ་ཤེས་ཤིང་


DTG004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཤེས་པ། །གླུ་ལེན་ཤེས་ཤིང་རོལ་བ་མོ། །རྟག་ཏུ་མཛེས་ཤིང་སྤུ་དང་བྲལ། །དེ་ཡི་ཉེར་གནས་ཚད་དང་ལྡན། །བཤད་པ་སྤུ་མེད་པ། ཤ་སྦོམ་པ། རུས་སྦལ་གྱི་རྒྱབ་ལྟ་བུ་སྡུག་པ་གླང་པོ་ཆེའི་དབང་པོའི་ཕྲག་པ་ལྟ་བུར་སྣང་བ། ཡངས་བ་ཤིན་ཏུ་དགའ་བསྐྱེད་པའོ། །དེ་སྐད་དུ་ཡང་གསུངས་པ། ལྷ་མོ་ཆེན་མོ་འདི་གཅིག་པུ། །མཐའ་ཡས་ཡོན་ཏན་སྟེར་བ་མོ། །རྟག་ཏུ་སྐལ་བ་བཟང་མོར་ཤེས། །སྒྲུབ་པ་པོ་ལ་མཆོག་སྟེར་མའོ། །ཞེས་པ་ལ་སོགས་པའོ། །དེ་རྙེད་ནས་ཞེས་པ་ཕྱག་རྒྱ་ཆེན་མོ་བརྗོད་པའི་མཚན་ཉིད་ཅན་ཡང་དག་པར་བསྐྱེད་ནས། ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་སྟེ། དེ་འདི་ལ་ཡོད་པས་ན་ལྷན་སྐྱེས་དགའ་བའི་གཟུགས་ཅན་མའོ། །དངོས་གྲུབ་ཏུ་འགྱུར་བ་ནི་དེའི་དོན་དུ་འདི་འདྲ་བའི་ཕྱག་རྒྱ་བཙལ་བའི་དགོས་པའོ། །དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་ཅན། རྣམས་པ་ཐམས་ཅད་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་སྐྱེད་པར་མཛད་མའོ། །ཆོས་འབྱུང་གི་སྒྲ་ཡིས་བརྗོད་པར་བྱ་སྟེ། ཆོས་འབྱུང་དེ་ལས་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །ཞེས་སོ། །རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་དེ་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པར་བྱའོ། །འདི་ཉིད་དུ་ཡང་གསུངས་པ། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། མཁའ་མཉམ་ཐབས་དང་བཅས་པར་ལྡན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །ཞེས་སོ། །དཔལ་ཏོག་རྩེ་བའི་ཞབས་ཀྱིས་ཀྱང་གསུངས་པ། རྡོ་རྗེ་འཛིན་ཅན་དགེ་བའི་ས། །བཅུ་གསུམ་པ་ཞེས་རྣམ་གྲགས་པ། །གྲུ་གསུམ་རྣམ་པར་ཡང་དག་འབྱུང༌། །ཆོས་འབྱུང་ཞེས་པར་དེ་བཤད་དོ། །ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་འདུལ་བའི་ལེའུ་སྟེ་བརྒྱད་པའོ།། །།

དགུ་པ། སྔགས་བཏུ་བའི་ལེའུ།


DTG004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བརྟག་པ་དང་པོར་གསུངས་པའི་སྔགས་རྣམས་ལས་ཁ་ཅིག་བཏུ་བའི་ལེའུ་གསུངས་པ། དེ་ནས་འདི་ལས་ཞེས་པའོ། །གང་གི་ཚེ་གདུལ་དཀའ་བ་སྔར་བཤད་པའི་ཚུལ་


DTG004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གདུལ་བར་མི་ནུས་པ་དེའི་ཚེ་ནུས་པ་བསྟན་ནས་གདུལ་བར་བྱའོ། །ཞེས་པ་རྒྱུད་དེའི་ཕྱིར་ཁ་སྦྱོར་འབྱེད་པའི་ཆོ་ག་བཤད་པར་བྱའོ་ཞེས་འབྲེལ་ལོ། །ཁ་སྦྱོར་འབྱེད་པའི་ཆོ་ག་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ་ཞེས་པའོ། །དེ་སྐད་དུ་ཡང་དཔལ་སམྦུ་ཊ་རུ་གསུངས་པ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རབ་ཏུ་དགའ་ཞིང་སྤྱན་གདངས་ནས་འདིར་ཐེ་ཚོམ་རྣམས་ཞུས་པ། ཁ་སྦྱོར་ཅི་ཞིག་བརྗོད་པར་བྱ། །ཁ་སྦྱོར་ཤེས་རབ་ཐབས་བདག་ཉིད། །ཁ་སྦྱོར་ནི་སྙོམས་པར་འཇུག་པའོ་ཞེས་པའི་དོན་ཏོ། །དེ་ལས་བྱུང་བ་དང་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ཁ་སྦྱོར་གྱི་སྒྲ་ཡིས་རྡོ་རྗེ་སེམས་དཔའ་བརྗོད་པར་བྱའོ་ཞེས་སོ། །དཔལ་མངོན་པར་བརྗོད་པ་ཕྱི་མར་གསུངས་པ་ཡང༌། ལྟེ་བའི་དབུས་སུ་པདྨ་ཆེ། །སྐུད་པ་བཅུ་དྲུག་ཡང་དག་ལྡན། །ཡི་གེ་ལ་ནི་མཉམ་པར་སྦྱོར། །ཁ་སྦྱོར་བྱེད་པ་བླ་ན་མེད། །དེ་དབུས་རྟག་ཏུ་སྟོང་པ་ནི། །སྤྲོ་དང་སྡུད་པ་བྱེད་པ་ཅན། །འདི་ནི་རྟག་ཏུ་དེ་ཉིད་འགྱུར། །རང་འབྱུང་ཐམས་ཅད་ཁྱབ་པ་པོ། །ཞེས་སོ། །དེ་ལྟར་གྱུར་པ་བརྟན་པ་དང་གཡོ་བའི་རང་བཞིན་གྱིས་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་རྒྱུད་ཀྱི་རྒྱལ་པོ་གང་གིས་འབྱེད་པར་བྱེད་པ་དེ་ཁོ་ན་མཚོན་པར་བྱ་ཞེས་པ་ངེས་པའི་དོན་ཏོ། །འདིར་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་རྣམས་ནི་རྣམ་པ་གཉིས་ཏེ་དྲང་བའི་དོན་དང་ངེས་པའི་དོན་གྱིས་སམ་ཕྱི་རོལ་དང་ནང་གི་བདག་ཉིད་དོ་ཞེས་པའོ། །དེ་ལ་ཕྱི་རོལ་དུ་སྲོག་གཅོད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཏེ། མཚམས་མེད་པ་ལྔ་པོ་དེ་ཉིད་སྔོན་དང་ཕྱི་མར་ཤེས་ནས་སོ། །འདིར་འགའ་ཞིག་སྔར་མཚམས་མེད་པ་ལྔ་བྱེད་པའི་ངང་ཚུལ་ཅན་ཕྱིས་བསོད་ནམས་བྱེད་པ་པོར་འགྱུར་ཏེ། གཏུམ་པོ་མྱ་ངན་མེད་པ་དང་ཆོས་རྒྱལ་མྱ་ངན་མེད་པ་བཞིན་ནོ། །དེའི་ཕྱིར་དེ་ལ་གནོད་པ་བྱས་པ་ལས་སྔགས་པ་དམྱལ་བར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །དེས་ན་ཇི་སྲིད་མངོན་པར་ཤེས་པ་ལྔ་ཅན་དུ་མ་གྱུར་པ་དེ་སྲིད་དུ་སྔགས་པས་ཞི་བ་དང་རྒྱས་པ་དང༌། དབང་དུ་བྱ་བ་དང་དགུག་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་དུ་


DTG004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་གཞན་ལ་གནོད་པ་དང་མ་བྱིན་པར་ལེན་པ་དང་གཞན་གྱི་བུད་མེད་ལེན་པ་དང༌། དམ་ཚིག་བསྟེན་པ་དང༌། རིགས་དང་རིགས་མ་ཡིན་པ་ལ་བགྲོད་པ་དང༌། རང་གི་མགོ་བོའི་མཐར་ཐུག་པ་སྦྱིན་པ་ཡང་རང་གི་དོན་དུ་ནི་མ་ཡིན་ནོ། །ད་ནི་གང་གི་ཚེ་འཆི་བའི་མཐར་ཐུག་པར་མཚམས་མེད་པ་ལྔ་བྱེད་ན་དེའི་ཚེ་སྔར་བསྒྲུབས་པའི་སྔགས་ཁྲོ་བོའི་རིགས་ལ་མི་བསྐྱོད་པའི་ཏིང་ངེ་འཛིན་འདི་ཡིས་གསད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སོ་ཞེས་པ་ནི་དྲང་བའི་དོན་ཏོ་ཞེས་སོ། །ད་ནི་སྔགས་བཏུབ་གསུངས་ཏེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང༌། སྔགས་ནི་ཅི་ཡི་དོན་དུ་བརྗོད། །སྔགས་རྣམས་འབོད་པར་བྱེད་བ་དང༌། །གདུག་པ་ཐམས་ཅད་རབ་སྒྲུབ་བྱེད། །ཉོན་མོངས་ཞགས་པ་གཅོད་པ་དང༌། །སངས་རྒྱས་ཆོས་ནི་སྤྱན་འདྲེན་པའོ། །ཞེས་སོ། །དཔལ་ཡང་དག་པར་སྦྱོར་བར་ཡང་གསུངས་པ། ལྷ་ལགས་ཡ་མཚན་ཆེ་བ་ཐོས། །སྔགས་བཏུའི་ཆོ་ག་ཇི་ལྟར་ལགས། །དེ་ཡི་དབྱེ་པ་བདག་མི་ཤེས། །བདེ་བ་ཆེན་པོ་བཤད་དུ་གསོལ། །ལྷ་མོ་མཁས་པ་ཆེན་མོ་ཉོན། །སྔགས་ཀྱི་དོན་ཉིད་ཁྱོད་ལ་བཤད། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །གསང་བའི་པདྨར་མཱ་མ་ཀཱི། །པདྨ་འདབ་མ་བརྒྱད་བྱས་ནས། །ཟེའུ་འབྲུ་གསང་བའི་སྤྱོད་ཡུལ་དུ། །འདོད་པ་ཐམས་ཅད་སྒྲུབ་པ་ཡི། །དེར་གནས་དཔའ་བོ་བཏུ་བར་བྱ། །ཨ་ཡིག་ལ་སོགས་དབྱེ་བ་ཡིས། །སྔགས་ཀྱི་སྡེ་ཡི་དབང་ཕྱུག་མཆོག །ཅེས་སོ། །སྔགས་བཏུ་བ་ནི་གཞུང་མང་བ་ཉིད་ཀྱིས་ན་དྲང་བའི་དོན་གྱིས་གོ་སླ་བ་ཉིད་ཀྱི་ཕྱིར་བདག་གིས་མ་བཏུས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་སྔགས་བཏུ་བའི་ལེའུ་སྟེ་དགུ་པའོ།། །།

བཅུ་པ། བཟླས་པའི་ལེའུ།


DTG004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བཟླས་པའི་ལེའུ་གསུངས་པ། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས། །བདག་མེད་ཙུམ་པ་ན་མཛད་ནས། །བཟླས་པའི་ཡུལ་ནི་རབ་གསལ་མཛད། །ཅེས་པ་ལ་སོགས་པའོ། །དེ་བཞིན་དུ་རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང༌། རིག་སྔགས་ཇི་ལྟར་བཟླས་པར་བྱ། །གསང་བ་དབང་ཕྱུག་ཆེན་པོས་གསུངས། །རིག་སྔགས་


DTG004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པར་བྱ་བ་ལ། །རྡོ་རྗེ་ཅན་ཀུན་མཉེས་པར་བྱེད། །ཇི་ལྟའི་སྐྱིལ་མོ་ཀྲུང་བཅིངས་ལ། །མི་རྟོག་ཡིད་ཀྱི་དྲན་པ་ཡིས། །རིག་པར་བཟླས་པ་སྦྱིན་པར་བྱ། །གཞན་ཡང་རྣམ་པ་ཉིད་ཀྱང་ངོ༌། །མཆུ་ཡིས་མ་ཡིན་ལྕེས་མ་ཡིན། །རྐན་ཉིད་ཀྱིས་ཀྱང་མ་ཡིན་ནོ། །གྲེ་བས་མ་ཡིན་མགྲིན་པས་མིན། །ཐམས་ཅད་དུས་སུ་སྙིང་གར་མིན། །དེ་ནི་ཕྲ་བར་ཡིད་ལ་བྱ། །ཆོས་ཀྱི་བདག་ཉིད་རྟོག་ཡིད་ཀྱིས། །ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པའི་ཡོན་ཏན་གྱི་ལེའུར་གསུངས་པ། ཀཽ་ཤི་ཀ་འདིར་རིག་སྔགས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་འགྱུར་རོ། །དེས་ན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རིག་སྔགས་འདི་ལ་བསླབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གང་མ་མཐོང་བའམ་མ་ཤེས་པའམ་མངོན་སུམ་དུ་མ་བྱས་པ་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྗོད་དོ་ཞེས་སོ། །ཤེལ་གྱིས་རེངས་པ་ཞེས་པ་ལ་སོགས་པ་ལ། ཤེལ་ཟླ་བའི་འོད་ཀྱི་རྣམ་པ་ཅན་ཏེ་རེངས་པ་ལ་སོགས་པ་བརྩམ་པར་བྱའོ། །ཚིག་འདིའི་རྒྱས་པར་སྟོན་པའི་ཚིག་ནི། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་ལ། རྩ་བའི་རྒྱུད་དུ་ཡང༌། ཐབས་གཞན་གྱིས་སྔགས་སྒྲུབ་པར་བྱེད་པ་མ་ཡིན་པར་གསུངས་ཤིང༌། རེངས་པ་ལ་སོགས་པའི་ལས་སྒྲུབ་པའི་དོན་དུ་ཉུང་དུའི་རྒྱུད་འདིར་དགོངས་པའི་སྐད་གཞན་གྱིས་དོན་གྱི་རྗེས་སུ་འགྲོ་བས། དེ་ཉིད་བརྗོད་པར་ངེས་པ་ལ་སོགས་པའོ། །ས་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཡང་དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། དང་པོར་རྣམ་པར་སྣང་མཛད་བྱིན། །སླར་ཡང་བཟླས་པ་བརྩམ་པར་བྱ། །དེ་ནས་བྱེ་བ་བཟླས་བྱས་ལ། །སྦྱིན་སྲེག་བཅུ་ཡི་ཆ་བྱས་ཏེ། །རྒྱུད་ནས་གསུངས་པའི་ཆོ་གས་ཀུན། །དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ། །སྔགས་པ་གང་ཞིག་དོན་གཉེར་


DTG004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །མཆོག་ནི་དེ་གྲུབ་པ་ཡིས་ཏེ། །རིགས་གཞན་དང་ནི་བྱ་བ་དུས། །སྔགས་དང་རིགས་དང་རིགས་ཅན་གཞན། །གནས་དང་ཕྱོགས་དང་རྟེན་གཞན་གྱི། །ལས་རྣམས་ཀུན་ལ་འབྲས་བུ་མེད། །གླེགས་བམ་ལས་ནི་སྔགས་བཀླགས་ནས། །ཡང་དག་བླང་བ་རྣམ་སྤངས་པའི། །གང་ཞིག་སྒྲུབ་པ་བྱེད་པའི་མི། །དེ་རྣམས་ས་ལ་ཉོན་མོངས་འགྱུར། །ཡང་དག་པར་བླང་པ་ཅི་ཞེས་བྱ་ཞེ་ན། བླ་མ་བརྒྱུད་པའི་རིམ་པས་ངེས་པའི་དོན་གྱིས་གང་བསྟན་པའོ། །གསུངས་པ་ཡང༌། ཞི་དང་རྒྱས་པའང་སྲས་བཅས་རྒྱལ་བའི་རིགས་དང་རྒྱལ་པོ་ལྷ་མོ་རྣམས་ཀྱིས་འགྲུབ་པར་འགྱུར། །དབྱེ་དང་བསྐྲད་པའང་རང་བཞིན་ཡོན་ཏན་དབང་གིས་ཁྲོ་བོ་ལས་སྐྱེས་རྣམས་ཀྱིས་འགྲུབ་པར་འགྱུར། དབང་སོགས་འབྱུང་སྐྱེས་རྣམས་ཀྱིས་རབ་གསལ་ལྷ་མིན་རིགས་ལའང་ཕུར་བུས་གདབ་པ་ལྷ་མིན་མོས། །ཡུམ་དག་གིས་ནི་ལས་རྣམས་གཉི་གའི་རྡོ་རྗེའི་རིགས་ལ་གསད་དང་གསོ་བ་ཡང༌། །དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། རེངས་པ་འགྲུབ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གསང་བའི་པདྨར་ལས་རྣམས་ཐམས་ཅད་འགྲུབ་སྟེ། རྡོ་རྗེའི་གདན་གྱི་ཐིག་ལེའི་དབུས་སུ་དགའ་བ་དང་བཅས་པའི་ལྷ་མོས་གསོ་བར་བྱེད་དོ། །རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་བཀུག་སྟེ། མ་འཕོས་པའི་ཐིག་ལེས་ནི་ཆགས་པ་དང་བྲལ་བ་སྤོང་བར་བྱེད་དོ། །ཞེས་པ་ངེས་པའི་དོན་ཏོ། །གསུངས་པ་ཡང༌། ཨ་སོགས་ཀ་སོགས་ཡང་དག་ལྡན། །བགྲང་ཕྲེང་སྐུད་པར་རབ་བརྗོད་བྱ། །བརྒྱད་ལྷག་བརྒྱ་ཡི་ཡི་གེ་ཡིས། །སྔགས་ཀྱི་བཟླས་པས་ལྷག་པ་ཡང༌། །གསལ་བྱེད་སུམ་ཅུ་རྩ་དྲུག་དང༌། །དབྱངས་ཐུང་བཅོ་བརྒྱད་དང་ལྡན་པ། །གཉིས་འགྱུར་བརྒྱད་ལྷག་བརྒྱ་རུ་འགྱུར། །དེ་ཡི་ཕྱེད་ཀྱིས་བགྲང་ཕྲེང་ནི། །གཉིས་ཀ་ཡང་ནི་རབ་བཤད་བྱ། །རྒྱུ་སྐར་གྱི་ནི་དབྱེ་བ་ཡིས། །གསུམ་པར་ཡོངས་སུ་གྲགས་པའོ། །དེ་ལྟར་རྣམ་པ་གསུམ་དུ་གསུངས། །དག་པའི་ལས་ལ་དག་པ་ངེས། །ཞེས་པ་དྲང་བའི་དོན་ཏོ། །དེ་བཞིན་དུ་དཔལ་གདན་བཞི་པའི་རྒྱུད་དུ་གསུངས་པ། རིལ་བུ་ཐམས་ཅད་དགྲ་བཅོམ་པ། །མཆོད་རྟེན་སྟེང་དུ་ཡོངས་སུ་བརྟགས། །པདྨར་རྡོ་རྗེ་ངེས་རྒྱས་པ། །སྐུད་པའི་དབུས་སུ་ཡང་


DTG004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྦྱོར། །ཐམས་ཅད་དེ་ཉིད་ཀྱིས་བསྒོམ་བྱ། །བགྲང་ཕྲེང་ལྷག་པར་གནས་པར་བྱ། །སྔགས་ཀྱི་དེ་ཉིད་གསལ་བ་ནི། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །རྟོག་གེ་པ་ཡིས་མི་ཤེས་ཤིང༌། །རྣལ་འབྱོར་བྱིས་པའི་རྟོགས་བྱ་མིན། །ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བཟླས་པའི་ལེའུ་སྟེ་བཅུ་པའོ།། །།

བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་དོན་གྱི་ལེའུ།


DTG004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མ་དག་གི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་མཚན་མ་གསུངས་པ། ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས། །དེ་ལ་བདག་མེད་མས་ཞུས་སོ། །བྷ་གར་ལིང་ག་རབ་བཞག་ནས། །འཁོར་ལོའི་འདྲེན་པས་འདི་སྐད་གསུངས། །ལུས་ཅན་རང་གི་རིགས་བཤད་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །བུད་མེད་དམ་ནི་སྐྱེས་པ་ཡི། །གང་གི་མིང་མེད་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར། །པདྨ་འོད་དཔག་མེད་མགོན་གྱི། །རིན་ཆེན་འབྱུང་གི་རིན་ཆེན་ཆེ། །ལས་ཀྱི་རིགས་ཀྱི་རལ་གྲིའོ། །དེ་བཞིན་དུ་སེར་པོ་དང་དཀར་པོ་ལ་སོགས་པ་རྣམས་ཀྱང་རིམ་པ་འདི་ཡིས་རྟོགས་པར་བྱའོ། །ད་ནི་ཇི་སྐད་བཤད་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་རྣམས་ཀྱི་ངེས་པའི་དོན་རིམ་པས་བཅོམ་ལྡན་འདས་ཀྱིས་གསུངས་པའི་རང་བཞིན་བཤད་པ་དཔལ་ཐམས་ཅད་གསང་བའི་རྒྱུད་དུ་གསུངས་པ་ཡང༌། སེམས་ནི་སྤྲོ་བའི་སྦྱོར་བ་ཡིས། །ཕྲ་མོའི་ཡེ་ཤེས་སོགས་སྦྱོར་བས། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྣམ་པར་སྣང་མཛད་ཅེས་པར་བཤད། །བྱམས་པ་སྤྲོ་བའི་སྦྱོར་བ་ཡིས། །སྤྱད་པ་སྤྱོད་བྱེད་དམ་པ་ནི། །སྣང་བ་མེད་པ་བསྟན་གྱུར་པའི། །སེམས་ནི་མི་བསྐྱོད་བརྗོད་པར་བྱ། །སྙིང་རྗེ་སྤྲོ་བའི་སྦྱོར་བ་ཡིས། །སེམས་ཅན་རྗེས་འཛིན་བྱེད་པ་པོ། །སེམས་ཅན་དོན་དང་ལྡན་པའི་སེམས། །རིན་ཆེན་འབྱུང་ལྡན་བརྗོད་པར་བྱ། །དགའ་བ་སྤྲོ་བའི་སྦྱོར་བ་ཡིས། །ཡེ་ཤེས་ཆེན་པོ་དྲི་མེད་མཆོག །རང་བཞིན་འོད་གསལ་དག་པའི་སེམས། །དེ་ནི་སྣང་བ་མཐའ་ཡས་བརྗོད། །བཏང་སྙོམས་སྤྲོ་བར་བྱེད་པའི་སེམས། །སེམས་ཅན་དོན་ཀུན་རྟོགས་མཛད་པ། །དོན་ཡོད་བླ་ན་མེད་པའི་སྐུ། །དོན་ཡོད་


DTG004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དེ་བརྗོད་བྱ། །རྣལ་འབྱོར་པ་དང་རྣལ་འབྱོར་མ་དག་གི་ངེས་པའི་དོན་གྱི་རིགས་ལྔ་རྣམ་པར་དག་པ་ཞེས་པ་ལ་སོགས་པའོ། །ད་ནི་འཆད་པར་འགྱུར་བའི་རིམ་པ་བསྟན་པའི་ཆེད་དུ་གསུངས་པ། ཚལ་དང་སྐྱེ་བོ་མེད་གནས་དང༌། །བདག་གི་ཁྱིམ་དང་གཞན་དུ་ཡང༌། །གཅེར་བུར་ཕྱག་རྒྱ་ཆེ་བྱས་ནས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཅེས་པ་ལ། ཅི་སྟེ་གལ་ཏེ་རྣལ་འབྱོར་བ་གྲོང་པའི་ཆོས་ལ་སོགས་པས་འདོད་པ་བྱེད་ན་དེའི་ཚེ་རྗེས་སུ་ཆགས་པར་མི་འགྱུར་ཏེ། འདོད་པའི་དངོས་གྲུབ་ཀྱང་ཉམས་པར་འགྱུར་རོ། །སྔར་ཇི་སྐད་དུ་གསུངས་པ་སྔགས་པས་གཞན་པ་མི་འདོད་དོ་ཞེས་སོ། །དེའི་དོན་དུ་གསུངས་པ། ཤེས་རབ་མ་ལ་འཁྱུད་པ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པས་རིག་བྱ། །ཤིན་ཏུ་དགའ་བ་བྱས་ཀྱང་རྣལ་འབྱོར་པ་ལ་རྣལ་འབྱོར་མ་ཡིས་མ་ཚིམ་དངོས་གྲུབ་ནི། །སྦྱིན་པར་མི་འགྱུར་མཛེས་མ་ལྷ་མོ་ཤ་ཟ་མོ་དང་མི་མོ་སྲིན་མོ་ཀླུ་མོར་འགྱུར། །མཛེས་མ་དཔལ་ལྡན་ཆོས་དབྱིངས་སུ་འགྱུར་ཡོན་ཏན་དབང་གིས་ལྷ་མོ་དགྲ་ཡི་རྡོ་རྗེ་མ། །ཞེས་པ་ལ་སོགས་པའོ། །ཁྱོགས་དང་གྲུ་མོ་ཞེས་བྱ་དང༌། །དེ་བཞིན་ཤིན་ཏུ་བརྐྱང་བ་ཡིས། །ཞེས་པ་ལ་སོགས་པའོ། །ཀར་ཎ་འདི་རྣམས་ཀྱིས་འདོད་པ་བྱའོ་ཞེས་པའོ། །དེ་ལ་ཁྱོགས་ཞེས་པ་ཁྱོགས་པ་ལྟ་བུ་ནི་ཁྱོགས་ཏེ། འདི་ནི་ཉེ་བར་འདུག་པའི་ཀ་ར་ཎ་ཡིན་ལ། འདིར་བུད་མེད་བྱེད་པ་པོ་སྟེ་སྐྱེས་བུའི་ཆེད་དུ་དེ་སྦྱོར་བས་སྐྱེས་བུ་རྣམས་ཀྱིས་སྒྲུབ་པར་བྱེད་པ་གཞན་གྱི་ཡུལ་དུ་གནས་པ་མི་མོས་རང་གི་རྐེད་པ་མདུན་དང་རྒྱབ་ནས་འདེགས་པར་བྱ་སྟེ་ཁྱོགས་སུ་འགྱུར་རོ། །འདིའི་མཚན་ཉིད་ཀྱི་ཚིགས་སུ་བཅང་བ་གསུངས་པ། ཕོ་མཚན་སྟེང་ན་གནས་པ་ལ། །མདུན་དང་རྒྱབ་ནས་མི་མོ་ཡིས། །རིམ་པས་སྐེད་པ་འདེགས་པར་བྱ། །མི་མོའི་ཁྱོགས་སུ་རབ་ཏུ་གྲགས། །གང་གི་ཚེ་འདིས་སྐྱོ་བར་གྱུར་ན་དེའི་ཚེ་སྟེང་གི་ཀར་ཎ་བཤད་པ། གྲུ་མོ་ཞེས་པ་གྲུ་མོ་སྦྱོར་བ་ལས་བསྟན་པའི་ཀ་ར་ཎ་འདིའི་ཞེས་པ་གྲུ་མོའི་མིང་ཅན་ནོ། །དེ་ལ་སྐྱེས་པ་བྱེད་པོ་སྟེ། གདོང་སྟེང་དུ་གནས་པའི་གཉི་ག་དག་གིས་ཀྱང་སྟེ། མགྲིན་པ་ལ་འཇུས་པའི་བར་དུ་མྱོས་མས་རྐང་པ་གཡས་པ་སྟེང་དུ་བསླང་བའི་པུས་མོའི་མཐིལ་ལ་


DTG004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་གྲུ་མོ་བཞག་ནས་ལག་པ་གཡས་པ་དེའི་རྒྱབ་ནས་གཟུང་བར་བྱ་སྟེ་གྲུ་མོར་འགྱུར་རོ། །འདིར་ཚིགས་སུ་བཅད་པར་གྱུར་པ། །མི་མོའི་པུས་མོའི་མཐིལ་བསླངས་ནས། །གཡས་དང་གཡོན་གྱི་དཔུང་བ་ཡིས། །སྦྱར་ཏེ་སྟེང་གི་ཀ་ར་ཎ། །གཉིས་ཀ་སྟེང་དུ་ཕྱོགས་པར་གནས། །ཤིན་ཏུ་བརྐྱང་པ་ཞེས་པ་ལ། འདིར་ཡང་སྐྱེས་བུ་བྱེད་པ་པོ་སྟེ་རབ་ཏུ་བརྐྱང་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་ཤིན་ཏུ་བརྐྱང་བའོ། །དེ་ཡང་གན་རྐྱལ་དུ་གཡས་པ་དང་གཡོན་པའི་རྐང་པའི་མཐིལ་ལ་རང་གི་ལག་པའི་མཐིལ་གྱིས་སྦྱར་ནས་ངང་པའི་གཤོག་པ་ལྟ་བུར་དཔུང་པ་བརྐྱང་སྟེ་རྫོགས་པར་བྱའོ། །འདིའི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ་ནི། །ངང་པའི་གཤོག་པ་མཚུངས་རྣམ་པ། །གན་རྐྱལ་བ་རུ་རབ་ཏུ་གྲགས། །རྐང་པ་རབ་ཏུ་བརྐྱང་གྱུར་པ། །གཉིས་ཀྱིས་རབ་ཏུ་བརྐྱང་པའོ། །ཞེས་སོ། །འདི་ནི་གན་རྐྱལ་གྱི་ཀ་ར་ཎའོ་ཞེས་པ་དྲང་བའི་དོན་ཏོ། །ད་ནི་རྒྱུད་གཞན་དུ་གསུངས་པའི་ངེས་པའི་དོན་གསལ་བར་བྱ་བ་སྟེ། དཔལ་གསང་བ་ནོར་བུའི་ཐིག་ལེར་གསུངས་པ་ཡང༌། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཤིན་ཏུ་གསང་བ་གསུངས་པར་གྱུར་ཏོ། །རང་གི་སྐུ་ལས་ཕྱུང་ནས་རིགས་ཀྱི་ལྷ་མོ་ཆེན་མོ་མདུན་དུ་གཞག་པར་གྱུར་ཏོ། །ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང་རང་གི་སྙིང་ལ་ཡིད་དུ་འོང་བའི་ལྷ་མོ་ཕྱུང་ཅིག །དེ་ནས་རྡོ་རྗེའི་བདག་ཉིད་ཀྱིས་རྡོ་རྗེ་གར་གྱི་སྦྱོར་བས་རིགས་ཀྱི་ལྷ་མོ་ཆེན་མོ་ཕྱུང་བར་གྱུར་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་བཞིན་པས་ཞལ་ཅུང་ཟད་བཞད་པ། གཟུགས་མཛེས་ཤིང་ཡིད་དུ་འོང་བ། སྐལ་བ་བཟང་མོ་སྤྲོས་ནས་མདུན་དུ་བཞག་པར་གྱུར་ཏོ། །པུས་མོ་གཉིས་ཀྱི་ཕྱོགས་སུ་གནས་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཨེ་མ་བདག་གི་གསང་བ་གང་ཡིན་པ། འདི་ནི་མཆོག་ཏུ་གསང་བའོ། །དེ་ནས་རྡོ་རྗེ་སྒེག་མོ་རིགས་ཀྱི་ལྷ་མོ་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་མ་དེས། བདག་ཉིད་ཀྱི་གསང་བ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །བདེ་བ་ཐམས་ཅད་དང་ལྡན་པ། །བདག་གི་གསང་བ་འདི་གང་ཞིག །ཆོ་ག་ཡིས་ནི་བསྟེན་བྱེད་པ། །དེ་ཡི་མདུན་དུ་ངག་ནས་སོ། །ཞེས་སོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་


DTG004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཏོ། །བཅོམ་ལྡན་འདས་གསང་བ་འདི་བསྟན་དུ་གསོལ། ཅི་ལྟར་བརྟེན་པར་བགྱི། དེ་ནས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྐང་པས་རྐང་པ་མནན་བྱས་ནས། །མཆུ་ནི་ཁ་ལ་གཞག་པར་བྱ། །ལག་པ་དག་གིས་སྦྱར་བྱས་ཏེ། མགོ་བོ་ལ་ནི་བསྐུལ་བར་བྱ། །སེན་རྩེས་དེ་ཡི་པདྨ་ནི། །ལག་པ་གཡོན་པས་མཉེས་བྱས་ནས། །རྡུལ་ནི་ཀུན་ནས་འབབ་པར་བྱ། །དེ་ནས་སོ་ཡིས་སོ་གཟུང་བྱ། །མཆུ་ཡིས་མཆུ་དང་ལྕེ་ཡིས་ལྕེ། །ཇི་སྲིད་འོ་ཐིགས་མི་རྒྱུའི་བར། །དེ་སྲིད་རྡོ་རྗེ་གནས་པར་བྱ། །དཔལ་གསང་བའི་ཐིག་ལེར་གསུངས་པ་ཡང་། ཕྱག་ན་རྡོ་རྗེའོ་མའི་ཐིགས། །གསང་བའི་ཐིག་ལེར་ཤེས་པར་བྱ། །དཔལ་འཇིག་རྟེན་གསུམ་གསང་བའི་རྒྱུད་དུ་གསུངས་པ་ཡང༌། དེ་ལས་ལངས་ནས་ཉེ་བར་འཇུག་པར་བྱེད་དོ། །ཙོག་བུར་བྱེད་དོ། །དེ་ནས་འཆིང་བ་དེ་ཉིད་ཀྱིས་འཛིན་པར་བྱེད་དོ། །དེ་ནས་པདྨ་དབང་པོའི་གཞུའི་རྣམ་པ་ཅན་དུ་འགྱུར་རོ། །པདྨའི་དབུས་སུ་ནོར་བུ་གྲུ་གསུམ་བསམ་པར་བྱ་སྟེ། ནོར་བུའི་ཚད་ནི་རྣམ་པ་ནོར་བུའི་ཁ་དོག་མུ་ཏིག་གི་འབྲས་བུ་འདྲ་བའོ། །དེ་ནས་སྔགས་པས་བསྐུལ་བར་བྱ་སྟེ། མགོ་བོ་དང་སྤྱི་གཙུག་དང་རྒྱབ་དང་རྐེད་པའི་ཕྱོགས་དང༌། ཕྱག་རྒྱའི་པདྨའི་རྩེ་མོ་ལའོ། །དེ་ནས་སྟེང་དང་འོག་ཏུ་ཕྱོགས་པར་གནས་ནས་གསང་བའི་དོན་དུ་དེ་རྡོ་རྗེའི་ལྕེ་ཡིས་མྱང་བར་བྱས་ཏེ། ཇི་སྲིད་འོ་མ་ལྟུང་བ་དེ་སྲིད་དུའོ། །དེ་ལས་ལངས་ཏེ་ཟློག་པའི་དགའ་བས་སྔགས་པས་འདོད་པར་བྱའོ། །དེ་ནས་ལྷ་མོ་ཆེན་མོ་བདེ་བའོ་ཞེས་སྨྲ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེའི་རྣལ་འབྱོར་མེད་ཐར་པའི་རྒྱུར་འདོད་པར་བགྱིའོ། །མདོར་བསྟན་པའི་ཚིག་འདིའི་རྒྱས་པར་བསྟན་པའི་ཚིག་ནི་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བའི་སྡོམ་པར་གསུངས་པ་ཡང༌། བཅོམ་ལྡན་ཐར་པ་ཞེས་བྱ་བ། །དེ་ནི་ཅི་ལྟར་ཅི་ཞིག་ལགས། །བཅོམ་ལྡན་འདས་ནི་ཆགས་པ་ཆེ། །དངོས་གྲུབ་ཐམས་ཅད་ཆགས་བྱེད་ཕྱིར། །དངོས་གྲུབ་ཐམས་ཅད་འགྱུར་མེད་བདེ། །བདེ་བ་ཆེན་པོ་ཞེས་པར་བཤད། །ཀ་ར་ཎ་འདི་རྣམས་ཀྱིས་དགའ་བ་བཞིའི་བདག་ཉིད་ཅན་བདེ་བ་ཆེན་པོ་རྣལ་འབྱོར་བ་རྣམས་ཀྱི་དེ་ཉིད་ལ་ཉེ་བར་མཚོན་པར་བྱའོ། །འདི་ཉིད་དུ་ཡང་གསུངས་པ།


DTG004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བས་བདེ་བ་ཅུང་ཅད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །ཁྱད་དགའི་དགའ་བས་ཆགས་བྲལ་འགྱུར། །ལྷག་མ་ལྷན་ཅིག་སྐྱེས་དགའ་འོ། །དཔལ་པདྨའི་ཞབས་ཀྱིས་ཀྱང༌། །གསང་བ་གྲུབ་པར་དགའ་བ་བཞིའི་བཤད་པར་གསུངས་པ་དེ་ཉིད་སྟོན་པར་བྱེད་དེ། ཡང་དག་རིག་པ་སྐྱེད་བྱེད་མཆོག །ཐོག་མ་བར་མཐའ་དྲི་མ་མེད། །དང་པོའི་ལས་ཅན་སེམས་ཅན་རྣམས། །མཚོན་བྱ་ཡིད་ཆེས་བྱེད་པ་ཅན། །མཁའ་དབྱིངས་རྡོ་རྗེ་སྦྱོར་ལས་དང༌། །རེག་པ་ལས་ཀྱང་རྨད་བྱུང་ཆེའི། །བདེ་བ་སྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགའ་བྱེད་པའོ། །དེ་ཟད་པ་ལས་ཁྱད་དགའི་དགའ། །ཁྱད་དགའི་མཐར་ཡང་གཞན་གང་ཞིག །བསྟན་དུ་མེད་པའི་རང་བཞིན་ཅན། །རང་ཉིད་ཅི་ཡང་སྐྱེ་བ་ནི། །དབང་པོ་ཀུན་གྱིས་རྣམ་བར་གྲོལ། །གཉིས་མེད་མཆོག་ཏུ་ཞི་བ་སྟེ། །ཁྱད་པར་བྱེད་པ་རང་བཞིན་མེད། །བྱང་ཆུབ་གོ་འཕང་མཆོག་དེའོ། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང༌། ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོའི་རྒྱ་མཚོ་ཀུན་ལས་རྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་སོ། །ཀུན་དུ་བཟང་པོ་མཆོག་ཅེས་བྱ། །ཁྱད་དགའི་མཐའ་རུ་རྣམ་པར་གནས། །སྒྲུབ་པ་པོ་ཡི་བདེ་མཆོག་གོ །གྲོལ་བའི་གནས་སུ་རབ་ཏུ་གྲགས། །དྲུག་གིས་ལེགས་པར་ཡང་དག་ཕྱེ། །དཔལ་འདུས་པར་གང་གསུངས་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཏེ། རང་བཞིན་མེད་པ་མཆོག་ཏུ་ངག །བྱང་ཆུབ་སེམས་ནི་བླ་ན་མེད། །རང་བཞིན་དག་པ་དེ་ཡི་ནི། །རྒྱས་པར་བསྟན་པ་བདག་གིས་བཤད། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་བར་བྱ། །ཞེས་པ་ལ་སོགས་པ་གང་བཤད་པ། དེ་ནི་ནམ་མཁའི་དབྱིངས་ཀྱི་སྟེང་དུ་རིན་པོ་ཆེ་ལས་གྱུར་པ་རྣམ་པར་གནས་ཏེ། རྡོ་རྗེའི་བདེ་བའི་བཞིན་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པ་བླ་མའི་བརྒྱུད་རིམ་པས་རྣལ་འབྱོར་པས་ཤེས་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་ཡི་རང་བའི་ལེའུར་གསུངས་པ་ཡང༌། ཆོས་རྣམས་ཐམས་ཅད་ནི་རྟོགས་པས་རྣམ་པར་བསྒྲུབས་པ་མ་སྐྱེས་པ་ངེས་པར་མ་སྐྱེས་པ། འོང་བ་


DTG004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་འགྲོ་བ་མེད་པའོ། །འདི་ལ་ཆོས་འགའ་ཞིག་ཀྱང་སྐྱེས་པ་མེད་དོ། །ཆོས་འགའ་ཡང་སྐྱེ་བར་མི་འགྱུར་རོ། །ཆོས་ཅི་ཡང་མི་སྐྱེའོ། །ཆོས་ཅི་ཡང་འགགས་པ་ཡང་མ་ཡིན་ནོ། །ཆོས་ཅི་ཡང་འགག་པར་མི་འགྱུར་རོ། །ཆོས་ཅི་ཡང་མི་འགག་གོ །ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་ལྷན་ཅིག་སྐྱེས་པའི་དོན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།

བཅུ་གཉིས་པ། དབང་གི་ལེའུ།


DTG004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེ་ཅན་གྱིས་དབང་བཞིའི་ཚིགས་སུ་བཅད་པ་བཀའ་སྩལ་པ། དཔལ་མཚན་ཡང་དག་པར་བརྗོད་པར་བཀའ་སྩལ་པ་ཡང༌། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་སོ། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །རྡོ་རྗེ་རབ་ཏུ་གནས་པར་གཟུང༌། །ཞེས་པ་ལ་སོགས་པ་ལ། འདིའི་ངེས་པའི་དོན་ནི་དཔལ་དོན་དམ་པའི་བསྙེན་པར་གསུངས་པ་ཡང༌། ཤེས་རབ་ལག་ཏུ་རྡོ་རྗེ་འདི་ཅིའི་དོན། །ཐབས་ཀྱི་ལག་ཏུ་རྡོ་རྗེ་དྲིལ་བུ་ཡང༌། །བདུད་རྣམས་ཟད་དོན་བདེ་བ་སྟོན་པའི་དོན། །རྒྱུ་མཚན་ཅན་གྱི་ཚུལ་ཁྲིམས་འཛིན་པའམ་མིན། །ཞེས་སོ། །དཔལ་གདན་བཞི་པར་གསུངས་པ་ཡང༌། སློབ་དཔོན་གྱི་ནི་ལམ་གྱིས་ནི། །མཁས་པ་རྣམས་ཀྱིས་བསྟན་པར་བྱ། །རྡོ་རྗེ་བདག་ཉིད་ཅེས་བསྐྱེད་ནས། །དྲིལ་བུ་ཤེས་རབ་ཅེས་སྤྲུལ་ཏེ། མཉམ་པར་ལྟ་བ་གནས་བྱས་ཏེ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །རྡོ་རྗེའི་རྩེ་མོར་ཤེས་ས་བོན། །བདག་ཉིད་ལྷ་རྣམས་ཚིམ་པ་ཉིད། །རྡོ་རྗེ་དྲིལ་བུ་རང་ལུས་ཀྱི། །ཕྱག་རྒྱ་ཁ་སྦྱོར་སྦྱར་བར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བཞིའང༌། །དེ་ཁོ་ན་ཉིད་ལས་གཟུང་བྱ། །དེ་ཉིད་ཀྱིས་ནི་རྡོ་རྗེ་གསོར། །དྲིལ་བུའང་རང་གི་འདོད་པས་དཀྲོལ། །གཉིས་ཀྱི་ལུས་ནི་དགའ་བྱས་ནས། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱས། །རྣལ་འབྱོར་པ་ལ་དེ་ཉིད་མེད། །གླང་ཆེན་དྲིལ་བུ་དཀྲོལ་དང་མཚུངས། །རྣལ་འབྱོར་དེ་ཉིད་ཀྱིས་དམན་ལ། །དངོས་གྲུབ་རིང་བར་མཚོན་པར་བྱ། །ཞེས་པ་ངེས་པའི་དོན་ཏོ། །དྲང་བའི་དོན་གྱིས་ནི་འདི་ཐམས་ཅད་གོ་སླའོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །གསང་བའི་དབང་བསྐུར་ཆེན་པོ་ཡིས། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་པ་དང༌། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་


DTG004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་བ་བྱས་ནས་མཆོད་པ་གྱིས། །ཞེས་པ་ལ་འདིར་བརྗོད་པར་བྱ་སྟེ། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང༌། དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་སྣ་ཚོགས་ཡུ་མ་ལ་ཡུལ་དང་རྣམ་བྲལ་འཁྱུད་པ་སྟེ། །པདྨར་ཞུགས་པ་རང་གི་རྡོ་རྗེ་སྤྲོ་བའང་དེ་བཞིན་ཟླ་ཉིའི་དབུས་སུར་བཞུགས་པ། །བདེ་བ་ས་བོན་མ་ལྷུང་བ་ལ་རབ་དགའི་དགར་གནས་རྣལ་འབྱོར་པ་ཡི་རྣལ་འབྱོར་འདི། །ཕྱག་རྒྱའི་དངོས་གྲུབ་དོན་རྒྱུར་ཁྱབ་བདག་གི་ནི་དཔལ་ལྡན་གསང་བ་ལས་ཀྱང་གསང་བའོ། །ཞེས་སོ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་ནམ་མཁའ་མཚུངས། །རྡུལ་བྲལ་མཐར་སྦྱིན་ཞི་བ་སྟེ། །ཁྱོད་ཀྱི་ཕ་ཡང་ཁྱོད་རང་ཡིན། །ཞེས་པ་ལ་སོགས་པ་སྟེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པའི་ང་རྒྱལ་གྱི་ལེའུར་གསུངས་པ་ཡང༌། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བཞིན་པའི་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་རྣམས་ཐམས་ཅད་ལ་གང་མི་འགོད་ཞིང་མི་ཞུམ་པ་འདི་ཉིད་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །ཆུ་དང་ཅོད་པན་དང་རྡོ་རྗེ་དང༌། བདག་པོ་དང་མིང་གི་དབང་བསྐུར་རྣམས་ལ་ཚིགས་སུ་བཅད་པ་རྒྱུད་གཞན་དུ་གསུངས་པ་དང༌། དབང་བསྐུར་ལ་གསོལ་བ་འདེབས་པའི་དོན་ནི་བལྟ་བར་བྱའོ་ཞེས་པའོ། །དཔལ་པཊྚི་ཀ་ར་ཀ་ར་གནས་པའི་དཔལ་གསེར་གྱི་མཆོད་རྟེན་གྱི་གཙུག་ལག་ཁང་ཆེན་པོར་གནས་པ། ཚུལ་ཁྲིམས་ཀྱི་སྡོམ་པས་བསྡམས་པ། དགེ་སློང་དམ་པ་དུལ་བའི་དཔལ་བཤེས་གཉེན་ལ་སོགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་ཅན་དཔལ་ཁ་ཆེ་ཆེན་པོ་ཤཱཀྱའི་དགེ་སློང་སྙན་གྲགས་བཟང་པོ་བླ་མ་དམ་པ་བརྒྱུད་པའི་མན་ངག་ཐོབ་ཅིང་རྙེད་པས་ཇི་སྐད་བཤད་པའི་གསང་བའི་ལུང་སྣ་ཚོགས་ཀྱེའི་རྡོ་རྗེའི་ཚིག་རྣམས་བསྡུས་ནས། སྐྱེ་བོ་དམ་པའི་ཡིད་ཀྱི་མཚོར་ངང་པའི་མཆོག་ལྟ་བུར་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་གསང་བའི་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་གསལ་པོར་རབ་ཏུ་གསལ་བར་བྱེད་པའི་དཀའ་འགྲེལ་འདི་བྱས་སོ། །འདིར་ཚིགས་སུ་བཅད་བདག་ཏུ་ཡང་འགྱུར་ཏེ། རྡོ་རྗེ་སློབ་དཔོན་བཀའ་དྲིན་དང༌། །རྣལ་འབྱོར་མ་རྣམས་མཉེས་བྱེད་པས། །


DTG004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཐོབ་པ་ཁོ་ནས་འདིར། །ཀྱེ་ཡི་རྡོ་རྗེའི་དཀའ་འགྲེལ་བྱས། །དཀའ་འགྲེལ་དེ་ཉིད་བྱས་ནས་ནི། །བདག་གིས་བསོད་ནམས་གང་བསགས་དེས། །བདེ་བ་ཅན་དུ་སེམས་ཅན་རྣམས། །ཇི་ལྟར་འདོད་བཞིན་གནས་གྱུར་ཅིག །དཔལ་ལྡན་བྷཾ་གའི་སའི་བདག་པོ་དཔལ་ལྡན་འཕྲོག་བྱེད་ཚངས་པའི་ལྷའི་རྒྱལ་སྲིད་རབ་ཏུ་འཕེལ་ཞིང་རྣམ་པར་རྒྱལ་བ་ལ། ལོ་བཅོ་བརྒྱད་པ་ལ་དབོ་ཅན་གྱི་ཟླ་བའི་ཚེས་བདུན་ལ་དཀའ་འགྲེལ་འདི་གྲུབ་པའོ། །ལེའུ་བཅུ་གཉིས་ཀྱི་བདག་ཉིད་ཅན་འདི་སྟེ། །བརྟག་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྒྱུད་དཔལ་ཀྱེའི་རྡོ་རྗེ་ཞེས་བྱའོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པ་གནས་བརྟན་དུལ་བའི་དཔལ་བཤེས་གཉེན་གྱིས་གསོལ་བ་བཏབ་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བརྟག་པ་གཉིས་པ་ལེའུ་བཅུ་གཉིས་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོས་དཔལ་བཀྲ་ཤིས་གསེར་སྡིངས་ཀྱི་གཙུག་ལག་ཁང་དུ་ལེགས་པར་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།སླར་ཡང་དཔལ་ལྡན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ལེགས་བཤད་ལ་སོགས་པའི་མཐུ་ལས། བརྡ་སྤྲོད་པའི་ཚུལ་རིག་པའི་དབང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱི་ཚུལ་ལ་ཤིན་ཏུ་དད་ཅིང་བློའི་སྣང་བ་རྒྱས་པའི་དགེ་བའི་བཤེས་གཉེན་ར་ལུང་པ་ཆོས་གྲགས་དཔལ་བཟང་པོས། སློབ་དཔོན་ཞི་བའི་ཚོའི་ཞབས་དཔོན་སློབ་ཀྱིས་མཛད་པའི་དབུ་མའི་གཞུང་ལུགས་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་གྱི་གླེགས་བམ་བྲིས་ཏེ་ཡོན་དུ་གནང་ནས། ཡང་ཡང་དུ་བསྐུལ་བའི་ངོར་ལེགས་པར་བཅོས་ཏེ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།།


previousབརྟག་པ་གཉིས་པའི་དཀའ་འགྲེལ།next