Nitartha Digital Library
Tibetan
 
previousལྔ་པ། ཧེ་རུ་ཀ་མངོན་པར་འབྱུང་བའི་ལེའུའི་བཤད་པ།next

ལྔ་པ། ཧེ་རུ་ཀ་མངོན་པར་འབྱུང་བའི་ལེའུའི་བཤད་པ།


DTG004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གདུལ་བྱ་རྣམས་ཆོས་ཀྱི་རྒྱལ་པོའི་གོ་འཕང་ལ་དགོད་པས་ན་རྒྱལ་པོའོ། །རྣམ་པར་རྟོག་པའི་རི་བོ་འཇོམས་པས་ན་རྡོ་རྗེ་འཛིན་ནོ། །ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཀྱིས་ན་དགྱེས་པའི་རྡོ་རྗེའོ། །གདུལ་བྱ་རྣམས་ལ་རྗེས་སུ་འཚམ་པར་སྟོན་པར་མཛད་པས་ན་གཙོ་བོའོ། །རྣམ་པ་ཀུན་གྱི་རང་བཞིན་བདག །ཅེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་རོ། །དཀྱིལ་འཁོར་ཞེས་བྱ་བ་ནི་བྲི་བའི་དཀྱིལ་འཁོར་རོ། །བདེ་བ་ཅན་དུ་ཞེས་བྱ་བ་ལ་སོགས་པ་ནི་འཁྲིག་པའི་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །རྣམ་པ་ཀུན་གྱི་རང་བཞིན་ནོ། །ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམ་པར་དག་པའི་ལྷ་ཐམས་ཅད་ཀྱི་ངོ་བོའོ། །སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྒྱུར་གྱུར་པའི་རྡོ་རྗེ་འཛིན་ནོ། །ས་བོན་གྱིས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པའི་མཚན་མ་ལ་གནས་པའི་ཧཱུཾ་གིས་སོ། །བཅོ་ལྔས་ཡོངས་སུ་བསྐོར་བ་ཡི། །ཞེས་བྱ་བ་ལ་སོགས་པ་ལ་སྔོན་དུ་བསྟན་པའི་རྣལ་འབྱོར་མའི་འཁོར་ལོ་ཕྱག་གཉིས་པ་ལ་སོགས་པ་ཉིད་དེ། དེ་ཉིད་འོག་ནས་འབྱུང་བ། །རིམ་གཅིག་སྒོ་ནི་བཞི་པ་སྟེ། །ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །དཀྱིལ་འཁོར་ཡང་དག་རབ་གསལ་མཛད། །ཅེས་བྱ་བ་ནི་འོག་ནས་འབྱུང་བ། །དེ་ནས་སྟོན་པ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་སྐབས་དེར་བལྟ་བར་བྱའོ། །མ་ལུས་པའི་སེམས་ཅན་རྣམས་རྗེས་སུ་བསྡུ་


DTG004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྟན་པའི་ཕྱིར་གསུངས་པ། བདུད་བཞི་ཡང་དག་མནན་པ་སྟེ། །ཞེས་བྱ་བ་ལ་བདུད་བཞི་པོ་རྣམས་ཞབས་བཞི་པོས་མནན་པ་སྟེ། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་དང༌། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང༌། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། བཞི་པོ་དེ་དག་ནི་ཞབས་བཞིར་ཤེས་པར་བྱའོ། །དེ་ནས། འཇིགས་པ་དག་ཀྱང་འཇིགས་པར་མཛད། །ཅེའོ། །མགོ་བོའི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ལྔ་བཅུ་ཐམ་པ་རྣམ་པར་དག་པའི་མགོ་བོའི་ཕྲེང་བ་སྟེ། དེས་སྐལ་པ་དང་ལྡན་པའི་སྐྱེ་བོའི་ཡིད་འཕྲོག་པར་མཛད་པས་ན་དོ་ཤལ་ལོ། །ཉི་མ་ལ་གནས་ཞེས་བྱ་བ་ནི་མི་དམིགས་པའི་སྙིང་རྗེ་ཆེན་པོ་ལ་གནས་པའི་གཟུགས་སོ། །རྣམ་པ་སྣ་ཚོགས་སུ་སྤྲོ་བ་མཛད་པས་ན་གར་དང་ལྡན་ནོ། །མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་རྣམ་པར་དག་པའི་རང་བཞིན་གྱིས་ནི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །སྐུ་མདོག་ནག་པོ་ཞེས་བྱ་བ་ནི་འོག་ནས་སྟོན་པར་འགྱུར་རོ། །དབང་པོ་དམན་ཞིང་དད་པ་མེད་པ་རྣམས་སྐྲག་པར་མཛད་པས་ནི་འཇིགས་མཛད་དོ། །སྒྲ་སྐད་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱ་རྣམས་ལ་ཆོས་སྟོན་པར་མཛད་པས་ན་ཧཱུཾ་སྤྲོ་བའོ། །གདུལ་བྱ་རྣམས་ལ་མངོན་པར་ཕྱོགས་པས་ན་ཉིད་ཀྱི་ཞལ་ནས་སོ། །དོན་དམ་པའི་སེམས་ཀྱི་བདག་ཉིད་ཀྱིས་ན་སྐུ་ལ་ཐལ་བས་ཡང་དག་བྱུགས་སོ། །དགའ་བས་སྙོམས་འཇུག་མཉམ་པར་སྦྱོར་བ་ཞེས་བྱ་བ་ནི། མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །བདག་མེད་ལྷན་ཅིག་ཁ་སྦྱོར་བ། །ཞེས་བྱ་བ་ནི་ཆོས་བདག་མེད་པར་འགྲོ་བ་རྣམས་གཅིག་ཏུ་སྦྱོར་བར་མཛད་པའི་ཕྱིར་རོ། །ཉེ་བར་བསྡུ་བ་གསུངས་པ། །ཁྲེམ་གཉེར་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྲེམ་གཉེར་མེད་པ་དེ་ཡང་དམིགས་པ་དང་བཅས་པ་དང༌། མི་དམིགས་པའི་དེ་ཁོ་ན་ཉིད་ཀྱིས་དབྱེ་བས་རྣམ་པ་གཉིས་སུ་ཤེས་པར་བྱའོ། །གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །ཞེས་བྱ་བ་ནི་འདིར་རྒྱུ་དང་འབྲས་བུ་དབྱེར་མེད་པར་མཛད་ནས་བརྗོད་པ་ཡིན་ནོ། །གཞན་དུ་ཡང༌། སེམས་དཔའི་གཟུགས་ནི་ཡང་དག་འབྱུང༌། །དཀྱིལ་འཁོར་བདག་


DTG004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་དང༌། སེར་མོ་ལ་སོགས་འདི་ལས་འབྱུང༌། །ཞེས་གསུངས་པ་འགལ་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ་དེ་རྒྱུར་གྱུར་པའི་རྡོ་རྗེ་སེམས་དཔའ་ཉིད་དཀྱིལ་འཁོར་བདག་པོ་སྟེ། དེ་ལས་སེར་མོ་ལ་སོགས་པ་འབྱུང་བར་བལྟའོ། །དེ་ནི་ཐོག་མ་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་དང་ཐ་མ་དང་དབུས་ཀྱི་ཆ་རྣམས་མི་དམིགས་པ་སྟེ། འདིའི་དོན་ནི་དུས་དང་ཡུལ་དང་ཕྱོགས་ལ་སོགས་པ་དང་བྲལ་བའོ། །སྲིད་དང་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པ་ནི་སྐྱེ་བ་དང༌། གནས་པ་དང༌། འཇིག་པའི་མཚན་ཉིད་དེ། དེ་མེད་པའོ། །མྱ་ངན་འདས་པ་མིན་ཞེས་བྱ་བ་ལ་མྱ་ངན་ལས་འདས་པའི་དངོས་པོ་ཐམས་ཅད་རྒྱུན་ཆད་པའི་རང་བཞིན་ཏེ། དེ་ཡང་མ་ཡིན་པའོ། །འདི་ནི་དམ་པའི་བདེ་ཆེན་ཏེ། ཞེས་བྱ་བ་ནི་འདི་ཉིད་མཆོག་ཏུ་བདེ་བ་ཆེན་པོ་སྟེ། རྟག་ཏུ་ད་ལྟར་བྱུང་བའི་རང་རིག་པས་སོ། །གཞན་མིན་ཞེས་བྱ་བ་ལ། གཞན་ནི་ཕ་རོལ་གྱི་གཟུགས་ལ་སོགས་པའི་རང་བཞིན་ཏེ་དེ་མ་ཡིན་པའོ། །བདག་ཀྱང་མིན་ཞེས་བྱ་བ་ལ་བདག་གི་རྩོམ་པ་དང༌། ལྷག་པར་གནས་པ་དང༌། མཐར་ཕྱིན་པའི་རང་བཞིན་ཏེ་དེ་ཡང་མ་ཡིན་པའོ། །མཆོག་མཐའ་ཞེས་བྱ་བ་ལ་སོགས་པ་ལ་མཆོག་ཏུ་དགའ་བ་འགག་པ་སྐྱེ་བ་ལ་མངོན་པར་ཕྱོགས་ཏེ། དེ་དག་གི་དབུས་སུའོ། །འདོད་ཆགས་དང་ཆགས་བྲལ་གྱི་ངོ་བོ་ཉིད་མེད་པས་སྟོང་པའོ། །རང་གིས་རིག་ཅིང་མྱོང་བས་ན་སྟོང་མིན་ནོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་པས་ན་ཧེ་རུ་ཀའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས། ལེའུ་ལྔ་པའི་བཤད་པའོ།། །།


previousལྔ་པ། ཧེ་རུ་ཀ་མངོན་པར་འབྱུང་བའི་ལེའུའི་བཤད་པ།next