Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ལྔ་པ།


  collapse section
  collapse section
   
   
   
   
   
   
   
   
   
   
བཅུ་པ། དབང་གི་ལེའུ།
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   


 
previousབཅུ་པ། དབང་གི་ལེའུ།next

བཅུ་པ། དབང་གི་ལེའུ།


DTG005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཀྱི་ཡང་དག་པའི་དེ་ཁོ་ན་ཉིད་བསྒོམ་པ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པ་རྣལ་འབྱོར་མའི་རིམ་པར་ཕྱེ་བས་དཀྱིལ་འཁོར་གཉིས་ཀྱི་ཁ་སྦྱར་བ་ལས་དེ་གཉི་གའི་བདག་ཉིད་ཀྱི་རིམ་པ་གཉིས་རྣམ་པར་དག་པ་རྣམ་པའི་རིམ་པར་ཕྱེ་བ་བསྟན་ནས། ད་ནི་སློབ་མ་དབང་བསྐུར་བའི་རིམ་པར་ཕྱེ་བ་བསྟན་པའི་ཕྱིར་འཆད་དེ། ཇི་ལྟར་ཞེ་ན། གང་དབང་བསྐུར་བ་ཐོབ་པ་ལ་དེ་ཁོ་ན་ཉིད་བསྟན་པར་བྱའོ་ཞེས་བྱ་བའི་ཚིག་གིས་ན། དབང་མ་ཐོབ་པ་ལ་དེ་ཁོ་ན་ཉིད་བསྟན་པར་མི་ནུས་ལ། དབང་ཡང་དཀྱིལ་འཁོར་དང་བྲལ་ན་དབང་བསྐུར་བར་མི་ནུས་པས་ན་དཀྱིལ་འཁོར་དང་དབང་བསྐུར་བདག་གི་ཆོ་ག་གསུངས་པ། དེ་ནས་ཇི་ལྟར་དཀྱིལ་འཁོར་གྱི། །རིམ་པ་ཡང་དག་རབ་ཏུ་བཤད། །གང་གིས་སློབ་མ་དབང་བསྐུར་བའི། །ཆོ་གའང་རབ་ཏུ་བཤད་པར་བྱ། །ཞེས་པ་སྨོས་ཏེ། དེ་ནས་ནི་རྗེས་ཐོགས་ཉིད་དུ་གཞན་གྱིས་བར་མ་ཆད་པ་ཉིད་དུའོ། །དེ་བས་ན་འདིའི་ཕྱིར་རྣམ་པར་དག་པའི་རིམ་པར་ཕྱེ་བ་ལས་དཀྱིལ་འཁོར་རོ། །ཆོ་གའང་རབ་ཏུ་བཤད་པར་བྱ་ནི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་བའོ། །གང་གིས་


DTG005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཀྱིལ་འཁོར་གྱི་ཆོ་གས་སོ། །སློབ་མ་དབང་བསྐུར་བ་ན་མཚོན་པར་བྱེད་པས་དབང་སྟེ་དབང་དེ་འཆད་དོ། །དེ་ཡང་ཆོ་ག་བཤད་པར་བྱའོ། །འདིས་ནི་དཀྱིལ་འཁོར་མ་མཐོང་བ་ལ་དབང་བསྐུར་བ་མེད་ལ་དབང་བསྐུར་བ་མ་ཐོབ་པས། དེ་ཁོ་ན་ཉིད་མི་ཐོབ་ལ་དེ་ཁོ་ན་ཉིད་མེད་པར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡོད་པ་མ་ཡིན་ནོ། །དངོས་གྲུབ་ཀྱི་ཕྱིར། དེ་ཁོ་ན་ཉིད་ཐོབ་པར་བྱ་ཞིང༌། །དེའི་དོན་དུ་དབང་བསྐུར་ལ། དབང་བསྐུར་གྱི་དོན་དུ་དཀྱིལ་འཁོར་ཡིན་ནོ། །དཀྱིལ་འཁོར་གྱི་དོན་ཉིད་གསུངས་པ། །དང་པོར་ལྷ་ཡི་བདག་ཉིད་ཀྱི། །རྣལ་འབྱོར་པས་ནི་ནོར་འཛིན་སྦྱར་། །ཨོཾ་རཀྵ་རཀྵ་ཞེས་པས་སྦྱང་བའི་སྔགས་ཀྱིས་ས་སྦྱང་བར་བྱའོ། །དང་པོ་ནི་ཐོག་མའོ། །ལྷའི་བདག་ཉིད་ནི་གང་ལ་ལྷའི་བདག་ཉིད་ཡོད་པ་དེ་ནི་ལྷའི་བདག་ཉིད་དེ་སློབ་དཔོན་ཉིད་ལྷའི་ཚུལ་གྱི་སྐུ་ཡིན་པའི་དོན་ཏོ། །ཡང་ན་ནོར་འཛིན་ནི་ཆོས་འབྱུང་ངོ༌། །སྦྱང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱིས་རྣམ་པར་གཞག་པར་བྱའོ། །རྣལ་འབྱོར་པ་ནི་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་དང༌། ལྷའི་རྣམ་པར་དག་པའོ། །དང་པོ་ཞེས་པ་ནི་གཉིས་མེད་པའོ། །ཇི་ལྟར་གྱུར་པ་དེ་བཞིན་དུ་ལྷའི་བདག་ཉིད་ཡིན་ཏེ། རྣལ་འབྱོར་པ་གང་ལ་ལྷའི་བདག་ཉིད་ཀྱི་ཡེ་ཤེས་ཡོད་པ་དེ་ནི་ལྷའི་བདག་ཉིད་ཀྱི་རྣལ་འབྱོར་པ་སྟེ་ཡེ་ཤེས་ལྔ་དང༌། སྐུ་གསུམ་གྱི་རང་བཞིན་གཉི་ག་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་ཡིན་པའི་དོན་ཏོ། །འབད་པས་ཧཱུཾ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། །ནོར་འཛིན་སྦྱངས་པའི་དེ་མ་ཐག་ཏུ་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བར་བྱའོ། །འབད་པས་ཧཱུཾ་ལས་རྡོ་རྗེ་ཅན། །ཞེས་པ་ནི་རཾ་ལས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཞེས་བྱ་བ་ལ་སོགས་པའི་རིམ་པས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང༌། རྡོ་རྗེའི་གུར་དང༌། རྡོ་རྗེའི་ཐོག་ཕུབ་པའོ། །འདིས་ནི་རྡོ་རྗེའི་རང་བཞིན་གྱི་གཞལ་ཡས་ཁང་བསྒོམས་ནས་དེའི་ནང་དུ་དཀྱིལ་འཁོར་བཞེངས་པར་བྱའོ། །ཡང་ན་ཧཱུཾ་ལས་རྡོ་རྗེ་ཅན་ནི་ཡི་གེ་ཧཱུཾ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པ་དང་བདག་མེད་མར་བྱས་པའོ། །ཕྱི་ནས་ནི་རྗེས་ཐོགས་སུ་བར་མ་ཆད་པར་རོ། །དཀྱིལ་འཁོར་ནི་ཡང་དག་པའི་ཡེ་ཤེས་སོ། །བྲི་བ་ནི། རྟག་ཏུ་བྱིན་གྱིས་བརླབས་པས་རྣམ་པར་གཞག་པའོ། །དཀྱིལ་འཁོར་


DTG005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བའི་གནས་གསུངས་པ། ཚལ་དང་སྐྱེ་བོས་དབེན་པའི་གནས། །བྱང་ཆུབ་སེམས་དཔའི་ཁྱིམ་རྣམས་དང༌། །དཀྱིལ་འཁོར་ཁང་པའི་ནང་དུ་ཡང༌། །དཀྱིལ་འཁོར་དམ་པ་རབ་ཏུ་བཞེངས། །དམ་པ་ནི་མཆོག་གོ །ཡང་ན་ཚལ་ནི་ཡེ་ཤེས་རིག་པ་དེ་ལས་བྱུང་བས་སྤྲོ་བའི་ཡེ་ཤེས་དེ་ཡོད་པའོ། །དབེན་པ་ཞེས་པ་ནི་བྲལ་བའོ། །སྐྱེ་བོ་ནི་དབང་པོ་ལ་སོགས་པའོ། །གང་ལ་དེར་དབེན་པས་བསྡུ་བའི་ཡེ་ཤེས་སོ། །བྱང་ཆུབ་སེམས་དཔའི་ཁྱིམ་རྣམས་དང༌། །ཞེས་པ་ནི་ཚལ་ནི་ལྗོན་ཤིང་སྣ་ཚོགས་པ་དང་ལྡན་པའི་ས་གཞི་སྟེ། །བྱིན་གྱིས་བརླབས་པའི་གནས་ཡིན་པའི་ཕྱིར་རོ། །སྐྱེ་བོས་དབེན་པ་ནི་སྐྱེ་བོ་གགས་བྱེད་པ་དང་བྲལ་བའོ། །གནས་ཞེས་པ་ནི་ས་ཕྱོགས་སོ། །བྱང་ཆུབ་སེམས་དཔའི་ཁྱིམ་རྣམས་སུ། །ཞེས་པ་ནི་སྐལ་པ་དང་ལྡན་པའི་སྐྱེ་བོ་གནས་ན་དབེན་པའི་གནས་ཀྱང་ངོ༌། །གནས་འདི་རྣམས་དཀྱིལ་འཁོར་གྱི་ཁང་པ་བྱ་སྟེ་དེའི་ནང་དུ་དཀྱིལ་འཁོར་བཞེངས་པར་བྱའོ། །བྱང་ཆུབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སེམས་དཔའ་ནི་སྲིད་པ་གསུམ་གཅིག་པ་སྟེ་སྲིད་གསུམ་དབྱེར་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་ཁྱིམ་རྣམས་ནི་གནས་རྣམས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གནས་འདི་རྣམས་སུའོ། །དཀྱིལ་འཁོར་ཁང་པའི་ནང་དུ་ཡང་ནི་ཡང་དག་པའི་ཡེ་ཤེས་ཀྱི་གནས་གང་དེ་རྟོག་པ་དང་རྣམ་པར་རྟོག་པ་ཀུན་སྤངས་པའི་ཡོངས་སུ་བཅད་པར་མི་ནུས་སོ། །དཀྱིལ་འཁོར་དམ་པ་རབ་ཏུ་བཞེངས་ནི་ཁྱབ་པའི་ཕྱིར་རྡོ་རྗེ་འཛིན་པའོ། །དམ་པ་ནི་མཆོག་གཙོ་བོ་སྟེ་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་བཞེངས་པར་བྱ་བའི་ཕྱིར་རྡུལ་ཚོན་གསུངས་པ། རྡུལ་ཚོན་དམ་པའི་ཚོན་དང་ནི། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ། །རིན་ཆེན་ལྔ་ཡི་ཕྱེ་མ་དང༌། །ཡང་ན་འབྲས་ལ་སོགས་པའོ། །དམ་པ་ནི་ལྷར་བྱིན་གྱིས་བརླབས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པར་དག་པའོ། །རྡུལ་ཚོན་ནི་རྡུལ་ཚོན་གྱིས་སོ། །རིན་ཆེན་ལྔ་ཡི་ཕྱེ་མ་དང༌། །ཞེས་པ་ནི། ཨིནྡྲ་ནཱི་ལ་དང༌། མུ་ཏིག་དང༌། བཻཌཱུ་ཪྻ་དང༌། ཆུ་ཤེས་དང༌། མ་རྒད་ལ་སོགས་པ་རྣམས་ཀྱིས་སོ། །ཡང་ན་མུ་མེན་དང༌། དུང་དང༌། བྱི་རུ་དང༌། གསེར་དང༌། དངུལ་ལ་སོགས་པའི་ཕྱེ་མ་


DTG005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སོ། །ཡང་ན་ཞེས་པ་ནི། ཕྱོགས་གཞན་ནོ། །འབྲས་ལ་སོགས་པ་ནི། འབྲས་དང་གྲོ་ལ་སོགས་པ་རྣམས་ཀྱིས་ཏེ་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི་ཁ་དོག་ལྔའི་རང་བཞིན་གྱིས་སོ། །ཡང་ན་དམ་པ་ཞེས་པ་ནི་དམ་པ་དབང་པོ་རྣམས་ཏེ། དེ་རྣམས་ཀྱི་གཙོ་བོ་སེམས་ཡིན་པས་དམ་པའོ། །དེ་ཡིས་དགའ་བ་གཏོང་བར་བྱེད་པས་ན་དམ་པས་རའོ། །དེ་ཡང་འདིར་ཆུ་ཡིན་པས་དམ་པའི་ཚུལ་ཅན་ནོ། །དེ་ཡང་དབང་པོ་དང་ཤེས་པ་ཡུལ་ལ་རག་ལས་པའི་རྡོ་རྗེ་གསུམ་དབྱེར་མེད་པ་ཡིན་པའི་དོན་ཏོ། །དེ་ལ་ཡོད་པས་ཁ་ནི་ཆོས་འབྱུང་ལས་བྱུང་བའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་ཡེ་ཤེས་སོ། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ་ནི་ཨ་བདག་མེད་མའོ། །ཐ་མི་བསྐྱོད་པའོ། །བ་བྱང་ཆུབ་ཀྱི་སེམས་སོ། །ཨཱ་བདག་མེད་མའོ། །གོ་རིམས་དང་གོ་རིམས་ལས་བཟློག་པས་སྤྲོ་བ་དང་བསྡུ་བ་དང་བསྡུ་བ་དང་སྤྲོ་བའི་བདག་ཉིད་དེས་གཉི་ག་དབྱེར་མེད་པས་ན་ཡོངས་སུ་གཅོད་པར་མི་ནུས་པའི་ཕྱིར་རྒྱུ་དེས་ན་འབྲིང་པོའོ། །འང་གི་སྒྲས་ནི་ཁྱད་པར་གྱི་དོན་ཏེ། འདི་ལྟ་བུ་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་ཁྱད་ཅན་ཡིན་པའོ། །རིན་ཆེན་ལྔའི་ཞེས་པ་ནི། ལྔའི་སྒྲས་དབང་པོ་རྣམས་སོ། །རིན་ཆེན་ནི་སེམས་སོ། །དངོས་ནི་དེ་རྣམས་ཀྱི་རྣམ་པར་འགྱུར་བས་སོ། །ཕྱེ་མ་ཞེས་པ་ནི། རྡུལ་ཕྲ་རབ་དང་མཚུངས་པར་བཤད་པའི་ཕྱིར་ནམ་མཁའི་དཀྱིལ་གཏིབས་པས་སོ། །ཡང་ན་གཉི་ག་དབྱེར་མེད་པའི་ཡེ་ཤེས་ཀྱིས་སོ། །འབྲས་ལ་སོགས་པས་ནི། ཡང་ན་འབྲས་ལ་སོགས་པ་ཡིན་ཏེ། ཇི་ལྟར་འབྲས་ནི། བསྣུན་པ་དང་བྲལ་བའི་ཕྱིར་སྙིང་པོ་ཉིད་ཀྱིས་རྣམ་པར་གཞག་གོ ། དེ་བཞིན་དུ་སྒྲོ་བཏགས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བའི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམས་སོ། །དེ་ལྟ་བུ་གྱུར་པའི་ལ་སོགས་པ་རྣམས་ཀྱིས་ནི། ཀ་བདེ་བ་ཟག་པ་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཉིད་དང་པོ་གཙོ་བོའི་རྒྱུ་གང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་གཉི་ག་རྣམ་པར་དག་པ་དཀྱིལ་འཁོར་གཉི་གའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པའི་ཡེ་ཤེས་ཡིན་པའི་དོན་ཏོ། །དཀྱིལ་འཁོར་བྱ་བའི་ཚད་གསུངས་པ། །དཀྱིལ་འཁོར་ཁྲུ་གསུམ་པ་རུ་བྱ། །མཐེ་བོ་གསུམ་གྱིས་ལྷག་པ་བཞི། །ཁྲུ་གསུམ་ཞེས་པ་ནི་མི་བསྐྱོད་པའི་རྣམ་པར་དག་པའི་ཕྱིར། །


DTG005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ༌། །སོར་མོ་ཡང་ནས་བཞིའི་བདག་ཉིད་དོ། །དེ་ལྟར་རྣམ་པ་གཉི་ག་ཁྲུ་གསུམ་ཚད་དོ། །མཐེ་བོང་གསུམ་གྱིས་ལྷག་པ་ནི། །ཁྲུ་རེ་རེ་ཞིང་ཡང་སོར་མོ་གསུམ་གསུམ་བསྣན་པར་བྱའོ། །མཐེ་བོའི་ཚད་ནི་བཞི་ཞེས་པ་སྟེ་ནས་བཞིའི་ཚད་དོ། །ཡང་ན་དཀྱིལ་འཁོར་ཁྲུ་གསུམ་ཞེས་པ་ནི། གསུམ་གྱི་སྒྲས་སྐུ་གསུང་ཐུགས་སོ། །ཁྲུའི་སྒྲ་ནི་ལྔའི་བདག་ཉིད་གཉི་ག་དབང་པོ་དང་ཡུལ་གྱི་དཀྱིལ་འཁོར་ཡིན་ནོ། །དཀྱིལ་འཁོར་གྱི་གཙོ་བོ་སེམས་ཞེས་བྱ་བའི་ཡེ་ཤེས་ཡིན་ཏེ། སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཡང་དག་པའི་ཡེ་ཤེས་སུ་བྱའོ། །འདི་ཉིད་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་ཅིས་ཁྱད་པར་དུ་འཕགས་ཤེ་ན། མཐེ་བོ་གསུམ་གྱིས་ལྷག་པའོ། །གསུམ་གྱི་སྒྲས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདིའི་ཆ་གསུམ་ཡིན་ཏེ། དགའ་བ་ལ་སོགས་པ་རྣམ་པར་དག་བའི་མཐར་རོ། །དེ་ལས་མཐེ་བོས་ལྷག་པ་ནི། མཐེ་བོ་རྡོ་རྗེ་འཛིན་པའོ། །དེ་ལ་ལྷག་པ་ནི་མཚན་པའོ། །ཀ་བདེ་བའི་ཡེ་ཤེས་སོ། །དེ་ནས་བཞི་པ་ལན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་དཀྱིལ་འཁོར་དུ་རིག་མ་གཞུག་པ་ཡིན་པ་དེ་གསུངས་པ། དེ་ནི་རིགས་ལྔ་ལས་བྱུང་བ། །རིག་མ་བཟང་པོ་རྣམ་པར་གཞུག །རིག་མ་ཞེས་པ་ནི་ཤེས་རབ་བཙུན་མོའོ། །དེ་ནི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །བཟང་མོ་ནི་ལྷའི་རྣལ་འབྱོར་དང་ལྡན་པའོ། །རིགས་ལྔ་ལས་བྱུང་ནི་རྡོ་རྗེའི་རིགས་ལ་སོགས་པའི་རིགས་ལྔ་ལས་སྐྱེས་སོ། །ཡང་ན་རིགས་པ་ཞེས་བྱ་བ་ནི་བདག་མེད་མའོ། །དེར་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་དེར་རོ། །རབ་ཏུ་གཞུག་ནི་རབ་ཏུ་གསལ་བའོ། །གཞུག་ནི་དེའི་བདག་ཉིད་ཀྱིས་གནས་པར་བྱའོ། །བཟང་མོ་ཞེས་པ་ནི་ལྷའི་རྣལ་འབྱོར་དང་ལྡན་པའོ། །བསྡུ་བའི་རང་བཞིན་ཅན་འབའ་ཞིག་ནི་མ་ཡིན་ཏེ། སྤྲོ་བའི་རང་བཞིན་ཅན་ཡང་དེའོ། །དེ་བས་ན་རིགས་ལྔ་ལས་བྱུང་ནི་རིགས་ལྔ་རྣམས་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམས་སོ། །དེ་རྣམས་ཀྱི་བྱུང་བ་ནི་བྱུང་བ་སྟེ། གང་ལ་སྤྲོ་བ་དེ་ནི་རིགས་ལྔ་ལས་བྱུང་བའོ། །ཡང་ན་ཇི་ལྟར་གང་རྙེད་དེ། །དེ་ལྟར་བཅུ་དྲུག་ལོན་པ་ནི། རིགས་ལྔ་མེད་ན་སྤྱིར་ཇི་ལྟར་གང་རྙེད་པ་དེ་ལ་བྱ་སྟེ་བཟང་མོ་མ་ཡིན་པ་ཡང་ངོ༌། །


DTG005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་སླར་ལོ་བཅུ་དྲུག་མ་བཟུང་སྟེ། བྱང་ཆུབ་ཀྱི་སེམས་འབབ་པའི་ཕྱིར་རོ། །ཡང་ན། ཡང་ན་ཞེས་པ་ནི་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མ་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ནོ། །གང་དེ་ཞེས་པ་ནི་གཏན་ལ་ཕན་པར་མི་ནུས་པའི་ཕྱིར་རོ། །ཇི་ལྟར་རྙེད་པ་ནི། གང་དང་གང་གི་རྣམ་པར་རྙེད་པའི་ཡེ་ཤེས་སོ། །བཅུ་དྲུག་ལོན་པ་ཞེས་པ་ནི་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པ་སྟེ། ཆུ་བྱང་ཆུབ་ཀྱི་སེམས་སོ། །དེ་སྟེར་ཞིང་ཡོངས་སུ་གཏོང་བ་ཡིན་པས་ལོ་བཅུ་དྲུག་མ་སྟེ་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དེས་བདག་མེད་མ་དེའི་བདག་ཉིད་ཀྱིས་ཡོངས་སུ་བཏང་བ་ཡིན་པས་བདག་ཆགས་ཀྱི་སྐྱོན་ཡང་དེ་ལ་མེད་པ་ཡིན་ནོ། །དེ་ཡང་བཙུན་མོ་བསྟེན་པར་བྱ་བ་ཡིན་པ་དེ་གསུངས་པ། གང་ཚེ་ཁུ་བ་ལྡན་གྱུར་པ། །དེ་ཡི་ཚེ་ན་བསྟེན་པར་བྱ། །གང་གི་ཚེ་དེའི་བྱང་ཆུབ་ཀྱི་སེམས་འབྱུང་བར་གྱུར་པ་དེའི་ཚེ་ན་ཕྱག་རྒྱ་དེ་བསྟེན་པར་བྱའོ། །ཡང་དེའི་ཚེ་ནི་ཕྱག་རྒྱ་ཆེན་པོའོ། །བསྟེན་པར་བྱ་བ་ནི་གོམས་པར་བྱ་བའོ། །གང་ཚེ་ཁུ་བ་ལྡན་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་སོ། །ལྡན་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་དང་ལྡན་པར་གྱུར་པའོ། །འདིས་ཅི་བསྟན་ན། ཕྱག་རྒྱ་ཆེན་པོ་གོམས་པར་བྱས་པ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་དུ་འགྱུར་པ་ཡིན་ནོ། །དེ་ཡང་ཕྱག་རྒྱ་བསྟེན་པ་ལས་གང་བྱང་པ་དེའི་བྱ་བ་བསྟན་པ། ཕྱ་རྒྱའི་གདོང་ཡང་བཅིང་བ་དང༌། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །བསྟེན་པ་དེ་ལས་གང་བྱུང་བ། །སློབ་མའི་ཁར་ནི་བཏུང་བ་ཉིད། །བཙུན་མོའི་གདོང་དང་ཐབས་ཀྱི་གདོང་པར་མིག་རས་བཅིངས་ལ་བྱའོ། །བསྟེན་པ་ནི་གོམས་པའོ། །དེར་གང་བྱུང་བ་ནི་གང་བྱང་ཆུབ་ཀྱི་སེམས་བྱུང་བ་སྟེ། སློབ་མའི་ཁར་བཏུང་བར་བྱའོ། །ཡང་ན་ཕྱག་རྒྱ་ནི་བདག་མེད་མས་སོ། །གདོང་ནི་དང་པོ་སྟོང་པའི་བྱང་ཆུབ་བོ། །བཅིང་བ་ནི་བརྟན་པར་བྱ་བའོ། །ཐབས་གྱི་ནི་རྡོ་རྗེ་འཛིན་པའོ། །གདོང་ནི་སྙིང་རྗེའི་རང་བཞིན་ནོ། །བཅིང་བ་ནི་བརྟན་པར་བྱས་པའོ། །སྟོང་པ་ཉིད་དང་སྙིང་རྗེ་མི་གཡོ་བར་བྱས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སོ། །བསྟེན་པ་


DTG005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་ཆུབ་ཀྱི་སེམས་སྦྱངས་པའོ། །གང་བྱུང་བ་ནི་གང་བྱུང་བའོ། །དེ་སློབ་མའི་ཁར་ནི་སློབ་མའི་དབང་པོ་རྣམས་སོ། །དེ་རྣམས་ཀྱི་ཁ་ནི་ཡུལ་རྣམས་ཡིན་པས་སློབ་མའི་ཁ་ཡུལ་དང་དབང་པོའོ། །དེར་བཏུང་བ་ནི་བསྡུ་བ་སྟེ་དེ་དབྱེར་མེད་པར་བྱ་བའི་དོན་ཏེ་གང་བྱང་ཆུབ་ཀྱི་སེམས་དེ་ཡུལ་དང་དབང་པོ་ལྡོག་པ་ཉིད་ཡིན་པའི་དོན་ཏོ། །འདི་ཉིད་མངོན་པར་གསལ་བར་བྱས་པ། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་བྱང་བར་བྱ། །ཞེས་པ་ལ། དེ་ཉིད་ལ་ཞེས་པ་ནི་གོམས་པས་སོ། །རོ་མཉམ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དེའི། །སློབ་མའི་སྤྱོད་ཡུལ་ཉིད་ནི། འདིར་དབང་པོ་རྣམས་སྤྱོད་པ་ཡིན་པས་སྤྱོད་པ་ཡིན་པས་སྤྱོད་ཡུལ་ཏེ་ཡུལ་ལོ། །སློབ་མ་ནི་དབང་པོ་རྣམས་སོ། །སློབ་མ་ཡང་ཡིན་ལ་སྤྱོད་ཡུལ་ཡང་ཡིན་པས་སློབ་མའི་སྤྱོད་ཡུལ་ཏེ་དབང་པོ་དང་ཡུལ་རོ་མཉམ་པའོ། །བྱ་བར་བྱ་ནི་ཐམས་ཅད་བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་པ་ཡིན་ཏེ་ཀུན་རྫོབ་ཏུ་ཡང་དོན་འདི་ཡིན་ནོ། །དེ་ཉིད་ལ་ནི་ཕྱག་རྒྱའོ། །སློབ་མའི་སྤྱོད་ཡུལ་ནི་སློབ་མ་དང་ཉེ་བའོ། །རོ་མཉམ་ནི་འདུས་པའོ། །བྱ་བ་ནི་བྱ་བའོ། །ཅིར་འགྱུར་བ་ཡིན་པ་གསུངས་པ། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་དུ་འདྲེས། །འདོད་ཆགས་ཆགས་བྲལ་རྣམ་པར་འདྲེས། །ཞེས་པ་སྨོས་ཏེ། དེ་ལ་ཡོད་པའི་རང་རིག་པའི་བདག་ཉིད་ཀྱིས་ཡང་དག་པར་མྱོང་བར་འགྱུར་ཏེ། དེའི་ཕྱིར་རང་རིག་པའི་ཕྱིར་རོ། །ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཅིས་ཁྱད་འཕགས་ཤེ་ན། རང་གཞན་ཡང་དག་རིག་པ་སྤངས་ཏེ། བདག་གཞན་དུ་རྟོག་པ་དང་བྲལ་བའོ། །དེ་ལྟ་བུར་གྱུར་པ་བརྗོད་པར་མི་ནུས་པའི་ཕྱིར་དཔེས་སྟོན་ཏོ། །ཡེ་ཤེས་ཏེ་མཁའ་མཉམ་མོ། །ནམ་མཁའ་དང་འདྲ་བ་སྟེ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡུལ་བྲལ་དྲི་མེད་དོ། །དེ་ཉིད་ཀྱིས་ན་སྟོང་པ་སྟེ་རང་བཞིན་དང་བྲལ་བས་སོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་དང་དངོས་མེད་བདག་ཉིད་དོ། །དངོས་པོ་འཁོར་བའོ། །དངོས་པོ་མེད་པ་མྱ་ངན་ལས་འདས་པའོ། །གཉི་གའི་བདག་ཉིད་འཁོར་བ་དང་རྣམ་པར་བྱང་བ་དབྱེར་མེད་པའོ། །དེ་ཉིད་ཀྱི་


DTG005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མཆོག་ནི་ཁྱད་པར་དུ་འཕགས་པ་སྟེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །སླར་ཡང་ཅིས་ཁྱད་པར་འཕགས་པ་ཡིན་པ་དེ་གསུངས་པ། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། ཤེས་རབ་ནི་བཙུན་མོའོ། །ཐབས་ནི་སྐྱེས་པའོ། །དེ་དག་ཁྱད་པར་དུ་ཤིན་ཏུ་འདྲེས་པས་ཆུ་དང་འོ་མ་བཞིན་དུ་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། འདོད་ཆགས་ཆགས་བྲལ་རྣམ་པར་འདྲེས། །འདོད་ཆགས་ནི་ཆགས་པའི་མཚན་ཉིད་དོ། །ཆགས་བྲལ་ནི་དེ་ཡོངས་སུ་སྤངས་པའོ། །སྤངས་པ་ཡང་ཆགས་པ་ཉིད་དོ། །གཉི་ག་ཡང་ཁྱད་པར་དུ་འཕགས་པའི་རིམ་པས་སོ། །འདྲེས་པ་ནི་འདྲེན་མར་གྱུར་པའོ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མ་དམིགས་པར་མི་འགྱུར་རོ། །རྟོག་པ་མེད་པ་སྟེ་འདི་ཉིད་ལྷན་ཅིག་སྐྱེས་པ་ཡང་དག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཡིན་ནོ། །ཡང་ན་རང་རིག་ནི་རྒྱུའོ། །ཡེ་ཤེས་འགྱུར་ནི་རྟོགས་པར་འགྱུར་བའོ། །ཡེ་ཤེས་དེ་ཡང༌། རང་གཞན་ཡང་དག་རིག་པ་སྤངས། །རང་ནི་སེམས་སོ་གཞན་ནི་ཡུལ་དང་དབང་པོའོ། །ཡང་དག་རིག་པ་ནི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་མཚན་ཉིད་དོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདི་རྣམས་ཀྱིས་བསྐྱེད་པའི་བདེ་བ་ལ་སོགས་པའི་ཉམས་སུ་མྱོང་བ་དེ་སྤངས་པའོ། །ཅིས་ཁྱད་པར་འཕགས་ཤེ་ན། མཁའ་མཉམ་སྟེ། མཁའ་ནི་དབང་པོའོ། །དེ་མཉམ་ནི་ལྷའི་མིག་ལ་སོགས་པའི་མངོན་ཤེས་ཀྱི་ཡོན་ཏན་འབྱུང་བའི་ཕྱིར་རོ། །དེ་ཡང་རྡུལ་བྲལ་སྟེ་རིམ་པ་གཉིས་དྲི་མ་མེད་པར་བྱས་པ་དེ་སྟོང་པ་དེ་བཞིན་ཉིད་ཀྱི་བདག་ཉིད་རྟོག་པ་ཐམས་ཅད་དང་རྣམ་པར་རྟོག་པ་ལས་འདས་པའོ། །དེ་ཡང་དངོས་དང་དངོས་མེད་བདག་ཉིད་དེ། དངོས་པོའི་དངོས་མེད་ནི་དངོས་དང་དངོས་མེད་དེ་གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །དེ་བདག་ཉིད་ནི་དེའི་རང་བཞིན་ནོ། །དེ་མཆོག་ནི་ཁྱད་པར་དུ་འཕགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱེད་པའི་ཕྱིར་རོ། །ཡང་ན་རང་རིག་ཡེ་ཤེས་ནི་དགའ་བ་ཙམ་མོ། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་ནི་མཆོག་དགའོ། །རྡུལ་བྲལ་སྟེ་སྟོང་པ་ཉིད་ནི་རྣམ་པར་དགའ་བའོ། །དངོས་དང་དངོས་མེད་བདག་ཉིད་མཆོག །དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །བཞི་པའི་འདི་ཉིད་ཇི་ལྟར་ཡིན་


DTG005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་གསུངས་པ། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །རྡོ་རྗེ་འཛིན་པ་དང་བདག་མེད་མ་དབྱེར་མེད་པའོ། །དེ་བས་ན་བཞི་པའོ། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །ཆགས་པ་འོད་དཔག་མེད་བྱང་ཆུབ་ཀྱི་སེམས་ཁུ་བའོ། །ཆགས་བྲལ་ནི་ཆགས་པ་ཐམས་ཅད་ཡོངས་སུ་སྤངས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའོ། །དེ་དག་རྣམ་པར་འདྲེས་པ་ནི། ཁྱད་པར་དུ་འཕགས་པའི་ཚུལ་གྱིས་དབྱེར་མེད་པ་སྟེ་བདེ་བ་སྤངས་ནས་དེ་མ་ཡིན་ཞེས་བྱ་བའི་ཚིག་གིས་སོ། །དེའི་ཕྱིར་ཐབས་དང་ཤེས་རབ་རྣམ་པ་གཉིས་གོམས་པ་ལས་དགའ་བ་ལ་སོགས་པ་འབྱུང་ངོ༌། །དེས་ན་ཡང་གང་བཞི་པའི་དོན་དེ་ཉིད་བདག་མེད་མ་དབྱེར་མེད་པའི་རྡོ་རྗེ་འཛིན་པའོ། །དེ་ནི་ལྟ་བ་ཐམས་ཅད་ཉིད་ཡང་དག་པའི་ཡེ་ཤེས་ཀྱི་ནང་དུ་ཆུད་པ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་ནི་དེ་ཉིད་ནི་རྡོ་རྗེ་འཛིན་པའོ། །སྲོག་ཆགས་རྣམས་ཀྱི་ནི་སྐྱེ་བོ་རྣམས་ཀྱིའོ། །སྲོག་ནི་སྲོག་སྟེ་དེའི་ནང་དུ་སོན་པའི་ཕྱིར་དེ་ལྟར་རླུང་གི་དེ་ཁོ་ན་ཉིད་དང་ལྡན་པ་རྣམས་ཀྱང་དེ་ཁོ་ན་ཉིད་ཡང་དག་པའི་ཡེ་ཤེས་གྲུབ་པ་ཡིན་ནོ། །ཡང་ན་དེ་ཉིད་ནི་རྡོ་རྗེ་འཛིན་པའོ། །སྲོག་ཆགས་རྣམས་ཀྱི་སྲོག་ནི་སེམས་སོ། །འདི་རྣམས་ཡོད་པས་སྲོག་ཆགས་དེ་ནཱ་དའོ། །སྲོག་འདི་རྣམས་ཀྱི་ནཱ་ད་དང་འབྲེལ་པ་ཡང་སེམས་སོ། །ནཱ་ད་ཡང་རླུང་བཅུའི་བདག་ཉིད་དོ། །དེ་ཡང་དབང་པོ་དང་ཡུལ་རྣམས་དེའི་རང་བཞིན་རྡོ་རྗེ་འཛིན་པ་སྐུ་གསུང་ཐུགས་ཏེ། དེ་ལྟར་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་རྡོ་རྗེ་འཛིན་པའོ། །དེ་ཉིད་འདིའི་འགྲོ་བའི་བདག །ཅེས་པ་ནི་རྡུལ་དང་མུན་པ་དང༌། སྙིང་སྟོབས་རྣམས་ཆ་མཉམ་པའི་གནས་སྐབས་ཀྱི་རང་བཞིན་ཡིན་ཏེ། རང་བཞིན་སྨྲ་བ་རྣམས་ཀྱི་རང་བཞིན་གྱི་འགྱུར་བའོ། །འགྲོ་བ་ཞེས་པ་ནི་འགྲོ་བའི་རང་བཞིན་ཡང་ཐམས་ཅད་རྡོ་རྗེ་འཛིན་པ་ཡིན་ནོ། །ཡང་ན་འདི་ཞེས་པ་ནི། བརྟན་པ་དང་གཡོ་བ་གཅིག་པའི་རང་བཞིན་ནོ། །འགྲོ་བདག་ཉིད་ཅེས་པ་ལ་འགྲོ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱི་འགྱུར་པ་སྟེ་ཕུང་པོ་དང་ཁམས་ཀྱི་བདག་ཉིད་འདི་བཅོམ་ལྡན་འདས་སོ། །དེ་ཉིད་ཐམས་ཅད་ཁྱབ་པའོ། །འདི་ཉིད་འདིའོ། །དེ་ཉིད་འདི་ནི་འགྲོ་


DTG005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་ཉིད་དང་ཐམས་ཅད་ཁྱབ་པ་ཉིད་ཀྱང་བཅོམ་ལྡན་འདས་ཡིན་ནོ། །འགྲོ་བ་ཐམས་ཅད་ཁྱབ་འཇུག་བདག །ཅེས་པ་ནི་ཁྱབ་འཇུག་གི་ལྟོ་བ་ལ་བརྟེན་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར། ཐམས་ཅད་ལུས་ལ་རྣམ་པར་གནས། ལུས་ཀུན་རྣམས་ལ་རྣམ་པར་གནས་ཏེ་ཐམས་ཅད་ཀྱི་ལུས་ལ་རྣམ་པར་གནས་པའོ། །འདིས་ནི། ཡེ་ཤེས་ཆེན་པོ་ལུས་ལ་གནས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། ལུས་གནས་ལུས་ལས་སྐྱེས་པ་མིན། །ཞེས་པའོ། །དངོས་དང་དངོས་མེད་དེ་ལས་བྱུང༌། །གཞན་དང་གང་དང་དེ་རྣམས་དང༌། དངོས་པོ་དང་ན་འཁོར་པའོ། །དངོས་མེད་ནི་མྱ་ངན་ལས་འདས་པའོ། །གཉི་ག་ཡང་དེ་ལས་བྱུང་ཞིང་དེ་ལས་སྐྱེས་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རྡོ་རྗེ་འཛིན་པའོ། །ཡང་ན་དངོས་ནི་ཐབས་ཏེ་རྡོ་རྗེ་འཛིན་པའོ། །དངོས་མེད་ནི་མྱ་ངན་ལས་འདས་པ་སྟེ་བདག་མེད་མའོ། །དེ་གཉི་ག་ཡང་དེ་ལས་བྱུང་བ་སྟེ་དེ་ལས་སྐྱེས་པ་ཉིད་དོ། །གཞན་རྣམས་གང་རྣམས་དེ་རྣམས་དང་ནི་གཞན་རྣམས་ནི་འདི་ཐམས་ཅད་སེམས་དང་དབྱེར་མེད་པའི་ཕྱིར་གཞན་རྣམས་ཏེ་དབང་པོ་དྲུག་རྣམས་སོ། །གང་རྣམས་དེ་རྣམས་ནི་ཞེས་པ་ནི། གང་རྣམས་ནི་གཡོ་བའོ། །དེ་རྣམས་ཞེས་པ་ནི་བརྟན་པ་སྟེ། གང་རྣམས་དེ་རྣམས་བརྟན་དང་གཡོ། །ཞེས་པའི་ཚིག་གིས་སོ། །དེའི་ཕྱིར་ཐབས་དང་ཤེས་རབ་དག་དེ་ནས་དབང་པོ་དྲུག་རྣམས་དང༌། དེ་ནས་བརྟན་པ་དང་གཡོ་བ་རྟོགས་པའི་ཕྱིར་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱི་ནང་དུ་སོན་པ་ཡིན་ནོ། །གཞན་ཡང་གསུངས་པ། སེམས་ཅན་དང་ནི་རྣམ་ཤེས་ཚུལ། །སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་ཐམས་ཅད་དང༌། །དུས་དང་གང་ཟག་ཉིད་དང་ནི། །ཞེས་པ་ལ་སེམས་ཅན་ཞེས་པ་ནི་རིག་བྱེད་སྨྲ་བ་རྣམས་ཀྱི་སྟེ། སྐྱེ་པ་དག་དང་བྲལ་བའི་ཕྱིར་དེ་རྟག་པའི་ཡེ་ཤེས་ཡིན་ནོ། །དེ་ཡང་དེ་ལ་རག་ལས་པ་ཉིད་ཡིན་ནོ། །རྣམ་ཤེས་ཚུལ་ཞེས་པ་ནི་རྣམ་པར་ཤེས་པར་སྨྲ་བ་རྣམས་ཏེ་རྣལ་འབྱོར་སྤྱོད་པ་རྣམས་ཀྱིའོ། །དེ་ཡང་དེ་ལ་རག་ལས་པ་ཡིན་ནོ། །སྐྱེས་བུ་ཞེས་པ་ནི་རྡུལ་དང༌། མུན་པ་དང༌། སྙིང་སྟོབས་རྣམས་ཆ་མཉམ་པའི་གནས་སྐབས་ནི་རང་བཞིན་ཏེ་རང་བཞིན་མཆོག་གི་སྐྱེས་བུ་ཡིན་ནོ། །གང་གི་ལྟ་བ་དེ་ཡང་


DTG005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནང་དུ་འདུས་པ་ཉིད་ཡིན་ནོ། །སྔོན་རབས་ཞེས་པ་ནི་རིག་བྱེད་པ་རྣམས་ཀྱིའོ། །དབང་ཕྱུག་ཅེས་པ་ནི་དབང་ཕྱུག་བྱེད་པ་པོར་འདོད་པ་རྣམས་ཀྱིའོ། །བདག་ཅེས་པ་ནི་ཚངས་པ་ཡེ་ཤེས་དང་ལྡན་པ་རྟག་པ་གཅིག་པུའི་མངའ་བདག་ཡིན་པ་གང་གི་ལྟ་བའོ། །གསོ་བ་ཞེས་པ་ནི་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་འདོད་པ་གང་རྣམས་ཀྱི་ལྟ་བའོ། །ཐམས་ཅད་ཅེས་པ་ནི་རྒྱལ་པོའི་བསྟན་བཅོས་སུ་ཤེས་པར་བྱའོ། །དུས་ཞེས་པ་ནི་དུས་བྱེད་པ་པོར་འདོད་པ་རྣམས་ཀྱི་སྟེ། དུས་ཀྱིས་སྨིན་པར་གྱུར་པ་རྣམས། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །ཅེས་གང་གིའོ། །གང་ཟག་ནི་ཉན་ཐོས་ཀྱིའོ། །འདིས་ནི་ལྟ་བ་སྣ་ཚོགས་ལ་རྣམ་པར་གནས་པ་རྣམས་ཀྱི་གང་དང་གང་གི་ལྟ་བའི་ཡེ་ཤེས་དེ་ཐམས་ཅད་ཉི་ཚེ་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་སུ་ཐམས་ཅད་ཉིད་འདུས་པ་ཡིན་ནོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་མཁར་གྱི་རྒྱལ་ཕྲན་ལ་སོགས་པ་ཐམས་ཅད་ཉིད་ཞབས་ཏོག་གི་ཞོ་ཤ་འབུལ་ལོ། །དེ་བཞིན་དུ་ཡེ་ཤེས་ཐམས་ཅད་ཉིད་ཡང་དག་པའི་ཡེ་ཤེས་དེར་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་རྣམ་པར་གནས་པ་ཡིན་ནོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྦྱིན་པ་ལ་སོགས་པ་རང་ཉིད་མངོན་དུ་འགྱུར་རོ། །དེ་བཞིན་དུ་འདིར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་གྲུབ་ན་ཅིས་མི་འགྲུབ། དེས་ན་གཞན་ཐམས་ཅད་རྡོ་རྗེ་འཛིན་པའི་ཡེ་ཤེས་ཅན་དུ་གྲུབ་པ་ཡིན་ནོ། །འོན་ཀྱང་འདི་གོམས་པ་ལས་ཡིན་ཏེ། གོམས་པ་མ་བྱས་ན་ཐར་པ་ཐོབ་པ་མ་ཡིན་ནོ། །ཡང་ན་སེམས་ཅན་ཞེས་པའི་ནི་སྲིད་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །རྣམ་ཤེས་ཚུལ་ཞེས་པ་ནི་ཡེ་ཤེས་ཁྱད་པར་དུ་འཕགས་པའི་རང་བཞིན་ནོ། །སྐྱེས་བུ་ཞེས་པ་ནི་རྡོ་རྗེ་འཛིན་པའི་རང་བཞིན་གྱི་མ་ནིང་ངོ༌། །སྔོན་རབས་ནི་ཐོག་མ་དང་ཐ་མ་མི་དམིགས་པའི་ཕྱིར་རོ། །དབང་ཕྱུག་ཅེས་པ་ནི་རང་ཉིད་འཕྲོག་པོ་རང་ཉིད་བྱེད། །ཅེས་པས་བདག་ཉིད་གཙོ་བོར་གྱུར་པའི་ཕྱིར་རོ། །བདག་ཅེས་པ་ནི་ཕ་རོལ་ན་གཞན་ཅི་ཡང་མེད་པའོ། །དེ་མེད་པ་ལས་བདག་ཀྱང་མེད་པ་ཡིན་ནོ། །གསོ་བ་ཞེས་པ་ནི་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རྟོགས་པའི་རྣམ་པའོ། །ཐམས་ཅད་དང་ཞེས་པ་ནི་སྐྱེ་འཇིག་དང་བྲལ་བའི་ཕྱིར་རྟག་པ་མ་ཡིན་པའོ། །དུས་ཞེས་པ་ནི་རང་བཞིན་མེད་པའི་


DTG005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཅན་ནོ། །གང་ཟག་ཅེས་པ་ནི་སྤྲུལ་པའི་བདག་ཉིད་ཀྱི་ཆོས་ཀྱི་སྐུའོ། །ཐམས་ཅད་བསྡུ་བ་གསུངས་པ། དངོས་པོ་ཀུན་གྱི་རང་བཞིན་འདི། སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཀུན་གྱི་རང་བཞིན་ནི་རང་བཞིན་གྱི་སྲོག་རྣམ་པར་ཤེས་པས་རླུང་གི་དེ་ཁོ་ན་ཉིད་དང་ལྡན་པའི་རང་བཞིན་ནོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། ཇི་ལྟར་སྒྱུ་མའི་རང་བཞིན་ལྟར་རོ། །ཇི་ལྟར་སྒྱུ་མ་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པར་ཀུན་གྱི་རང་བཞིན་ནོ། དེ་བཞིན་དུ་བཅོམ་ལྡན་འདས་དེ་ཡང་བདེན་པ་དང་མི་བདེན་པ་དང་རྟག་པ་ལ་སོགས་པ་རྣམ་པར་བཅད་ནས་འདས་པའི་ཕྱིར་རོ། །ཀུན་ལ་ཁྱབ་པས་ཀུན་གྱི་རང་བཞིན་ནོ། །ཡང་ན་གནས་ཞེས་པ་ནི་ཡང་དག་པའི་རིམ་པས་མི་གཡོ་བའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱིར་གཡོ་བ་མེད་པའི་རང་བཞིན་ནོ། །དེ་ལྟར་རང་རིག་ལས་ནི་ཡེ་ཤེས་འགྱུར། །ཞེས་བྱ་བ་ལ་སོགས་པ། ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །ཞེས་པའི་མཐར་གྱིས་གང་གསུངས་པ་དེ་ཉིད་དུ་ཐམས་ཅད་ཁོངས་སུ་འདུས་པར་བསྟན་ནས་དེ་ཉིད་གསལ་བར་གསུངས་པ། དང་པོ་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལས་མཆོག་དགའ་བཤད་ནི་དེ་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །གསུམ་པ་ལ་ནི་རྣམ་དགར་བཤད། །རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་པ་ནི་ལྷན་ཅིག་ཏུ་སྐྱེས་པས་ནི་ལྷན་ཅིག་སྐྱེས་པ་སྟེ། སྐུ་གསུང་ཐུགས་དབྱེར་མེད་པ་ཉིད་ཡིན་པ་དེ་ཉིད་བཞིན་པའོ། །འདིས་ཅི་བསྟན་ན་དང་པོ་འབའ་ཞིག་གཉིས་སུ་མེད་པའི་ཡེ་ཤེས་ཙམ་མོ། །དེ་ཉིད་མཆོག་དགའ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །གྲངས་ནི་གཉིས་པའི་གྲངས་ལས་སོ། །གསུམ་པ་ལ་ནི་རྣམ་དགར་བཤད་ནི་གསུམ་པོ་རྣམས་རྫོགས་པའོ། །དེ་ཉིད་གང་ལས་ཤེ་ན། རྣམ་དགར་བཤད་ཅེས་པ་སྟེ་གང་ལས་གཉི་ག་སྙོམས་པར་འཇུག་པས་ཁྱད་པར་དུ་འཕགས་པ་དགའ་བའོ། །བཞི་པ་ནི་བཞི་པོ་རྣམས་རྫོགས་པའོ། །གང་ལས་ཤེ་ན། ལྷན་ཅིག་གཅིག་ཏུ་སྐྱེས་པ་སྟེ་དབྱེར་མེད་པའི་རང་བཞིན་དུ་བསྐྱེད་པའི་ཕྱིར་རོ། །དེ་ཡང་བཤད་པ་ནི་ཡེ་ཤེས་ཁོ་ན་སྟེ་ཤིང་དང་པོར་བ་ལ་སོགས་པ་བཞིན་དུ་ནི་མ་ཡིན་ནོ། །འདིས་ནི་གཅིག་


DTG005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་དང་གསུམ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པའོ། །དགའ་བ་གསུམ་ལས་ལོག་པའི་བཞི་པ་མེད་པ་ཉིད་དེ། འདི་ནི་བརྟགས་པ་ཙམ་ཡིན་ནོ། །རྡོ་རྗེ་སྙིང་པོ་ལ་སོགས་ཀུན། །མཁས་པས་དེ་སྐད་ངེས་ཐོས་ནས། །མཆོག་ཏུ་ངོ་མཚར་གྱུར་ནས་ནི། །བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར། །དང་པོའི་དགའ་བ་འགྲོ་བའི་གཟུགས། །དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །དགའ་བྲལ་དགའ་བའང་འགྲོ་བ་ཉིད། །གསུམ་ལ་ལྷན་ཅིག་སྐྱེས་པ་མེད། །ཅེས་པ་སྟེ། དེ་ལྟར་ཐོས་ནས་ནི། དགའ་བ་ཉིད་ཀྱིས་དགའ་བ་ནི་བཞི་ཡིན་པར་སྔར་བསྟན་པའོ། །ད་ནི་དགའ་བ་གསུམ་པོ་རྣམས་དབྱེར་མེད་པ་གང་ལས་དགའ་བ་གསུམ་ཡང་འགྲོ་བའི་གཟུགས་ཉིད་ཀྱིས་མཚུངས་སོ། །གསུམ་ལ་ནི་དགའ་བ་གསུམ་རྣམས་ལའོ། །ལྷན་ཅིག་སྐྱེས་པ་ཡོད་པ་མ་ཡིན་ནོ། །ཐམས་ཅད་ཉིད་མཁས་པས་ནི་རྟོགས་པ་ལ་གནས་པའི་རྡོ་རྗེ་སྙིང་པོ་ལ་སོགས་པའོ། །ངེས་པ་ནི་ངེས་པའོ། །ཐེ་ཚོམ་ཉིད་ཀྱིས་མཆོག་ཏུ་ངོ་མཚར་བར་གྱུར་བ་ནི། ཕན་ཚུན་དུ་མི་བཟད་པ་རྟོགས་ནས་དེ་ཐེ་ཚོམ་གྱི་ཡིད་དུ་གྱུར་ཏེ། བརྒྱལ་བ་ནི་གཏི་མུག་པར་གྱུར་པའོ། །ས་ནི་ས་ལ་འགྱེལ་བའོ། །ཡང་ན་སེམས་ཏེ་དེ་ཅིས་ཁྱད་འཕགས་ཤེ་ན། དེ་སྐད་ཅེས་པ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དབྱེར་མེད་པ་ཁུ་བ་དང་བདེ་བའི་རང་བཞིན་དེའོ། །གང་གི་ཚེ་ཐོས་ནས་ནི་འཛག་ནས་དོན་རྟོགས་ཙམ་གྱིས་གཉི་ག་ཡང་ཐོས་པར་བྱ་བའི་ཕྱིར་ཉིད་ཀྱིས་འདི་སྐད་བ་དག་གིས་ཐོས་པ་ཡིན་ནོ། །ཡང་དག་པར་སྦྱོར་བའི་རྒྱུད་ལས། །འཛག་པ་ནི་ཐོས་པ་ཡིན་པའི་དོན་རྟོགས་པ་ཡིན་པར་བཅོམ་ལྡན་འདས་ཀྱི་བཀས་སོ། །ལུང་ཡིན་པའི་ཕྱིར་ངེས་པར་བསྟན་པས་རྟགས་ཀྱི་ཚིག་ལ་སོགས་པ་ཐམས་ཅད་ངེས་པ་མེད་པ་ཉིད་དོ། །གང་ལས་འཛག་པ་དེ་གསུངས་པ། རྡོ་རྗེ་སྙིང་པོ་ལས་ཏེ། རྡོ་རྗེའི་ལྟེ་ལས་སོ། །ས་བཞི་ནི་བཙུན་མོའི་ཆོས་འབྱུང་གི་པདྨའི་ནང་དུའོ། །དེའི་ཚེ་ངེས་པ་ནི་ངེས་པའོ། །ཐམས་ཅད་ཉིད་མཁས་པས་ཏེ། ཤེས་པ་དང་ཤེས་བྱ་ཉིད་ཀྱི་རྟོགས་པར་རབ་ཏུ་འཇུག་པས་ན་མཁས་པ་སྟེ་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །འགྱེལ་བ་ནི་ལྷན་ཅིག་སྐྱེས་པ་ཡང་དག་པར་ཐིམ་པའོ། །འང་གི་སྒྲ་ནི་ཡང་གི་དོན་ཏེ་གང་གི་ཚེ་སླར་འདི་རྣམ་པར་ཤེས་པ་རྡོ་རྗེ་སྙིང་པོ་ལ་


DTG005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས་ལྷ་མོའི་པདྨའི་ནང་ཉིད་དུ་འགྱུར་རོ། །རྡོ་རྗེའི་ལྟེ་བ་ཉིད་དེའི་ཚེ་མཁས་པའོ། །ཐམས་ཅད་ཉིད་མཆོག་ཏུ་ངོ་མཚར་དུ་གྱུར་ནས་ནི་མཆོག་ནི་མཆོག་དགའོ། །ངོ་མཚར་ནི་སྔར་མེད་པ་ཉམས་སུ་མྱོང་བས་རང་གི་ཡུལ་ལས་ཡིད་ཐུག་པ་མེད་པའོ། །གྱུར་པ་ནི་ཐོབ་པའོ། འདིས་ནི་དབང་པོ་རྣམས་བདེ་བར་ཉམས་སུ་མྱོང་བས་ཡུལ་ལས་ལྡོག་པའོ། །བརྒྱལ་བ་ནི་རྣམ་པར་དགའ་བ་ན་གཏི་མུག་པར་འགྱུར་བའོ། །གཏི་མུག་པར་འགྱུར་བ་ཡང་ཇི་ལྟར་རྣམ་པར་ཤེས་པ་ཡོད་དེ། །འོན་ཀྱང་བྱེད་པ་ཅི་ཡང་མེད་དོ། །དེ་བཞིན་དུ་དབང་པོ་རྣམས་ཀྱང་འདོད་ཆགས་པས་རང་གི་ཆགས་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། དང་པོའི་དགའ་བ་འགྲོ་བའི་གཟུགས། །འགྲོ་བ་ཞེས་པ་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་མོ། །འགྲོ་བའི་གཟུགས་ནི་དེའི་རང་བཞིན་ནོ། །དང་པོ་གཉིས་སུ་མེད་པའོ། །དགའ་བ་ཞེས་པ་ནི་བདེ་བ་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །འོན་ཀྱང་དེ་ལས་ལྷག་པར་ཉམས་སུ་མྱོང་བ་ཡོད་པ་ཡིན་ནོ། །དགའ་བྲལ་དགའ་བའང་འགྲོ་བ་ཉིད། །དེ་ལས་ལྷག་པར་ཉམས་སུ་མྱོང་བ་ཡོད་པའོ། །གསུམ་ལ་ཡང་ནི་དགའ་བ་གསུམ་ལས་ལྷན་ཅིག་སྐྱེས་པ་ཡོད་པ་ཡིན་ནོ། །འོན་ཀྱང་མེད་པ་ནི་རྟག་པ་དང་མི་རྟག་པ་དང་བདེ་བ་དང་མི་བདེ་བ་དང་བདེན་པ་དང་མི་བདེན་པར་མི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར། ལྷན་ཅིག་སྐྱེས་པའི་འགྲོ་བའི་གཟུགས་ཉིད་དོ། །ཁུ་བ་དང་བདེ་བ་དག་ལྡོག་པ་མེད་པའི་རྒྱུ་ཡིན་ཏེ། རྒྱུ་མཚན་འདིས་ན་བཅོམ་ལྡན་འདས་ལྷ་མོའི་པདྨའི་ནང་དུ་ཐིམ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཀྱེ་རྡོ་རྗེ་སྟེ་གང་ལས་བདེན་པ་གཉིས་ཀྱི་བདག་ཉིད་དོ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བཀའ་སྩལ་ཏེ། ཀུན་དུ་སྣང་བ་བརྗོད་པ་ཡང་དག་པར་རིག་པ་ཡེ་ཤེས་ལྔའི་སྐུ་ཉིད་ཀྱིས་བརྗོད་པའི་བདག་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཅི་ཡིན་པ་གསུངས་པ། རྡོ་རྗེ་སྙིང་པོས་རྟོགས་བྱའི་ཕྱིར། །ཐེ་ཚོམ་ལེགས་པར་སེལ་བ་ནི། །གསུམ་ལ་ལྷན་ཅིག་སྐྱེས་པ་མེད། །ཅེས་པ་གང་འདིས་རྡོ་རྗེ་སྙིང་པོ་ལ་སོགས་པ་ཐེ་ཚོམ་དུ་གྱུར་པའི་ཐེ་ཚོམ་དེ་བསལ་བར་བྱ་བའི་ཕྱིར་གསུངས་


DTG005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྡོ་རྗེ་སྙིང་པོས་རྟོགས་བྱའི་ཕྱིར་ནི་རྟོགས་པར་བྱ་བའི་ཕྱིར་ཏེ། རྡོ་རྗེ་སྙིང་པོ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བའོ། །དེ་གསུངས་པ། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མ་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །གསུམ་ནི་དགའ་བ་ལ་སོགས་པ་རྣམས་སོ། །སྤངས་པའི་ཕྱིར་ན་ཡོངས་སུ་སྤངས་པའི་ཕྱིར་རོ། །ཐམས་ཅད་ནི་ཆགས་པ་ཅན་ཡིན་ལ། ལྷན་ཅིག་སྐྱེས་པ་ནི་སླར་ཆགས་པ་མེད་པའི་མཚན་ཉིད་ཡིན་པས་གསུམ་པོ་རྣམས་སྤངས་པའོ། །འདིས་ནི་ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད་དོ། །དེ་ནི་བཅོམ་ལྡན་ཀྱེའི་རྡོ་རྗེ་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་སྐུ་གཅིག་པ་ནི་སངས་རྒྱས་ཀུན་ནི་གཉིས་མེད་དུ་རྟོགས་པའོ། །སྐུ་ནི་ཆགས་པ་དང་བྲལ་བའོ། །རྡོ་རྗེ་སྙིང་པོ་ནི་གཉིས་སུ་མེད་པའི་སྐུའོ། །ཐེ་ཚོམ་སེལ་བ་ནི་རྟོག་པ་སྤངས་པའི་རྣམ་པར་མི་རྟོག་པའི་རང་བཞིན་ཉིད་དོ། །ལེགས་པར་ནི་ལྷའི་བདག་ཉིད་དོ། །རྟོགས་བྱའི་ཕྱིར་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་རོ། །གསུངས་པ། །དུས་གསུམ་དུ་ཆོས་སྟོན་པར་མཛད་པ་ཡིན་ནོ་ཞེས་པའོ། །དེ་ཉིད་གསུངས་པ། འདོད་ཆགས་མེད་ཅིང་སྟེ་ཆགས་པའི་མཚན་ཉིད་དོ། །ཆགས་བྲལ་མེད་ནི་དེ་ཡོངས་སུ་སྤངས་པའོ། །འདི་གཉི་གར་ཡང་གཉིས་མེད་པར་མ་རྟོགས་པའི་ཕྱིར་རོ། །དབུ་མ་དེ་ཡང་མི་དམིགས་ཏེ། མི་དམིགས་པའི་ཕྱིར་མི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུམ་པོ་སྤངས་པའོ། །ཆགས་པ་དང་ཆགས་པ་མེད་པ་དག་ཆགས་པ་ཉིད་ཀྱིས་གཉི་ག་ལས་འདས་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །འདིས་ནི་གསུམ་པོ་ཡོངས་སུ་སྤངས་པ་གང་དེ་ཉིད་ལྷན་ཅིག་སྐྱེས་པ་ཡང་དག་པའི་བྱང་ཆུབ་སྟེ་ཡང་དག་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཡིན་ནོ། །ཡང་ན་ཆགས་མེད་ནི་འཁོར་བ་མེད་པའོ། །ཆགས་བྲལ་མེད་ནི་མྱ་ངན་ལས་འདས་པ་མ་ཡིན་པ་སྟེ། གང་འཁོར་བ་དང་མྱ་ངན་ལས་འདས་པ་མ་ཡིན་པའོ། །དེ་ནི་དབུ་མའི་རྩེ་ཞེས་བརྗོད་དོ། །དེ་ཡང་དམིགས་པར་མི་འགྱུར་ནི་མི་


DTG005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གསུམ་པོ་སྤངས་པ་ནི་ཉེ་བར་མི་དམིགས་པའོ། །རྒྱུ་འདི་ཉིད་ཀྱི་ཕྱིར་ལྷན་ཅིག་སྐྱེས་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བརྗོད་དོ། །ཡང་ན་འདོད་ཆགས་མེད་ནི་མཆོག་དགའ་མ་ཡིན་པའོ། །ཆགས་བྲལ་མེད་ནི་རྣམ་པར་དགའ་བ་མ་ཡིན་པའོ། །དབུ་མར་མི་འགྱུར་བ་ནི། དགའ་བ་ཙམ་ཞེས་པའི་ཚིག་གིས་ན་དབུ་མ་ཡིན་ནོ། །དེ་ཐམས་ཅད་མི་དམིགས་པ་སྟེ་གསུམ་པོས་སླར་ལྷན་ཅིག་སྐྱེས་པའི་ཡང་དག་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་རྟོག་པ་སྤངས་པ་ཉིད་ཡིན་ཏེ། འབྱིན་པའི་དཀྱིལ་འཁོར་ཉིད་ཡིན་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར། ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱིས་རྣམ་པར་སྤངས། །ཐམས་ཅད་བདག་ནི་འགྲོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཀུན་གྱིས་ཡོངས་སུ་སྤངས་པ་ནི་འགྲོ་བའི་རང་བཞིན་ཡིན་པའི་ཕྱིར་རོ་སྙམ་པའི་དངོས་པོ་དབྱེ་བས་རྟོག་པ་མེད་པའི་ཕྱིར་རོ། །ཡང་ན། ཡང་ན་ཞེས་པ་ནི་དཀྱིལ་འཁོར་གཉིས་དབྱེར་མེད་པ་གཉིས་སོ། །ཐམས་ཅད་བདག་ནི་འགྲོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཅེས་པ་ནི་ཤེས་རབ་ཀྱི་ཚུལ་ཆ་ཤས་མེད་པའི་ཕྱིར་བསྡུ་བའི་རྣམ་པའོ། །ཡང་ན་ཀུན་གྱིས་ནི་འགྲོ་བ་རྣམས་ཀྱིས་སོ། །སྤངས་པ་ནི་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཀྱི་རྡོ་རྗེ་འཛིན་པ་དང་དབྱེར་མེད་པས་དེ་རྣམས་སྤྲོ་བའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་དེའི་བདག་ཉིད་ཀྱིས་གནས་པ་དེ་ཡང་རྡོ་རྗེ་འཛིན་པ་སྤངས་པ་སྟེ། དེ་དག་ཀྱང་ཐ་དད་པ་ཡིན་ནོ། །དེ་ཡང་དགའ་བྲལ་དང་པོར་མཚོན། །དགའ་བ་གསུམ་པོ་རྣམ་པར་སྤངས། །དེ་ལྟ་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་དེ་ཇི་ལྟ་བུར་ཡིད་ཆེས་པར་བྱ་བའི་ཐབས་བསྟན་པ་ཡིན་ཏེ། དགའ་བྲལ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་དགའ་བྲལ་དང་པོའོ། །དང་པོའི་སྒྲ་ནི་དགའ་བའོ། །དགའ་བྲལ་གྱི་སྒྲ་ནི་རྣམ་པར་དགའ་བའོ། །བར་མ་མཆོག་དགའ་ཡང་སོ་སོར་བསྡུ་བ་གཟུང་ངོ༌། །དེ་ལ་ཡོད་པ་ངེར་ལྷན་ཅིག་སྐྱེས་པ་མཚོན་པར་བྱའོ། །ཅིས་ཁྱད་པར་འཕགས་ཤེ་ན། དགའ་བ་གསུམ་པོ་རྣམ་པར་སྤངས། །དགའ་བ་གསུམ་ཡོངས་སུ་སྤངས་པའོ། །ཡང་ན་དགའ་བྲལ་དང་པོར་ཞེས་པ་ནི་རྣམ་པར་དགའ་བ་ཡང་དེ་དང་པོར་ཡང་ཡིན་པས་རྣམ་དགའ་དང་པོར་ཏེ་མཆོག་དགའི་མཐར་རོ། །རྣམ་པར་དགའ་


DTG005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་པོར་ཡོད་པ་དེར་ལྷན་ཅིག་སྐྱེས་པ་མཚོན་པར་བྱ་བའོ། །ཅིས་ཁྱད་འཕགས་ཤེ་ན། དགའ་བ་གསུམ་པོ་རྣམ་པར་སྤངས། །དགའ་བ་གསུམ་ལོག་པའོ། །ཇི་ལྟར་ཞེ་ན་སྤངས་པ་སྟེ་ཡོངས་སུ་སྤངས་པའོ། །ལྷ་མོའི་པདྨའི་ནང་དུ་ཆད་པ་དེ་ཡིན་པའི་དོན་ཏེ། །དེ་ལྟ་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་གང་དགའ་བ་བཞིའི་རང་བཞིན་དེ་ཅི་འདྲ་བ་ཅིག་ཡིན་པ་དེ་གསུངས་པ། དང་པོར་སྤྲིན་དང་འདྲ་བ་ཡིན། །གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། །བབ་ཅོལ་རྨི་ལམ་འདྲ་བར་སྣང༌། །ཉལ་དང་ལོག་པ་ཁྱད་མེད་འདྲ། །དང་པོ་ཞེས་པ་ནི་དགའ་བའི་རང་བཞིན་ཏེ། གང་གི་ཚེ་སྤྲིན་པ་དང་འདྲ་བར་སྣང་བའི་ཚེ་ཡེ་ཤེས་བསྒྲིབས་པ་དང་འདྲ་བར་སོ་སོར་སྣང་ངོ༌། །རེག་པར་འདོད་པ་ཉིད་ཀྱིས་རེག་པའི་བདེ་བ་ཙམ་ཉིད་གནས་སོ། །ཡེ་ཤེས་གཞན་སླར་བསྒྲིབས་པ་ཡིན་ནོ། །གྲུབ་པའང་སྒྱུ་མ་ལྟ་བུར་འགྱུར། །ཞེས་པ་ནི་མཆོག་ཏུ་དགའ་བ་བདེ་བ་ཉམས་སུ་མྱོང་བའི་མཚན་ཉིད་ཡོད་པ་སྟེ། སྒྱུ་མ་ལྟ་ནི་སྒྱུ་མ་ལྟ་བུར་གྱུར་པའོ། །ཇི་སྲིད་དུ་སོ་སོར་སྣང་བ་ན་ཐམས་ཅད་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་ཞིང་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འཁྲིལ་བའི་བདེ་བ་ཉམས་སུ་མྱོང་བ་འབྱུང་བའི་ཕྱིར་རོ། །བབ་ཅོལ་ནི་སྐད་ཅིག་མ་གཅིག་ཉིད་ལ་རྣམ་པར་དགའ་བ་ཡོད་པ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་མངོན་པར་ཞེན་པ་དང་བྲལ་བ་གཅིག་པ་ཙམ་དུ་བདེ་བར་མྱོང་བའི་རང་བཞིན་ནོ། །རྨི་ལམ་འདྲ་བར་སྣང་ནི་རྨི་ལམ་གྱི་ཤེས་པ་དང་འདྲ་བར་སོ་སོར་སྣང་བ་སྟེ། འདི་ཐམས་ཅད་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་ཡིན་ཞིང་ཉམས་སུ་མྱོང་བའི་མཚན་ཉིད་ཀྱང་གྲུབ་པ་མེད་དོ། །ཉལ་དང་ལོག་པར་ཁྱད་པར་མེད། །ཅེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སླར་འདི་ཉིད་ཟུང་དུ་འཇུག་པ་བདེན་པ་དང་མི་བདེན་པ་དབྱེར་མེད་པའི་ཡེ་ཤེས་ཡིན་ཏེ། བདེན་པ་གཉིས་ཀྱི་བདག་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ནོ། །སླར་བསྐྱེད་པའི་རིམ་པར་དེ་ཉིད་དཀྱིལ་འཁོར་བསྒོམ་པ་ན། ཡང་དག་པའི་བྱང་ཆུབ་འབྱུང་བའི་མཚན་མ་ཡིན་པར་གསུངས་པ། དང་པོར་སྤྲིན་དང་འདྲ་བར་སྣང༌། །གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། །བབ་ཅོལ་རྨི་ལམ་འདྲ་བར་སྣང༌། །ཉལ་དང་ལོག་པ་ཁྱད་མེད་འདྲ། །དཀྱིལ་འཁོར་དེ་དང་པོར་


DTG005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ན་སྤྲིན་དང་འདྲ་བ་ནི་ཇི་ལྟར་སྤྲིན་པ་ནམ་མཁའི་དཀྱིལ་དུ་ཕན་ཚུན་དུ་འཁྲིགས་ནས། དམིགས་པ་མེད་པའི་རང་བཞིན་གྱིས་ཅུང་ཞིག་ཀྱང་ནུས་པ་མེད་དོ། །དེ་བཞིན་དུ་དཀྱིལ་འཁོར་ཡང་ཕན་ཚུན་དུ་ལྷ་ཉིད་འདུས་ནས་དམིགས་པ་མེད་པར་སོ་སོར་སྣང་ངོ༌། །གང་གི་ཚེ་སླར་གྲུབ་པ་ནི་མངོན་དུ་གྱུར་ནས་དེའི་ཚེ་སྒྱུ་མ་བཞིན་ནོ། །སྒྱུ་མ་ཉིད་ནི། ཇི་ལྟར་སྒྱུ་མ་མངོན་སུམ་གྲུབ་པས་བདེན་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་ཡང་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པར་གང་གི་ཚེ་སྣང་བ་དེའི་ཚེ་གྲུབ་པ་ཡིན་ནོ། །དེའི་ཚེ་ལྷ་ཐམས་ཅད་མངོན་དུ་གྱུར་བར་བསྟན་པ། བབ་ཅོལ་ནི་དེ་མ་ཐག་པའི་སྐད་ཅིག་ལས་སོ། །རྨི་ལམ་འདྲ་ནི། ཇི་ལྟར་རྨི་ལམ་ཐམས་ཅད་ཉིད་དུ་བདེན་པ་མ་ཡིན་ཞིང་ཉམས་སུ་མྱོང་བ་དེ་ལ་ཡོད་པ་ཡིན་ནོ་།།དེ་བཞིན་དུ་རྨི་ལམ་འདྲ་བར་སྣང་ངོ༌། །དེ་ཉིད་ཀྱི་ཕྱིར། ཉལ་དང་ལོག་པ་ཁྱད་མེད་འདྲ། །ཉལ་བ་ནི་གཉིད་ལོག་པའི་གནས་སྐབས་དང་སད་པའི་གནས་སྐབས་སོ། །ཁྱད་མེད་འདྲ་ནི་ཁྱད་མེད་པར་འདྲ་བ་སྟེ། དཔེར་ན་འགའ་ཞིག་གིས་སད་པ་ཉིད་ཉལ་བར་མཐོང་ངོ༌། །དེ་བཞིན་དུ་ཡེ་ཤེས་བདེན་པ་ཉིད་དེ་ཐམས་ཅད་ཡིན་དུ་ཆུག་ཀྱང་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་ནོ། །ཡང་ན། དང་པོར་སྤྲིན་དང་འདྲ་བར་སྣང༌། །ཞེས་པ་ནི། དང་པོར་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སྤྲིན་དང་འདྲ་བར་སྣང་ཞེས་པ་ནི་ཀུན་དུ་སྣང་བ་ཉིད་དམིགས་པ་མེད་པའི་རང་བཞིན་དེའི་ཡེ་ཤེས་སོ་སོར་སྣང་ངོ༌། །དེ་ཉིད་གྲུབ་པ་ནི་དངོས་སུ་མངོན་དུ་འགྱུར་བའོ། །སྒྱུ་མ་འདྲ་བར་འགྱུར་ནི་སྒྱུ་མ་ལྟ་བུ་ཡིན་ཏེ། མཱ་མཱ་ཀཱི་བྱང་ཆུབ་ཀྱི་སེམས་སོ། །ཨ་བདག་མེད་མ་བདེ་བའོ། །དེ་ལྟར་མ་ཁུ་བ་དང་བདེ་བ་དབྱེར་མེད་པའོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་འདི་དེ་གང་ལ་ཡོད་པ་དེ་ནི་སྒྱུ་མ་འདྲ་བའོ། །འགྱུར་བ་ནི་རྫོགས་པའོ། །ཇི་ལྟར་ཞེ་ན། གྲུབ་པའོ། །འང་གི་སྒྲ་ནི་ངེས་པའི་དོན་ཏེ་དེ་ཉིད་དོ། །དེ་ལྟ་བུར་གྱུར་པའི་བབ་ཅོལ་ནི་དེ་མ་ཐག་པའི་སྐད་ཅིག་ཉིད་ལས་སོ། །རྨི་ལམ་འདྲ་བར་སྣང་ནི། ཡེ་ཤེས་དེ་ཡང་ཡེ་ཤེས་ཀྱི་མངོན་པར་ཞེན་པ་ཉིད་དུ་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། ཉལ་དང་ལོག་པ་ཁྱད་མེད་འདྲ། །ཉལ་བ་ནི་བསྡུ་བའོ། །སད་པ་ནི་སྤྲོ་བའོ། །དབྱེར་མེད་པ་ཉིད་ཟུང་དུ་འཇུག་པའི་ཕྱིར་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དངོས་གྲུབ་མཚན་ཉིད་དབྱེར་མེད་


DTG005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་འགྲུབ། །མཚན་ཉིད་དེ་དེའི་དངོས་གྲུབ་ནི་དངོས་གྲུབ་མཚན་ཉིད་དོ། །ཇི་ལྟར་ཞེ་ན་དབྱེར་མེད་པ་ལས་ཏེ། དབྱེར་མེད་པའི་རྒྱུའི་མཚན་ཉིད་ཀྱི་དངོས་གྲུབ་པོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །དེ་དང་ལྷན་ཅིག་རྣལ་འབྱོར་པ་འདུས་པ་གང་ལ་ཡོད་པ་དེས་ནི་ངེས་པར་འགྲུབ་པོ། །ཡང་ན་ཕྱག་རྒྱ་ཡང་ཡིན་ལ་རྣལ་འབྱོར་ཡང་ཡིན་པས་ཕྱག་རྒྱ་རྣལ་འབྱོར་པ་སྟེ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་ནོ། །གྲུབ་པ་ནི་རྫོགས་པའོ། །ཀུན་རྫོབ་ཏུ་ཡང་མི་ཕྱེད་པའི་མཚན་ཉིད་ཀྱི་དངོས་གྲུབ་པོ། །ཀུན་དུ་ཀུན་ནས་ཀྱི་རྣམ་པས་གྲུབ་པ་ནི་གྲུབ་པའོ། །དབྱེར་མེད་པ་ཉིད་ཀྱི་མཚན་ཉིད་ནི་དབྱེར་མེད་པའི་མཚན་ཉིད་དོ། །ཇི་ལྟར་སྤྲིན་དང་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་དེས་གང་གི་ཚེ་དབྱེར་མེད་པའི་མཚན་ཉིད་དུ་གྱུར་པ་དེའི་ཚེ་ཕྱག་རྒྱའི་རྣལ་འབྱོར་པར་འགྱུར་རོ། །དེ་ནས་གྲུབ་པར་འགྱུར་རོ། །སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས། །རྒྱུ་དེ་ལྟར་སྟོན་པས་འགྲོ་བའི་དོན་གྱི་ཕྱིར་འཇིག་པས་དཀྱིལ་འཁོར་བཀའ་སྩལ་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་མེད་ན་གང་ལ་ཕྱག་རྒྱའི་དངོས་གྲུབ་ཡོད་པ་མ་ཡིན་ནོ། །དཀྱིལ་འཁོར་དེ་ཡང་སྤྲིན་དང་འདྲ། །ཞེས་བྱ་བ་ལ་སོགས་པའི་དཔེས་དབྱེར་མེད་པ་དེ་གྲུབ་པར་བྱེད་པ་ཡིན་ནོ། །དཀྱིལ་འཁོར་དེ་ཉིད་གསུངས་པ། གྲུ་བཞི་ཡང་དག་འབར་བ་ཉིད། །སྒོ་བཞི་གཟི་བརྗིད་ཆེན་པོ་སྟེ། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །ཕྲེང་བ་སྣ་ཚོགས་རྔ་ཡབ་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེའི་སྲད་བུ་མཉམ་པར་ལྡན། །མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། །བདུག་པ་མར་མེ་དེ་བཞིན་དྲི། །བུམ་པ་བརྒྱད་ལ་སོགས་པར་ལྡན། །དེ་ཡང་ཡལ་ག་ལ་སོགས་བརྒྱན། །མགྲིན་པ་གོས་ཀྱིས་བཀབ་པ་དང༌། །རིན་ཆེན་ལྔ་ནི་ཡོངས་སུ་གཞུག །རྣམ་པར་རྒྱལ་བ་ཤར་དུ་སྦྱིན། །དོན་འདི་ཐམས་ཅད་གོ་སླའོ། །རྫོགས་པའི་རིམ་པར་ན། གྲུ་ཞི་པར་ཞེས་པ་ནི། དགའ་བ་བཞིའི་རང་བཞིན་ཞེས་སོ། །ཡང་དག་འབར་ནི་འོད་གསལ་ལོ། །སྒོ་བཞི་ནི་དེ་ཉིད་ཀྱི་ཕྱིར་སྲིད་པའི་དགོན་པ་བཞི་ལས་ངེས་པར་འབྱིན་པའི་ཐབས་ཀྱིས་སོ། །གཟི་བརྗིད་ཆེན་པོ་ནི་ཐམས་ཅད་སྟོང་པའི་ཕྱིར་རོ། །དྲ་བ་དྲ་བ་ཕྱེད་པས་བརྒྱན་པ་ནི་ཇི་ལྟར་རིན་ཆེན་མུ་


DTG005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་ལ་སོགས་པ་སྐུད་པ་ཞིག་ལ་བརྒྱུས་པ་དེ་བཞིན་དུ་ཡེ་ཤེས་ལྔ་དང་སྐུ་གསུམ་ལ་སོགས་པའི་རིན་ཆེན་སྣ་ཚོགས་པ་གཉིས་སུ་མེད་པར་བརྒྱུས་པ་ཡིན་ནོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ། །སྣ་ཚོགས་རྔ་ཡབ་ནི་ཁ་དོག་སྣ་ཚོགས་པའོ། །ཇི་ལྟར་མེ་རྟོག་གི་ཕྲེང་བ་ཡང་མེ་ཏོག་སྣ་ཚོགས་དུ་མའི་རིགས་བརྒྱུས་པ་ཡིན་ནོ། །དེ་བཞིན་དུ་སྣ་ཚོགས་སྐྱེས་པ་དང༌། ཁ་དོག་སྣ་ཚོགས་དེའི་ཁོངས་སུ་འདུས་པ་ཡིན་པས་ཕྲེང་བ་སྣ་ཚོགས་རྔ་ཡབ་ལྡན་ནོ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་ནི་རྣམ་པར་ཐར་པའི་སྒོ་བརྒྱད་རྣམ་པར་དག་པའི་ཕྱིར་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །རྡོ་རྗེ་སྲད་བུ་མཉམ་པར་ལྡན། །རྡོ་རྗེ་ནི་ཐུགས་སོ། །སྐུད་པ་ནི་ཨ་ཝ་དྷཱུ་ཏཱིའོ། །དེ་དག་མཉམ་པ་ནི་གཉིས་སུ་མེད་པས་སོ། །ལྡན་པ་ནི་འདུས་པའོ། །མེ་ཏོག་སྣ་ཚོགས་ཉེ་བར་མཛེས། །ཞེས་པ་ནི་མེ་ཏོག་ནི་བྱང་ཆུབ་ཀྱི་སེམས་སོ། །སྣ་ཚོགས་ནི་འགྲོ་བ་རིས་དྲུག་ཏུ་སོན་པའི་སེམས་ཅན་དེ་རྣམས་ཀྱི་ས་བོན་དུ་གྱུར་པའི་ཕྱིར་མེ་ཏོག་དེས་ཉེ་བར་བརྒྱན་པའོ། །དེ་ལས་འགྲོ་བ་རིས་དྲུག་ཏུ་གྱུར་པའི་སེམས་ཅན་ཐམས་ཅད་ཉིད་གང་ལས་སྐྱེ་བའོ། །སླར་ཅིས་ཁྱད་འཕགས་ཤེ་ན། དྲི་ཞེས་པ་ནི་ཡེ་ཤེས་རྟོགས་པའི་རང་བཞིན་ནོ། །དེ་ཅིས་ཁྱད་འཕགས་ཤེ་ན། བདུག་པ་ཞེས་པ་ནི། སྲེག་པའི་རང་བཞིན་གྱིས་རང་བཞིན་མེད་པའི་ཚུལ་ལོ། །མར་མེ་ཞེས་པ་ནི་གཟི་བརྗིད་ཀྱི་ཕྱིར་འོད་གསལ་ལོ། །ལྡན་ཞེས་པ་ནི་ཟུང་སྟེ་ཐབས་དང་ཤེས་རབ་དབྱེར་མེད་པའོ། །བུམ་པ་བརྒྱད་ལ་སོགས་པར་ཀ་ལ་ནི་ནཱ་དའོ། །ས་ནི་བསྲབ་པར་བྱེད་པས་ནི་བུམ་པ་ཅ་མེད་པ་བཞི་པ་རྡོ་རྗེ་འཛིན་པའོ། །བརྒྱད་ཀྱི་སྒྲ་ནི་མཁའ་འགྲོ་མ་བརྒྱད་དོ། །བརྒྱད་ཀྱང་ཡིན་ལ་བུམ་པ་ཡང་ཡིན་པས་བུམ་པ་བརྒྱད་དོ། །དེ་ཉིད་ཀྱི་དང་པོ་ནི་གཙོ་བོའི་རྒྱུད་དེ་གང་དེའི་རྒྱུ་རྣམས་ཀྱིས་སོ། །ལྡན་པ་ནི་ཟུང་སྟེ་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱི་དཀྱིལ་འཁོར་ཡིན་ནོ། །དེ་ཡང་ནི་བུམ་པ་རྣམས་སོ། །ཡལ་ག་ལ་སོགས་པ་བརྒྱན། མགྲིན་པ་གོས་ཀྱིས་དཀྲིས་པ་དང་ནི་ཀུན་རྫོབ་ཏུ་གོ་སླ་བ་ཉིད་དོ། །དོན་དམ་པར་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཏེ། དེ་ཉིད་ཀྱི་ཕྱིར་ཡལ་གའི་རྩེ་མོ་ནི་ཡལ་གའི་སྒྲས་ཡལ་ག་དང་ཟར་བུ་ལ་སོགས་པའོ། །ཡལ་ག་དང་འདྲ་བས་ན་ཡལ་གའོ། །


DTG005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་རྩེ་མོ་ནི་གང་གི་གཙོ་བོ་རྣམས་ཡིན་པ་དེའོ། །འདིས་ནི་སྤྲོ་བའི་རང་བཞིན་ཉིད་ཀྱིས་དེ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། མགྲིན་པ་གོས་ཀྱིས་དཀྲིས་པ་སྟེ། སྒྲིབ་པའི་རྒྱུ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་དེས་དཀྲིས་པའོ། །མགྲིན་པ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་སྟོང་པ་ཉིད་བཅུ་དྲུག་གང་གི་དེ་ནི་མགྲིན་པ་གོས་ཀྱིས་བསྐོན་པའོ། །རིན་ཆེན་ལྔ་ནི་ཡོངས་སུ་གཞུག །རྣམ་པར་རྒྱལ་བ་ཤར་དུ་སྦྱིན། །རྣམ་པར་རྒྱལ་བའི་བུམ་པར་རིན་ཆེན་སྣ་ལྔ་ཡོངས་སུ་བླུགས་ནས་ཤར་གྱི་སྒོར་གཞག་གོ །ཡང་ན་ལྔའི་སྒྲས་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །རིན་ཆེན་གྱི་སྒྲ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་སོ། །འདི་རྣམས་ཡོངས་སུ་གཞུག་པ་ནི་མདོར་བསྡུས་པ་སྟེ། གང་དུ་ཡང་དག་པའི་ཡེ་ཤེས་དེ་རིན་ཆེན་ལྔ་ཡོངས་སུ་བཅུག་པའོ། །ཅིས་ཁྱད་འཕགས་ཤེ་ན། རྣམ་པར་རྒྱལ་བའི་སྒྲས་མཁའ་རྣམ་མཁའི་ཁམས་སོ། །དེ་ལས་བྱུང་བས་ན་རྣམ་པར་བྱུང་བ་སྟེ་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཡེ་ཤེས་སོ། །དེར་འགྲོ་ཞིང་ཐོབ་པར་བྱེད་པས་ན་རྣམ་པར་རྒྱལ་བའོ། །འདི་ཇི་ལྟར་ཞེ་ན། གང་ལས་སྔོན་དུ་སྦྱིན་པའི་ཕྱིར་ཏེ། དང་པོ་ཉིད་གང་ལས་ཡོངས་སུ་སྤངས་པའི་ཚུལ་དེའི་དོན་ཏོ། །དཀྱིལ་འཁོར་གྱི་ཐིག་གདབ་པའི་ཕྱིར་ཐིག་གསུངས་པ། སར་པ་ལེགས་པར་བཀལ་བ་དང༌། །ཤིན་ཏུ་ཚད་མ་མཛེས་པ་ཡི། །སྲད་བུས་ཤེས་རབ་ཅན་གྱིས་གདབ། །རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །ཞེས་པ་སྨོས་ཏེ་སར་པ་ཞེས་པ་ནི་ལས་གཞན་ལ་མ་སྤྱད་པའོ། །ལེགས་པར་བཀལ་བ་ནི་ལེགས་པར་བཀལ་བའོ། ཤིན་ཏུ་ཚད་མ་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་རིང་ཚད་དོ། །མཛེས་པ་ཞེས་པ་ནི་གྲིམས་པའོ། །དེ་ལྟ་བུར་གྱུར་པའི་ཐིག་སྐུད་ཀྱིས་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །ཤེས་རབ་ཅན་ནི་བདག་མེད་མ་དང་འབྲེལ་པའོ། རང་འདོད་ལྷའི་གཟུགས་ཀྱིས་ནི་གང་གི་གང་འདོད་པའི་ལྷའོ། །དེའི་གཟུགས་ནི་རྣལ་འབྱོར་པ་ལ་སོགས་པའོ། །ཡང་ན་གསར་པ་ཞེས་པ་ནི་སྔོན་མེད་པ་སྟེ། སྔོན་མེད་པས་ཕྱི་མ་ཡང་མེད་དོ། །འདིས་ནི་ཐོག་མ་དང་ཐ་མ་མེད་པ་ཡིན་ནོ། །ལེགས་པར་བཀལ་པ་ནི་ལེགས་པ་ནི་ཁུ་བའོ། །དེ་ངེས་པར་བཀལ་བས་ཏེ་རྣལ་འབྱོར་དུ་གྱུར་པས་སོ། །ཤིན་ཏུ་ཚད་མ་ནི་ལུང་སྟེ་སྟོན་པའི་བཀའ་དྲིན་ལས་


DTG005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པའོ། །མཛེས་པ་ནི་ཡིད་འཕྲོག་པའོ། །སྲད་བུས་ནི་རྣམ་པར་ཤེས་པའི་རྒྱུད་ཀྱིས་སོ། །གདབ་པ་ནི་རྒྱུད་པས་འབྲེལ་པར་བྱའོ། །ཤེས་རབ་ཅན་ཞེས་པ་ནི་རྣམ་པ་བརྒྱུད་མས་རྣམ་པར་ཤེས་པའི་རང་བཞིན་མེད་པར་རྟོགས་པར་གནས་སོ། །རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །ཞེས་པ་ལ། རང་ནི་སེམས་ཀྱིས་སོ། །འདོད་པ་ནི་ལྷ་གང་འདོད་པ་དེའོ། །དེའི་གཟུགས་ནི་རང་བཞིན་ཏེ་དེ་རྣམས་ཀྱི་རང་བཞིན་རྟོགས་པའི་ཕྱིར། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་དུ་རྟོགས་པའི་དོན་ཏོ། །རྡུལ་ཚོན་དགྱེ་པ་དང་དཀྱིལ་འཁོར་གྱི་ཐིག་གདབ་པའི་དང་པོར་འཁོར་ལོའི་བདག་པོའི་བཟླས་པ་འབུམ། །འཁོར་ལོའི་བདག་པོ་ནི་དཀྱིལ་འཁོར་གྱི་གཙོ་བོའོ། །བཟླས་པ་འབུམ་ནི་སྔགས་འབུམ་བཟླས་པའོ། །དཀྱིལ་འཁོར་བ་ཡི་དེ་བཞིན་ཁྲི། །ཞེས་པ་ནི་དཀྱིལ་འཁོར་དུ་འཁོད་པའི་དེ་བཞིན་གཤེགས་པ་གཞན་རྣམས་ཀྱི་རེ་རེ་ཞིང་ཡང་སྟོང་ཕྲག་བཅུ་བཟླས་པར་བྱའོ། །ཡང་ན་འཁོར་ལོའི་བདག་པོ་ནི་རྡོ་རྗེ་འཛིན་པའོ། །འབུམ་ནི་མཚོན་པའི་མཚན་མ་བཟླས་པ་ཨཱ་ལི་ཀཱ་ལི་ནཱ་དའི་བདག་ཉིད་དུ་བྱ་ཞིང་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱི་རྡོ་རྗེ་འཛིན་པའི་མཚན་ཉིད་ཡིན་ནོ། །དཀྱིལ་འཁོར་བ་ནི་དཀྱིལ་འཁོར་ནི་ཡེ་ཤེས་སོ། །དེར་བྱུང་བ་རྣམས་དཀྱིལ་འཁོར་བ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་སྤྲོ་བའི་ཚུལ་གྱིས་རྣམ་པར་གནས་སོ། །དབྱེར་མེད་པས་གཅིག་གི་ཚིག་གོ །དེ་རྣམས་ཀྱི་ཡང་མཚན་ཉིད་ཁྲི་སྟེ། ཨ་བདག་མེད་མའོ། །དེ་དང་ལྷན་ཅིག་ཏུ་ལྡན་ཞིང་ཡང་དག་པར་སྦྱོར་བ་བདག་མེད་མ་དང་དབྱེར་མེད་པ་ཉིད་དེ་དེ་རྣམས་ཀྱི་མཚན་མ་ཡིན་ནོ། །མཁས་པས་ནོར་འཛིན་རྣམ་པར་སྦྱང༌། །ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་གོང་དུ་གསུངས་པའི་སྔགས་ཉིད་ཀྱིས། མཁས་པས་འཛིན་མ་རྣམ་པར་སྦྱང༌། །གོང་དུ་གསུངས་པ་ཞེས་པ་ནི་སྔགས་ཀྱི་རིམ་པར་ཕྱེ་བར་གསུངས་པའི་ཨོཾ་རཀྵ་རཀྵ་ཞེས་པའི་སྔགས་ཀྱིས་སོ། །མཁས་པས་འཛིན་མ་རྣམ་པར་སྦྱང་བ་ནི་སློབ་དཔོན་གྱིས་སོ། །ཡང་ན་གོང་དུ་གསུངས་པའི་སྔགས་ཉིད་ཀྱིས་ཞེས་པ་ནི། ཨོཾ་རཀྵ་རཀྵ་ཞེས་པ་སྐུ་གསུང་ཐུགས་ཐམས་ཅད་ཉིད་འཇིག་པའི་བདག་ཉིད་རང་བཞིན་མེད་པའི་རང་བཞིན་ཅན་ནོ། །འཛིན་མ་


DTG005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་འབྱུང་ངོ༌། །དེའི་སྦྱང་ནི་དག་པའོ། །དེ་ཉིད་མཁས་པ་སྟེ། རྟོགས་པའི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ཡིན་པའོ། །ཨ་ཡིག་དང་པོ་སོགས་སྔགས་ཀྱིས། །དེ་ལ་གཏོར་མ་རྣམ་པར་སྦྱིན། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱ་ཌྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་སྔགས་འདིས་ཞེས་པའི་དོན་ཏོ། །ཡང་ན་གཏོར་མ་ཞེས་པ་ནི་དེ་བཞིན་གཤེགས་པ་ཀུན་ཚིམ་པའོ། །སོགས་སྔགས་ཀྱིས་ནི། ཡི་གེ་ཨ་ཉིད་དང་པོ་རྒྱུའི་གཙོ་བོ་སྔགས་ཀྱི་ཡེ་ཤེས་གང་ལ་ཡོད་པ་དེ་ནི་ཨ་སོགས་སྔགས་སོ། །ཡི་གེ་ཨའི་སྒྲ་ནི་བདག་མེད་མ་སྟེ་དེའི་རང་བཞིན་ཉིད་ཀྱི་ཡེ་ཤེས་ཀུན་ནོ། །དེའི་ཕྱིར་དང་པོར་ནི་སྔོན་དུའོ། །སྦྱིན་པ་ནི་ཡོངས་སུ་སྤངས་པའོ། །དང་པོ་ཉིད་འདི་ལ་མེད་པ་སྟེ་དེ་མེད་པས་མཐའ་མ་དང་དབུས་ཀྱང་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་བདག་མེད་པས་ཕུག་པ་ཡིས་དེ་བཞིན་གཤེགས་པ་དམ་པ་ཡང་དག་པར་ཚིམ་པར་གྱུར་པའོ། །ཇི་ལྟར་བསམ་གཏན་དེ་བཞིན་འདིར། །སྲུང་བ་ཇི་ལྟར་གསུངས་པ་ཉིད་ནི། འབད་པས་ཧཱུཾ་ལས་རྡོ་རྗེ་ཅན། །ཞེས་གང་མདོར་བསྟན་པ་དེའི་རྒྱས་པར་བཤད་པའོ། །རཾ་ལས་ཉི་མ་སྔོན་དུ་རྣམས་བསྒོམས་ནས། ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་དེ་ཉིད་ཀྱིས་ནི་རབ་དང་གུར་བཅིང་བ་ཡང་རྣམ་པར་བསྒོམ་པ་ཉིད། །ཅེས་པའི་བསམ་གཏན་ཇི་ལྟ་བ་དེ་བཞིན་དུ་འདིར་ཡང་དཀྱིལ་འཁོར་བྱའོ་ཞེས་པའི་དོན་ཏོ། །ནང་གི་དོན་དུ་ན་ཡང་ལྷའི་རིམ་པར་ཕྱེ་བ་ཉིད་དུ་རཾ་ལས་ཉི་མ་ཞེས་པ་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བསྟན་པའི་ཕྱིར་གསུངས་སོ། །དཀྱིལ་འཁོར་དེར་དབང་བསྐུར་བ་སྦྱིན་པ་དེ་གསུངས་པ། །གང་ཞིག་དབང་ནི་རབ་ཕྱེ་བ། །རང་གི་དཀྱིལ་འཁོར་མཆོག་བཞིན་སྦྱིན། །གང་ཞིག་དབང་ནི་ཆུ་ལ་སོགས་པ་གསུངས་པ་དེ་རྣམས་སོ། །ཆོ་ག་བཞིན་ནི་ཆོ་གའི་རིམ་པ་བཞིན་དུ་སྦྱིན་པར་བྱའོ། །རང་གི་དཀྱིལ་འཁོར་ཞེས་པ་ནི་མོས་པའི་ཁྱད་པར་གྱིས་དཀྱིལ་འཁོར་བྱས་པ་ཡིན་པའི་དོན་ཏོ། །ཡང་ན་གང་ཞིག་དབང་ནི། དབང་བསྐུར་བས་སྒྲིབ་པ་མེད་པར་བྱེད་པའོ། །ཅིས་ཁྱད་འཕགས་ཤེ་ན། རང་གསལ་བ་ནི་འོད་གསལ་གྱི་རང་བཞིན་ནོ། །གང་ལས་ཤེ་ན། རང་གི་དཀྱིལ་འཁོར་ལས་ཏེ། རང་ཡང་དག་པར་རིག་པའི་ཡེ་ཤེས་སོ། །དེ་ཆོ་ག་བཞིན་སྦྱིན་ནོ། ཆོ་ག་ནི་ཆོ་གའི་


DTG005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གང་ལ་ཡོད་པ་ད་ཡིན་ཏེ་རང་རིག་པའི་ཡེ་ཤེས་དེའི་ཡེ་ཤེས་ནི་ཆོ་ག་བཞིན་དུའོ། །འདིས་ནི་ལྷའི་རྣམ་པར་དག་པ་ཡང་དེ་རབ་ཏུ་གསལ་བའི་མཚན་ཉིད་རང་བཞིན་གྱིས་དག་པ་ཆོས་བཞིན་དུ་ཡིན་པ་འདིས་ལྷ་ཉིད་ཀྱི་རྣམ་པར་དག་པ་གཉི་ག་ཡོངས་སུ་དག་པའི་དབང་བསྐུར་བ་རྣམས་སོ། །སྦྱིན་པ་ནི་ཡོངས་སུ་སྤངས་པའོ། །རྣམ་པ་གཉི་གའི་ཡང་ཆགས་པ་ཡོངས་སུ་སྤངས་པ་ཡིན་པའི་དོན་ཏོ། །མཆོད་དང་གསོལ་བ་གདབ་པ་ཉིད། །ཇི་ལྟར་བཤད་པ་དེ་བཞིན་འདིར། །ཞེས་པ་ནི་དབང་བསྐུར་བའི་རིམ་པར་ཕྱེ་བ་ལས་ཇི་སྐད་གསུངས་པའི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པས་སོ། །མཆོད་དང་གསོལ་བ་གདབ་པ་ཉིད། །དེ་བཞིན་འདིར་ཡང་ཞེས་པ་ནི། བསམ་གཏན་གྱིས་སྔོན་དུ་ཞེས་པ་ནི། བསམ་གཏན་གྱིས་སྔོན་དུ་རང་གི་སྙིང་གར་རང་གི་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་རྗེས་སུ་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་དབང་བསྐུར་བའི་རིམ་པར་ཕྱེ་བ་ཉིད་དུ་བཤད་པའི་དོན་ཏོ། །དེའི་རྗེས་ཐོགས་སུ་འཕར་མ་གཉིས་བཟང་རྣམས་བྲིས་ནས། །མྱུར་དུ་དཀར་མོ་ལ་སོགས་བྲི། དེ་ནས་མཆོད་པ་དང་གསོལ་བ་བཏབ་པའི་རྗེས་ཐོགས་སུ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཡང་བཟང་ནི་རྒྱུ་བཟང་བའི་ཕྱིར་རོ། །དེ་རྣམས་བྲིས་ནས་མྱུར་དུ་ནི། །མྱུར་བ་ཉིད་དུ་དཀར་མོ་ལ་སོགས་པའི་མཚན་མ་བྲི་བར་བྱའོ་ཞེས་པ་ནི་མན་ངག་གོ ། ཤར་དུ་གྲི་གུག་རྣམ་པར་བྲི། །ལྷོ་དང་ནུབ་ཏུ་དེ་བཞིན་ནོ། །བྱང་དང་མེ་ཡི་མཚམས་དང་ནི། །བདེན་བྲལ་རླུང་དུ་དེ་བཞིན་ནོ། །དབང་ལྡན་དུ་ནི་ཅི་གསུངས་པ། །དེ་ལྟར་དེ་བཞིན་འོག་དང་སྟེང༌། །འདིས་ནི་ཅི་བསྟན་ནས། ནང་གི་རིམ་པའི་ལྟེ་བར་རྡོ་རྗེ་དང་ཐོད་པའོ། །འདབ་མ་བཞི་ལ་གྲི་གུག་གོ ། ཕྱི་རོལ་གྱི་རིམ་པར་ཡང་འདབ་མ་བརྒྱད་རྣམས་གྲི་གུག་གོ །སྟེང་དང་འོག་ཏུ་ཡང་བྲི་བར་བྱ་བའི་དོན་ཏོ། །ཡང་ན་འཕར་མ་གཉིས་ཞེས་པ་ནི་ཁ་སྦྱོར་བ་སྟེ། རྡོ་རྗེ་འཛིན་པ་དང་དབྱེར་མེད་པ་ཉིད་བདག་མེད་མ། བདག་མེད་མ་དང་དབྱེར་མེད་པ་ཉིད་རྡོ་རྗེ་འཛིན་པ་ཡིན་ནོ། །དེ་ཅིས་ཁྱད་འཕགས་


DTG005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་ན། །བཟང་བ་སྟེ་བདེན་པ་གཉིས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །རྣམ་བྲིས་ནས་ནི་ངེས་པས་བརྟན་པར་བྱ་བའོ། །མྱུར་བ་ཞེས་པ་ནི་སྐད་ཅིག་ལའོ། །དཀར་མོ་ལ་སོགས་པའི་མཚན་མ་བྲི་ནི་བརྟན་པར་བྱ་བའོ། དེ་ཅི་ཡིན་པ་གསུངས་པ། ཤར་དུ་གྲི་གུག་སྟེ། ལྷོ་དང་ནུབ་དང་བྱང་དང་མེའི་མཚམས་དང༌། བདེན་བྲལ་དང་རླུང་དང་དབང་ལྡན་དང༌། འོག་དང་སྟེང་དང་ཕྱོགས་བཅུ་རྣམས་སུའོ། །འདིས་ནི་ཕྱོགས་བཅུར་འཁྲུལ་པ་ཡང་གཉིས་སུ་མེད་པར་རྟོགས་པས་འཁྲུལ་བ། ནང་གི་རིམ་པར་གནས་པའི་མཁའ་འགྲོ་མ་བཞི་བདག་མེད་མ་དང་ལྔ་པོ་དེ་ཡང་དྲུག་པ་རྡོ་རྗེ་འཛིན་པ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་གྱི་བདག་ཉིད་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྙེམས་བྱས་ནས། །རྐང་པ་གཡས་པ་བརྐྱང་བྱ་སྟེ། །དགྱེས་རྡོར་ཕྱག་གཉིས་རྣལ་འབྱོར་ལས། །སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད། །ཅེས་པ་ནི་གང་གིས་རྡོ་རྗེ་སེམས་དཔའ་ཉིད་དུ་བསྙེམས་པར་བྱས་པ་བརྩོན་འགྲུས་སྤྲོ་བ་དེ་ནི་སློབ་དཔོན་ཏེ་དཀྱིལ་འཁོར་གྱི་སློབ་དཔོན་སྟོན་པའོ། །རྐང་པ་གཡས་པ་བརྐྱང་བྱ་སྟེ། །འཇུག་པ་ཉིད་ཅེས་པ་ནི། རྐང་པ་གཡས་པ་བརྐྱང་བ་ཡིན་པ་སྟེ། འདི་ཉིད་ཀྱི་དོན་འདི་ལུང་ཡིན་པའི་ཕྱིར་རོ། །ཇི་ལྟར་རྡོ་རྗེ་སེམས་དཔའི་བསྙེམས་པ་ཡིན་པ་དེ་གསུངས་པ། ཕྱག་གཉིས་དགྱེས་རྡོར་རྣལ་འབྱོར་པས་ཕྱག་གཉིས་པའི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་གྱིས་སོ། །དཀྱིལ་འཁོར་གྱི་སྐབས་ཉིད་ཀྱིས་དཀྱིལ་འཁོར་ཉིད་དུ་འཇུག་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་རྡོ་རྗེ་ནི་མི་ཕྱེད་པའོ། །སེམས་དཔའ་ནི་སྲིད་གསུམ་གཅིག་པ་ཡིན་པས་རྡོ་རྗེ་སེམས་དཔའ་སྒྲས་ཐབས་དང་ཤེས་རབ་དབྱེར་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེས་བྱས་ནས་ནི་ཐོབ་ནས་སོ། །བསྙེམས་པ་ནི་གང་གིས་དགེ་བ་ལ་སྤྲོ་བའོ། །འདིས་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་གཞན་གྱི་དོན་དང་སྤྲོ་བས་རང་གི་དོན་ཏོ། །རྡོ་རྗེ་སེམས་དཔའི་རང་བཞིན་ཐོབ་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །སློབ་དཔོན་དཀྱིལ་འཁོར་ནི་རྡོ་རྗེ་འཛིན་པའོ། །འཇུག་པའོ། །གང་དུ་ཞེན་རྐང་པ་གཡས་པ་དག་བརྐྱང་སྟེ། གཡས་བརྐྱང་ནས་འཁྲིལ་པའི་ཞབས་གང་དག་རྡོ་རྗེ་འཛིན་པ་དང༌། བདག་མེད་མ་དེ་དག་གི་ཞབས་


DTG005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དག་བདག་མེད་མ་དང་རྡོ་རྗེ་འཛིན་པའི་བདག་ཉིད་གཉི་གའི་ཡེ་ཤེས་བསྡུ་བ་ཉིད་ཡིན་ནོ། །འདི་ཉིད་ཇི་ལྟར་ཡིན་པ་གསུངས་པ་ཕྱག་གཉིས་ཀྱི་རྡོ་རྗེར་སྦྱོར་བས་གཉིས་ནི་ཀུན་རྫོབ་དོན་དམ་པ་དག་གོ །ཕྱག་ནི་ལོངས་སྤྱོད་དོ། །གང་ལ་དགྱེས་རྡོར་གཉིས་སུ་མེད་པའི་ཡེ་ཤེས་འདི་ཕྱག་གཉིས་པའི་དགྱེས་པའི་རྡོ་རྗེའོ། །དེའི་སྦྱོར་བས་ནི་དེའི་གཟུགས་ལས་ཏེ། དེ་ཉིད་ཀྱི་ཕྱིར་བྱས་ནས་ཏེ་ཐོབ་ནས་མ་ནིང་ཡན་པའི་དོན་ཏོ། །ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཧཱུཾ་ཧཱུཾ་བསྙེམས་པ་བྱས་ནས་ནི། །ཧཱིཾ་ཧཱིཾ་རྣམ་པར་འཇིགས་བྱེད་དག །ཧཱུཾ་ཧཱུཾ་བསྙེམས་པ་བྱས་ནས་ནི། །གང་གི་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཧཱི་ཧཱི་རྣམ་པར་འཇིགས་བྱེད་དག །ཅེས་པ་ནི་གདུག་པའི་སེམས་ཅན་འཇིགས་པར་བྱེད་པའི་གཟུགས་ཅན་ནོ། །ཁྲུས་ལ་སོགས་པའི་དོན་ནི་གོ་སླ་བ་ཉིད་དོ། །ཡང་ན་ཁྲུས་ནི་ལྷའི་རྣམ་པར་དག་པའོ། །གཙང་སྦྲ་ནི་དེ་ཉིད་དེ་བཞིན་ཉིད་ཀྱི་རྣམ་པར་དག་པའོ། །འདིས་ནི་གཉི་ག་རྣམ་པར་དག་པ་གཉི་ག་རྣམ་པར་དག་པས་དྲི་ཞིམ་སྟེ་མཛེས་པར་རྟོགས་པའོ། །ལུས་ནི་ཨཾ་མཁའ་སྤྱོད་ལ་དེར་འགྲོ་བ་ཡིན་པས་ལུས་སོ། །དྲི་ཞིམ་ཡང་འདི་ཡིན་ལ་ལུས་ཀྱང་ཡིན་པས་དྲི་ཞིམ་ལུས་ཏེ་བདག་མེད་མའི་དཀྱིལ་འཁོར་རྣམ་པར་དག་པ་ཉིད་མཛེས་པའི་ཡེ་ཤེས་ཡིན་ནོ། །ཡེ་གེ་ཨཾ་གིས་མཁའ་འགྲོ་མ་བཅོ་ལྔ་རྣམས་བསྡུ་བས་བདག་མེད་མའི་དཀྱིལ་འཁོར་ཉིད་བསྟན་པ་ཡིན་ནོ། །སྣ་ཚོགས་ནི་གཟུགས་སྣ་ཚོགས་པ་སྤྲོ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྒྱན་ནི་ཀུན་ནས་ཀུན་དུ་གང་ཞིང་རྫོགས་པར་བསྡུ་བའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་ཕྱིར་སྣ་ཚོགས་ཅན་ནོ། །དེའི་རང་བཞིན་གྱིས་བརྒྱན་པས་བརྒྱན་པའོ། །ཧཱུཾ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །ཧཱུཾ་ནི་དེ་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་ཡི་གེ་དགོད་མི་བྱ། །ཞེས་པའི་ཚིག་གིས་སོ། །འདིས་ནི་བྱས་པ་ཐོབ་ནས་གང་གིས་གཉི་ག་ཕུན་སུམ་ཚོགས་པ་དེ་ནི་ཧཱུཾ་ཧཱུཾ་བསྙེམས་པ་བྱས་ནས་སོ། །འདིས་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་ཡིན་པའི་དོན་ཏོ། །ཧཱི་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་བདག་མེད་མའི་ཡེ་ཤེས་སོ། །


DTG005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱིའི་རྣམ་པ་ནི་དེ་ཉིད་རྡོ་རྗེ་འཛིན་པ་དང༌། བདག་མེད་མའི་བདག་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་འཇིགས་བྱེད་བདག་སྟེ། གང་བདག་མེད་མ་རང་བཞིན་མེད་པར་གྱུར་པས་ཉན་ཐོས་ལ་སོགས་པ་ཐམས་ཅད་ཉིད་འཇིགས་པར་བྱེད་པའི་ཕྱིར་རོ། །འདིས་ནི། ཧཱུཾ་ཧཱུཾ་བསྙེམས་པར་བྱས་ནས་ནི། །ཞེས་པ་འདིས་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་བདག་མེད་པའི་རྡོ་རྗེ་འཛིན་པ་ཡིན་ནོ། །ཧཱི་ཧཱི་རྣམ་པར་འཇིགས་བྱེད་བདག །ཅེས་པས་ཀྱང་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མ་དང་གཉི་ག་ཡང་དབྱེར་མེད་པ་ཡིན་ནོ། །ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་ཏེ། ཕྱི་ནས་ནི་རྗེས་ཐོགས་སོ། །དེ་ཉིད་ནི་བསྟན་པར་བྱ་བའོ། །ཅིས་ཁྱད་འཕགས་ཤེ་ན། རྣམ་དག་སྟེ་རིམ་པ་གཉིས་རྣམ་པར་དག་པའོ། །དེ་ཉིད་དེ་ཁོ་ན་ཉིད་ཀྱི་གཟུགས་ཅན་ནོ། །དེ་ཉིད་ཀྱི་ཕྱིར། འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །གཉི་ག་རྣམ་པར་དག་པའི་ཕྱིར། །འཁོར་བ་དང་མྱ་ངན་ལས་འདས་པའོ། །ཅུང་ཟད་མེད་ནི་ཆ་ཤས་ཙམ་གྱི་ཁྱད་པར་ཡང་ཡོད་པ་མ་ཡིན་ཏེ་མེད་པ་ཡིན་ནོ། །ཡང་ན་ཕྱི་ནས་ནི་དེ་མ་ཐག་ཏུ་བར་མ་ཆད་པ་ཉིད་ཀྱིས་སོ། །དེ་ཉིད་ཅེས་པ་ནི་ཡང་དག་པའི་ཡེ་ཤེས་སོ། །ཅིས་ཁྱད་འཕགས་ཤེ་ན། ཡང་དག་པར་བཤད་པའི་མངོན་པར་བརྗོད་པ་གང་ལ་ཡོད་པ་དེ་ནི་ཡང་དག་བཤད་དོ། །ཤིན་ཏུ་རྣམ་དག་ཤེས་པ་ནི་ཀུན་རྫོབ་དང་དོན་དམ་པ་ཕུལ་དུ་བྱུང་བ་ཤིན་ཏུ་ཕུལ་དུ་བྱུང་བ་དབྱེར་མེད་པར་དག་ཅིང་དྲི་མ་མེད་པའོ། །ཡེ་ཤེས་གཟུགས་ཅན་ནི་རྟོག་པ་གཅིག་གི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། །འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པའི་དོན་ནི་གསལ་བ་ཉིད་དོ། །དེ་ཉིད་བསྟན་པ་ནི། མཆོག་དགར་བསྒོམ་པ་མེད་ཅིང་བསྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་དང་འཛིན་པ་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བ་མེད། །སྐྱུག་བྲོ་མེད་ཅིང་རྨོངས་མེད་གཙང་བ་མེད། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་དང་ང་རྒྱལ་མེད་ཅིང་མཐོང་བྱ་མེད། །བསྒོམ་དང་སྒོམ་པ་པོ་མེད་བཤེས་དང་དགྲ་མེད་ཅིང༌། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །ཅེས་


DTG005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨོས་ཏེ། མཆོག་དགར་ཞེས་པ་ནི། མཆོག་ནི་རྡོ་རྗེ་འཛིན་པའོ། །དགའ་བ་ནི་བདག་མེད་པའོ། །མཆོག་ཀྱང་ཡིན་ལ་དགའ་བ་ཡང་ཡིན་པས་མཆོག་དགའོ། །རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་པའི་ཡེ་ཤེས་སོ། །དེར་དེ་ལ་ཡོད་པ་དེ་ཅི་ཞེ་ན། བསྒོམ་པ་མེད་ཅིང་སྟེ་བསྒོམ་པར་བྱ་བའི་དམིགས་པར་བྱ་བ་ཡང་མེད་པ་ཉིད་དོ། །གང་གི་ཕྱིར་སྒོམ་པ་པོ་མེད་ནི། དམིགས་པར་བྱེད་པ་ཡང་མེད་དེ། ཇི་ལྟར་ཞེ་ན་ལུས་ཀྱང་མེད་ཅིང་ངོ༌། །ཀྱང་གི་སྒྲ་ནི་གང་གི་ཕྱིར་ཏེ་ལུས་མེད་ནི་ཀུན་དུ་སྣང་བའི་མཚན་ཉིད་ཀྱི་ལུས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཟུང་བ་མེད་ནི་ལུས་བཀག་པ་ཉིད་ཀྱིས་གཟུང་བ་ཀུན་དུ་སྣང་བའི་མཚན་ཉིད་དེ་མེད་པའོ། །དེ་མེད་པའི་ཕྱིར་འཛིན་པ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་ལུས་བཀག་པ་ཉིད་ཡིན་ནོ། །ཤ་དང་ཁྲག་ཀྱང་མེད་ཅིང་བཤད་དང་གཅིག་བ་མེད་པ་མེད་པ་འདིས་ནི་དེ་བཞིན་གཤེགས་པ་བཞི་ཡང་འོད་དཔག་ཏུ་མེད་པ་ཉིད་དུ་ཐིམ་པ་ཡིན་པར་བསྟན་ཏོ། །དགའ་བ་ཡང་འོད་དཔག་ཏུ་མེད་པ་དང་དབྱེར་མེད་པ་སྟེ་མཆོག་དགའ་ཞེས་བྱ་བའི་ཐ་ཚིག་གོ །སྐྱུག་བྲོ་མེད་ནི་དེ་ཉིད་ཀྱི་ཕྱིར་སྐྱོན་དུ་བགྲང་བ་ཡང་མེད་དོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། སངས་རྒྱས་ལ་གང་རྟག་སྐྱོན་བགྲང༌། འདིར་ནི་ཁོ་བོ་སྐྲག་པར་བྱེད། །ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་རྨོངས་མེད་དེ་གཏི་མུག་མ་རིག་པས་འཁྲུལ་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་གཙང་སྦྲ་གཙང་བ་མེད་དེ་གཙང་སྦྲ་ནི་ཤིན་ཏུ་རྣམ་པར་དག་པའོ། །གཙང་བ་ནི་མེ་སྟེ་མེ་ཤིང་པ་མ་ལུས་པ་སྲེག་པར་བྱེད་པའི་ཕྱིར་རོ། །ཆགས་མེད་ནི་ཆགས་པ་འོད་དཔག་མེད་གསུང་རྡོ་རྗེའོ། །སྡང་བ་མེད་ནི་ཞེ་སྡང་བ་མེད་པ་སྟེ་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །རྨོངས་མེད་ནི་རྨོངས་པ་རྣམ་པར་སྣང་མཛད་དེ་སྐུ་རྡོ་རྗེའོ། །དེ་ཡང་ཕྲག་དོག་མེད་ནི་ཕྲག་དོག་དོན་ཡོད་གྲུབ་པ་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་ཐིམ་པ་ཡིན་ཏེ། དེ་ཡང་མེད་དེ། སེར་སྣ་མེད་པ་ནི་དེ་བཞིན་དུ་རིན་ཆེན་གཙོ་བོ་འོད་དཔག་མེད་ཐིམ་པས་སོ། །ང་རྒྱལ་མེད་ནི་རྡོ་རྗེ་སེམས་དཔའ་ཡང་མེད་པའོ། །མི་བསྐྱོད་པ་ཡང་དེ་བཞིན་དུ་དབྱེར་མེད་པའི་ཕྱིར་རོ། །འདིས་ནི་ཐབས་དང་ཤེས་རབ་དབྱེར་མེད་མེད་པས་རྡོ་རྗེ་གསུམ་གྱི་རང་བཞིན་དེས་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རྡོ་རྗེ་འཛིན་པའོ། །


DTG005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བྱ་མེད་ནི་ཐམས་ཅད་སྣང་བ་མེད་པར་གྱུར་པའི་ཕྱིར་རོ། །བསྒོམ་པ་ཞེས་པ་ནི་འབྱུང་བ་སྟེ། སྐྱེ་བའི་བྱ་བ་བཀག་པའོ། །སྒོམ་པ་པོ་ཡང་མེད་ནི་གྱུར་པ་ཡིན་པས་ན་སྒོམ་པ་པོ་སྟེ་དེ་ཡང་མེད་པ་ཡིན་ནོ། །ཆོས་ཐམས་ཅད་དང་པོ་ནས་མ་སྐྱེས་པའི་ཕྱིར་རོ། །སྐྱེས་པ་དང་སྐྱེ་བ་གཉིས་ཀ་ཡང་བཀག་པ་ཡིན་ནོ། །ཡང་ན་བསྒོམ་དང་སྒོམ་པ་པོ་དང༌། བསྒོམ་པ་ནི་ཡུལ་དང་དབང་པོའི་དངོས་པོའོ། །སྒོམ་པ་པོ་ནི་སེམས་སོ། །དེ་གསུམ་ཀ་ཡང་མེད་དེ་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཤེས་དང་དགྲ་མེད་ནི་བཤེས་ཞེས་པ་ནི་སེམས་ཏེ་དེ་མེད་པའོ། །དགྲ་ཞེས་པ་ནི་དགྲ་རྣམས་ཏེ་དེ་དང་འདྲ་བས་ན་གང་ཡང་ཡུལ་དང་དབང་པོ་དེ་རྣམས་ཀྱང་མེད་དོ། །ཇི་ལྟར་ཞེ་ན། རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བཤེས་ནི་མཛའ་བའོ། །དགྲ་ནི་མི་མཛའ་བའོ། །དགེ་བ་དང་མི་དགེ་བ་ཡང་མེད་པའི་དོན་ཏོ། །གང་གསུངས་པ། ཇི་ལྟར་ཆུ་ལ་ཆུ་བཞག་ན། དེ་སྙེད་ཆུ་རུ་རོ་མཉམ་འགྱུར། །སྐྱོན་དང་ཡོན་ཏན་རྣམ་ལྡན་སེམས། །རྨོངས་པ་གཉེན་པོ་ཅུང་ཟད་མེད། །ཅེས་གསུངས་སོ། །འདི་ཐམས་ཅད་ཇི་ལྟར་ཡིན་པ་དེ་གསུངས་པ། རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །རླབས་དང་འདྲ་བས་རྦ་རླབས་ཏེ་རྣམ་པར་རྟོག་པའོ། །དེ་ལས་བྱུང་བ་གང་ལ་ལྷན་ཅིག་སྐྱེས་པར་བཤད་དེ་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་དེ་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་ནི་གཟུགས་སྣ་ཚོགས་ཏེ་ཐམས་ཅད་ཉིད་དེའི་བདག་ཉིད་ཀྱིས་དེའི་ཁོངས་སུ་འདུས་པ་ཡིན་པར་དགོངས་སོ། །རྡོ་རྗེའི་སྙིང་པོས་འདི་སྐད་གསོལ། །གཟོད་ནས་རང་བཞིན་མེད་པའོ། །ལུས་ཀྱི་རང་བཞིན་དག་པ་ནི། །ཅི་སླད་འབྱུང་བའི་བདག་ཉིད་ལགས། །རྡོ་རྗེ་སྙིང་པོ་ཞེས་པ་ནི་རྡོ་རྗེའི་སྙིང་པོ་སྟེ་མི་ཕྱེད་པའི་སྐུ་ཡིན་པའི་ཕྱིར་རོ། །གསོལ་བ་ནི་ཞུ་བ་སྟེ། རྡོ་རྗེ་འཛིན་པ་ལ་ཞུགས་པའོ། །རྒྱུ་ཅིའི་སླད་དུ་ཞེ་ན། གང་གི་ཕྱིར་མཆོག་དགའ་བསྒོམ་པ་དང་སྒོམ་པ་པོ་ལ་སོགས་པ་རྣམས་བཀག་པ་དེའི་ཕྱིར་ཐེ་ཚོམ་སྐྱེས་ནས་གསོལ་པའོ། །ལུས་ཀྱི་ནི་ལུས་ལྷན་ཅིག་སྐྱེས་པ་ཡིན་པའི་ཐ་ཚིག་གོ །རང་བཞིན་ནི་རང་བཞིན་ལས་ཇི་ལྟ་བ་བཞིན་གྱི་ཡང་དག་པ་ཉིད་དོ། །དག་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །དེ་ཉིད་ཀྱི་ཕྱིར་གཟོད་ནས་ནི་དང་པོ་ཉིད་


DTG005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ས། །རང་བཞིན་མེད་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པ་སྟེ། གང་དེ་ལྟར། ཅེ་སླད་འབྱུང་བའི་བདག་ཉིད་ལགས་ནི་ཇི་ལྟར་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཡིན་ཞེས་པའོ། །དེ་ལ་བཅོམ་ལྡན་རྡོ་རྗེ་ཅན། མཁའ་འགྲོ་བདེ་བ་སྦྱིན་པས་གསུངས། །རློམ་སེམས་མེད་པའི་རང་བཞིན་བདག །ཐམས་ཅད་ལུས་ལ་རྣམ་པར་གནས། །དེ་ལ་ཞེས་པ་ནི་རྡོ་རྗེ་སྙིང་པོའི་རྟོག་པའོ། །བཅོམ་ལྡན་རྡོ་རྗེ་ཅན་ནི་རྡོ་རྗེའི་འཛིན་པའོ། །གསུངས་པ་ནི་བཀའ་སྩལ་པའོ། །ཅིས་ཁྱད་འཕགས་ཤེ་ན། མཁའ་འགྲོ་ནི་བདག་མེད་མ་ལ་སོགས་པ་རྣམས་སོ། །བདེ་བ་ནི་ཡེ་ཤེས་སོ། །སྦྱིན་པ་ནི་བདེ་བ་སྦྱིན་པའོ། །རློམ་སེམས་མེད་པའི་རང་བཞིན་བདག་ནི་རྣམ་པར་མི་རྟོག་པའི་རང་བཞིན་ནོ། །བདག་ནི་ལུས་ཏེ་གང་ལ་དེ་ཡོད་པ་དེ་ནི་རློམ་སེམས་མེད་པའི་རང་བཞིན་བདག་གོ །དེ་ཉིད་ཀྱི་ཕྱིར། ཐམས་ཅད་ལུས་ལ་རྣམ་པར་གནས་ནི་བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་མཐའ་དག་ལ་རྣམ་པར་གནས་པའོ། །ཁྱད་དུ་འཕགས་པའི་ཚུལ་གྱིས་ཨ་བ་སྟེ། ཨ་བདག་མེད་མའོ། །བ་རྡོ་རྗེ་འཛིན་པ་ཡིན་པས་ཨ་བའོ། །རིམ་པ་འདིས་ན་བརྟན་པ་དང་གཡོ་བ་ཡིན་ནོ། །ཅིའི་སླད་དུ་འབྱུང་བ་ཆེན་པོའི་ཕུང་པོ་ལགས་ཞེས་པ་ཡིན་པ་དེ་གསུངས་པ་ཁོ་ལ་ཀ་ཀྐོ་ལ་སྦྱོར་བས། །ས་ནི་དེ་ལ་སྐྱེ་བར་འགྱུར། །དེ་ལ་ནི་ལྷན་ཅིག་སྐྱེས་པ་ལས་སའི་ཁམས་སྐྱེས་བའོ། །བོ་ལ་རྡོ་རྗེའོ། །ཀ་ཀྐོ་ལ་པདྨའོ། །རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་ཡིན་པ་ཞེས་དགོངས་སོ། །སླར་དང་པོ་རེག་པར་འདོད་པ་སྟེ། རེག་པས་སྲ་བའི་ཆོས་ཀྱིས་ནི། །ཞེས་པའི་ཚིག་གིས་ཏེ་ས་ཡང་སྲ་བའི་རང་བཞིན་དུ་རྟོགས་པའི་ཕྱིར། སའི་ཁམས་དེ་ལ་དགའ་བའི་རང་བཞིན་གྱིས་ལྷན་ཅིག་སྐྱེས་པ་ལས་སྐྱེའོ། །བྱང་སེམས་ཁུ་བའི་རྣམ་པ་ལས། །ཆུ་ཡི་ཁམས་སུ་ཡང་ནི་འགྱུར། །ལྷན་ཅིག་སྐྱེས་པ་དེ་ལས་ནི་བྱང་ཆུབ་ཀྱི་སེམས་འབྱུང་སྟེ། ཁུ་བ་སྐྱེ་ཞིང་དེ་ཡང་ཁུ་བའི་ཚུལ་ཉིད་ཀྱི་ཕྱིར་ཆུའི་ཁམས་སོ། །སྐྱེ་བ་ནི་འབྱུང་བའོ། །བསྐྱོད་པ་ལས་ནི་མེ་ཡིན་ཏེ། རྡོ་རྗེ་པདྨ་བསྐྱོད་པ་ལས་མེའི་ཁམས་སྐྱེའོ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། གཡོ་བའི་རང་བཞིན་ཡིན་པའི་ཕྱིར་རླུང་གི་ཁམས་སུ་བསྟན་ཏོ། །བདེ་བ་ཡང་ནི་ནམ་མཁའི་ཁམས། །ནམ་མཁའི་


DTG005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བདེ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིས་ནི་ལྔ་པ་རྣམས་ཀྱི་ས་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་རྣམས་སོ། །ཡོངས་སུ་བསྐོར་ནི་ཐམས་ཅད་ལ་ཁྱབ་པ་དེའི་ལྷན་ཅིག་སྐྱེས་པའོ། །འདིས་ནི་ཕན་པའི་མཚན་ཉིད་ཡིན་པའི་ཕྱིར་འབྱུང་བ་ཆེན་པོའི་བདག་ཉིད་ཀྱི་ལུས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེའི་ཕྱིར་འདོད་ཆགས་དང་རྣམ་པར་ཆགས་པ་འདྲེས་པར་གྱུར་པ་ཆུ་ལ་ཆུ་བཞག་པ་ལྟ་བུའི་བདག་མེད་མའི་བྱང་ཆུབ་ཀྱི་སེམས་ཐབས་དང་ཤེས་རབ་དབྱེར་མེད་པའི་བདེན་པ་གཉིས་ཀྱི་བདག་ཉིད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་བྱང་ཆུབ་པའི་རྒྱུ་ཡིན་ཏེ། རྡོ་རྗེ་སྙིང་པོའི་ཐེ་ཚོམ་བཅོམ་ལྡན་འདས་ཀྱིས་བསལ་བ་ཡིན་ནོ། །ཡང་ན་མཆོག་དགའ་རྡོ་རྗེ་འཛིན་པ་དང་བདག་མེད་མའི་ཡེ་ཤེས་བསྒོམ་པ་དང་སྒོམ་པ་པོ་ལ་སོགས་པ་རྣམས་མི་དམིགས་པའི་ཕྱིར་རོ། །འདི་སྐད་ནི་རྒྱུའོ། །དགྱེས་པའི་རྡོ་རྗེ་ཞེས་པ་ནི་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ཡེ་ཤེས་སུ་བསྟན་ཏོ། །ཡང་དག་པའི་བདག་ཉིད་ནི་ཡང་དག་པ་དེ་ཉིད་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱི་རང་བཞིན་གང་དེ་ནི་འབྱུང་བའི་བདག་ཉིད་ཀྱི་ཡེ་ཤེས་སོ། །ཅིའི་སླད་དུ་ཞེ་ན། རང་བཞིན་གྱིས་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་ནོ། །ལུས་དག་ནི་ལུས་ནི་སྐུ་གསུམ་སྟེ་མ་ནིང་དུ་བསྟན་པའོ། །གང་གཟོད་ནས་ནི་དང་པོ་ཉིད་ནས་སོ། །རང་བཞིན་མེད་པ་ནི་མེད་ནི་བདག་མེད་མའོ། །རང་རྡོ་རྗེ་འཛིན་པའོ། །བཞིན་ནི་གཉིས་ཀའི་གཉིས་ཀྱི་བདག་ཉིད་དོ། །དེ་ལྟ་བུར་གྱུར་པའི་བདེ་བའི་ཡེ་ཤེས་སོ། །དེ་ལ་ཞེས་པ་ནི་དེ་ལྟར་རྣམ་པར་གནས་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། ཡི་གེ་ཨ་དང་ཡི་གེ་ཧའི་རང་བཞིན་ནོ། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པས་སོ། །རྡོ་རྗེ་ཅན་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུའོ། །དེ་ཉིད་ཀྱི་ཕྱིར། མཁའ་འགྲོ་མ་ནི་བདག་མེད་མ་ལ་སོགས་པའི་བདེ་བའི་ཡེ་ཤེས་སོ། །སྦྱིན་པ་ནི་སྤྱན་པའོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱང་ཡེ་ཤེས་དེའི་རང་བཞིན་ཉིད་ཀྱིས་དེའི་ནང་དུ་ཐིམ་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། རློམ་སེམས་མེད་པའི་རང་བཞིན་ཅན་ནི་རྟོག་པ་ཐམས་ཅད་དང་རྣམ་པར་རྟོག་པ་སྤངས་པའོ། །ཐམས་ཅད་ལུས་ནི་བརྟན་པ་དང་གཡོ་བའི་ལུས་ལ་རྣམ་


DTG005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པ་ཁྱབ་པ་ཡིན་པས་མི་གཡོ་བའོ། །དེ་ལྟ་བུར་གྱུར་པ་ཉིད་རྡོ་རྗེ་འཛིན་པའོ། །དེ་ཉིད་ལའོ། །ས་སྐྱེ་བ་ནི་དེ་ཉིད་བདག་མེད་མའི་རང་བཞིན་དུ་བསྐྱོད་པའོ། །ཇི་ལྟར་ཞེ་ན། རྡོ་རྗེ་པདྨ་མཉམ་སྦྱོར་ལས། གཉི་ག་དབྱེར་མེད་པའི་དོན་ཏོ། །འདིས་ནི་བསྐྱེད་པའི་རིམ་པ་བསྟན་པ་ཡིན་ནོ། །དེ་ཉིད་བྱང་ཆུབ་སེམས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཁུ་བའི་རྣམ་པ་ནི་མེར་མེར་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ཞེ་ན། ཆུའི་ཁམས་ཏེ་རྡོ་རྗེ་འཛིན་པའོ། །སྐྱེ་བར་འགྱུར་ནི་ཡང་དག་པར་འབྱུང་བས་ན་སྐྱེ་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། འདིས་ནི་རྫོགས་པའི་རིམ་པ་བསྟན་ཏོ། །བསྐྱོད་པ་ལས་ནི་མེ་ཡིན་ཏེ། །ཞེས་པ་ནི་ཐབས་དང་ཤེས་རབ་དག་ལས་རྟག་ཏུའོ། །མེ་ནི་གཉི་ག་ཡང་རང་བཞིན་པའོ། །འབྱུང་བ་ནི་སྐྱེ་བའོ། །དེ་ནས་ཡང་འགྲོ་བས་ནི་རྟོག་པ་ལས་སོ། །རླུང་ནི་ཡེ་ཤེས་སོ། །གྲགས་ནི་གསལ་བ་རབ་ཏུ་གསལ་བའོ། །བདེ་བ་ནི་བདེ་བའི་ཡེ་ཤེས་དེའི་དངོས་པོའི་བདེ་བའོ། །ནམ་མཁའི་ཁམས་ནི་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ལྔ་པོ་རྣམས་ཀྱིས་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔས་སོ། །ཡོངས་སུ་ནི་ཀུན་ནས་སོ། །བསྐོར་བ་ནི་ཁྱབ་པའོ། །བདེ་བ་ཡང་ནི་ནམ་མཁའི་ཁམས། །ཞེས་པ་ནི་བདེ་བ་ནམ་མཁའི་ཁམས་ཡིན་པའི་ཕྱིར་རོ། །དེ་ཡང་དེ་ཁོ་ན་ཉིད་མ་ཡིན་པར་གསུངས་པ། དེའི་ཕྱིར་བདེ་བ་དེ་ཉིད་མིན། །འབྱུང་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་བདེ་བ་དེ་ནི་བདེ་བ་ཡང་དག་པར་རིག་པ་ཡང་དེ་ཁོ་ན་ཉིད་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་དེ་ལྷན་ཅིག་སྐྱེས་པ་ཡིན་ཞེ་ན། གསུངས་པ། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །ལྷན་ཅིག་སྐྱེས་པ་དག་ཅེས་པ་ནི་ཁུ་བ་དང་བདེ་བ་དག་གོ །བསྐྱེད་གང་ནི་གང་འབྱུང་བའོ། །དེ་ལྷན་ཅིག་སྐྱེས་པའི་རང་བཞིན་ཡང་དག་པའི་བདེན་པ་མཐོང་བས་ཡང་དག་པའི་ཡེ་ཤེས་ཞེས་བརྗོད་དོ། །དེ་ཉིད་མངོན་པར་གསལ་བར་བྱས་པ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་བདེ་མཆོག་གཅིག །རང་གི་དངོས་པོ་ནི་རང་བཞིན་ཏེ། བདག་ཉིད་ཡང་དག་པར་རིག་པ་ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །དེ་ཡང༌། རྣམ་པ་ཐམས་


DTG005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདེ་མཆོག་གཅིག་ནི་གཉིས་སུ་མེད་པའི་ཚུལ་གྱིས་བསྡུ་བ་ཡིན་ནོ། །ཡང་ན་རང་གི་སེམས་དང་ཡུལ་དང་དབང་པོའི་དངོས་པོ་དག་འདི་གསུམ་གྱི་རང་བཞིན་ནི་མ་ནིང་ལྷན་ཅིག་སྐྱེས་པ་ཞེས་བསྟན་ཏོ། །ཐམས་ཅད་ནི་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་མའོ། །དེ་ལྟར་ཐམས་ཅད་གཉི་གའི་བྱ་བ་བྱེད་པ་རྣམ་པ་ཐམས་ཅད་དོ། །དེ་ཡང་གཅིག་ནི་གཉིས་སུ་མེད་པའོ། །དེ་ལྟར་ན་རྣམ་པ་ཐམས་ཅད་གཅིག་གོ །དེ་ལྟར་བུར་གྱུར་པའི་ཡེ་ཤེས་བདེ་བ་ནི་ཡེ་ཤེས་ཏེ་རྣམ་པ་ཐམས་ཅད་སྡོམ་པའོ། །འདི་ཉིད་མཆོག་ནི་དམ་པ་སྟེ། རྡོ་རྗེ་འཛིན་པ་དང་བདག་མེད་མ་གཉི་ག་ཡང་གཉིས་སུ་མེད་པར་བྱེད་པ་འདི་འདྲ་བའི་ཡེ་ཤེས་དམ་པ་དེ་འདི་ཉིད་ལྷན་ཅིག་སྐྱེས་པ་ཡང་དག་པའི་ཡེ་ཤེས་སོ། །བདེ་བར་ཉམས་སུ་མྱོང་བའི་ཡེ་ཤེས་སུ་ནི་ཁ་ཅིག་འདོད་དོ། །དེ་ཡང་ཉེན་ཐོས་དང་མུ་སྟེགས་པ་རྣམས་ཀྱི་ཡིན་ནོ། །དེའི་ཕྱིར། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །རྣལ་འབྱོར་བ་ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་བདེན་པ་གཉིས་ཀྱི་བདག་ཉིད་ཅི་འདྲ་བར་གྱུར་པའོ། །སྙིང་རྗེ་ཐབས་ནི་སྙིང་རྗེ་ཉིད་ཀྱི་ཐབས་གང་ལ་ཡོད་པ་དེ་ནི་སྙིང་རྗེ་ཐབས་ཏེ་གཞན་གྱི་དོན་གྱི་སྤྱོད་པ་ལ་འཇུག་པ་ཡིན་ནོ། །ཕྱག་རྒྱ་ཞེས་པ་ནི་ཤེས་རབ་པོ། །རྒྱུ་དང་བྲལ་བ་ལས་ནི་མཚན་མ་མེད་པའི་སྤྱོད་པར་རྣམ་པར་གནས་པ་ཡིན་པར་དགོངས་སོ། །འདིས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པར་གྱུར་པས་བསྐྱེད་པའི་རིམ་པ་བསྟན་པ་ཡིན་ནོ། །ཡང་ན། རྣལ་འབྱོར་སྙིང་རྗེ་ཐབས་སུ་གྱུར་ནི་སྙིང་རྗེ་ཞེས་པ་ནི་སྙིང་རྗེས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བསྒྲལ་བར་འདོད་པས་སོ། །དེ་ཉིད་ཐབས་ཀྱིས་རྒྱུ་ལས་བསྒྲལ་བར་འདོད་པས་སོ། །དེ་ཉིད་ཐབས་ཀྱིས་རྒྱུ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་སྙིང་རྗེ་ཐབས་སོ། །ཕྱག་རྒྱ་འགྱུར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཇི་ལྟར་ཞེན། རྒྱུ་དང་བྲལ་བ་ལས་མཚན་མ་མེད་པའི་སྤྱོད་པས་རྣམ་པར་གནས་པའོ། །འདིས་ཅི་བསྟན་ན། དེ་ལྟ་བུར་གྱུར་པའི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པ་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པ་སེམས་ཅན་ཞེས་བྱ་བར་གྱུར་པ་མེད་པར་བྱེད་པ་འདི་ལྟ་བུ་ཉིད་འདི་ནི་ཐབས་ལ་མཁས་པ་ཡིན་


DTG005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཐབས་ལ་མཁས་པ་འདི་ཡང་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པ་ཁོ་ན་ལས་གཞན་དང་གཞན་ཡོད་པ་མ་ཡིན་ནོ། །རྫོགས་པའི་རིམ་པས་བསྡུ་བ་གསུངས་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བསྟན། །སྟོང་པ་ཉིད་ནི་དེ་བཞིན་ཉིད་དོ། །སྙིང་རྗེ་ནི་སེམས་སོ། །སྟོང་པ་ཉིད་དང་སྙིང་རྗེ་གཉི་ག་དབྱེར་མེད་པ་གང་སྟོང་པ་ཉིད་དེ་ཉིད་སྙིང་རྗེ་ལ་གང་སྙིང་རྗེ་ཉིད་སྟོང་པ་ཉིད་དོ། །གང་བཅོམ་ལྡན་འདས་ཀྱིས་གསུངས་པ། སེམས་ཉིད་དེ་བཞིན་ཉིད་ལ་དེ་བཞིན་ཉིད་སེམས་ཡིན་པ་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་དབྱེར་མེད་ལ་གཅད་དུ་མེད་པའོ། །དེ་ཉིད་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་བཤད་དོ། །དྲན་པ་བརྗེད་ངས་མེད་པའི་རྣལ་འབྱོར་ལ་གནས་ཤིང་བླ་མ་དམ་པའི་ཞབས་ལ་གནས་པའི་དོན་ཏེ། ལྷན་ཅིག་སྐྱེས་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་དང་སྦྱིན་སྲེག་མེད། །དཀྱིལ་འཁོར་བ་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་བ་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ནས་ནི་སེམས་ནི་འདུས་པའི་ཚུལ་ཅན་ནོ། །དེ་ཁོ་ན་ཉིད་ཤེས་པས་སྔགས་ཀྱི་བཟླས་པ་མི་བྱའོ། །དཀའ་ཐུབ་མི་བྱའོ། །སྦྱིན་སྲེག་མི་བྱའོ། །དཀྱིལ་འཁོར་པའི་ལྷའི་ཚུལ་གྱིས་བསྒོམ་པར་མི་བྱའོ། །དཀྱིལ་འཁོར་ཡང་མ་ལུས་པ་བསྒོམ་པར་མི་བྱའོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དེ་ཉིད་དེ་ནི་སྔགས་ཀྱི་བཟླས་པའོ། །དེ་ཉིད་དཀའ་ཐུབ་པོ། །དེ་ཉིད་དཀྱིལ་འཁོར་བའི་ལྷའི་ཚུལ་ལོ། །དེ་ཉིད་དཀྱིལ་འཁོར་རོ། །མདོར་བསྡུས་པ་ནི་མདོར་བསྡུས་པ་སྟེ་བསྡུ་བའོ། །དབྱེར་མེད་པའི་སེམས་ནི་འདུས་པའི་ཚུལ་ཅན་ནོ་ཞེས་པ་ནི་འདུས་པ་ནི་ཚོགས་པའོ། །སེམས་ཀྱང་དེ་ལ་འདས་པ་ཡང་ཡིན་པས་སེམས་ནི་འདུས་པའོ། །དེ་ཉིད་ཚུལ་ནི་རང་བཞིན་ནོ། །དེ་འདི་ལ་ཡོད་པས་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཆོས་རྣམས་ཐམས་ཅད་ནི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དགྱེས་པའི་རྡོ་རྗེ་ཡིན་ནོ། །དེ་སྐད་དུ་ཡང་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། མོས་པ་སྣ་ཚོགས་པ་ཡི་ཕྱིར། །ལྷ་ཡི་དམིགས་པ་སོ་སོ་སྟེ། །ཐུགས་ཀྱི་རྡོ་རྗེ་རྣམ་གྲོལ་ནས། །ལྷ་གཞན་མེད་པར་མངོན་པར་བརྗོད། །ཅེས་བྱ་


DTG005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིག་གིས་སོ། །ཡང་ན་སེམས་ནི་འདུས་པའི་གཟུགས་ཅན་ནོ། །སེམས་ཉིད་འདུས་པའི་ཚུལ་འདི་ལ་ཡོད་པས་སོ། །སྔགས་ཀྱི་བཟླས་མེད་ཅེས་པ་འདིས་ནི་གསུང་རྡོ་རྗེ་དབྱེར་མེད་པའོ། །དཀའ་ཐུབ་མེད་ཅེས་པ་འདིས་ནི་སྐུ་རྡོ་རྗེའི་བྱ་བ་དབྱེར་མེད་པའོ། །སྦྱིན་སྲེག་མེད་ཅེས་པ་ནི་ཐུགས་རྡོ་རྗེ་དབྱེར་མེད་པའོ། །དཀྱིལ་འཁོར་བ་ཡང་མེད་ཅེས་པ་ནི་ཐབས་དབྱེར་མེད་པའོ། །དཀྱིལ་འཁོར་ཡང་ནི་མེད་ཅེས་པ་འདིས་ནི་ཤེས་རབ་དབྱེར་མེད་པའོ། །ཇི་ལྟར་ཞེ་ན། མདོར་བསྡུས་ན་སྟེ། མཐའ་དག་དབྱེར་མེད་པ་ཉིད་དེ་འཕགས་པ་ཡིན་པས་མདོར་བསྡུ་བའོ། །གང་སེམས་ནི་འདུས་པའི་ཚུལ་ཅན་ནི། སེམས་འདུས་པ་ནི་སེམས་འདུས་པ་སྟེ་སེམས་ཀྱང་དེའི་ནང་དུ་ཐིམ་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་འདི་རྡོ་རྗེ་འཛིན་པ་ལ་ཡོད་པས་སེམས་ནི་འདུས་པའི་གཟུགས་ཅན་ནོ། །གང་སེམས་དེ་འདུས་པའི་ཚུལ་ཅན་དེ་ནི་རང་འབྱུང་ཞིང་སེམས་ལས་འདས་པ་དེ་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དང་དཀྱིལ་འཁོར་ཉིད་ཀྱིས་དེ་ཉིད་གཉི་ག་སྙོམས་པར་ཞུགས་པས་བཟླས་པ་དང་དཀའ་ཐུབ་དང་སྦྱིན་སྲེག་གི་རང་བཞིན་ཉིད་ཀྱིས་རྡོ་རྗེ་གསུམ་གྱི་རང་བཞིན་ཐམས་ཅད་བསྡུ་བའི་བདག་ཉིད་དེས་ཀྱང་ཡེ་ཤེས་ལྔ་དང་སྐུ་གསུམ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རང་འབྱུང་བའི་རྡོ་རྗེ་འཛིན་པའི་དབང་བསྐུར་བའི་རིམ་པར་ཕྱེ་བའོ། །མངོན་པར་ཀུན་ནས་དབང་དྲི་མ་མེད་པར་བྱེད་པས་ན་དབང་བསྐུར་བའོ། །གཉི་གའི་རྣམ་པར་དག་པའོ། །དེ་ཡང་གོས་ནི་འགེབས་པའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན་དབང་བསྐུར་བའི་རིམ་པར་ཕྱེ་བའོ། །བཅུ་པའོ་ཞེས་པ་ནི་བཅུ་པོ་རྣམས་ནི་རྫོགས་པས་ན་བཅུ་པོ་སྟེ། མཁའ་འགྲོ་མ་བརྒྱད་དང༌། བདག་མེད་མ་དང༌། རྡོ་རྗེ་འཛིན་པའོ། །ཡང་ན་དཀྱིལ་འཁོར་དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ། །དཀྱིལ་འཁོར་ཡང་ཡིན་ལ་དབང་བསྐུར་བ་ཡང་ཡིན་པས་ན་དཀྱིལ་འཁོར་དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ། །དཔལ་དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་ལེའུ་བཅུ་པའོ།། །།


previousབཅུ་པ། དབང་གི་ལེའུ།next