Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ལྔ་པ།


  collapse section
  expand section
  collapse section
   
   
གཉིས་པ་དངོས་གྲུབ་གཏན་ལ་དབབ་པའི་ལེའུ།
   
   
   
   
   
   
   
   
   
   
  expand section


 
previousགཉིས་པ་དངོས་གྲུབ་གཏན་ལ་དབབ་པའི་ལེའུ།next

གཉིས་པ་དངོས་གྲུབ་གཏན་ལ་དབབ་པའི་ལེའུ།


DTG005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དབྱེར་མེད་པ་འདིས་རྩིག་པ་ལ་སོགས་པ་ལ་ཡང་བྱིན་གྱི་རླབས་འཇུག་པས་རབ་ཏུ་གནས་པར་བྱ་བར་བསྟན་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་ངེས་པར་མེད་པའི་ཕྱིར། ལམ་འདིར་ཞུགས་པ་བརྒྱ་ལ་ཐེ་ཚོམ་ཟ་ནས་ལས་འདི་ལས་ལྡོག་པར་ཇི་ལྟར་ཡང་འགྱུར་བ་ཡིན་པའི་དོགས་པ་བསུ་ནས་དངོས་གྲུབ་གཏན་ལ་ཕབ་པའི་རིམ་པར་ཕྱེ་བ་བཅོམ་ལྡན་འདས་ལ་ཞུགས་པའི་སྒོ་ནས་བསྟན་པ། རྡོ་རྗེ་སྙིང་པོས་གསོལ་བ་ནི་བཅོམ་ལྡན་འདས་ལ་ཞུགས་པའོ། །ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །རྒྱ་མཚོ་ཀུ་བ་ཇི་ལྟ་བར། །རང་འདོད་ལྷ་ཡི་གཟུགས་ལས་ནི། །སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །རིམ་པ་གཉི་ག་རྣམ་པར་དག་པ་བསྒོམས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པ་ཡིན་པར་བསྟན་ཏོ། །རྫོགས་པའི་རིམ་པ་ཉིད་བསྒོམ་པར་བྱ་བ་ནི་ནམ་མཁའ་ལྟ་བུའི་ཆོས་ཀུན་ལའོ། །སེམས་ཅན་རྣམས་བསྐྱེད་པའི་རིམ་པ་བསྒོམ་པ་ཉིད་ནི་རྒྱ་མཚོ་ཀུ་བ་ཇི་ལྟ་བ་སྟེ། རྒྱ་མཚོའི་ནང་དུ་ཀུ་བ་རྡོག་མ་གཅིག་གིས་སོ། །དེ་གཉི་ག་ཡང་རང་འདོད་ལྷའི་གཟུགས་ལས་སོ། །ཇི་ལྟར་ནི་གང་ལས་སོ། །སེམས་ཅན་ནི་སྲིད་གསུམ་དུ་གྱུར་པས་ཇི་ལྟར་འགྲུབ་ཅེས་རྡོ་རྗེ་སྙིང་པོས་གསོལ་བའོ། །འདིས་ཅི་བསྟན་ན་དེ་བཞིན་ཉིད་ཀྱིས་རྣམ་པར་དག་པས་རང་བཞིན་མེད་པ་ཙམ་ཉིད་ཀྱི་སྒོ་ཡིན་ནོ། །ལྷའི་རྣམ་པར་དག་པས་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཙམ་ཁོ་ན་རྣམ་པར་དག་པ་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་ཡང་དག་པའི་ཡེ་ཤེས་ཡིན་ལ་དེའི་རྣལ་འབྱོར་དང་ལྡན་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པ་ཡིན་པས་རིམ་པ་གཉིས་ཀྱི་སྒོམ་པ་རྣམས་ཀྱང་གཉི་ག་དབྱེར་མེད་པའི་སྒོམ་པ་ལ་ཐེ་ཚོམ་ཟ་ནས། སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར་ཞེས་ཐེ་ཚོམ་ཟ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་ལ་བཀའ་སྩལ་པ་ཞེས་པར་སྦྱར་རོ། །འདི་འདྲ་བའི་ཐེ་ཚོམ་ཟ་བ་ལ། བཅོམ་


DTG005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པ་འམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །དངོས་གྲུབ་འདོད་པས་མི་གནས་སོ། །གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པ་དེས་སྐད་ཅིག་ཙམ་མམ་ཡུད་ཙམ་མམ་ཐང་ཅིག་ཀྱང་གཞན་པའི་སེམས་ཀྱིས་དེ་མི་གནས་སོ། །ཇི་ལྟར་ཞེ་ན་གང་གི་ཕྱིར། བདག་མེད་རྣལ་འབྱོར་ལྡན་པའམ། ཡང་ན་ཧེ་རུ་ཀ་དཔལ་བརྩོན། །དེའི་ཕྱིར་དབྱེར་མེད་པར་སེམས་གཞག་གོ །ཡང་ན། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གང་དེ་གཉི་གའོ། །ཡང་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་མའོ། །གཉི་ག་ཡང་གཉི་ག་དབྱེར་མེད་པ་ཉིད་ཡིན་ནོ། །ཡང་ན་དེ་ལྟ་བུར་གྱུར་པ་གང་དེ་སྐད་ཅིག་ཀྱང་གཞན་པའི་སེམས་ཀྱིས་མ་ཡིན་པར་གཉིས་སུ་མེད་པར་རྒྱུན་མི་འཆད་པར་མ་ནིང་གི་རང་བཞིན་ནོ། །དེ་ལྟར་དེ་མི་གནས་པ་ནི་གཡོ་བ་མེད་པའི་རང་བཞིན་དུ་གྱུར་བའོ། །དེ་གང་ཞེ་ན། དངོས་གྲུབ་འདོད་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པའོ། །དེ་བས་ན་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉི་ག་ཡང་བསྒོམ་པ་ན་རིམ་པ་གཉིས་དབྱེར་མེད་པའི་བསྒོམ་པ་ཉིད་ཡིན་པས་ཐེ་ཚོམ་མ་ཟ་ཅིག་ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་གསུང་ངོ༌། །དང་པོར་གོམས་པར་བྱེད་དུས་ཀྱི། །གནས་ནི་གང་དུ་བསྔགས་པའི་སེམས། །གཅིག་ཏུ་མཉམ་གཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོ་ངེས་པར་བརྟག །དང་པོར་གོམས་པར་བྱེད་པའི་དུས་སུ་གོམས་པར་བྱ་བའི་གནས་དེ་གསུངས་པ། རང་གི་ཁྱིམ་དུ་མཚན་དུས་སུ། །བདག་ཉིད་དངོས་གྲུབ་སེམས་ཀྱིས་ནི། །ཤེས་རབ་རྣལ་འབྱོར་མ་བསྒོམ་བྱ། །ཡང་ན་ཧེ་རུ་ཀ་དཔལ་ཏུ་གཟུགས། །རང་གི་ཁྱིམ་དུ་ཞེས་པ་ནི་རང་གི་གནས་ཉིད་དུའོ། །མཚན་མོའི་དུས་སུ་ནི་ནུབ་མོའོ། །བདག་ཉིད་དངོས་གྲུབ་ནི་རྣམ་པར་གནས་པའོ། །རྣལ་འབྱོར་མ་ཞེས་པ་ནི་རྣལ་འབྱོར་མ་བདག་མེད་མའོ། །ཤེས་རབ་ཅེས་པ་ནི་བདག་མེད་མའི་བསྒོམ་པ་དང་ལྡན་པའོ། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །ཞེས་པ་ནི་ཐབས་ཀྱི་ཆ་སྤྲོ་བའི་རང་བཞིན་ནོ། །ཡང་ན་བཟང་པོ་ནི་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པའོ། །བརྟག་ནི་འཁོར་བ་ཀུན་རྫོབ་ཀྱི་


DTG005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའོ། །གཉི་ག་ཡང་ངེས་པ་ནི་ངེས་པའོ། །གནས་ནི་གནས་ཏེ་ཡེ་ཤེས་མི་གཡོ་བར་བརྟན་པའོ། །དང་པོར་གོམས་པར་བྱེད་པའི་དུས་སུ་གཉིས་སུ་མེད་པར་རྟོགས་པའི་སད་ཅིག་ལ་གཉིས་སུ་མེད་པར་རྟོགས་པ་ཉིད་བརྟན་པ་ཡིན་པའི་དོན་ཏོ། །གནས་ནི་གང་དུ་ནི་ཡ་རླུང་གི་ཁམས་སོ། །དེ་སྐྱོབ་པར་བྱེད་པས་ན་གང་དུ་ནཱ་ད་ཕྲེང་གཉིས་པོ་དེར་གནས་པས་ན་གང་དུའོ། །དེ་ཉིད་ཀྱི་ཕྱིར་སྔགས་པ་ན་གསུང་རྡོ་རྗེའི་བདག་ཉིད་དོ། །སེམས་གཅིག་གི་ཨེ་ཤེས་རབ་པོ། །ཀ་སྐུ་རྡོ་རྗེ་སྟེ་གཅིག་གོ །ཤེས་རབ་དང་དབྱེར་མེད་པའི་སྐུ་རྡོ་རྗེའོ། །གཅིག་ཀྱང་ཡིན་ལ་སེམས་ཀྱང་ཡིན་པས་ན་སེམས་གཅིག་སྟེ། སྐུ་རྡོ་རྗེ་དང་ཐ་མི་དད་པའི་ཐུགས་རྡོ་རྗེའོ། །མཉམ་གཞག་ནི་མཉམ་པ་ཉིད་དུ་གཞག་ཅིང་དམིགས་པ་སྐུ་གསུང་ཐུགས་དབྱེར་མེད་པ་ཡིན་པའི་དོན་ཏོ། །རང་གི་ཁྱིམ་དུ་ཞེས་པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་སུའོ། །བདག་ཉིད་ཅེས་པ་ནི་ཡི་གེ་ཨ་དང་ཧཾ་གི་བདག་ཉིད་ཀྱི་བདག་མེད་པའི་ཡེ་ཤེས་སོ། །དངོས་གྲུབ་ནི་ཡོངས་སུ་རྫོགས་པའོ། །སེམས་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པས་སོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་མ་བསྒོམ་པར་བྱ་སྟེ། རྡོ་རྗེ་འཛིན་པ་དང་དབྱེར་མེད་པར་བྱ་བའོ། །ཤེས་རབ་ནི་རྡོ་རྗེ་འཛིན་པ་ལ་མངའ་བས་ན་ཤེས་རབ་པོ། །ཡང་ན་ཞེས་པ་ནི་གཉི་གའི་བདག་ཉིད་གཉི་ག་དབྱེར་མེད་པའི་ཕྱིར་རོ། །ཧེ་རུ་ཀ་དཔལ་གཟུགས་ཞེས་པ་ནི་གཟུགས་མེད་པའི་གཟུགས་ནི་དཔལ་ཧེ་རུ་ཀའི་གཟུགས་སོ། །དེ་བསྒོམ་པར་བྱ་སྟེ་སྙོམས་པར་འཇུག་པ་ཉིད་དུ་གཞག་པའི་དོན་ཏོ། །ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད་དུ་ཀུན་གྱིས་བྱས་ནས་གྲོལ་བ་ཡིན་པ་དེ་གསུངས་པ། རྐང་པ་འཁྲུད་དང་ཟ་བ་དང༌། །འཐོར་འཐུང་སོ་རྩི་ཟ་བ་དང༌། །ཙནྡན་གྱིས་ནི་ལག་ཉེད་དང༌། །སྨད་གཡོགས་ཀྱིས་ནི་རྐེད་འབེབས་དང༌། །འབྱུང་དང་གཏམ་སྨྲ་འགྲོ་བ་དང༌། །འདུག་དང་ཁྲོ་དང་དགོད་པ་དང༌། །བཅོམ་ལྡན་ཤེས་རབ་རྣལ་འབྱོར་མ། །བསྟེན་ཞིང་བརྟུལ་ཞུགས་ཅན་གྱིས་བསྒོམ། །གཞན་གྱི་ཚུལ་གྱིས་སྐད་ཅིག་ཀྱང༌། །གདུག་པའི་སེམས་ནི་མ་རིག་པ། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །མཁས་པས་འབད་པས་མི་གནས་སོ། །བསམ་གཏན་ཉོན་མོངས་འཇོམས་


DTG005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །དངོས་གྲུབ་དོན་དུ་ཉམས་སོང་དུའང༌། །ཟླ་བ་ཕྱེད་དུ་ཡོངས་སུ་རྟོགས། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །ཉི་མ་གཅིག་ཏུ་མ་ཆད་པར། །བསྒོམ་པས་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །རིག་མ་ལན་ཅིག་གོམས་བྱས་པས། །འཕྲལ་དུ་མངོན་དུ་བྱེད་པར་འགྱུར། །འདིའི་དོན་ནི་གོ་སླ་བ་ཉིད་དོ། །ཡང་ན་རྐང་པ་འཁྲུད་དང་ཞེས་པ་འདིས་ནི་འོད་གསལ་བ་ཉིད་དོ། །འཐོར་འཐུང་ཞེས་པ་འདིས་ནི་རིམ་པ་གཉིས་རྣམ་པར་དག་པའི་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་བཅོམ་ལྡན་འདས་སོ། །ཟ་བ་དང་ཞེས་པ་འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དོ། །སོ་རྩི་ཟ་བ་དང་ཞེས་པ་འདིས་ནི་སྤྲུལ་པའི་སྐུ་ཉིད་དོ། །ཙནྡན་གྱིས་ནི་ལག་ཉེད་དང༌། །ཞེས་པ་འདིས་ནི་སེམས་ཅན་ཐམས་ཅད་དགའ་བ་བདེའི་རྣམ་པར་སྐུ་གསུམ་གྱི་རང་བཞིན་གྱི་ཡེ་ཤེས་ཀྱིས་སོ། །ལག་པ་གཉི་ག་ལྔའི་བདག་ཉིད་ཀྱི་ཡེ་ཤེས་ཁྱབ་བདག་སྐུ་གསུམ་དང་ཡེ་ཤེས་ལྔ་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱིས་ཁྱབ་པའོ། །སྨད་གཡོགས་ཀྱིས་ནི་རྐེད་འབེབས་དང༌། །ཞེས་པ་ལ་རྐེད་པ་ཞེས་པ་ནི་རྐེད་པ་བདག་མེད་མ་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་དབྱེར་མེད་པ་ཉིད་ཀྱི་དོན་ཏོ། །འབྱུང་དང་གཏམ་སྨྲ་འགྲོ་བ་དང༌། །ཞེས་པ་ནི་འདི་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་ཉིད་ཡིན་པའོ། །འདུག་དང་ཞེས་པ་ནི་མི་གཡོ་བའི་ཡེ་ཤེས་སོ། །ཁྲོ་དང་ནི་བསྡུ་བའི་ཡེ་ཤེས་སོ། །དགོད་པ་ནི་སྤྲོ་བའི་ཡེ་ཤེས་སོ། །བཅོམ་ལྡན་འདས་མ་བསྟེན་པ་དང༌། །ཞེས་པ་ནི་བདག་མེད་མའི་ཡེ་ཤེས་མངོན་དུ་བྱེད་པའོ། །ཤེས་རབ་ཅེས་པ་ནི་རྡོ་རྗེ་འཛིན་པར་གྱུར་བའོ། །དེ་ལྟར་རིམ་པ་འདིས་ནི་རྣལ་འབྱོར་མ་ནི་རྣམ་པར་བསྒོམ་སྟེ། སྙོམས་པར་ཞུགས་པར་བྱའོ། །བརྟུལ་ཞུགས་ཅན་ནི་ཡང་དག་པའི་ཡེ་ཤེས་མཐར་ཕྱིན་པའོ། །གཞན་གྱི་ཚུལ་གྱིས་སྐད་ཅིག་ཀྱང་ནི་གཉིས་སུ་མེད་པར་རྟོགས་པའོ། །མ་རིག་པ་ནི་བདག་མེད་མའི་ཡེ་ཤེས་སོ། །གདུག་པའི་སེམས་ནི་གདུག་པ་མི་བསྐྱོད་པ་རྡོ་རྗེ་འཛིན་པའོ། །དེས་སེམས་ནི་ཡེ་ཤེས་དེས་སོ། །དེ་ཉིད་ཀྱི་ཕྱིར་མི་གནས་སོ་ནི་མི་གནས་པའི་རྣལ་འབྱོར་གྱིས་རྣམ་པར་གཞག་


DTG005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །མཁས་པས་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཡེ་ཤེས་ཀྱིས་སོ། །ཅིས་ཁྱད་འཕགས་ཤེ་ན། དངོས་གྲུབ་འདོད་པ་སྟེ་གང་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པ་དེས་སོ། །ཅིའི་དོན་དུ་ཞེ་ན། དངོས་གྲུབ་ཀྱི་ཕྱིར་ཏེ་དངོས་གྲུབ་ནི་བདག་མེད་མའོ། །ཕྱིར་ནི་རྡོ་རྗེ་འཛིན་པའོ། །གཉི་ག་དབྱེར་མེད་པའི་ཡེ་ཤེས་དེའོ། །འབད་པས་ནི་ངེས་པ་ཉིད་ཀྱིས་ཡིན་གྱི་གཞན་དུ་མ་ཡིན་པའི་དོན་ཏོ། །རྡོ་རྗེ་སྙིང་པོ་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུའོ། །བསམ་གཏན་ཞེས་པ་ནི་ཡེ་ཤེས་སོ། །བདག་གིས་ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོས་སོ། །བཤད་པ་ནི་བསྟན་པའོ། །ཉོན་མོངས་འཇོམས་བྱེད་ནི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་སྒྲིབ་པ་ཡོངས་སུ་སྤངས་པའི་རང་བཞིན་ནོ། །དངོས་གྲུབ་དོན་དུ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུའོ། །ཉམས་སོད་དུ་འང་ནི་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་སོ། །ཟླ་བ་ནི་གཉི་གའོ། །ཕྱེད་ནི་གཉིས་སུ་མེད་པའོ། །ཡོངས་སུ་རྟོགས་ནི་གཉིས་སུ་མེད་པའི་རང་བཞིན་ཉིད་ཀྱིས་འོད་གསལ་དེས་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས་ནི་བསམ་པ་ཐམས་ཅད་ཡོངས་སྤངས་ཀྱི་སྒྲས་བསྡུ་བའི་ཡེ་ཤེས་སོ། །ལྷའི་གཟུགས་སུ་སེམས་པ་ཡིས་ཅི་སྤྲོ་བའི་རང་བཞིན་གྱི་ཡེ་ཤེས་ཀྱིས་སོ། །ཉི་མ་གཅིག་ནི་གཉིས་སུ་མེད་པའི་རྡོ་རྗེ་འཛིན་པའོ། །མཆོད་པ་ནི་རྟོག་པར་རོ། །བསྒོམ་པས་ནི་བདག་མེད་མ་དང་དབྱེར་མེད་པར་རྣམ་པར་གཞག་པའོ། །འཁོར་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་ཀུན་རྫོབ་ཀྱི་བདེན་པར་ཐོབ་པར་བྱ་བའོ། །ཐབས་ནི་རྡོ་རྗེ་འཛིན་པའོ། །དེ་ཡང་གཞན་ཡོད་མ་ཡིན་ནི་འབའ་ཞིག་པ་ཡོད་པ་མ་ཡི་པ་སྟེ་གཉིས་སུ་མེད་པ་རྟག་ཆད་གཉིས་དང་བྲལ་བ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རང་གཞན་དོན་ནི་རབ་གྲུབ་ཕྱིར་ཏེ་རང་ནི་སེམས་སོ། །གཞན་ནི་དབང་པོ་དང་ཡུལ་ལོ། །དེ་རྣམས་ཀྱི་དོན་ནི་རང་གཞན་དོན་ཏོ། །དེའི་རབ་གྲུབ་ཕྱིར་ནི་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཕྱིར་རོ། །ལན་ཅིག་ནི་སྐད་ཅིག་གཅིག་ཙམ་ཉིད་དུའོ། །གོམས་བྱས་པས་ནི་ཐམས་ཅད་དུ་ཁྱབ་པའི་ངེས་པ་ཉིད་དོ། །རིག་མ་ནི་བདག་མེད་མའོ། །འཕྲལ་དུ་ནི་དེའི་མེད་ལའོ། །མངོན་དུ་བྱེད་པར་འགྱུར་ནི་ཉམས་སུ་མྱོང་བར་བྱེད་


DTG005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་རྡོ་རྗེ་འཛིན་པའི་ཡེ་ཤེས་སུ་བསྟན་པ་ཡང་ནོ། །དེ་ཉིད་ཀྱི་ཕྱིར། འཇིགས་པ་སྨྱོ་བ་སྡུག་བསྔལ་དང༌། །མྱ་ངན་གདུང་བ་འཚེ་བ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །འཇིགས་པ་ནི་འཆི་བ་ལ་སོགས་པའི་སྡུག་བསྔལ་ལོ། །སྨྱོ་བ་ནི་གཡེངས་བའོ། །སྡུག་བསྔལ་ནི་ལུས་ཅན་གྱི་འབྲས་དང་ཤུ་བ་ལ་སོགས་པའི་ཟུག་ངུའོ། །མྱ་ངན་ནི་ཟླ་དང་བྲལ་བའི་སྡུག་བསྔལ་ལོ། །གདུང་བ་དང་དེ་ལ་སོགས་པས་འཚེ་བ་དང༌། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ཀྱིས་སོ། །ཉོན་མི་མོངས་ནི་ཉོན་མི་མོངས་པས་མི་འཆིངས་པ་སྟེ། །ཀུན་དུ་མཉམ་པར་འདོད་པ་དེའི་ཕྱིར་ཞེས་དགོངས་སོ། །ཡང་ན་སྒྲུབ་པ་པོ་ནི་རྡོ་རྗེ་འཛིན་པའོ། །ཉོན་མི་མོངས་ནི་ཉོན་མོངས་པས་བསྒྲིབ་པར་མ་གྱུར་བའོ། །དེ་ལྟ་བུའི་རང་བཞིན་ཡིན་པ་ལས་ཐབས་དང་ཤེས་རབ་དབྱེར་མེད་པའི་ཕྱིར་རོ། །འདོད་ཆགས་ནི་འོད་དཔག་ཏུ་མེད་པ་གསུང་རྡོ་རྗེའོ། །ཞེ་སྡང་ནི་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །གཏི་མུག་ཆེ་ནི་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །རྡོ་རྗེ་གསུམ་དབྱེར་མེད་པའི་རྒྱུ་དེ་རྣམས་ཀྱིས་ཞེས་པའི་དོན་ཏོ། །འཇིགས་དང་མྱ་ངན་ནི་གཏི་མུག་ཆེན་པོའི་རྣམ་པར་དག་པའོ། །གདུང་བ་དང་སྨྱོ་བ་ནི་འདོད་ཆགས་རྣམ་པར་དག་པའོ། །སྡུག་བསྔལ་དང་འཚེ་བ་ནི་ཞེ་སྡང་རྣམ་པར་དག་པའོ། །འཇིགས་པ་དང་མྱ་ངན་ནི་གཏི་མུག་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པ་ཞེས་པ་འདིས་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་རྡོ་རྗེ་འཛིན་པ་ཡིན་ནོ། །གདུང་བ་དང་སྨྱོ་བ་ནི་འདོད་ཆགས་རྣམ་པར་དག་པ་འོད་དཔག་ཏུ་མེད་པའི་རྣམ་པར་དག་པའོ། །དེ་བཞིན་དུ་སྡུག་བསྔལ་དང་འཚེ་བ་ནི་ཞེས་སྡང་མི་བསྐྱོད་པའི་རྣམ་པར་དག་པའོ། །དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཉོན་མོངས་པ་སྤངས་པ་ནི་བག་ཆགས་སྤང་བར་གསུངས་པ། ཕན་དང་གནོད་པའི་འབྲས་འབྱུང་བར། །དེ་ལྟར་ངེས་པར་ཤེས་ནས་ནི། །ཇི་ལྟར་དེ་ནི་སྐད་ཅིག་ཀྱང༌། །རྣལ་འབྱོར་དུ་འབོད་མི་གནས་སོ། །དེ་ལྟ་བུའི་རིམ་པས་མི་ཕན་པ་ཉིད་ཕན་པ་སྟེ་ཕན་པ་དང་མི་ཕན་པ་དེ་ཉིད་ཀྱི་འབྲས་བུ་འབྱུང་བའོ། །དེ་ལྟ་བུའི་རིམ་པ་ཤེས་པར་བྱས་ནས་སོ། །ངེས་པ་ནི་ངེས་པའོ། །ཇི་ལྟར་ཞེ་ན། དེ་ནི་


DTG005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཀྱང་དེ་སྐད་ཅིག་ཏུ་དུ་འབོད་དུ་འགྲོ་བ་སྟེ། འོན་ཀྱང་དེ་ལྟར་ཤེས་པར་བྱས་པའི་རིག་པས་ནི་དུ་འབོད་ཉིད་དུ་ཅུང་ཟད་ཀྱང་འགྲོ་བ་མ་ཡིན་ཏེ། ཐམས་ཅད་ཉིད་དགེ་བ་དང་མི་དགེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཡང་ན་དེ་ལྟར་ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱི་ཡེ་ཤེས་སོ། །གཅིག་ནི་གཉིས་སུ་མེད་པའོ། །སྐད་ཅིག་ཅེས་པ་ནི་བཞི་པ་ལྷན་ཅིག་སྐྱེས་པའོ། །ཕན་དང་གནོད་པའི་འབྲས་འབྱུང་ནི་ཕན་པ་ནི་སྤངས་པའི་རང་བཞིན་ཡིན་པའི་ཕྱིར་བདག་མེད་མའོ། །མི་ཕན་པ་ནི་མ་སྤངས་པའི་རང་བཞིན་ཉིད་རྡོ་རྗེ་འཛིན་པའོ། །གཉི་ག་དབྱེར་མེད་པ་ནི་འབྲས་བུ་འབྱུང་བའོ། །འདིས་ནི་ཤེས་པར་གྱུར་ནའོ། །ངེས་པ་ནི་ངེས་པའོ། །རྣལ་འབྱོར་པ་ནི་གཉིས་སུ་མེད་པར་རྟག་པར་གནས་པའོ། །ཇི་ལྟར་ཞེ་ན། དུ་འབོད་དུ་སྟེ་དེ་ལྟ་བུའི་རང་བཞིན་ཡིན་པའི་ཕྱིར། །དགེ་བ་དང་མི་དགེ་བའི་བག་ཆགས་མེད་པ་ཉིད་ཡིན་པར་དགོངས་སོ། །ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་གསུངས་པ། དེ་ཉིད་ཀྱི་ཕྱིར། མཚམས་མེད་ལྔ་ནི་བྱེད་པ་དང༌། །སྲོག་ཆགས་གསོད་ལ་དགའ་གང་དང༌། །གཞན་ཡང་སྐྱེ་བ་དམན་པ་དང༌། །རྨོངས་དང་མ་རུངས་ལས་བྱེད་དང༌། །གཟུགས་ངན་ཡན་ལག་མ་ཚང་བ། །དེ་དག་གིས་ཀྱང་བསམས་པས་འགྲུབ། །དགྲ་བཅོམ་པ་གསོད་པ་ལ་སོགས་པ་ནི་མཚམས་མེད་པ་ལྔ་བྱེད་པའོ། །སྤྱིར་སྲོག་ཆགས་གསོད་པ་ལ་གང་དགའ་བ་དང༌། སྐྱེ་བ་དམན་པ་ཞེས་པ་ནི་གཡུང་མོ་ལ་སོགས་པའོ། །རྨོངས་དང་མ་རུངས་ལས་གང་སེམས་ཅན་ལ་གནོད་པ་བྱེད་པའོ། །གཟུགས་ངན་ཡན་ལག་མ་ཚང་བ་ནི་མི་ཁོམ་པ་བརྒྱད་ཐོབ་པར་གྱུར་པའོ། །འདི་ནི་ངེས་པར་དམྱལ་བར་འགྲོ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེད་པའི་ཕྱིར་དངོས་གྲུབ་ཤིན་ཏུ་རྒྱང་རིང་བ་ཉིད་དོ། །དགྱེས་པའི་རྡོ་རྗེའི་ཆེ་བའི་བདག་ཉིད་ཀྱིས་སླར་ཡང་འགྲུབ་སྟེ། བསམས་པ་ནི་ཡེ་ཤེས་རྟོགས་པའི་ཕྱིར་ཞེས་དགོངས་པའོ། །དེ་སྐད་དུ་སློབ་དཔོན་ཞི་བ་ལྷས་གསུངས་པ། གང་ཞིག་ཤིན་ཏུ་མི་བཟད་རྣམས་བྱས་ནས། །གང་ཚེ་སྐྱབས་ལས་སྐད་ཅིག་གིས་ཐར་ན། །དཔའ་བོའི་སྐྱབས་བཙལ་འཇིགས་པ་ཆེན་པོ་ནི། །མ་ཤེས་སེམས་ཅན་ཇི་ལྟར་སྐྱབས་མི་འགྲོ། །ཞེས་པའོ། །ཡང་ན་


DTG005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་ལྔ་ནི་བྱེད་པ་དང༌། །ཞེས་པ་ནི་ཡེ་ཤེས་ལྔ་རྣམས་མཐའ་ཡས་པས་བར་མེད་པའི་ངང་ཚུལ་འདི་ལ་ཡོད་པས་རྡོ་རྗེ་འཛིན་པའོ། །སྲོག་ཆགས་གསོད་ལ་དགའ་བ་ལ། །སྲོག་ཆགས་གསོད་པའི་སྒྲ་ནི་སེམས་གསོང་བའོ། །དེ་ལ་དགའ་བ་ནི་བདག་མེད་མའོ། །དེ་ལྟར་གཉི་ག་ཡང་ཨ་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཉིད་དོ། །གང་དང་ནི་རང་བཞིན་གྱིས་ཕན་པའི་རང་བཞིན་ཉིད་ཡིན་པའི་དོན་ཏོ། །འོན་ཀྱང་དེ་འབའ་ཞིག་ནི་མ་ཡིན་ཏེ། སྐྱེ་བ་དམན་པ་དང་ངོ༌། །གང་ཞེས་པ་ནི་ཆོས་རྣམས་ཐམས་ཅད་དོ། །སྐྱེ་བ་དམན་པ་ནི་གཟོད་མ་ནས་མ་སྐྱེས་པ་རྣམས་སོ། །རྨོངས་པ་ནི་མི་ཤེས་པའོ། །མ་རུང་པ་ལས་བྱེད་པ་ཞེས་པ་ནི་འོད་གསལ་གྱི་རང་བཞིན་གྱི་རྣམས་སོ། །གཟུགས་ངན་དང་ཞེས་པ་ནི་ཀུན་དུ་སྣང་བའི་མཚན་ཉིད་རྣམས་སོ། །མ་ཚང་ཞེས་པ་ནི་བརྗོད་དུ་མེད་པའོ། །གཟུགས་ནི་ཡང་དག་པར་རིག་པའི་རང་བཞིན་ནོ། །དེ་དག་ནི་ཆོས་རྣམས་སོ། །འགྲུབ་པ་ནི་འགྲུབ་པའི་རང་བཞིན་ཉིད་དུ་གྱུར་པའོ། །བསམས་པས་ནི་དེ་རྣམས་ཉིད་ཡང་དག་པ་དེ་ལྟ་བུའི་ཚུལ་གྱིས་ཡེ་ཤེས་ཡིན་པར་དགོངས་སོ། །གང་གསུངས་པ། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །གང་སླར་ཡང༌། དགེ་བ་བཅུ་ལ་གོམས་པ་དང༌། །བླ་མ་ལ་གུས་དབང་པོ་དུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དེ་ནི་རེ་ཞིག་ངེས་འགྲུབ་འགྱུར། །དགེ་བ་བཅུ་ལ་གོམས་པ་ནི། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །དེ་ངེས་པར་ནི་གདོན་མི་ཟ་བར་བསྒོམས་པས་འགྲུབ་པ་ཡིན་པའི་དོན་ཏོ། །ཡང་ན་བཅུ་ཞེས་པ་ནི་མཁའ་འགྲོ་མ་བརྒྱད་དང་བདག་མེད་མ་དང་རྡོ་རྗེ་འཛིན་པའོ། །ཀུའི་སྒྲ་ནི་ཆོས་འབྱུང་ངོ༌། །དེར་འགྲོ་བས་ན་དགེ་བ་བདག་མེད་མའོ། །དེའི་ཀུན་ལ་རེ་བ་འདིའི་བསམ་པ་ནི་བདག་མེད་མའི་དཀྱིལ་འཁོར་རོ། །བཅུ་དང་དགེ་བ་ལ་གོམས་པ་ཡང་དཀྱིལ་འཁོར་གཉི་ག་དེ་འདི་ལ་ཡོད་པས་ན་དགེ་བ་བཅུ་ལ་གོམས་པའོ། །དེ་ཉིད་ཀྱི་ཕྱིར་བླ་མ་ལ་གུས་པ་ནི་རྡོ་རྗེ་འཛིན་པའི་རང་བཞིན་སྤྲོ་བའི་རང་བཞིན་ནོ། །དབང་པོ་དུལ་ཞེས་པ་ནི་བསྡུ་བའི་བདག་ཉིད་ཀྱང་ངོ༌། །ང་རྒྱལ་ཁྲོ་བ་ནི་སྣ་ཚོགས་པ་ཉིད་ཀྱིས་སོ། །རྣམ་


DTG005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲོལ་ནི་སྤངས་པའོ། །དེ་ནི་ངེས་འགྲུབ་འགྱུར་ནི་ངེས་པར་རོ། །རེ་ཞིག་ཅེས་པ་ནི་དེ་ཡོངས་སུ་གྱུར་པའི་རང་བཞིན་གཉི་གའི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཡང་དག་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །མཉམ་པར་བཞག་པས་དངོས་གྲུབ་འཐོབ། །ཟླ་བ་གཅིག་ཏུ་གསང་ལ་སྤྱོད། །ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །རྒྱུན་མ་ཆད་པར་གོམས་པ་ལས། གཉིས་སུ་མེད་པར་རྟོགས་ནས་མཉམ་པར་བཞག་པས་དངོས་གྲུབ་འཐོབ་པོ། །ཟླ་བ་ནི་ཚད་དོ། །གཅིག་ནི་གཉིས་སུ་མེད་པའོ། །དེ་ཉིད་ཀྱི་ཕྱིར་གསང་བ་ནི་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའོ། །ཇི་སྲིད་ནི་བདག་མེད་མ་དང་གཉི་ག་དབྱེར་མེད་པའི་ནཱ་དའི་ཕྲེང་གཉི་ནི་ཡའོ། །དེ་དག་ལ་ཡོད་པ་དེ་ནི་ཇི་སྲིད་དོ། །དེ་ནས་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་རྙེད་པ་སྟེ། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་གྱུར་པའོ། །དེ་མ་སྤྱད་པ་ནི་དེ་ལ་ཅུང་ཟད་ཀྱང་མེད་པར་བྱ་བ་ཡིན་པར་དགོངས་སོ། །གང་གསུངས་པ། བྱེད་པོ་ཟ་བོ་གསུམ་སྤངས་ནས། །དོན་དམ་པ་ཡི་རྣམ་པར་བསྒོམ། །ཞེས་པའོ། །ཕྱག་རྒྱ་རྙེད་པའི་རྒྱུ་གསུངས་པ། གནང་བ་རྙེད་པའི་སྔགས་པ་ནི། རྣལ་འབྱོར་མ་རྣམས་ཀྱིས་ལུང་འབོགས། །ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཀྱེ་རྡོ་རྗེ་འཛིན་པ་སེམས་ཅན་གྱི་དོན་ནི་སྲིད་གསུམ་གཅིག་པའི་རང་བཞིན་དོན་དམ་པའི་བདེན་པའོ། །གྱིས་ནི་རྫོགས་པའོ། །ཕྱག་རྒྱ་ཁྱེར་ལ་ནི་བདག་མེད་མའོ། །ཆེ་གེ་མོ་ནི་འདི་ཞེས་བྱ་བ་ལ་སོགས་པར་བསྟན་པར་མི་ནུས་པ་དེས་དེའི་འོ། །གནང་བ་ནི་གནང་བ་ཐོབ་པའོ། །སྔགས་པ་ནི་ཡང་དག་པའི་ཡེ་ཤེས་ཅན་ནོ། །རྣལ་འབྱོར་མ་རྣམས་ཀྱིས་ནི་བདག་མེད་མ་ལ་སོགས་པ་རྣམས་ཀྱིས་སོ། །ལུང་འབོགས་ནི་བཀའ་གནང་སྟེར་བའོ། །འདིས་ནི་ཇི་སྲིད་དུ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་ལུང་མ་ཐོབ་པ་དེ་སྲིད་དུ་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་མི་འགྱུར་བ་ཡིན་པར་དགོངས་སོ། །རྙེད་པ་དེ་ཡང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །སི་ཧླ་ག་པུར་ཡང་དག་ལྡན། །བྱང་ཆུབ་སེམས་ཀྱིས་རྣམ་པར་སྦྱངས། །དེ་ཡང་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །རྙེད་པ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ཡེ་ཤེས་ཀྱིས་ཐོབ་པའོ། །སྦྱང་བ་ནི་འདུས་བྱ་བའོ། །མིག་


DTG005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱི་མཚན་ཉིད་དེ་རབ་ཏུ་བསྟན་པའོ། །ཡང་ནི་གང་གི་ཕྱིར་ཏེ་གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །དེ་ཉིད་བྱང་ཆུབ་ཀྱི་སེམས་དང་སི་ཧླ་ག་པུར་ཡང་དག་ལྡན་པའོ། །ཡང་ན་དེ་ནི་བདག་མེད་མའོ། །སྦྱང་བ་ནི་ཡང་དག་པའི་རིམ་པས་ངེས་པ་གང་ངོ༌། །གང་གིས་ཤེ་ན་བྱང་ཆུབ་སེམས་ཀྱིས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། །སི་ཧླ་ག་པུར་ཡང་དག་ལྡན་ཏེ་སི་ཧླ་ནི་ཉི་མའོ། །ག་པུར་ནི་ཟླ་བའོ། །ཟླ་བ་དང་ཉི་མ་གཉིས་ཡང་དག་པར་ལྡན་པ་ནི་ཡང་དག་པར་སྦྱོར་བའི་རང་བཞིན་ཡིན་ནོ། །ཡང་ནི་གང་གི་ཕྱིར་ཏེ་མིག་ཡངས་པས་ན་ཡེ་ཤེས་ཏེ་ཁྱད་པར་དུ་འཕགས་པར་ཡངས་པ་ལ་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱི་རང་བཞིན་མིག་བདེན་པ་གཉིས་གང་ལ་ཡོང་བ་དེའོ། །རྙེད་པ་དེ་ཡང་ནི་ཤེས་ནས་འཐོབ་པའོ། །གཟུགས་ཀྱི་སྒྲས་ཀུན་དུ་སྣང་བའི་སྐུ་རྡོ་རྗེའོ། །ཡ་ནི་གསུང་རྡོ་རྗེའོ། །ཨོ་ནི་ས་སྤྱོད་པ་བདག་མེད་མ་ཐུགས་རྡོ་རྗེའོ། །གཟུགས་དང་ལང་ཚོ་དང་བྱང་ཆུབ་ཀྱི་སེམས་དང་འདི་གསུམ་དེས་བརྒྱན་པ་ནི་བརྒྱན་པ་སྟེ། གང་ལ་གཟུགས་དང་ལང་ཚོས་བརྒྱན་པ་ཡོད་པ་དེའོ། །འདིས་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་དོན་ཏོ། །དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ལ་ཆོས་ནི་བཤད་པར་བྱ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །དམ་ཚིག་སེམས་དང་གཅིག་པ་ཉིད། །དང་པོར་གསོ་སྦྱོང་སྤྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་བྱ་བ་ལ་སོགས་པའི་ཆོས་དེ་ལ་བཤད་པར་བྱའོ། །སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་ལས་བཟློག་ནས་དགེ་བ་བཅུའི་ཆོས་དེ་ལས་བརྩམས་ཏེ་དེ་བརྩམས་པ་སྔོན་དུ་སོང་བས་དེ་ལ་ཆོས་བཤད་པར་བྱའོ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །ཞེས་པ་ནི་ལྷའི་རྣམ་པར་དག་པའོ། །དམ་ཚིག་ཅེས་པ་ནི་བདུད་རྩི་ལྔ་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པའོ། །སེམས་ཀྱང་གཅིག་ཉིད་ཅེས་པ་ནི་རིམ་པ་གཉི་ག་རྣམ་པར་དག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ནོ། །ཡང་ན་དེ་ལ་ནི་བདག་མེད་མ་ལའོ། །ཆོས་ནི་ཆོས་ཀྱི་སྐུའོ། །བཤད་པར་བྱ་ནི་འོད་གསལ་བ་ཉིད་ཀྱིས་དེའི་བདག་ཉིད་དུ་


DTG005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཞག་པར་བྱའོ། །ཇི་ལྟར་ཞེ་ན། བཅུ་ནི་ལྔ་པོ་གཉིས་ཀྱི་བདག་ཉིད་དོ། །དགེ་བ་ནི་ཆོས་འབྱུང་དང་དབྱེར་མེད་པའི་ཡེ་ཤེས་སོ། །ཀུ་བདག་མེད་མའོ། །ས་ལ་རྡོ་རྗེ་འཛིན་པའོ། །དེ་ལྟར་ལྔ་པོ་གཉིས་ཀྱི་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ཡེ་ཤེས་ལས་སོ། །བརྩམས་ནས་ནི་དེ་ནས་བཟུང་སྟེའོ། །ལྷའི་གཟུགས་ཀྱི་སེམས་དང་ནི་སྤོ་བའི་ཡེ་ཤེས་སོ། །དམ་ཚིག་ཅེས་པ་ནི་བསྡུ་བའི་ཡེ་ཤེས་སོ། །སེམས་ཀྱང་གཅིག་པ་ཉིད་ཅེས་པ་ནི་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །མཆོག་ཐོབ་པ་ཡི་བུད་མེད་གང༌། །རྟོག་པ་ཐམས་ཅད་ཡོངས་སུ་སྤངས། །ཟླ་བ་གཅིག་གིས་སྐལ་ལྡན་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དེ་ཕྱག་རྒྱར་གྱུར་ཏེ་ཐེ་ཚོམ་མེད་པ་ཉིད་དོ། །གང་ལས་ཤེ་ན། གང་སྟེ་གང་གི་ཕྱིར། མཆོག་ཐོབ་པ་ནི་གནང་བ་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་རྟོག་པ་ཐམས་ཅད་ཡང་དག་སྤངས་ནི་རྣམ་པར་མི་རྟོག་པའི་རང་བཞིན་ནོ། །ཡང་ན་དེ་ལ་སྐལ་ལྡན་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་དེ་འགྱུར་རོ། །ཟླ་བ་ནི་མ་བྱང་ཆུབ་ཀྱི་སེམས་སོ། །ཨ་བདག་མེད་མ་ཡིན་པས་མའོ། །གཉི་ག་ཡང་འདི་ལ་ཡོད་པས་ན་ཟླ་བ་ནི་མ་ནིང་ངོ༌། །ཇི་ལྟར་ཞེ་ན། གཅིག་གིས་ནི་གཉིས་སུ་མེད་པར་རྟོགས་པའོ། །འདི་ལ་ཐེ་ཚོམ་མེད་ནི་འདི་ལ་ཐེ་ཚོམ་ཉིད་ཡོད་པ་མ་ཡིན་ནོ། །མཆོག་ནི་རྡོ་རྗེ་འཛིན་པའོ། །དེས་ཐོབ་པའི་བུད་མེད་ནི་བདག་མེད་མའོ། །གང་ནི་ནཱ་དའི་ཕྲེང་གཉིས་ཀ་ལས་སོ། །དེ་ཉིད་ཀྱི་ཕྱིར་རྟོག་པ་ཐམས་ཅད་ཡང་དག་སྤངས་ནི་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་པའི་དོན་ཏོ། །ཡང་ན་བདག་གི་ནུས་པ་ཡིས། །ཕྱག་རྒྱ་བཀུག་ལ་རབ་ཏུ་བརྟག །ལྷ་དང་ལྷ་མིན་མི་རྣམས་དང༌། གནོད་སྦྱིན་མིའམ་ཅི་ལས་ཀྱང༌། །དོན་ནི་གོ་སླ་བ་ཉིད་དོ། །ཡང་ན་བདག་གི་ནི་རྡོ་རྗེ་འཛིན་པའོ། །ནུས་པས་ནི་ནུས་པས་སོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །རབ་ཏུ་བརྟག་ནི་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཅན་དུ་རྣམ་པར་གཞག་པའོ། །ཡང་ན་ཞེས་པ་ནི་གཉི་ག་དབྱེར་མེད་པའི་རྡོ་རྗེ་འཛིན་པ་ཡིན་པའི་རང་


DTG005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ལྷ་དང་ལྷ་མིན་མི་རྣམས་དང༌། བཀུག་ལ་ཞེས་པ་ནི་ལྷ་ནི་དབང་པོ་རྣམས་སོ། །ལྷ་མ་ཡིན་ནི་ཡུལ་རྣམས་སོ། །མི་ནི་རྣམ་པར་ཤེས་པ་མཁའ་འགྲོ་མ་བཅོ་ལྔ་རྣམས་སོ། །བཀུག་པ་ནི་བསྡུས་པའོ། །གནོད་སྦྱིན་མོ་ནི་ཆ་མེད་པའི་རང་བཞིན་རྣམས་སོ། །མི་འམ་ཅི་ལས་ཀྱང་ནི་ཀྱང་གི་སྒྲ་ཁྱད་པར་གྱི་དོན་ཏོ། །མི་འམ་ཅི་ལས་ཞེས་པ་ནི་ཅིའི་སྒྲས་མ་ནིང་ངོ༌། །དེ་ལྟ་བུའི་རང་བཞིན་གྱི་བུད་མེད་ལས་མ་ནིང་གི་རང་བཞིན་གྱི་རྡོ་རྗེ་འཛིན་པའི་རྒྱུར་རོ། །དེ་ཡང་ཁྱེར་ལ་སྤྱོད་པ་སྤྱད། །བདག་གི་དལ་བ་མངོན་བྱའི་ཕྱིར། །ཕྱག་རྒྱ་དེ་ཁྱེར་ནས་སྤྱོད་པ་སྤྱད་པར་བྱའོ། །ཇི་ལྟར་ཞེ་ན་བདག་གི་ངལ་བ་མངོན་བྱའི་ཕྱིར། །བདག་ཉིད་རྟོག་པ་བརྟན་པར་སྤྱོད་པ་བྱ་བ་ཡིན་པར་དགོངས་སོ། །ཡང་ན་སྤྱོད་པ་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་སྤྱོད་པའོ། །སྤྱོད་ནི་ཤེས་པའོ། །དེ་ཡང་ནི་ཕྱག་རྒྱའོ། །ཁྱེར་ལ་ནི་གོམས་པའོ། །བདག་གིས་ནི་རྡོ་རྗེ་འཛིན་པའི་འོ། །དལ་བ་མངོན་བྱའི་ཕྱིར་ནི་ཡེ་ཤེས་དེ་ལས་ཤེས་པའི་དོན་ཏོ། །གང་ཕྱག་རྒྱ་ཁྱེར་ནས་སྤྱོད་པ་དེ་ལོངས་སྤྱོད་མ་ཡིན་པར་ཅི་ཚུགས་ཀྱང་གྲོལ་བའི་ཕྱིར་ཡིན་པ་གསུངས་པ། སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། གང་བཤད་འཇིག་པའི་གཟུགས་ཅན་གྱིས། །ཡིད་ནི་བརྟན་རྣམ་གཡེའམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །གང་འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་བའི་སྤྱོད་པ་འཇིགས་པ་དེ་ལ་ལོངས་སྤྱོད་ལ་འདོད་པས་མ་ཡིན་པ་ཅི་ཚུགས་ཀྱང་ཐར་པའི་དོན་དུ་ཡིན་པར་དགོངས་སོ། །ཡང་ན་སྤྱོད་པ་གང་བཤད་འཇིགས་པའི་གཟུགས་ཅན་གྱིས། བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་བྱ་བ་གང་དེ་བཤད་པ་ནི་བརྗོད་པའི་སྤྱོད་ཡུལ་མ་ཡིན་ཏེ། གང་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ནི་ལོངས་སྤྱོད་དུ་མེད་པར་བཤད་པ་སྟེ་གཟོད་མ་ནས་ལྷུན་གྱིས་གྲུབ་པ་ཡིན་པའི་དོན་ཏོ། །ད་ནི་ཕྱག་རྒྱ་གྲུབ་པར་བྱ་བའི་ཕྱིར་ཕྱག་རྒྱ་ཁྱེར་ནས་སྤྱོད་པ་བྱ་བ་ཡིན་པ་འདི་ལ་རྡོ་རྗེ་སྙིང་པོ་རྟོག་པ་སྐྱེས་པ་ལས། །རྡོ་རྗེ་སྙིང་པོས་གསོལ་པ། །བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །བདག་མེད་མའི་རྣལ་འབྱོར་དང་ལྡན་པ་ཉིད་འདིའི་ཕྱག་རྒྱའི་ཁྱད་པར་གཞན་གྱིས་ཇི་ལྟར་ཡིན་པར་རྟོགས་པའོ། །དེ་ནས་ཀྱང་ཕྱག་རྒྱ་གཞན་དེ་བཞིན་དུ་ཡང་ངོ༌། །ཕྱག་རྒྱ་ཕྱག་རྒྱ་གཉིས་


DTG005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་སོ། །འདིར་ཡང་བདག་མེད་མའི་རྣལ་འབྱོར་པ་ནི་བདག་མེད་མའི་རང་བཞིན་ཡིན་པའི་ཕྱིར་སྐྱེས་པ་བུད་མེད་ཀྱི་གཟུགས་ཉིད་འདིའི་ཕྱག་རྒྱ་གཞན་གྱིས་ཀྱང་ཕྱག་རྒྱའི་རང་བཞིན་ཡིན་པའི་ཕྱིར་ཇི་ལྟར་གཉི་ག་འགྲུབ་པ་ཡིན་པར་རྟོག་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །བུད་མེད་ཀྱི་གཟུགས་ཡོངས་སུ་སྤངས་ནས་བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱའོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། ནུ་མ་སྤངས་པ་འོ་མར་འགྱུར། །ཀཀྐོ་ལ་དབུས་ཡང་དག་གནས། །འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། །ཟེའུ་འབྲུའང་བོ་ལ་ཅན་དུ་འགྱུར། །ལྷག་མ་བདག་ཉིད་ཆེན་པོར་འགྱུར། །དགའ་ཆེན་ཧེ་རུ་ཀ་ཡི་གཟུགས། །ཧེ་རུ་ཀར་སྦྱོར་སྐྱེས་བུ་ཉིད། །འབད་པ་མེད་པར་སྐྱེས་བུ་ཉིད་ནུ་མ་སྤངས་ནས་བོ་ལ་རྡོ་རྗེར་འགྱུར་རོ། །བོ་ལའི་ནང་དུ་གནས་པ་ཀཀྐོ་ལ་པདྨའོ། །འདིས་ཅི་བསྟན་ན་བུད་མེད་ཀྱི་ནུ་མ་དག་གི་སྙིང་ག་དེའི་ནང་དུ་ཡང་རྡོ་རྗེ་པདྨར་གནས་པའོ། །རྡོ་རྗེ་དང་པདྨ་འདི་དག་ཉིད་ཁ་སྦྱོར་བའོ། །སྐྱེས་པའི་ཡང་ནུ་མ་གཉིས་ས་བོན་ཀྱིས་སོ། །དེ་ལྟར་ནུ་མ་སྤངས་ནས་རྡོ་རྗེར་འགྱུར་རོ། །དེའི་དབུས་སུ་ཡང་པདྨ་སྟེ་རྡོ་རྗེ་དང་པདྨ་ཉིད་དབྱེར་མེད་པའོ། །བོ་ལའི་ནང་དུ་གནས་པ་ཀཀྐོ་ལ་པདྨའོ། །བུད་མེད་ཀྱི་མཚན་མ་ནི་པདྨའོ། །སྐྱེས་པའི་ཡང་རྡོ་རྗེའོ། །རྡོ་རྗེ་པདྨ་གཉི་ག་ཡང་ཁ་སྦྱོར་དུ་སྐྱེས་པ་དང་བུད་མེད་དགའ་བ་ཐ་དད་པ་ཅི་ཡང་མེད་པ་ཡིན་པས་དབྱེར་མེད་དོ། །ས་བོན་གྱི་ཁྱད་བར་ནི་ཕྱི་རོལ་གྱི་ཁྱད་པར་ཏེ་སླར་ཡང་ས་བོན་གཉིས་ཉིད་སྙིང་གར་གནས་པ་དེ་ནུ་མ་གཉིས་སོ། །སྟེང་དུ་རྡོ་རྗེའོ། །འོག་ཏུ་པདྨར་གྱུར་པ་གཉིས་ནི་བུད་མེད་ཀྱིའོ། །དེ་གཉིས་ས་བོན་གཉིས་འོག་ཏུ་རྡོ་རྗེ་སྟེང་དུ་པདྨར་གྱུར་པ་གཉིས་ནི་ཁྱོ་གའིའོ། །དེ་ལྟར་ནུ་མ་སྤངས་ནས་ཞེས་བྱ་བ་ལ་སོགས་པའོ། །འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། །ཞེས་པ་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་ནི་དྲིལ་བུ་སྟེ་པདྨའི་ལྟེ་བའོ། །བོ་ལ་ཅན་དུ་འགྱུར་ཞེས་པ་ནི་ནཱ་ད་ཕྲེང་གཉིས་ཀྱི་རྩ་བ་ལྟེ་བ་དེ་རྡོ་རྗེ་ཡིན་ནོ། །རྡོ་རྗེ་དང་པདྨ་


DTG005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་ཉིད་དབྱེར་མེད་མ་ཡིན་པ་དེ་གསུངས་པ། ལྷག་མའི་གཟུགས་ཞེས་པ་ནི་གང་གཉི་ག་དབྱེར་མེད་པ་དེ་ཧེ་རུ་ཀ་སྟེ་རྡོ་རྗེ་འཛིན་པའོ། །ཅིས་ཁྱད་འཕགས་ཤེ་ན། དགའ་ཆེན་སྟེ་དགའ་བ་ཆེན་པོ་བདག་མེད་མ་གང་ལ་ཡོད་པ་དེ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཧེ་རུ་ཀ་སྦྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་ཅན་ཕྱག་རྒྱ་དང་ལྡན་པའི་བདག་མེད་མ་བསྒོམས་པས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་འདི་ཉིད་ཡིན་ནོ། །འབད་པ་མེད་པར་ནི་འབད་རྩོལ་མེད་པར་རོ། །སྐྱེས་བུ་ཉིད་ནི་སྐྱེས་བུའི་རང་བཞིན་ཉིད་དུ་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར། གསལ་བར་ནུས་པའི་རྣལ་འབྱོར་པ། འདི་ལྟར་ཕྱག་རྒྱའི་དངོས་གྲུབ་འགྱུར། །གང་ཕྱིར་ཞེས་པ་ནི་དེའི་ཕྱིར་རོ། །རྣལ་འབྱོར་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཕྱག་རྒྱ་ནི་ཕྱག་རྒྱ་ནི་ཕྱག་རྒྱའི་དངོས་གྲུབ་ཏུ་གྱུར་པའོ། །ཅིས་ཁྱད་འཕགས་ཤེ་ན་གསལ་བར་ནུས་པ་སྟེ། འདི་གསལ་བ་ཡང་ཡིན་ལ་ནུས་པ་ཡང་ཡིན་པས་གསལ་བར་ནུས་པའོ། །དེ་གང་ལ་ཡོད་པ་དེ་ནི་གསལ་བར་ནུས་པའོ། །དེའི་གསལ་བ་ནི་ཕྱག་རྒྱ་དང་ལྡན་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། སྐྱེ་དང་འཇིག་པ་དག་གིས་ཀྱང༌། །ཐབས་དང་ཤེས་རབ་གནོད་མི་འགྱུར། །ཤེས་རབ་ནི་ཕྱག་རྒྱའོ། །ཐབས་ནི་རྣལ་འབྱོར་བའོ། །འདི་གཉི་ག་ལ་མི་གནོད་དེ་གང་དག་གིས་ཤེ་ན། སྐྱེ་དང་འཇིག་པ་དག་གིས་ཀྱང་སྟེ། སྐྱེ་བ་དང་འཇིག་པ་དང་འཆི་བས་གནོད་པར་མི་འགྱུར་བའི་དོན་ཏོ། །ཡང་ན་སྐྱེ་བ་ནི་དངོས་པོའོ། །འཇིག་པ་ནི་དངོས་པོ་མེད་པའོ། །ཐབས་དང་ཤེས་རབ་དེ་དག་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་གང་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །དེ་ནི་གནོད་མི་འགྱུར་ནི་རྟོག་པ་ཅུང་ཟད་ཀྱང་མེད་པའོ། །དེ་ཉིད་ཀྱི་ཕྱིར། གང་ཕྱིར་ཐབས་ལས་བྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཐབས་ནི་རྡོ་རྗེ་འཇིག་པའོ། །འབྱུང་བ་ནི་ཡང་དག་པའི་ཚུལ་དུ་བྱུང་བ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །འཇིག་པ་མྱ་ངན་ལས་འདས་པ་ཤེས་རབ་དོན་དམ་པའི་བདེན་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་རྡོ་རྗེ་འཛིན་པའོ། །སྲིད་མཐར་མཛད་ཅེས་པ་ནི་སྲིད་པ་སྐྱེ་བའོ། །མཐའ་ནི་འཇིག་པའོ། །སྐྱེ་བ་ནི་འཇིག་པའི་བདག་ཉིད་དེ་ཡེ་ཤེས་འདི་ལ་ཡོད་པས་སྲིད་མཐར་བྱེད་པ་ཅན་ནོ། །ཡང་ན་སྲིད་པ་ནི་འཁོར་བ་མཐར་བྱེད་པས་སྲིད་


DTG005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱེད་དེ་ཤེས་རབ་པོ། །སྲིད་པ་དང་མྱ་ངན་ལས་འདས་པ་དབྱེར་མེད་པ་ཉིད་བདག་མེད་མ་ཡིན་པར་དགོངས་སོ། །དེས་ན་རབ་འཇིག་ཡོད་མ་ཡིན། །དེ་ཉིད་ལ་ནི་སྐྱེ་བ་མེད། །ལ་ལར་འཇིག་པས་འཇིག་པར་འགྱུར། །འཇིག་པའི་དངོས་མེད་ཟད་པ་མེད། །རྒྱུ་དེའི་ཕྱིར་ན་རྡོ་རྗེ་འཛིན་པ་འདི་ལ་འཇིག་པ་མྱ་ངན་ལས་འདས་པ་མེད་ཅིང་གང་སྐྱེས་པ་ཡང་དེ་ཁོ་ན་ཉིད་ལ་མེད་དེ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཞེས་དགོངས་པའོ། །གང་ངེས་པར་སྐྱེས་པའི་ཆོས་དེའི་འཇིག་པ་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར་སྐྱེ་བ་མེད་པས་འཇིག་པ་ཡང་མེད་དོ། །ཟད་པའང་མེད་ནི་གང་གི་ཕྱིར་གྱི་དོན་ཏེ། གང་འགའ་ཞིག་འཇིག་པ་དེ་ནི་ངེས་པར་འཇིག་པས་དེ་མེད་པ་ལས་སྐྱེ་བ་དང་འཇིག་པ་དག་དངོས་པོ་མེད་པ་ཡིན་ནོ། །དེ་གནོད་པ་ཐམས་ཅད་ཉིད་དུ་མེད་པར་ཚིགས་སུ་བཅད་པ་གཉིས་ཀྱིས་བཤད་ཟིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པའི་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །བསྐྱེད་པ་ཞེས་པ་ནི་བསྐྱེད་པ་ནི་ལྷའི་རྣམ་པར་བསྐྱེད་པའོ། །རིམ་པ་ནི་དེ་རྙེད་པའོ། །རྣལ་འབྱོར་ནི་འདུས་པ་སྟེ། །དེས་ན་བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས་སོ། །སྤྲོས་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །བསྒོམ་པ་ནི་སྙོམས་པར་འཇུག་པར་བྱ་བའོ། །བརྟུལ་ཞུགས་ཅན་ནི་གཉི་ག་རྣམ་པར་དག་པར་ངེས་པའི་བདག་ཉིད་དོ། །སྤྲོས་པ་ནི་ལྷའི་རྣལ་འབྱོར་རྨི་ལམ་ལྟ་བུར་བྱས་ནས་སོ། །གང་གེས་ཤེ་ན། སྤྲོས་པ་ཏེ་ལྷའི་རྣམ་པས་སོ། །སྤྲོས་མེད་བྱེད་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དབྱེར་མེད་པའོ། །འདིས་ནི་ལྷའི་རྣམ་པས་རྣམ་པར་དག་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་བསྒོམ་པར་གྱུར་པ་ན། མངོན་དུ་གྱུར་ནས་དེ་མ་ཐག་ཏུ་ཞིབ་ཐ་དད་པ་ཡང་དབྱེར་མེད་པ་ཉིད་དུ་རྟོགས་པར་གྱུར་ཏེ། ཆུ་དང་འོ་མ་མ་འདྲེས་པ་བཞིན་ནོ། །ཡང་ན་བསྐྱེད་པའི་སྒྲས་ནི་ཡང་དག་པའི་ཡེ་ཤེས་སོ། །དེའི་རིམ་པ་ནི་རྙེད་པའོ། །དེ་ཡང་རྣལ་འབྱོར་གྱིས་ནི་ཐབས་དང་ཤེས་རབ་དབྱེར་མེད་པས་བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་ཡང་དག་པའི་ཡེ་ཤེས་


DTG005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་གཉིས་སུ་མད་པ་རྟོགས་པས་སོ། །སྤྲོས་པ་ནི་སྤྲོ་པའོ། །སྤྲོས་མེད་ནི་བསྡུ་བར་རྣམ་པར་གཞག་པའོ། །སྤྲོ་བ་དང་བསྡུ་བའི་རང་བཞིན་ཉིད་དེ་ཡེ་ཤེས་ཡིན་པའི་དོན་ཏོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། །ཇི་ལྟར་སྒྱུར་མའི་རྨི་ལམ་དང༌། །ཇི་ལྟར་སྲིད་པ་བར་དོ་ལྟར། །རྟག་ཏུ་གོམས་པར་བྱས་པ་ལས། །དཀྱིལ་འཁོར་ཉིད་ནི་དེ་རུ་སྣང༌། །རྟག་ཏུ་གོམས་པར་བྱས་པའི་རྣལ་འབྱོར་བས་ནི་གཉིས་མེད་རྟོགས་པ་ལས་སོ། །དཀྱིལ་འཁོར་ནི་ལྷའི་རྣམ་པར་བསྒོམ་པ་སོ་སོར་སྣང་ངོ༌། །དེ་ཇི་ལྟར་སྒྱུ་མ་ཞེས་པ་ནི། མངོན་སུམ་ཉིད་དུ་བདེན་པ་དང་བརྫུན་པ་མ་ཡིན་པའོ། །ཇི་ལྟར་རྨི་ལམ་ཞེས་པ་ནི་མངོན་སུམ་མ་ཡིན་པར་བདེན་པའང་མ་ཡིན་བརྫུན་པ་ཡང་མ་ཡིན་པའོ། །ཇི་ལྟར་སྲིད་པ་བར་དོ་ལྟར། །ཞེས་པ་ནི་རྣམ་པར་ཤེས་པ་ཙམ་དམིགས་པ་མེད་པའི་རང་བཞིན་འདི་ལྟ་བུར་སོ་སོར་སྣང་བ་ར་འགྱུར་རོ། །ཡང་ན་ཇི་ལྟར་དཀྱིལ་འཁོར་ཡང་དག་པའི་ཡེ་ཤེས་ཡིན་པ་ལྟར་དེ་བཞིན་དུ་སྒྱུ་མ་ཀུན་དུ་སྣང་བ་ཉིད་སྐུ་རྡོ་རྗེའོ། །རྨི་ལམ་ནི་མཚན་མ་གསུང་རྡོ་རྗེའོ། །བར་དོའི་སྲིད་པ་ནི་རྣམ་པར་ཤེས་པ་ཐུགས་རྡོ་རྗེའོ། །དེ་ལྟར་རྡོ་རྗེ་གསུམ་སྣང་བར་འགྱུར་རོ། །ཇི་ལྟར་ཞེ་ན། རྟག་ཏུ་ནི་རྒྱུན་དུ་དབྱེར་མེད་པའོ། །གོམས་པ་ནི་མངོན་པར་ཀུན་ནས་སོ། །རེ་བ་ནི་གནས་པའོ། །གོམས་པ་དབྱེར་མེད་པའོ། །རྟག་ཏུ་གོམས་པའི་སྒྲ་ནི་དབྱེར་མེད་པ་དང་དབྱེ་བ་དེ་དག་གོ །རྣལ་འབྱོར་ནི་འདུས་པའོ། །རྟག་ཏུ་གོམས་པའི་རྣལ་འབྱོར་ལས། །ཐ་དད་པ་དང་ཐ་མི་དད་པ་དམིགས་པ་མེད་པ་ཡིན་པའི་དོན་ཏེ། བསྐྱེད་པ་དང་རྫོགས་པ་དག་གཉིས་སུ་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་གསུངས་པ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་བཞིན་ཡེ་ཤེས་བདེ་ཆེན་ཡོད། །དེ་ཉིད་འདི་ཡི་བྱིན་རླབས་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །དཀྱིལ་འཁོར་འདི་ནི་ལྷའི་རྣམ་པར་བསྒོམ་པའི་ཡེ་ཤེས་སོ། །གཞན་ལས་འབྱུང་བ་མེད་ནི་གཞན་ལས་མི་འབྱུང་བའོ། །དེ་ཉིད་འདིའི་བྱིན་རླབས་ཏེ་དེའི་ཞེས་པ་ནི་གང་གིའོ། །ཇི་བཞིན་ཡེ་ཤེས་བདེ་ཆེན་ཡོད་ནི་གང་བདེ་བ་ཆེན་པོའི་ལྷན་ཅིག་སྐྱེས་པ་རྟོགས་པའོ། །གང་དུ་ཞེ་ན། ཕྱག་རྒྱ་ཆེན་པོའི་དབང་བསྐུར་ལའོ། །ཆུ་ལ་སོགས་པའི་དབང་བསྐུར་བདུན་ལའོ། །འདིས་


DTG005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་དཀྱིལ་འཁོར་ཡིན་གྱི་གཞན་ནི་མ་ཡིན་པས་རིམ་པ་གཉིས་དབྱེར་མེད་པ་ཉིད་ཡིན་པའི་དོན་ཏོ། །ཡང་ན་ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ཆེན་པོ་ཡང་འདི་ཡིན་ལ་ཕྱག་རྒྱ་ཡིན་པས་ཕྱག་རྒྱ་ཆེན་པོ་སྟེ་དགའ་བ་བཞིའོ། །དེས་དབང་བསྐུར་བ་ནི་དྲི་མ་མེད་པར་བྱས་པའི་དམ་པ་དེ་ལའོ། །ཇི་བཞིན་ཡེ་ཤེས་ནི་གང་ཉམས་སུ་མྱོང་བའོ། །བདེ་ཆེན་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཉིད་འདིའི་དཀྱིལ་འཁོར་ནི་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །ཅིས་ཁྱད་འཕགས་ཤེ་ན། གཞན་ལས་འབྱུང་བ་མེད་ནི་གཞན་པ་ནི་ཟླ་མེད་པ་སྟེ་བདག་མེད་མའོ། །འབྱུང་བ་ནི་རྡོ་རྗེ་འཛིན་པའོ། །གཞན་ཡང་ཡིན་ལ་འབྱུང་བ་ཡང་ཡིན་པས་གཞན་ལས་འབྱུང་བའོ། །མེད་ཅེས་པ་ནི་དེ་ལ་ཐབས་དང་ཤེས་རབ་དབྱེར་མེད་པ་མ་ནིང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁྱད་པར་དུ་འཕགས་པའི་དངོས་པོ་ནི། བྱིན་རླབས་ཏེ་རྫོགས་པའི་རིམ་པ་དང་དབྱེར་མེད་པའི་བསྐྱེད་པའི་རིམ་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། བདེ་བ་གནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་རབ་བདེ་ཐབས། །དེ་བཞིན་ཀུན་དུ་རུ་སྐྱེས་བདེ། །བདེ་བ་དངོས་པོ་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །བདེ་བ་ཞེས་པ་ནི་གང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་ཉམས་སུ་མྱོང་བར་གྱུར་བའོ། །རྒྱུ་དང་མི་རྒྱུ་ཀུན་ནི་སྐྱེས་པ་དང༌། བུད་མེད་དེ་གཉི་གས་བསྐྱེད་པའི་བདེ་བ་ཉམས་སུ་མྱོང་བའི་ཡེ་ཤེས་ཀྱང་དངོས་པོ་དང་དངོས་པོ་མེད་པ་ཡང་ངོ༌། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ཏེ། བསྐྱེད་པའི་རིམ་པའི་རང་བཞིན་ཐམས་ཅད་ཉིད་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའི་རང་བཞིན་གཉི་ག་དབྱེར་མེད་པའོ། །ཡང་ན་བདེ་བ་ཞེས་པ་ནི་སུ་ནི་ཁུ་བའོ། །ཁ་ནི་བདག་མེད་མ་སྟེ་ཁུ་བ་དང་བདེ་བ་སྟེ། ཁུ་བ་དང་བདེ་བ་དག་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ནག་པོ་ནི་མི་བསྐྱོད་པའི་རང་བཞིན་ནོ། །སེར་པོ་དང་དམར་པོ་དང་དཀར་པོ་དང་ལྗང་གུ་དང་སྔོན་པོ་ཞེས་པ་ནི། །རིན་ཆེན་གཙོ་དང་འོད་དཔག་ཏུ་མེད་དང་རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་དང༌། རྡོ་རྗེ་


DTG005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་རང་བཞིན་ཉིད་དོ། །དེ་གཉི་ག་ནག་པོ་རྒྱུ་བ་དང་མི་རྒྱུ་བ་མཐའ་དག་ཡིན་ཏེ། བརྟན་པ་དང་གཡོ་བ་དབང་པོ་དང་ཡུལ་གྱི་རང་བཞིན་ནོ། །ཐབས་དང་ཤེས་རབ་ཅེས་པ་ནི་རྡོ་རྗེ་དང་པདྨའོ། །ཀུན་དུ་རུ་སྐྱེས་ཞེས་པ་ནི། དགའ་བ་གསུམ་མོ། །དངོས་པོ་དངོས་མེད་ཅེས་པ་ནི་བདེན་པ་གཉིས་སོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །བརྗོད་ཅེས་པ་ནི་ཐམས་ཅད་མཁྱེན་པའོ། །ད་ནི། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་བཞིན་ཡེ་ཤེས་བདེ་ཆེན་ཡོད། །དེ་ཉིད་འདི་ཡི་བྱིན་རླབས་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་པ་སེམས་ལ་བཞག་ནས་རྡོ་རྗེ་སྙིང་པོས་གསོལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དམ་པའི་བདེ་བ་བདེ་ཆེན་འདོད། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པས་དགོས་པ་ཅི་ཞིག་མཆིས། །བདེ་ཆེན་དེ་དེའི་བདེ་བའོ། །དམ་པའི་ཞེས་པ་ནི་དེ་ཡོད་པའོ། །བདེ་བ་ཞེས་པ་ནི་ཡེ་ཤེས་ཏེ། །བསྐྱེད་པའི་རིམ་པའི་རང་བཞིན་རྟོགས་པའོ། །གང་ཡང་བདེ་བ་ཆེན་པོ་དེ་ཡང་ནི་རྫོགས་པའི་རྣལ་འབྱོར་འདིའོ། །འདོད་ཅེས་པ་ནི་རྫོགས་པའི་རིམ་པའི་བསྒོམ་པ་མེད་པ་དེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་བསྒོམ་པ་དགོས་པ་ཅི་ཡོད་དེ། དགོས་པ་ཅི་ཡང་མེད་པ་ཡིན་ནོ་ཞེས་པ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་ཆུད་རེ་ཟོས། །ཨེ་མའོ་ཞེས་པ་ནི་བཅོམ་ལྡན་འདས་ཉིད་ངོ་མཚར་བར་གྱུར་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་འདི་གལ་ཏེ་དེ་སྐད་དུ་འདྲི་བ་དེས་ཆུད་རེ་ཟོས་ཏེ། ཆོས་ཉམས་པ་སྟེ་འདིས་ཆོས་མ་ཤེས་པས་ཚད་བྱ་བར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། དད་པའི་ཤུགས་ཀྱིས་ཏེ་དད་པའི་རྗེས་སུ་འབྲང་བས་ཆོས་ཀྱི་སྐུ་ཙམ་ཉིད་འདིས་ངེས་པ་ཡིན་གྱི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ནི་མ་ཡིན་ནོ། །བདག་ཉིད་ཀྱི་ཐུགས་ངོ་མཚར་སྐྱེས་པས་རྡོ་རྗེ་སྙིང་པོ་ལ་སླར་གསུངས་པ། ལུས་ཀྱི་དངོས་མེད་གང་ལས་བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ལུས་ཀྱི་སྒྲས་བསགས་པའི་མཚན་ཉིད་ཕུང་པོ་ལྔའི་བདག་ཉིད་དོ། །དེའི་དངོས་མེད་བདེ་བ་ནི་ཉམས་སུ་མྱོང་བའི་ཡེ་


DTG005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །གང་ལས་བདེ་བ་ཡིན་པ་སྨྲ་བ་ཉིད་དུ་མི་ནུས་སོ། །དེའི་ཕྱིར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཚུལ་གྱིས་ཏེ། ཁྱབ་བྱ་ནི་ལུས་སོ། །ཁྱབ་བྱེད་ནི་བདེ་བའོ། །དེ་ལྟ་བུའི་རང་བཞིན་གྱི་བདེ་བའི་ཡེ་ཤེས་ཀྱིས་ཁམས་གསུམ་གྱི་འགྲོ་བ་ལ་ཁྱབ་པ་ཡིན་ནོ། །ཡང་ན་ལུས་ཀྱི་དངོས་མེད་ནི། །གཟུགས་དངོས་པོ་མེད་པའི་བདག་མེད་པའི་རང་བཞིན་གྱི་རྡོ་རྗེ་འཛིན་པའོ། །དེ་ཡང་ལུས་ནི་བསགས་པའི་མཚན་ཉིད་དེ། འདི་ལུས་ཀྱང་ཡིན་ལ་དངོས་མེད་ཀྱང་ཡིན་པས་ལུས་ཀྱི་དངོས་མེད་དོ། །དེ་ལ་ཡོད་པའི་བསགས་པའི་བདག་ཉིད་རྡོ་རྗེ་འཛིན་པ་བདག་མེད་མའི་རང་བཞིན་ངེས་སོ། །གང་ལས་ནི་ཆོས་འབྱུང་ལས་སོ། །བདེ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཡང་བདེ་བ་སྨྲ་བར་མི་ནུས་སོ་ནི་ངག་གི་ལམ་ལས་འདས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི་ཁྱབ་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་ཀྱིས་སོ། །འགྲོ་བ་ཁྱབ་པ་ཉིད་ནི་འགྲོ་བ་དང་དབྱེར་མེད་པ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་ཀྱི་དོན་ཏོ། །དེ་ཉིད་དཔེས་བསྟན་པར་བྱ་བ་ནི། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཇི་ལྟར་མེ་ཏོག་ལ་བརྟེན་པའི་དྲི་མེ་ཏོག་གི་དངོས་པོ་མེད་ན་མི་ཤེས་ཤིང་མི་རྟོགས་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་དངོས་པོ་མེད་ན་བདེ་བ་དམིགས་པར་མི་འགྱུར་བ་ཉིད་ཡིན་ནོ། །དེའི་ཕྱིར་གཟུགས་ལ་བརྟེན་པ་ཉིད་གཟུགས་མེད་པའི་དངོས་པོ་ཁྱད་པར་ཅུང་ཟད་ཙམ་བྱིན་གྱིས་བརླབས་ནས་འདྲ་བ་ཡིན་ཏེ། དེ་ཐམས་ཅད་དུ་མཚུངས་པ་ནི་མ་ཡིན་ནོ། །ཅི་ཡིན་དུ་ཆུག་ཀྱང་དེའི་བདག་ཉིད་ཀྱིས་རྟོགས་པར་བྱས་ཏེ། གཟུགས་ཉིད་གཟུགས་མེད་པ་ཅན་ནོ། །གཟུགས་མེད་པ་ཉིད་དུ་གཟུགས་ཅན་ཡིན་ནོ། །ཡང་ན། ཇི་ལྟར་མེ་ཏོག་ལ་བརྟེན་དྲི། །ཞེས་པ་ནི། དི་ཤེས་པ་དེ་རེ་ཞིག་མེ་ཏོག་ལ་བརྟེན་པ་ཡིན་པས་རེ་ཞིག་ཤེས་ཤིང་རྟོགས་ན། མེ་ཏོག་ཉིད་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར། དངོས་པོ་མེད་པས་ན་སྐྱེ་བ་བཀག་པས། དྲི་འདིར་ངེས་པར་ཤེས་ཤིང་རྟོགས་པ་མེད། གང་དྲིའི་ཤེས་པ་རྟོགས་པའི་ཤེས་པ་གཞན་མེད་པའི་ཕྱིར་རོ། །དེ་བཞིན་དུ་བདེ་བ་ཡང་དག་པའི་ཡེ་ཤེས་


DTG005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་མེད་པ་ཉིད་དེ། མི་དམིགས་པའི་རང་བཞིན་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། གཟུགས་སོགས་དངོས་མེད་པས་ཏེ། གཟུགས་ལ་སོགས་པ་རྣམས་ཀྱི་གཟུགས་ཀྱི་དངོས་པོ་མེད་པ་དེས་ནི་བདག་མེད་པ་མ་བསྒོམ་པས་གཟུགས་ལ་སོགས་པ་ཡིན་པའི་དོན་ཏོ། །འདིས་ཅི་བསྟན་ན། རྫོགས་པའི་རིམ་པ་བསྒོམ་པ་མེད་པར་གྲུབ་པ་ཉིད་འདིའི་ཕྱོགས་ཏེ། ཇི་ལྟར་ཞེ་ན། བསྐྱེད་པའི་རིམ་པས་རྟོགས་པའི་ཕྱིར། །ཞེས་དགོངས་སོ། །བསྐྱེད་པའི་རིམ་པ་སྤངས་ནས་རྫོགས་པའི་རིམ་པ་མེད་པ་ཉིད་ཡིན་པའི་དོན་ཏོ། །དེ་སྐད་དུ་ཡང༌། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པའོ། །འདི་ཉིད་གང་བདེན་པ་མཐོང་ཞིང་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པ་ལ་ནི། མ་རིག་པ་གློ་བུར་གྱི་དྲི་མ་རྣམས་ཀྱིས་རྟག་ཏུ་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་མེད་དེ། དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་ཡང་མ་རིག་པ་ལས་ལྡོག་པས་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་མེད་ཅིང་གཉི་གར་ཡང་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་མེད་དོ། །དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཡང་དག་པའི་ཡེ་ཤེས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེའི་གནས་སྐབས་སུ་སོན་པ་རྣམས་ཀྱི་ཡང་མ་རྟོགས་ན་ཅི་ཞིག་འབྱུང་བར་འགྱུར། དེའི་ཕྱིར་གློ་བུར་གྱི་དྲི་མ་བསལ་བར་བྱ་བའི་ཕྱིར། མ་རིག་པ་རྟག་པར་གནས་པ་རྣམས་ལྷའི་རྣམ་པར་དག་པའི་དངོས་པོ་བསྐྱེད་པའི་རིམ་པའོ། །དེ་ཉིད་མཉམ་པ་ཉིད་དུ་མངོན་དུ་གྱུར་ནས་དེ་འདི་ཞེས་རྣམ་པར་གཅད་པར་མི་ནུས་པས་ན། རྫོགས་པའི་རིམ་པ་བསྐྱེད་པར་བྱ་བ་ཡིན་ཏེ། ལྷ་ཉིད་ཀྱི་རྣམ་པར་དག་པ་དང༌། དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་འདི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་ལ་གཅད་དུ་མེད་པའོ། །དེ་ལྟར་ནི། བསྐྱེད་པ་དགོས་པ་ཅི་ཞིག་མཆིས། །ཞེས་པ་གང་འདི་རྡོ་རྗེ་སྙིང་པོས་ཞུས་པ་དེ་ཐམས་ཅད་ཉིད་དགེ་བའི་བཤེས་གཉེན་དང་བྲལ་བས་ཆོས་ཉམས་པ་ཡིན་ནོ། །ཨེ་མའོ་བྱང་ཆུབ་སེམས་དཔའ་ཆེ། དད་པའི་ཤུགས་ཀྱིས་ཆུད་རེ་ཟོས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་སེམས་བསྐྱེད་པ་སྟེ་སླར་ཡང་བཅོམ་ལྡན་འདས་ཉིད་ཀྱིས་ཉེ་བར་བསྟན་པར་གསུངས་སོ། །བསྐྱེད་པའི་རིམ་པའི་དགོས་པ་ཆེན་པོ་གསུངས་


DTG005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པ། དངོས་དང་དངོས་པོ་མེད་པ་དང༌། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། ཕྱག་དང་ཞལ་གྱི་རྣམ་པའི་ཚུལ་ཉིད་ཀྱིས་བདག་ཉིད་རེ་ཞིག་ཐམས་ཅད་མཁྱེན་པའི་དངོས་པོ་སྟེ། དངོས་པོའི་རང་བཞིན་ནོ། །བདག་ཉིད་དངོས་པོ་མེད་པ་ཡིན་ཏེ། ཕྱག་དང་ཞལ་གྱི་རྣམ་པའི་ཚུལ་ཉིད་རང་བཞིན་གྱིས་གཟུགས་མེད་པ་ཡིན་ནོ། །སངས་རྒྱས་ཉིད་བ་ཞེས་པ་ནི་སངས་རྒྱས་ཏེ། ཇི་ལྟར་ཞེ་ན། དངོས་པོ་རྟོགས་པའི་ཕྱིར་ཏེ། དངོས་པོ་རྟོགས་པ་ཉིད་ལ་སངས་རྒྱས་ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ། །དེ་བས་ན་བསྐྱེད་པའི་རིམ་པ་རྟོགས་པ་ཉིད་རྫོགས་པའི་རིམ་པ་ངེས་པ་ཡིན་པའི་དོན་ཏོ། །ཡང་ན། ང་ནི་ཡི་གེ་ཨཱ་དང་ཡི་གེ་ཧཱའི་རང་བཞིན་ཉིད་ཀྱི་དངོས་པོ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་དངོས་པོ་མེད་པ་ང་སྟེ། གཉི་ག་ཡང་དབྱེར་མེད་པའི་ཕྱིར་རོ། །སངས་རྒྱས་བ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་ཅན་ཏེ། ཇི་ལྟར་ཞེ་ན། དངོས་པོ་རྟོགས་པའི་ཕྱིར་རོ། །གང་གཉི་ག་དབྱེར་མེད་པ་མ་ཡིན་པའི་དངོས་པོ་དེ་ནི་མེད་པ་ཡིན་ནོ། །དངོས་པོ་ཐམས་ཅད་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་རྒྱུ་དེའི་ཕྱིར་རོ། །གང་ཞིག་ལེ་ལོས་བསྣུན་པ་དང༌། །རྨོངས་པ་རྣམས་ཀྱིས་ང་མི་ཤེས། །རྡོ་རྗེ་བརྩུན་མོའི་བྷ་ག་ནི། །བདེ་བ་ཅན་དུ་རྟག་ཏུ་བཞུགས། །གང་ཞིག་རྨོངས་པ་ནི། གཏི་མུག་གིས་གཡོགས་པའོ། །དེས་ང་མི་ཤེས་ནི་དེ་བཞིན་ཉིད་ཀྱི་རྣམ་པར་དག་པར་ཞིག་རྨོངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཤེས་རབ་རྣོན་པོ་དེས་ཀྱང་གལ་ཏེ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་རྟོགས་པའོ། །འོན་ཀྱང་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་ཉིད་བསྐྱེད་པའི་རིམ་པ་ལ་རག་ལས་པ་ཉིད་རྫོགས་པའི་རིམ་པ་ཡིན་པར་དགོངས་སོ། །གང་ཞིག་ལེ་ལོས་བསྣུན་པ་དང༌། །ཞེས་པ་ནི་ལེ་ལོའི་དྲི་མ་དག་དེ་ས་བསྣུན་ཞིང་བཅོམ་ལ་བརྩོན་འགྲུས་དམན་པ་རྣམས་སོ། །ཅི་ཞེ་ན་ལྷའི་རྣམ་པར་སྤྲུལ་པ་བསྒོམ་ཡང་ལྷའི་རྣམ་པར་དག་པ་མི་ཤེས་པ་དེ་རྣམས་ཀྱིས་ཀྱང་ང་མི་ཤེས་ཏེ་བསྐྱེད་པའི་རིམ་པ་གོམས་པས་ནི་གཉི་ག་རྣམ་པར་དག་པ་ཡིན་ལ་འོན་ཀྱང་རྫོགས་པའི་རིམ་པ་བསྐྱེད་པ་ལ་རག་ལས་པ་ཉིད་ཡིན་ནོ། །རྡོ་རྗེ་བཙུན་མོའི་བྷ་ག་མཆོག །བདེ་བ་ཅན་ནི་ང་


DTG005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཏེ། །ང་ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའོ། །དེ་ཉིད་མཆོག་སྟེ་མ་ནིང་གི་རང་བཞིན་ནོ། །བདེ་བ་ཅན་ནི་ཆོས་ཀྱི་འབྱུང་གནས་སོ། །ཐུགས་ནི་སྤྲུལ་པའི་སྐུ་སྣ་ཚོགས་པས་བཞུགས་པའོ། །བདེ་བ་ཅན་དེ་ཡང་ཅི་ཡིན་པ་གསུངས་པ། རྡོ་རྗེ་བཙུན་མོའི་བྷ་གའོ། །གང་འདི་བདེ་བ་ཅན་དེ་ནི་རྡོ་རྗེ་བཙུན་མོ་སྟེ་རྡོ་རྗེ་མཁའ་འགྲོ་མའིའོ། །དེའི་བྷ་ག་ནི་ཡེ་ཤེས་སོ། །ཡང་ན་རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །བཙུན་མོ་ནི་བདག་མེད་མའོ། །རྡོ་རྗེ་ཡང་ཡིན་ལ་བཙུན་མོ་ཡང་ཡིན་པས་རྡོ་རྗེ་བཙུན་མོ་སྟེ་ཐབས་དང་ཤེས་རབ་དབྱེར་མེད་པའོ། །དེའི་བྷ་ག་ནི་དེ་དང་དབྱེར་མེད་པའི་ཡེ་ཤེས་སོ། །འདིས་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་བ་བསྟན་ཏོ། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ་གསུངས་པ། ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཡི་གེ་ཨེའི་རྣམ་པའི་ཆ་བྱད་དེ་ཆོས་འབྱུང་གཞལ་ཡས་ཁང་ངོ༌། །དེའི་གཟུགས་ནི་དེའི་རང་བཞིན་ནོ། །ཅིས་ཁྱད་འཕགས་ཤེ་ན། སངས་རྒྱས་རིན་ཆེན་ཟ་མ་ཏོག་སྟེ། སངས་རྒྱས་ཀྱི་སྒྲས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམས་སོ། །དེ་རྣམས་ཀྱི་དགའ་བ་རྒྱས་པར་བྱེད་པས་ན་རིན་ཆེན་ནོ། །སངས་རྒྱས་རྣམས་ཀྱི་རིན་ཆེན་ནི་སངས་རྒྱས་རིན་ཆེན་ནོ། །དེའི་ཟ་མ་རྟོག་ནི་གཞིར་འགྱུར་བའོ། །གནས་ཏེ་ཞེས་པ་འདིས་ནི་གཟུགས་སྣ་ཚོགས་ཀྱི་སྤྱོད་པས་སྤྲུལ་པའི་སྐུ་ང་ཉིད་ངའོ། །ང་ཞེས་པ་འདིས་ནི་ནཱ་ད་གཉིས་ཀྱི་བདག་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་ང་ཡིན་པའོ། །མཆོག་ཅེས་པ་འདིས་ནི་ནང་གི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཡང་ངའོ། །འདིས་ནི་སྐུ་གསུམ་གྱི་རང་བཞིན་ང་ཡིན་པའོ། །རྡོ་རྗེ་བཙུན་མོའི་བྷ་ག་ནི་རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །བཙུན་མོ་ནི་བདག་མེད་མའོ། །རྡོ་རྗེ་ཡང་ཡིན་ལ་བཙུན་མོ་ཡང་ཡིན་པས་རྡོ་རྗེ་བཙུན་མོ་སྟེ་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མའོ། །དེའི་བྷ་ག་ནི་ཡེ་ཤེས་ཡིན་པའི་དོན་ཏོ། །ཨེའི་ཡི་གེའི་ཆ་བྱད་གཟུགས་ནི་བདག་མེད་མའི་རང་བཞིན་ནོ། །སངས་རྒྱས་རིན་ཆེན་ནི་རྡོ་རྗེ་འཛིན་པ་ལ་དེ་ནི་ཟ་མ་ཏོག་གོ །འདིས་ནི་རྡོ་རྗེ་འཛིན་པ་ཉིད་བདག་མེད་མ་ཡིན་ལ་བདག་མེད་མ་ཉིད་རྡོ་རྗེ་འཛིན་པའོ། །དེ་ཉིད་ཀྱི་ཕྱིར། འཆད་པ་པོ་ང་ཆོས་ཀྱང་ང༌། །


DTG005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཚོགས་ལྡན་ཉན་པ་ང༌། །འགྲོ་བའི་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །འཆད་པ་པོ་ང་ཞེས་པ་ནི་འཆད་པ་པོ་ང་ཉིད་དོ། །ཆོས་ཀྱང་ང་ཞེས་པ་ནི་བཤད་པར་བྱ་བའི་ཚུལ་གྱི་ཆོས་ཀྱང་ང་ཉིད་དོ། །ཉན་པ་ང་ཞེས་པ་ནི་ཉན་པ་པོའི་ཚུལ་ཡང་ང་ཉིད་དོ། །རང་གི་ཚོགས་ལྡན་ནི་བདག་ཉིད་འཁོར་དང་བཅས་པ་ཡང་ང་ཉིད་དོ། །བསྒྲུབ་བྱ་ང་ཞེས་པ་ནི་ང་ཉིད་འབྲས་བུའི་ཚུལ་ལོ། །ཡན་ལག་བཅུ་གཉིས་སམ་ཡན་ལག་དགུ་པོའི་ཆོས་དེ་རྟོགས་པའི་རང་བཞིན་ཡང་ངའོ། །ཡན་ལག་བཅུ་གཉིས་ཀྱང་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུར་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། ཆོས་འཕྲུལ་ལ་སོགས་པ་བསྟན་པ་དང༌། མན་ངག་གི་སྡེའོ། །དེ་ལ་དོན་མང་པོ་སྟོན་པར་བྱེད་པའི་ཕྱིར་མདོའི་སྡེ་ཞེས་བརྗོད་དོ། །གང་དང་གང་གིས་གསུངས་པའི་དོན་གྱི་མཐའ་མར་གླུ་དང་འབྲེལ་བའི་ཚིགས་སུ་བཅད་པ་བླངས་ནས་དགའ་བདེ་མང་པོའི་དོན་ནི་དབྱངས་ཀྱིས་བསྙད་པའོ། །གང་དུ་མ་འོངས་པའི་ཕྱིར་འདི་ལྟར་དུས་འདི་ཙམ་ཞིག་ན་འབྱུང་བར་འགྱུར་ཞེས་ལུང་སྟོན་པ་དེ་ནི་ལུང་བསྟན་པ་སྟེ་ཇི་ལྟར་སྐྱེས་བུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པར་འབྱུང་བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་གསུང་གིས་ལུང་བསྟན་པ་འདི་ནི་དྲང་བའི་དོན་གྱི་མདོ་སྡེའོ། །གསུངས་པའི་དོན་གསལ་བར་བྱེད་པ་གདུལ་བའི་ཕྱིར་གསལ་བར་བྱེད་ཅིང་གདུལ་བྱའི་རྗེས་སུ་མཐུན་པར་སྒྲ་སྣ་ཚོགས་དང་ཚིག་དང་ཡི་གེས་ཚིག་བཞི་ལ་སོགས་པའི་ཚིགས་སུ་བཅད་པ་འདི་ནི་ངེས་པའི་དོན་གྱི་མདོ་སྡེའོ། །གདུལ་བྱ་སྣ་ཚོགས་ཀྱི་ངོར་ཞུས་པའི་དོན་ཆེད་དུ་བརྗོད་པས་ན་ཆེད་དུ་བརྗོད་པའོ། །ཡུལ་དང་དུས་ལ་སོགས་པ་སོ་སོར་ངེས་པའི་གཏམ་རྒྱུད་ངེས་པར་བྱེད་པའི་ངག་ནི་གླེང་གཞིའོ། །སྐྱེ་བོ་རྣམས་རྟོགས་པའི་ངེས་པ་བསྐྱེད་པར་བྱ་བའི་ཕྱིར་དཔེས་དོན་སྟོན་པ་ནི་རྟོགས་པ་བརྗོད་པའི་སྡེའོ། །


DTG005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུར་བྱུང་བ་ནི་སྔོན་གྱི་གཏམ་རྒྱུད་རྙིང་པའོ། །སྐྱེས་པའི་རབས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ན། སྐྱེ་བ་སྣ་ཚོགས་སུ་ལུས་བླངས་པ་ལ་སོགས་པའི་སྤྱོད་པ་སྟོན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བདེན་པ་གཉིས་དབྱེར་མེད་པར་རྟོགས་པར་བྱ་བའི་ཕྱིར་ཆོས་ཡང་དག་པ་རྒྱས་པར་བརྗོད་པ་ནི་ཤིན་ཏུ་རྒྱས་པའོ། །ཆོ་འཕྲུལ་ཆེན་པོ་ལ་སོགས་པ་བསྟན་པ་ནི། ངོ་མཚར་བའི་ལྟས་བསྟན་པས་སེམས་ཅན་རྣམས་ལམ་ལ་འཇུག་པའོ། །གདམས་ངག་ནི་གསང་བར་བཤད་པའི་དོན་སྟོན་པར་བྱེད་པའོ། །ཡན་ལག་བཅུ་གཉིས་ནི་འཕགས་པའི་དགེ་འདུན་ཕལ་ཆེན་སྡེའི་བཞེད་པས་སོ། །མདོའི་སྡེ་ལ་སོགས་པ་རྣམས་སུ་གླེང་གཞི་དང་རྟོགས་པ་བརྗོད་པ་དང༌། གདམས་ངག་ཅེས་བྱ་བའི་ཡན་ལག་གསུམ་བསྡུས་པས་དགུའོ། །ཆོས་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །འགྲོ་བའི་སྟོན་པ་ཞེས་པ་ནི་འཇིག་རྟེན་གསུམ་བླ་མ་ཡང་ང་ཉིད་དོ། །འཇིག་རྟེན་ང་ཞེས་པ་ནི། འཇིག་རྟེན་གསུམ་གྱི་རང་བཞིན་ཉིད་དའོ། །འཇིག་རྟེན་འདས་པ་ང་ཞེས་པ་ནི། འཇིག་རྟེན་པའི་ཐ་སྙད་ཀྱི་རང་བཞིན་ཉིད་ངའོ། །ཡང་ན་ང་ཞེས་པ་ན་ཐབས་དང་ཤེས་རབ་དབྱེར་མེད་པའོ། །འཆད་པ་པོ་ང་ཞེས་པ་འདིས་ནི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དོ། །ཆོས་ཀྱང་ང་ཞེས་པ་ནི་གཉིས་སུ་མེད་པའི་རང་བཞིན་གྱི་ཆོས་ཀྱི་སྐུའི་བདག་ཉིད་དོ། །འགྲོ་བའི་སྟོན་པ་ང་ཞེས་པ་ནི་འགྲོ་བ་དབང་པོ་རྣམས་སོ། །དེ་རྣམས་ཀྱི་སྟོན་པ་ནི་མི་འགྱུར་བ་སྟེ་ལྷའི་མིག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ང་ནི་ཕུང་པོ་ལྔའི་རང་བཞིན་ཉིད་ངའོ། །འཇིག་རྟེན་ལས་འདས་པ་ང་ནི་གཟུགས་ལ་སོགས་པའི་ཡུལ་གྱི་རང་བཞིན་ཉིད་ངའོ། །དེ་ཉིད་ཀྱི་ཕྱིར། ལྷན་ཅིག་སྐྱེས་དགའི་རང་བཞིན་ང༌། །མཆོག་མཐའ་དགའ་བྲལ་དང་པོར་ནི། །ལྷན་ཅིག་སྐྱེས་པའི་རང་བཞིན་ང་ནི། །ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ངའོ། །མཆོག་མཐའ་དགའ་བྲལ་དང་པོར་ནི། །མཆོག་མཐའ་མ་ནི་མཆོག་མཐའོ། །དེ་ལྟ་བུར་གྱུར་པའི་དགའ་བྲལ་དེ་དང་པོར་གང་ལ་ཡོད་པ་དེའི་ལྷན་ཅིག་སྐྱེས་པའོ། །དེ་མཆོག་མཐའ་དགའ་བྲལ་དང་པོ་ཅན་ནི་མ་ནིང་ངོ༌། །ཡང་ན་མཆོག་མཐའ་ནི་གང་


DTG005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐའ་ཡོད་པ་དེ་ནི་མཆོག་མཐའ་སྟེ། དགའ་བ་དང་པོ་དང༌། རྣམ་པར་དགའ་བ་དང༌། དགའ་བ་གསུམ་པ་སྟེ་དང་པོ་དང་ཐ་མ་དག་དང་དགའ་བ་བར་མ་རྣམས་ཀྱང་མཆོག་ཏུ་མི་འགྱུར་བ་ཉིད་ལ་ཐིམ་པ་ཡིན་ནོ། །གང་ལ་དགའ་བ་གསུམ་དང་པོར་ཡོད་པ་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག་མཐའ་དགའ་བྲལ་དང་པོ་ཅན་ནོ། །ཡང་ན་མཆོག་ནི་རང་བཞིན་ནོ། །མཐའ་ནི་ལྷན་ཅིག་སྐྱེས་པ་ཡིན་པས་མཆོག་མཐའ་སྟེ། མཆོག་མཐའི་རང་བཞིན་ནོ། །དགའ་བྲལ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་དགའ་བ་དང་པོ་སྟེ་མཆོག་མཐའ་དགའ་བྲལ་དང་པོའོ། །འདིའི་རང་བཞིན་ཉིད་ཅན་གྱི་ཡེ་ཤེས་ཡིན་ཏེ་དགའ་བ་གསུམ་གྱི་རང་བཞིན་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ནོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང༌། །ཞེས་པ་འདིས་ནི་འཆད་པ་པོ་ང་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་རང་བཞིན་གྲུབ་པ་ཡིན་ནོ། །ཡང་ན་མཆོག་མཐའ་ཞེས་པ་ནི་མཐའ་ནི་མཐར་ཐུག་པའི་མུའོ། །ཅིས་ཁྱད་འཕགས་ཤེ་ན། མཆོག་སྟེ་ཁྱད་འཕགས་པ་སྟེ་འདི་གཞན་ཅི་ཡང་ཡོད་པ་མ་ཡིན་ནོ། །དགའ་བྲལ་དང་པོ་ཅན་ནི་གང་གི་ཕྱིར་དགའ་བྲལ་ནི་ཆད་པ་སྟེ། འཇིག་པའོ། །དང་པོ་ནི་སྐྱེ་བའོ། །དགའ་བྲལ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་དགའ་བྲལ་དང་པོ་སྟེ་སྐྱེ་བ་དང་འཇིག་པ་དབྱེར་མེད་པ་ཅན་གྱི་ཡེ་ཤེས་སོ། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས་། །དེ་བཞིན་ཞེས་པ་ནི་དཔེ་བསྟན་པའོ། །ཡིད་ཆེས་ཞེས་པ་ནི་ཉམས་སུ་མྱོང་བའི་ཡེ་ཤེས་སོ། །བུས་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །མུན་པ་ལ་ནི་མར་མེ་ལྟར་ནི་རང་ཉིད་རབ་ཏུ་གསལ་བར་སྣང་བའི་འོད་དང་ཐ་མི་དད་པས་མུན་པ་སེལ་བ་དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་འོད་གསལ་བའི་རང་བཞིན་ལྟ་བ་ངན་པ་མ་ལུས་པའི་ཉོན་མོངས་པའི་བག་ཆགས་བག་ལ་ཉལ་སྦྱོང་བར་བྱེད་པ་བླ་མའི་ཞབས་ཀྱི་བཀའ་དྲིན་གྱི་སྤྱོད་ཡུལ་ལས་རྟོགས་པ་ཡིན་པའི་དོན་ཏོ། །དེ་ཡང་ང་ཡིན་ནོ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །བཙུན་མོའི་བྷ་ག་བདེ་ཆེན་དུ། །ཁུ་བ་ཞེས་བྱར་རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་སྤངས་ནས་དེ་མ་


DTG005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ནུས་པ་མེད་ཅིང་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །མཚན་སུམ་ཅུ་རྩ་གཉིས་འདི་ལ་མངའ་བས་ན་མཚན་སུམ་ཅུ་རྩ་གཉིས་ཅན་ཏེ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང༌། ཕྱག་དང་ཞབས་ཤིན་ཏུ་གནས་པ་དང༌། ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་པ་དང༌། ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། བདུན་མཐོ་བའི་ཚད་དང༌། སོར་མོ་རིང་བ་ཉིད་དང༌། རྟིང་པ་ཡངས་པ་དང༌། སྐུ་དྲང་པོར་རྒྱས་པ་དང༌། ཞབས་ལོང་བུའི་ཚིགས་མི་མངོན་པ་དང༌། སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང༌། བྱིན་པ་རི་དགས་ཨེ་ན་ཡ་ལྟ་བུ་ཉིད་དང༌། བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོ་ལ་སླེབ་པ་དང༌། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང༌། མདོག་གསེར་འདྲ་བ་ཉིད་དང༌། པགས་པ་སྲབ་པ་ཉིད་དང༌། སྤུ་རེ་རེ་བ་ཉིད་དང༌། ཞལ་མཛོད་སྤུས་བརྒྱན་པ་ཉིད་དང༌། རོ་སྟོང་སེང་གེ་འདྲ་བ་ཉིད་དང༌། སྐུ་ཤིན་ཏུ་ཟླུམ་པ་དང༌། ཐལ་གོང་རྒྱས་པ་ཉིད་དང༌། རོ་བྲོ་བ་ཉིད་དང༌། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞིང་མཉམ་པ་དང༌། དབུ་གཙུག་ཏོར་དང་ལྡན་པ་ཉིད་དང༌། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་དང༌། ཚངས་པའི་དབྱངས་དང༌། འགྲམ་པ་སེང་གེའི་འདྲ་བ་དང༌། ཚེམས་དཀར་བ་ཉིད་དང༌། ཚེམས་མཉམ་པ་ཉིད་དང༌། ཚེམས་བཞི་བཅུ་མཉམ་པར་ཚང་པ་དང༌། སྤྱན་མཐོན་མཐིང་ལྟ་བུ་དང༌། བའི་རྫི་མ་ལྟ་བུ་ཉིད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་བཅོམ་ལྡན་འདས་ཁོ་ན་ལས་གཞན་ལ་མེད་པ་ཡིན་ནོ། །ཐབས་དང་ཤེས་རབ་རྣམ་པར་དག་པའི་དབྱངས་ཡིག་བཅུ་དྲུག་ཉིས་འགྱུར་ཡོངས་སུ་གྱུར་བའི་ཕྱིར་ཞེས་དགོངས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཕྱག་དང་ཞབས་དག་གི་མཐིལ་ལ་འཁོར་ལོ་རྩིབས་སྟོང་པ་མུ་ཁྱུད་དང་ལྟེ་བ་རྣམས་དང་བཅས་པ་མངའ་བས། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཕྱག་དང་ཞབས་ཀྱི་མཐིལ་མཉམ་པའི་ཕྱིར་སལ་བཞག་ན་ཆང་རྗེས་མི་མངོན་པའི་ཕྱིར། ཕྱག་དང་ཞབས་ཤིན་ཏུ་གནས་པ་ཉིད་དོ། །དད་པའི་རྒྱལ་པོའི་རྐང་པ་དང་འདྲ་བས་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་བའོ། །ཕྱག་དང་ཞབས་རས་བལ་གྱི་འདབ་མ་དང་


DTG005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བས་ན། ཕྱག་དང་ཞབས་གཞོན་ཤ་ཆགས་པ་ཉིད་དོ། །ཕྱག་དང་ཞབས་དང་དབུའི་ཆ་ལྟག་ཁུང་མཐོ་བས་ན་བདུན་མཐོ་བའོ། །ཕྱག་དང་ཞབས་ཀྱི་སོར་མོ་རྣམས་རིང་བའི་ཕྱིར་སོར་མོ་རིང་བ་ཉིད་དོ། །རྟིང་པ་ཡངས་པ་ཉིད་ཀྱི་ཕྱིར་རྟིང་པ་ཡངས་པ་ཉིད་དོ། །བདུན་མཐོ་ཞིང་སྐུ་མི་ཡོ་བའི་ཕྱིར་སྐུ་དྲང་པོར་རྒྱས་པ་ཉིད་དོ། །པུས་མོ་དང་ལོང་བུ་མཐོ་བར་མི་མངོན་པའི་ཕྱིར། ལོང་བུའི་ཚིགས་མི་མངོན་པ་ཉིད་དོ། །བ་སྤུ་གཡས་སྐོར་དུ་འཁྱིལ་པའི་ཕྱིར། སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དོ། །རིམ་གྱིས་ཆགས་པ་ཟླུམ་པའི་ཕྱིར་དང༌། འབར་འབུར་མེད་པའི་ཕྱིར། བྱིན་པ་རི་དགས་ཨེ་ན་ཡ་ལྟ་བུ་ཉིད་དོ། །མཉམ་པར་རིང་པས་མ་བཏུད་བར་ཕྱག་གི་མཐིལ་དག་གིས་པུས་མོའི་ལྷ་ངར་སླེབས་པས་ན། བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོ་ལ་སླེབ་པའོ། །མཆོག་ཏུ་གསང་བའི་ཚུལ་གྱིས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པས་ན། མདོམས་ཀྱི་སྦ་བ་སྦུ་བས་སུ་ནུབ་པའོ། །མདོག་གསེར་བཙོ་མ་ལྟ་བུའི་ཕྱིར་མདོག་གསེར་འདྲ་བ་ཉིད་དོ། །རྡུལ་བག་གིས་མ་གོས་པའི་ཕྱིར་པགས་པ་སྲབ་པ་ཉིད་དོ། །བ་སྤུའི་ཁུང་བུ་གཉིས་པ་མེད་པའི་ཕྱིར། །བ་སྤུའི་ཁུང་བུ་རེ་རེ་བ་ཉིད་དོ། །གཟི་བརྗིད་ཆེན་པོའི་མཛོད་སྤུས་སྨིན་མཚམས་སུ་སྤྲས་པའི་ཕྱིར། ཞལ་མཛོད་སྤུས་བརྒྱན་པ་ཉིད་དོ། །རོ་སྟོད་ཆེ་བའི་ཕྱིར་རོ་སྟོད་སེང་གེ་འདྲ་བའོ། །ཡོངས་སུ་ཟླུམ་པར་མཁྲེགས་པའི་ཕྱིར། སྐུ་ཤིན་ཏུ་ཟླུམ་པའོ། །ཤིན་ཏུ་འདུས་ནས་བསགས་པའི་ཕུང་པོ་ཡིན་པའི་ཕྱིར་ཐལ་གོང་རྒྱས་པ་ཉིད་དོ། །རླུང་ལ་སོགས་པ་རྣམས་ཀྱིས་གནོད་པའི་རོ་མ་ཡིན་པའི་ཕྱིར་རོ་བྲོ་བ་ཉིད་དོ། །སྒྲོ་བཏགས་པ་ཡོངས་སུ་སྤངས་པའི་ཕྱིར། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དོ། །ཤིན་ཏུ་ཡོངས་སུ་ཟླུམ་པོར་འཁྲིལ་བག་ཆགས་པར་གཡས་ནས་འཁོར་བའི་གཙུག་ཏོར་ཉིད་ཀྱིས་དབུ་ལ་ལྟ་བའི་ཕྱིར། དབུ་གཙུག་ཏོར་དང་ལྡན་པའོ། །ཨུཏྤལ་དམར་པོའི་འདབ་མ་ལྟ་བུར་དམར་ཞིང་ཡངས་པའི་ཕྱིར། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་ཉིད་དོ། །དབྱིག་གི་སྙིང་པོ་ལྟ་བུར་དབྱངས་སྙན་པའི་ཕྱིར་ཚངས་པའི་དབྱངས་ཉིད་དོ། །མེ་ལོང་གི་བཞིན་གྱི་


DTG005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལྟར་འོད་གསལ་ཞིང་ཤིན་ཏུ་ཡོངས་སུ་འཁོར་བར་མངོན་པའི་ཕྱིར་འགྲམ་པ་སེང་གེའི་ལྟ་བུ་ཉིད་དོ། །ཀུན་ད་དང་ཟླ་བ་ལྟར་དཀར་བའི་ཕྱིར། ཚེམས་དཀར་བ་ཉིད་དོ། །ཚེམས་སྟོ་བ་དང་མཐོ་དམན་མེད་པའི་ཕྱིར་ཚེམས་མཉམ་པ་ཉིད་དོ། །སྟེང་འོག་ཏུ་ལྷག་མ་མེད་པའི་ཕྱིར། །ཚེམས་ཐགས་བཟང་ཞིང་ཚེམས་བཞི་བཅུ་མཉམ་པར་ཚང་བ་ཉིད་དོ། །དཀར་བ་དང་གནག་པའི་ཤས་ཀྱིས་འབྱེས་པའི་ཕྱིར། སྤྱན་མཐོན་མཐིང་ལྟ་བུ་ཉིད་དེ། སྟེང་འོག་ཏུ་གནས་པའི་རྫི་མ་རྣམས་མ་འཛིངས་ཤིང་རངས་སར་གནས་པའི་ཕྱིར། བའི་རྫི་མ་ལྟ་བུ་ཉིད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་རྟག་ཏུ་འབྱུང་བ་གང་བཅོམ་ལྡན་འདས་དེའི་ཡིན་པའི་དོན་ཏོ། །སྟོན་པ་ཞེས་པ་ནི་དེ་ལྟ་བུར་གྱུར་པའི་མཚན་ཉིད་དང་ལྡན་པ་སྤྲུལ་པའི་སྐུའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་འགྲོ་བའི་དོན་རབ་ཏུ་འཇུག་པ་ཡིན་ནོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཞེས་པ་ནི། ཡི་གེ་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་རྣམས་ལ་ཌ་ཌྷ་ད་དྷ་ཡ་ལའི་གསལ་བྱེད་དྲུག་རྣམས་ཅུང་ཟད་ང་རོ་ཞན་པ་བསྣན་པས་གསལ་བྱེད་བཞི་བཅུ་ཐམ་པའོ། །དེ་རྣམས་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིས་འགྱུར་གྱིས་གསལ་བྱེད་བརྒྱད་ཅུར་ཡོངས་སུ་གྱུར་པའི་རང་བཞིན་ཡིན་པའི་ཕྱིར་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་ལ་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ནི་དཔེ་བྱད་བཟང་པོ་གཅིག་སྟེ། བཅོམ་ལྡན་འདས་ཀྱི་འདྲ་བའི་མཚན་མའོ། །སེན་མོ་མདོག་སྣུམ་པ་ཉིད་དང༌། སེན་མོ་མཐོ་བ་ཉིད་དང༌། སོར་མོ་ཟླུམ་པ་དང༌། སོར་མོ་རྣམས་རྒྱས་པ་དང༌། སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང༌། རྩ་མི་མངོན་པ་དང༌། རྩ་མདུད་པ་མེད་པ་དང༌། ལོང་བུ་མི་མངོན་པ་དང༌། ཞབས་མི་མཉམ་པ་མེད་པ་ཉིད་དང༌། སེང་གེའི་སྟབས་སུ་གཤེགས་པ་ཉིད་དང༌། གླང་པོའི་སྟབས་སུ་གཤེགས་པ་ཉིད་དང༌། ངང་པའི་རྒྱལ་པོའི་སྟབས་སུ་གཤེགས་པ་ཉིད་དང༌། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང༌། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང༌། མཛེས་པར་གཤེགས་པ་ཉིད་དང༌། མི་ཡོ་བར་གཤེགས་པ་ཉིད་དང༌། སྐུ་འཁྲིལ་བག་ཆགས་པ་ཉིད་དང༌། སྐུ་བྱི་དོར་


DTG005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལྟ་བུ་ཉིད་དང༌། སྐུ་རིམ་པར་འཚམ་པ་ཉིད་དང༌། སྐུ་གཙང་བ་ཉིད་དང༌། སྐུ་འཇམ་པ་ཉིད་དང༌། སྐུ་རྣམ་པར་དག་པ་ཉིད་དང༌། མཚན་རྫོགས་པ་ཉིད་དང༌། སྐུ་ཁོ་ལག་ཡངས་ཤིང་བཟང་པ་ཉིད་དང༌། སྤྱན་མཉམ་པ་ཉིད་དང༌། སྤྱན་རྣམ་པར་དག་པ་ཉིད་དང༌། སྐུ་ཤིན་ཏུ་གཞོན་མ་དོག་ཅན་ཉིད་དང༌། སྐུ་ཞུམ་པ་མེད་པ་ཉིད་དང༌། སྐུ་རྒྱས་པ་ཉིད་དང༌། སྐུ་ཤིན་ཏུ་གྲིམས་པ་ཉིད་དང༌། ཡན་ལག་དང་ཉིད་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང༌། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང༌། དཀུ་ཟླུམ་པ་ཉིད་དང༌། དཀུ་སྐབས་ཕྱིན་པ་དང༌། དཀུ་མ་རྙོངས་པ་ཉིད་དང༌། ཕྱལ་ཕྱང་ངེ་བ་ཉིད་དང༌། ལྟེ་བ་ཟབ་པ་ཉིད་དང༌། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང༌། ཀུན་ནས་མཛེས་པ་ཉིད་དང༌། ཀུན་ནས་སྤྱོད་པ་གཙང་བ་ཉིད་དང༌། སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང༌། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང༌། ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང༌། ཕྱག་གི་རི་མོ་ཟབ་པ་ཉིད་དང༌། ཕྱག་གི་སོར་མོ་རིང་བ་ཉིད་དང༌། ཞལ་ཧ་ཅང་ཡང་མི་རིང་བ་ཉིད་དང༌། ཞལ་གཟུགས་བརྙན་སྣང་བ་ཉིད་དང༌། ལྗགས་མཉེན་པ་ཉིད་དང༌། ལྗགས་སྲབ་པ་ཉིད་དང༌། ལྗགས་དམར་བ་ཉིད་དང༌། གླང་པོ་ཆེའི་ང་རོ་དང༌། འབྲུག་སྒྲ་དང་ལྡན་པ་ཉིད་དང༌། གསུང་སྙན་པ་ཉིད་དང༌། འཇམ་པ་ཉིད་དང༌། མཆེ་བ་ཟླུམ་པ་ཉིད་དང༌། མཆེ་བ་རྣོ་བ་ཉིད་དང༌། མཆེ་བ་དཀར་བ་ཉིད་དང༌། མཆེ་བ་མཉམ་པ་ཉིད་དང༌། མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། །ཤངས་མཐོ་བ་ཉིད་དང༌། ཤངས་གཙང་བ་ཉིད་དང༌། སྤྱན་རྣམ་པར་དག་པ་ཉིད་དང༌། སྤྱན་ཡངས་པ་ཉིད་དང༌། རྫི་མ་སྟུག་པ་ཉིད་དང༌། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དང༌། སྨིན་ཚུགས་གཉིས་རིང་བ་ཉིད་དང༌། སྨིན་མ་ཟུང་འཇམ་པ་ཉིད་དང༌། སྨིན་མ་ཟུང་གི་སྤུ་མཉམ་པ་ཉིད་དང༌། སྨིན་མ་ཟུང་སྣུམ་པ་ཉིད་དང༌། སྙན་ཤལ་སྟུག་ཅིང་རིང་བ་ཉིད་དང༌། སྙན་མཉམ་པ་ཉིད་དང༌། སྙན་གྱི་དབང་པོ་མ་ཉམས་པ་དང༌། འཕྲལ་བ་ལེགས་པར་འབྱེས་པ་ཉིད་དང༌། འཕྲལ་བ་དབྱེས་ཆེ་བ་ཉིད་དང༌།


DTG005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཤིན་ཏུ་རྒྱས་པ་ཉིད་དང༌། དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང༌། དབུ་སྐྲ་མཐུག་པ་ཉིད་དང༌། དབུ་སྐྲ་འཇམ་པ་ཉིད་དང༌། དབུ་སྐྲ་མི་འཛིངས་པ་ཉིད་དང༌། དབུ་སྐྲ་མི་གཤོར་བ་ཉིད་དང༌། དབུ་སྐྲ་དྲི་ཞིམ་པ་ཉིད་དང༌། ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་དེ། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་རྟག་ཏུ་ཤར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་འདུས་བྱས་ཐམས་ཅད་ལ་རྣམ་པར་ཆགས་པའི་ཐུགས་ཉིད་ཀྱི་ཕྱིར། སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དོ། སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བའི་ཐུགས་མངའ་བའི་ཕྱིར། སེན་མོ་མདོག་སྣུམ་པ་ཉིད་དོ། །རིགས་མཐོ་བར་འཁྲུངས་པའི་ཕྱིར་སེན་མོ་མཐོ་བ་ཉིད་དོ། །ཁ་ན་མ་ཐོ་བ་མི་མངའ་བར་ཟླུམ་པའི་ཕྱིར་སོར་མོ་རྣམས་ཟླུམ་པ་ཉིད་དོ། །དགེ་བའི་རྩ་བ་བསགས་པའི་ཕྱིར་སོར་མོ་རྣམས་རྒྱས་པ་ཉིད་དོ། །དགེ་བའི་རྩ་བ་རིམ་གྱིས་བསགས་པའི་ཕྱིར། སོར་མོ་རྣམས་བྱིན་གྱིས་ཕྲ་བའོ། །སྐུ་ལ་སོགས་པའི་ལས་ཀྱི་འཚོ་བ་ཤིན་ཏུ་མི་མངོན་པའི་ཕྱིར་རྩ་མི་མངོན་པ་ཉིད་དོ། །ཉོན་མོངས་པའི་མདུད་པ་བཅད་པའི་ཕྱིར་རྩ་ལ་མདུད་པ་མེད་པ་ཉིད་དོ། །ཆོས་ཀྱི་བློ་གྲོས་མི་མངོན་པའི་ཕྱིར་ལོང་བུ་མི་མངོན་པ་ཉིད་དོ། །ཉམ་ང་བ་ཐམས་ཅད་ངེས་པར་རྒལ་བའི་ཕྱིར་ཞབས་མི་མཉམ་པ་མེད་པ་ཉིད་དོ། །སྐྱེས་བུ་སེང་གེ་ཉིད་ཀྱི་ཕྱིར། སེང་གེའི་སྟབས་སུ་གཤེགས་པ་ཉིད་དོ། །སྐྱེས་བུ་གླང་པོ་ཡིན་པའི་ཕྱིར། གླང་པོའི་སྟབས་སུ་གཤེགས་པ་ཉིད་དོ། །ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་གཤེགས་པའི་ཕྱིར། ངང་པའི་རྒྱལ་པོའི་སྟབས་སུ་གཤེགས་པ་ཉིད་དོ། །སྐྱེས་བུ་ཁྱུ་མཆོག་ཡིན་པའི་ཕྱིར། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དོ། །ལམ་གཡས་ནས་གཤེགས་པའི་ཕྱིར། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དོ། །མཛེས་པར་གཟིགས་པ་ཉིད་ཀྱི་ཕྱིར། མཛེས་པར་གཤེགས་པ་ཉིད་དོ། །རྟག་ཏུ་བློ་གྲོས་མ་ཡོ་བ་ཉིད་ཀྱི་ཕྱིར། མ་ཡོ་བར་གཤེགས་པ་ཉིད་དོ་།རྣམ་པར་དག་པའི་ཡོན་ཏན་འཆད་པར་མཛད་པའི་ཕྱིར། སྐུ་འཁྲིལ་བག་ཆགས་པ་ཉིད་དོ། །སྡིག་པའི་ཆོས་བྱི་དོར་བྱས་པའི་


DTG005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བྱིར། །སྐུ་བྱི་དོར་བྱས་པ་ཉིད་དོ། །དམ་པའི་ཆོས་རིམ་གྱིས་འཚམ་པར་སྟོན་པར་མཛད་པའི་ཕྱིར། སྐུ་རིམ་པར་འཚམ་པ་ཉིད་དོ། །སྐུ་ལ་སོགས་པ་གཙང་མ་ཡང་དག་པར་མངའ་བའི་ཕྱིར། སྐུ་གཙང་བ་ཉིད་དོ། །ཐུགས་འཇམ་པའི་རང་བཞིན་ཡིན་པའི་ཕྱིར། སྐུ་རྣམ་པར་དག་པ་ཉིད་དོ། །དམ་པའི་ཆོས་འདུལ་བ་ཤིན་ཏུ་ཡོངས་སུ་རྫོགས་པའི་ཕྱིར། མཚན་ཡོངས་སུ་རྫོགས་པ་ཉིད་དོ། །ཡིད་འཕྲོག་པའི་ཡོན་ཏན་རྒྱས་པར་སྟོན་པར་མཛད་པའི་ཕྱིར་སྐུ་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དོ། །སེམས་ཅན་ཀུན་ལ་སྙོམས་པའི་ཐུགས་མངའ་བའི་ཕྱིར། སྤྱན་མཉམ་པ་ཉིད་དོ། །ཤིན་ཏུ་རྣམ་པར་དག་པ་གཟིགས་པའི་ཕྱིར། སྤྱན་ཤིན་ཏུ་རྣམ་པར་དག་པ་ཉིད་དོ། །སྔར་མེད་པའི་དམ་པའི་ཆོས་གསུངས་པར་མཛད་པའི་ཕྱིར། སྐུ་ཤིན་ཏུ་གཞོན་མདོག་ཅན་ཉིད་དོ། །རྟག་ཏུ་ཐུགས་ཞུམ་པ་མི་མངའ་བའི་ཕྱིར། སྐུ་ཞུམ་པ་མེད་པ་ཉིད་དོ། །དགེ་བའི་རྩ་བ་རྒྱས་པའི་ཕྱིར་སྐུ་རྒྱས་པ་ཉིད་དོ། །ཡང་སྲིད་པ་ཟད་པར་བཅོམ་པའི་ཕྱིར། སྐུ་ཤིན་ཏུ་གྲིམས་པ་ཉིད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་སྟོན་པར་མཛད་པའི་ཕྱིར་དང་ཡན་ལག་བཅུ་གཉིས་དེའི་ཉིད་ལག་ཡིན་པའི་ཕྱིར་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དོ། །ཤིན་ཏུ་རྣམ་པར་དག་པའི་དམ་པའི་ཆོས་གཟིགས་པའི་ཕྱིར། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དོ། །སློབ་མ་ཀུན་ནས་ཕུན་སུམ་ཚོགས་པའི་ཕྱིར་དཀུ་ཞུམ་པ་ཉིད་དོ། །སྲིད་པའི་ཉེས་པས་མ་གོས་པའི་ཕྱིར་དཀུ་སྐབས་ཕྱེད་པ་ཉིད་དོ། །ང་རྒྱལ་གྱི་ཁེངས་པ་བཅོམ་པའི་ཕྱིར་དབུ་མ་རྙོངས་པ་ཉིད་དོ། །ཆོས་ཟད་པར་རྣམ་པར་སྟོན་པར་མཛད་པས་ཕྱལ་ཕྱང་ངེ་བ་ཉིད་དོ། །མཆོག་ཏུ་ཟབ་པའི་ཆོས་སོ་སོར་ཐུགས་སུ་ཆུད་པའི་ཕྱིར་ལྟེ་བ་བྲབ་པ་ཉིད་དོ། །སློབ་མ་གཡས་ཕྱོགས་ནས་ཕུན་སུམ་ཚོགས་པ་གཟུང་བའི་ཕྱིར་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དོ། །རབ་ཏུ་མཛེས་པར་མཚུངས་པའི་སློབ་མ་འདུས་པའི་ཕྱིར། ཀུན་ནས་མཛེས་པ་ཉིད་དོ། །ཐུགས་ཀུན་ནས་གཙང་བའི་ཕྱིར་ཀུན་ནས་སྤྱོད་པ་གཙང་བ་ཉིད་དོ། །གནག་བག་མེད་པའི་གདམས་


DTG005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཆོས་ཀྱིས་འདུལ་བའི་ཕྱིར་སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དོ། །སྐུ་ཤིང་ལ་ལྟར་ཡང་བ་རྙེད་ནས་ཆོས་སྟོན་པར་མཛད་པའི་ཕྱིར་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དོ། །སྐྱེ་བོ་བསྡུམ་པའི་དངོས་པོ་སོ་སོར་བརྙས་པའི་གནས་ཆེན་པོའི་དངོས་པོ་ཡིན་པའི་ཕྱིར་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དོ། །མཆོག་ཏུ་ཟབ་མོ་བརྟན་པར་གནས་པའི་ཕྱིར། ཕྱག་གི་རི་མོ་ཟབ་པ་ཉིད་དོ། །ཆེར་བཟོད་པའི་ཆོས་སྟོན་པར་མཛད་པའི་ཕྱིར་ཕྱག་གི་རི་མོ་རིང་བ་ཉིད་དོ། །བསླབ་པའི་གཞིའི་བརྗོད་པ་ཧ་ཅང་ཡང་མི་མངའ་བའི་ཕྱིར་ཞལ་ཧ་ཅང་ཡང་མི་རིང་བ་ཉིད་དོ། །གཟུགས་བརྙན་ལྟ་བུར་འཇིག་རྟེན་ཐམས་ཅད་ལ་ལན་བཏབ་པའི་ཕྱིར། ཞལ་གཟུགས་བརྙན་སྣང་བ་ཉིད་དོ། །གདུལ་བྱ་ལ་འཇམ་པོར་རིམ་པས་མཛད་པའི་ཕྱིར་ལྗགས་མཉེན་པ་ཉིད་དོ། །ཉེས་པ་སྲབ་པའི་ཕྱིར་དང་སྐུ་ལ་ཡོན་ཏན་ཕུན་སུམ་ཚོགས་པའི་ཕྱིར། ལྗགས་སྲབ་པ་ཉིད་དོ། །བྱིས་པའི་སྐྱེ་བོས་གཏིང་དཔག་དཀའ་བའི་ཆོས་འདུལ་བ་ལ་རྗེས་སུ་ཆགས་པའི་ཕྱིར། ལྗགས་དམར་བ་ཉིད་དོ། །གླང་པོའི་ང་རོ་དང་འབྲུག་སྒྲ་རྣམས་ལ་སྙེམས་པ་མི་མངའ་བའི་ཕྱིར་གླང་པོའི་ང་རོ་དང་འབྲུག་སྒྲ་དང་ལྡན་པ་ཉིད་དོ། །ཤིན་ཏུ་མཉེན་ལ་ཡིད་འཕྲོག་ཅིང་ཁ་ན་མཐོ་བ་མེད་པའི་གསུང་མངའ་བའི་ཕྱིར། གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དོ། །སྲིད་པའི་སྦྱོར་བ་ལས་ལོག་པའི་ཕྱིར་མཆེ་བ་ཟླུམ་པ་ཉིད་དོ། །སྐྱེ་བོ་འདུལ་བ་ལ་ཤིན་ཏུ་མཁས་པའི་ཕྱིར། མཆེ་བ་རྣོ་བ་ཉིད་དོ། །དཀར་པོའི་ཆོས་ཀྱིས་འདུལ་བའི་ཕྱིར་མཆེ་བ་དཀར་བ་ཉིད་དོ། །མཉམ་པའི་སའི་ཆར་ཤིན་ཏུ་རབ་ཏུ་གནས་པའི་ཕྱིར། མཆེ་བ་མཉམ་པ་ཉིད་དོ། །མངོན་པར་རྟོགས་པའི་གདམས་ངག་རིམ་གྱིས་མཛད་པའི་ཕྱིར་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དོ། །ཤེས་རབ་ཀྱི་རི་བོའི་ཕུང་པོ་མཐོན་པོ་མངའི་བའི་ཕྱིར་ཤངས་མཐོ་བ་ཉིད་དོ། །གདུལ་བྱའི་སྐྱེ་བོ་གཙང་མ་ལ་ཡང་དག་པར་མཛད་པའི་ཕྱིར། ཤངས་གཙང་བ་ཉིད་དོ། །སངས་རྒྱས་ཀྱི་ཆོས་ཤིན་ཏུ་རྒྱ་ཆེན་པོ་གཟིགས་པའི་ཕྱིར་སྤྱན་ཡངས་པ་ཉིད་དོ། །སེམས་ཅན་གྱིས་མཆོད་པའི་སྐུ་ཡིན་པའི་ཕྱིར། རྫི་མ་སྟུག་པ་ཉིད་དོ། །སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་


DTG005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟ་བུས་ལྷ་དང་ལྷ་མ་ཡིན་གྱི་ན་ཆུང་རྣམས་དགའ་བར་མཛད་པའི་ཕྱིར། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དོ། །རྟག་ཏུ་རྒྱ་ཆེན་པོ་སྟོན་པར་མཛད་པའི་ཕྱིར་སྨིན་ཚུགས་གཉིས་རིང་བ་ཉིད་དོ། །འདུལ་བ་ཕྲ་མོ་མཁས་པའི་ཕྱིར་སྨིན་མ་ཟུང་འཇམ་པ་ཉིད་དོ། །ཉེས་པ་མཐའ་དག་མཁྱེན་པའི་ཕྱིར། སྨིན་མའི་ཟུང་གི་སྤུ་མཉམ་པ་ཉིད་དོ། །བྱམས་པ་ལ་སོགས་པའི་དགེ་བའི་རྩ་བའི་བསོད་ནམས་བསགས་པས་རྒྱུད་དུལ་ཞིང་སྐྱེ་བོ་དུལ་བ་འདུལ་བའི་ཕྱིར། སྨིན་མ་ཟུང་སྣུམ་པ་ཉིད་དོ། །མཆོག་ཐུན་མོང་མངའ་བའི་ཕྱིར། སྙན་ཤལ་སྟུག་ཅིང་རིང་བ་ཉིད་དོ། །བདུད་ལས་རྒྱལ་ནས་རོ་མཉམ་པའི་ཕྱིར་སྙན་མཉམ་པ་ཉིད་དོ། །སེམས་ཅན་མཉམ་པ་འདུལ་བར་མཛད་པའི་ཕྱིར། སྙན་གྱི་དབང་པོ་མཉམ་པ་ཉིད་དོ། །ལྟ་བ་ཀུན་གྱི་ཉེས་པ་འབྱེད་པའི་ཆོས་མངའ་བའི་ཕྱིར་འཕྲལ་བ་ལེགས་པར་འབྱེས་པ་ཉིད་དོ། །དགེ་སྦྱོང་དང་བྲམ་ཟེ་དང་ཕས་ཀྱི་རྒོལ་བ་རབ་ཏུ་འཇོམས་པར་མཛད་པའི་ཕྱིར། འཕྲལ་བ་དབྱེས་ཆེ་བ་ཉིད་དོ། །ཤིན་ཏུ་ཡོངས་སུ་རྒྱས་པའི་མཆོག་གཙོ་བོའི་ཕྱིར། དབུ་ཤིན་ཏུ་རྒྱས་པ་ཉིད་དོ། །ཡུལ་གྱི་མེ་ཏོག་གི་སྦྲང་རྩི་ལས་དབང་པོའི་བུང་བ་བཞིན་དུ་བཟློག་པའི་ཕྱིར་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དོ། །ཤིན་ཏུ་བསགས་པའི་ལྟ་བ་བསྒོམས་པས་ཕྲ་རྒྱས་སྤངས་པའི་ཕྱིར། དབུ་སྐྲ་མཐུག་པ་ཉིད་དོ། །མངོན་པར་ཤེས་པའི་ཐུགས་འཇམ་པ་བརྟན་པའི་སྙིང་པོ་ཡིན་པའི་ཕྱིར། །དབུ་སྐྲ་འཇམ་པ་ཉིད་དོ། །རྟག་ཏུ་ཐུགས་མ་འཛིངས་པའི་ཕྱིར། དབུ་སྐྲ་མི་འཛིང་པ་ཉིད་དོ། །རྟག་ཏུ་ཚིག་རྩུབ་མོ་མི་མངའ་བའི་ཕྱིར། དབུ་སྐྲ་མི་གཤོར་བ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གི་དྲི་ཞིམ་པོས་ལྷག་པར་བསྒོས་པའི་ཕྱིར། དབུ་སྐྲ་དྲི་ཞིམ་པ་ཉིད་དོ། ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བ་ལ་སོགས་པས་མཚན་པ་ནི་ཤིན་ཏུ་ཉམས་མཛེས་པའི་ཕྱིར། ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་དོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་འདི་རྟག་ཏུ་ཤར་


DTG005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་མཚན་དང་དཔེ་བྱད་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་དབྱེར་མེད་པའི་སྐུའི་བཅོམ་ལྡན་འདས་སོ། །གཙོ་བོ་ཞེས་པ་འདིས་ནི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པའི་ཕྱིར་དེ་ཉིད་ཆོས་ཀྱི་སྐུའི་བདག་ཉིད་ཡིན་ཏེ། བསྐྱེད་པའི་རིམ་པ་དར་དབྱེར་མེད་པ་ཉིད་ཀྱི་རྫོགས་པའི་རིམ་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །བསྐྱེད་པའི་དགོས་པ་ཅི་ཞིག་མཆིས་ཞེས་པ་གང་འདི་རྡོ་རྗེ་སྙིང་པོའི་རྟོག་པ་ཐམས་ཅད་ཉིད་དུ་མི་རིགས་པ་ཡིན་ནོ། །ལུས་ཀྱི་དངོས་མེད་གང་ལས་བདེ། །ཞེས་བྱ་བ་ལ་སོགས་པས་ནི་མཚན་སུམ་ཅུ་རྩ་གཉིས་སོ། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ལྡན། །སྟོན་པ་ཞེས་པ་འདིས་ནི་བཅོམ་ལྡན་འདས་སོ། །བསྐྱེད་པའི་རིམ་པ་ཉིད་རྫོགས་པའི་རིམ་པ་ལ་རྫོགས་པའི་རིམ་པ་ཉིད་བསྐྱེད་པའི་རིམ་པ་སྟེ། འདི་གཉིས་ནི་གཉིས་སུ་དབྱེར་མེད་པ་ལ་གཅད་དུ་མེད་པའོ། །གཞན་ཡང་དབྱངས་བཅོ་ལྔ་ཡོངས་སུ་གྱུར་པ་ལས་བདག་མེད་མ་ལ་སོགས་པའི་མཁའ་འགྲོ་མ་བཅོ་ལྔའོ། །དེ་རྣམས་ཀྱང་ཚེག་དྲག་གི་མཐའ་ཅན་དབྱངས་བཅུ་དྲུག་རྣམ་པར་དག་པ་ཐབས་དང་ཤེས་རབ་རྣམ་པར་དག་པས་ཉིས་འགྱུར་ལ་རྩ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་གྱི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་ཕྱག་དང་ཞབས་ཉིད་ཆ་ཤས་མེད་པའི་རང་བཞིན་མཁའ་འགྲོ་མ་ཡོངས་སུ་གྱུར་པ་ཉིད་སྤྲུལ་པའི་སྐུ་རེ་ཞིག་འབབ་པོ། །དཔེ་བྱད་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་གྱུར་པའི་རྣམ་པར་དག་པ་རྣམས་ཐབས་ཀྱི་རང་བཞིན་ཉིད་སྤྲུལ་པའི་བདག་ཉིད་འདུས་བྱས་ཐམས་ཅད་པ་རྣམ་པར་ཆགས་པའི་ཐུགས་མངའ་བའི་ཕྱིར། སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཞེས་བྱ་བ་ལ་སོགས་པ་རྣམ་པར་ཤེས་པའི་རྣམ་པར་དག་པར་བཤད་པས་ཆོས་ཀྱི་སྐུ་རབ་ཏུ་བསྟན་པའི་ཕྱིར་རོ། །ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས། ཌ་དྷ་ད་དྷ་ཡ་ལ་རྣམས་ཅུང་ཟད་ང་རོ་ཞན་པའི་ཡི་གེ་གང་དེ་ལ་བསྣན་པས། དབྱངས་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་གྱིས་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་རེ་ཞིག་སྤྲུལ་པ་དང་ཆོས་ཀྱི་སྐྱེད་པ་


DTG005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་ནི་སྐུ་གསུམ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་བདེན་པ་གཉིས་ཀྱི་བདག་ཉིད་དེ་ཁོ་ན་ཡང་དག་པའི་ཡེ་ཤེས་བསྐྱེད་པའི་རིམ་པ་ལ་རག་ལས་པའི་རྫོགས་པའི་རིམ་པ་ཐ་མི་དད་ཅིང་དབྱེར་མེད་པ་ཡིན་ནོ། མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས་། །ཞེས་པ་གང་དེའི་མཇུག་བསྡུ་བ་གསུངས་པ། བཙུན་མོའི་བྷ་ག་ཞེས་པ་སྟེ་མི་ལ་སོགས་པའི་ཆ་བྱད་ཀྱི་བུད་མེད་ནི་བཙུན་མོའོ། །དེའི་བྷ་ག་ནི་ཆོས་འབྱུང་ངོ༌། །ཁུ་བ་ཞེས་བྱ་རྣམ་པར་གནས་ནི་ཁུ་བ་ཞེས་བྱ་བའོ། །ཅིས་ཁྱད་འཕགས་ཤེ་ན། བདེ་བ་ཅན་ཏེ། བདེ་བའི་གནས་བྷ་ག་ཡིན་པའི་དོན་ཏོ། །ཡང་ན་བཙུན་མོ་ནི། རྡོ་རྗེ་བཙུན་མོ་བདག་མེད་མའོ། །དེ་ཉིད་ཀྱི་བྷ་ག་ནི་ཡེ་ཤེས་སོ། །དེ་རུ་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་དེ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པར་མི་གཡོ་བར་བཞུགས་སོ། །གང་དུ་ཞེ་ན། བདེ་བ་ཅན་དུ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུའོ། །གང་གིས་ཤེ་ན། ཁུ་བ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་སུ་བརྗོད་པའོ། དེ་ཉིད་ཀྱི་ཕྱིར་དེ་མེད་པས་ན་ནི་བྱང་ཆུབ་ཀྱི་སེམས་སོ། །བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །མི་འགྱུར་ནི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་མེད་པའོ། །སྤངས་ནས་ནི་དེ་དོར་ནས་སོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཁུ་བ་ཞེས་བྱ་བར་མི་འགྱུར་ཏེ། གཉི་ག་ཡང་དེའི་བདག་ཉིད་ཀྱི་རང་བཞིན་ཡིན་ནོ། །ནུས་པ་མེད་ཅིང་ལྟོས་དང་བཅས། དེ་ཉིད་ཀྱི་ཕྱིར་ཁུ་བ་དེ་བསྡུ་བ་མདོག་དང་དབྱིབས་དང་ཕྱག་གི་རང་བཞིན་ཅན་གྱི་རྡོ་རྗེ་འཛིན་པའོ། །དེ་ཉིད་ལྷའི་རྣལ་འབྱོར་ཏེ་གཉིས་སུ་མེད་པའི་རང་བཞིན་ནོ། །དེའི་ཕྱིར། ལྷའི་རྣལ་འབྱོར་ལས་བདེ་བ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཡིན་པའི་དོན་ཏོ། གཉིས་སུ་མེད་པ་ཉིད་དུ་རེ་ཞིག་ཆེར་ཉམས་སུ་མྱོང་བ་ནི་མུན་པ་ལ་མར་མེ་ལྟ་བུ་ཡིན་ནོ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དངོས་པོ་མེད་པའི་ཚུལ་ཡང་མིན། །རྒྱུ་འདིའི་ཕྱིར་ན་སངས་རྒྱས་དངོས་པོ་མིན་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་ཕྱིར་ཁུ་བ་སྟེ། སངས་རྒྱས་དངོས་


DTG005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མིན་ནོ། །ལྷན་ཅིག་སྐྱེས་པ་ནི་ཁུ་བའི་གཟུགས་ཡིན་པའི་ཕྱིར་རོ། །སངས་རྒྱས་དངོས་པོ་མེད་པ་ཡང་མ་ཡིན་ཏེ། གཉི་ག་དབྱེར་མེད་པའི་ཕྱིར་ཞེས་དགོངས་པའོ། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བས་གཟུགས་མེད་པ། །ཁུ་བའི་ངོ་བོ་ཡིན་པའི་ཕྱིར། །ཕྱག་དང་ཞབས་ཀྱི་རྣམ་པའི་རང་བཞིན་ནོ། །མཆོག་ཏུ་བདེ་བས་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་ནི་གཟུགས་ལས་འདས་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཀྱིས་གཟུགས་དང་གཟུགས་མེད་པའི་རང་བཞིན་ཡིན་པའི་དོན་ཏོ། །དེའི་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །དེའི་ཕྱིར་ཁུ་བའི་ངོ་བོ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའོ། །དེའི་ཡང་འགྲོ་བའི་རང་བཞིན་ཡིན་པའི་ཕྱིར་ཕུང་པོ་ལྔའི་བདག་ཉིད་དོ། །འགྲོ་ཀུན་ལྷན་ཅིག་སྐྱེས་པའི་རང་བཞིན་ཡང་གཉུག་མའི་ངོ་བོ་ཉིད་དོ། །བརྗོད་པ་ནི་བསྟན་པའོ། །རྣམ་པར་དག་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་ལས་འདས་པ་ཉིད། །རང་བཞིན་ཞེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་པའོ། །དེ་ཉིད་མྱ་ངན་ལས་འདས་པ་ནི་ཐར་པའོ། ཡང་དག་པ་ཇི་ལྟ་བ་བཞིན་ཇི་ལྟར་ཡིན་པ་གསུངས་པ། རྣམ་པར་དག་པའི་སེམས་ཀྱིས་ནི། །ཞེས་པ་སྟེ། ཕུང་པོ་ལྔའི་རྣམ་པར་དག་པ་དང༌། རྣམ་པར་ཤེས་པ་དེ་གཉི་ག་ཡང་གང་གི་ཚེ་རྣམ་པར་དག་པ་དེ་ཡིན་པའི་དོན་ཏོ། །འདིས་ནི་ཁུ་བ་དང་ལྷན་ཅིག་སྐྱེས་པ་དག་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་ལ་རང་བཞིན་ཡང་མྱ་ངན་ལས་འདས་པ་སྟེ། འདི་ཐམས་ཅད་ཉིད་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱི་རིམ་པ་གཉིས་དབྱེར་མེད་པ་རྣམ་པར་དག་པ་ཉིད་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། ལྷ་ཡི་སྐུ་ཡི་རྣལ་འབྱོར་ཡང༌། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །བཞིན་ལག་ཁ་དོག་དབྱིབས་ལས་ནི། །འོན་ཀྱང་བག་ཆགས་ཐ་མལ་བས། །ལྷའི་སྒྲ་ནི་ཕུང་པོ་ལྔ་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་ནི་རང་བཞིན་ནོ། །དེ་གང་ཞེ་ན། རྣལ་འབྱོར་ཏེ། ཐབས་དང་ཤེས་རབ་དབྱེར་མེད་པའི་མ་ནིང་དུ་དེ་ཉིད་སླར་ཡང་གནས་སོ། །


DTG005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། བཞིན་ལག་ཁ་དོག་དབྱིབས་ལས་ནི། །ཞེས་པ་སྟེ། བཞིན་ལག་གི་སྒྲ་ནི་ཕྱག་དང་ཞལ་ལ་སོགས་པའོ། །ཁ་དོག་གི་སྒྲ་ནི་ནག་པོ་དང་སེར་པོ་ལ་སོགས་པའོ། །དབྱིབས་ཀྱི་སྒྲ་ནི་མིག་ལ་སོགས་པའི་ཁྱད་པར་རོ། །རིམ་པ་དེས་ན་གནས་སོ། །གང་ལ་ཡོད་ཅེ་ན་སྐྱེས་པ་ཙམ་གྱིས་ཏེ། སྐྱེས་པའི་དུས་ནའོ། །ཡང་ན་སྐྱེས་པ་ཙམ་ནི་ལྷ་མོའི་པདྨོའི་ནང་དུ་སོན་པའི་གནས་སྐབས་ནས་གཟུང་བ་ཉིད་དོ། །དེ་ཅིས་ཇི་ལྟར་ན་དེ་ལ་མཚོན་པ་མ་ཡིན་པ་གསུངས་པ། ཡང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། བག་ཆགས་ཐ་མལ་པས་ཏེ་ཐ་མལ་པ་མི་ཤེས་པའོ། །དེ་རྣམས་ཀྱི་བག་ཆགས་ཀྱི་རྒྱུ་དེའི་ཕྱིར་རོ། །ཡང་ཡང་ཤེས་པ་ཡིན་ན་དེ་མེར་མེར་པོར་གྱུར་པའི་རང་བཞིན་ཉིད་ལག་མདོག་དང་དབྱིབས་ཀྱི་བདག་ཉིད་དུ་བརྗོད་དོ། །ཐ་མལ་པས་སླར་ཡང་མི་མཐོང་བ་ཡིན་ནོ། །འདི་ཇི་ལྟར་ཡིན་པ་དེ་པེས་བསྟན་པར་བྱས་པ། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་འཇོམས་པར་བྱེད། །རེ་ཞིག་དུག་ཟོས་པ་ཙམ་གྱིས་དུག་གི་ནུས་པས་སྲོག་ཆགས་ཐམས་ཅད་འཆི་བར་འགྱུར་རོ། །དུག་གི་དེ་ཉིད་ཤེས་པ་དེ་ནི་དུག་གི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ། །དུག་ནི་འཇོམས་པར་བྱེད་ནི་སེལ་བར་བྱེད་པའོ། །འདིས་ནི་ཐུན་མོང་མ་ཡིན་པར་མཐོང་བའོ། །གཞན་ཡང་གསུངས་པ། ཇི་ལྟར་རླུང་གིས་ཟིན་དེ་ལ། མོན་སྲན་སྡེའུའི་བཟའ་བ་སྦྱིན། །བཟློག་པའི་སྨན་དུ་བརྟག་པར་བྱ། །རླུང་གིས་རླུང་ལ་སྣུན་པར་བྱེད། །རླུང་གི་ནད་ཀྱིས་བཏབ་པ་དེ་ལ་མོན་སྲན་སྡེའུའི་བཟའ་བས་ནད་ཆེར་འཕེལ་བར་བྱེད་པར་བཤད་པ་ལས། དེ་ལ་མོན་སྲན་སྡེའུའི་བཟའ་བ་བྱིན་ན་དེ་ཡང་རླུང་གི་ནད་འཇོམས་པར་བྱེད་དོ། །འདིས་ནི་བཟློག་པའི་སྨན་དུ་བརྟག་པར་བྱ་ནི། །ཕྱིན་ཅི་ལོག་ཏུ་བྱས་པ་ཉིད་སྨན་ཡིན་ཏེ། ཉེས་པ་བྱེད་པ་ཉིད་ཡོན་ཏན་བྱེད་པ་ཉིད་ཡིན་ནོ། །ཡོན་ཏན་ཉིད་ཐབས་ལ་མི་མཁས་པས་ཟིལ་གྱིས་མ་ནོན་ན་སྐྱོན་དུ་འགྱུར་ལ། སྐྱོན་ཉིད་ཐབས་ལ་མཁས་པས་ཟིལ་གྱིས་ནོན་ན་ཡོན་ཏན་བསྐྱེད་པ་ཡིན་ནོ། །དེ་ཉིད་གསུངས་པ། སྲིད་པ་ཉིད་ཀྱིས་སྲིད་པ་དག །བཟློག་པའི་རྟོག་ལས་རྣམ་རྟོག་དག །ཇི་ལྟར་རྣ་


DTG005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དབྱུང་བར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །རྣམ་པར་ངེས་པས་སྦྱང་བར་བྱ། །སྲིད་པ་ནི་སྐྱེ་བ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །དེ་སྲིད་པ་ཉིད་ཀྱིས་དག་པ་ནི་སྐྱེ་བ་མེད་པ་ཉིད་ཀྱིས་ཏེ། སྐྱེ་བ་ནི་མ་སྐྱེས་པའི་རང་བཞིན་དུ་རྟོག་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པ་ཡིན་ནོ། །རྣམ་རྟོག་ཅེས་པ་ནི། སྲིད་པའི་མངོན་པར་ཞེན་པ་ཀུན་རྫོབ་ཀྱི་བདེན་པ་རྫོགས་པའོ། །དེ་ཡང་བཟློག་པའི་རྟོག་པས་ནི། རེ་རེའི་རྟོག་པས་ཏེ། ལྷའི་རྣམ་པས་རྣམ་པར་དག་པ་ལས་སོ། །ཡང་ན་རྣམ་རྟོག་ཅེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་ནིང་སྟེ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པའོ། །བཟློག་པའི་རྟོག་པ་ལས་ནི་རྟོག་པ་རེ་རེ་ལྷའི་རྣམ་པར་དག་པ་ལས་སོ། །ལྷའི་རྣམ་པར་དག་པ་ཉིད་དེ་བཞིན་ཉིད་ཀྱི་རྣམ་པར་དག་པའོ། །བསྐྱེད་པའི་རིམ་པ་ཉིད་རྫོགས་པའི་རིམ་པ་ཡིན་པའི་དོན་ཏོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དབྱུང་བར་བྱ། །དེ་བཞིན་དངོས་པོ་ནི་འཁོར་བའི་ཚུལ་གྱི་རྣམ་པར་རྟོག་པའོ། །རྣམ་པར་ངེས་པས་ནི་ལྷའི་རྣམ་པས་སོ། །སྦྱང་བར་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔའི་འཁོར་བ་ལྷའི་རྣམ་པས་རྣམ་པར་དག་པ་བྱས་ན་ཤིན་ཏུ་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་འགྱུར་བ་ཡིན་པའི་དོན་ཏོ། །དཔེ་གཞན་ཡང་གསུངས་པ། ཇི་ལྟར་མེ་ཡིས་ཚིག་པ་ལ། །སླར་ཡང་མེ་ཡིས་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །འཇིག་རྟེན་ན་མེས་ཚིག་ན་མེ་ཉིད་ཀྱིས་གདུངས་པས་མེའི་ཚ་བ་ཞི་བར་འགྱུར་རོ། །དེ་རྣམས་བཞིན་དུ་འདོད་ཆགས་པའི་མཚན་ཉིད་དོ། །དེ་ཉིད་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་མེ་དང་འདྲ་བར་དེས་བསྲེགས་པའོ། །ཉོན་མོངས་པས་གདུངས་ན་དེ་རྣམས་ཀྱི་ཉོན་མོངས་པ་ཉེ་བར་ཞི་བར་འགྱུར་རོ། །གང་གིས་ཤེ་ན། འདོད་ཆགས་མེ་ཡིས་ཏེ། ཆགས་པའི་མེ་ལྷའི་རྣམ་པར་དག་པའི་ཆགས་པ་ཡིན་པའི་དོན་ཏོ། །དུག་གི་དུམ་བུ་གང་ཉིད་ཀྱིས། །ཞེས་པ་ནི་ཕྱི་རོལ་གྱི་དངོས་པོའི་དེ་ཁོ་ན་ཉིད་ཀྱིས་བསྐྱེད་པའི་སྐྱོན་ཉེས་པ་ཡུལ་གྱི་ཆགས་པའི་མཚན་ཉིད་དོ། །ཇི་ལྟར་རླུང་གིས་ཟིན་པ་དེའི། །ཞེས་བྱ་བ་ལ་


DTG005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་ནི་གང་ཟག་ལས་བྱུང་བའི་དབང་པོའི་མངོན་པར་ཞེན་པའི་མཚན་ཉིད་དོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ་ལ་སོགས་པས་ནི་ཕྱི་དང་ནང་གི་ཡུལ་དང་དབང་པོ་གཉི་ག་ཆགས་པའི་མཚན་ཉིད་དོ། །ཇི་ལྟར་མེ་ཡིས་ཚིག་པ་ཡང༌། །ཞེས་བྱ་བ་ལ་སོགས་པས་ནི་གཉི་གས་བསྐྱེད་པའི་ཆགས་པ་བདེ་བ་ལ་སོགས་པའི་རྣམ་པར་ཉམས་སུ་མྱོང་བའི་མཚན་ཉིད་དོ། །ཐམས་ཅད་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སྟེ་རང་གི་དངོས་པོ་ནི་རང་བཞིན་ཏེ། གང་གིས་དངོས་པོ་གང་གི་རང་བཞིན་དེས་རྣམ་པར་དག་པ་ཡིན་ཏེ་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་ཉིད་དོན་དམ་པའི་བདེན་པ་དེ་རྣམ་པར་དག་པའོ། །བསྐྱེད་པའི་རིམ་པ་ཉིད་རྫོགས་པའི་རིམ་པ་ཡིན་པས་དེ་ཁོ་ན་ཉིད་ཅན་གྱི་ཐམས་ཅད་ཉིད་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ནོ། །རྣམ་པར་མ་དག་པ་ཅུང་ཟད་ཀྱང་མེད་པར་བསྡུ་བར་གསུངས་པ། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གི་འཆིང་བ་ནི། །ཐབས་དང་བཅས་ན་འདི་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་དང་གང་གི་མི་བཟད་ལས་ནི་དྲག་པོའི་ལས་སོ། །སྐྱེ་བོ་ནི་སྲོག་ཆགས་སོ། །འཆིང་བ་ནི་བཅིངས་པར་གྱུར་པའོ། །དེ་ཉིད་ཀྱི་ལས་ཀྱིས་གྲོལ་བ་ནི་གྲོལ་བར་འགྱུར་བའོ། །ཅིས་ཁྱད་འཕགས་ཤེ་ན། འང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །ཐབས་དང་བཅས་པ་ནི་ཐབས་དང་ལྡན་པར་འགྱུར་བའོ། །ཐབས་དང་བཅས་པ་དེས་སོ། །དེ་དོན་ཅི་ཞེ་ན། དོན་འདིའོ། །ལས་ཀྱི་སྒྲ་ནི་ཡིན་གྱི་ཀུན་དུ་རྟོག་པ་དེ་ཉིད་མ་རིག་པའི་མངོན་པར་ཞེན་པ་ཡིན་པས་མི་བཟད་པའི་ལས་ཞེས་བརྗོད་དོ། །དེས་བཅིང་བར་འགྱུར་བ་ནི། དེ་ཉིད་ལྟའི་མངོན་པར་ཞེན་པའོ། །ཐབས་དང་བཅས་པ་དེས་ན་གྲོལ་བར་འགྱུར་རོ། །དེའི་ཕྱིར་བཅིངས་པ་དང་གྲོལ་བ་ཞེས་བྱ་བ་ཡང་མ་རིག་པ་དང་དེ་ལྡོག་པ་ཡིན་གྱི་རང་བཞིན་ལ་ནི་བཅིངས་པ་དང་གྲོལ་བ་ཡོད་པ་མ་ཡིན་ནོ། །འཆིང་བའི་རྟོག་པས་ནི་གྲོལ་བའི་རྟོག་པ་ལ་གྲོལ་བའི་རྟོག་པས་ནི་འཆིང་ངོ༌། །དཔེར་ན་ཐག་པ་འཁྱིལ་པ་ལ་སྤྲུལ་དུ་སྣང་བ་ན་རང་བཞིན་ཉིད་ལ་ཐག་པ་ལ་སྤྲུལ་དུ་སྣང་བ་མ་འཁྲུལ་བའོ། །དེ་ལ་སྤྲུལ་དུ་ཤེས་


DTG005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འཁྲུལ་བའོ། །དེ་ཉིད་ལ་མ་རིག་པ་ཞེས་བརྗོད་དོ། །དེའི་འཁྲུལ་པ་ཉིད་ཐག་པ་ལ་སྤྲུལ་དུ་འཁྲུལ་བའི་ས་བོན་ལོག་ནས་ཐག་པ་འཁྱིལ་པ་མ་འཁྲུལ་པར་ཤེས་པར་གྲུབ་པ་ཉིད་དོ། །མ་འཁྲུལ་པའི་རྟོག་པ་ནི་འཁྲུལ་པར་རྟོགས་པས་བསྒྲུབས་པའི་ཕྱིར་ཏེ། འཁྲུལ་པར་ཤེས་པ་མེད་ན་ཡང་མ་འཁྲུལ་པར་ཤེས་པ་ཡང་ཅུང་ཟད་ཀྱང་མེད་པ་ཉིད་དོ། །དེ་བས་ན་ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པ་ཡིན་ཞིང་བདེན་པ་གཉིས་ཀྱི་བདག་ཉིད་ཁོ་ན་ཉམས་སུ་མྱོང་བའི་རང་བཞིན་ཡང་དག་པའི་ཤེས་པ་ཡིན་ནོ། །ཡང་ན་དེས་བཅིངས་སོ། །ཅིས་ཤེ་ན། མི་བཟད་པའི་ལས་ཀྱིས་སོ། །སྐྱེ་བོ་གང་གིས་ནི་སྲོག་ཆགས་བཅིངས་པའོ། །འང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། ཁྱད་པར་དུ་གྲོལ་ཏོ། །ཅིས་ཤེ་ན། རིགས་པའི་ཚུལ་གྱིས་ཏེ། ཐེག་པ་ཆེན་པོ་ལ་སྦྱངས་པས་སོ། །ཅིར་འགྱུར་ཞེ་ན། ཐབས་དང་བཅས་པས་ཏེ། ཐབས་དང་ལྡན་པས་སོ། །གང་གསུངས་པ། །ཐབས་དང་བྲལ་བར་གྱུར་བའི་ཕྱིར། །དངོས་མེད་ཙམ་ཞིག་བསྒྲུབས་ན་ཡང༌། །རང་གཞན་དོན་ལ་ནུས་པ་ནི། །མེད་ཕྱིར་ནམ་མཁའི་མེ་ཏོག་བཞིན། །ཅེས་གསུངས་སོ། །དེ་ཕྱིར་རྫོགས་པའི་རིམ་པ་བསྒྲུབ་པ་ཡང་བསྐྱེད་པའི་རིམ་པ་ལ་ལྟོས་པ་དང་བཅས་པ་ཡིན་པའི་དོན་ཏོ། །སྤྱིར་མངོན་པར་བསྟན་ནས་ཁྱད་པར་དུ་ཉེ་བར་བསྟན་པའི་ཕྱིར་གསུངས་པ། ཆགས་པས་འཇིག་རྟེན་འཆིང་གྱུར་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་བསྒོམ་པ་འདི་རྣམས་ནི། །སངས་རྒྱས་མུ་སྟེགས་པས་མི་ཤེས། །ཆགས་པས་ཞེས་པ་ནི་ཆགས་པའི་མཚན་ཉིད་ཀྱིས་སོ། །འཇིག་རྟེན་ནི་སྐྱེ་བོ་བཅིངས་པའོ། །འདོད་ཆགས་ཉིད་ཀྱིས་ནི་ལྷའི་རྣམ་པར་དག་པ་ཆགས་པའི་མཚན་ཉིད་ཀྱིས་རྣམ་པར་གྲོལ་ལོ། །ནི་ནི་གང་གི་ཕྱིར་གྱི་དོན་ཏོ། །བཟློག་པའི་བསྒོམ་པ་འདི་རྣམས་ནི། །ཞེས་པ་ནི་ཕྱིན་ཅི་ལོག་ཏུ་སྙོམས་པར་ཞུགས་པ་འདི་གང་ལས་སོ། །འདི་སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས་ནི་ཉན་ཐོས་ལ་སོགས་པ་རང་གི་འཁོར་ཉིད་ཀྱིས་ཀྱང་གང་དུ་མི་ཤེས་ན། ལྟ་བ་གཞན་ལ་བརྟེན་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཐབས་ཀྱི་ཆེ་བའི་བདག་ཉིད་བསྟན་ཏོ། །ཡང་ན་ནི་གང་གི་ཕྱིར་རོ། །བཟློག་པའི་བསྒོམ་པ་འདི་རྣམས་ནི། །


DTG005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་བྷའི་སྒྲ་ནི་རྣམ་པ་སྣ་ཚོགས་པའི་ཚུལ་ལོ། །དེས་ན་པ་རི་ཏ་ནི་རིགས་པའི་ཕུང་པོའོ། །བསྒོམ་པ་ཞེས་པ་ནི་བཟློག་པའི་བསྒོམ་པས་ཁམས་གསུམ་མ་ལུས་པའི་བསྟན་པ་དང༌། གཡོ་བ་དབྱེར་མེད་པར་སྙོམས་པར་འཇུག་པ་ཡིན་ནོ། །དེ་སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས་ནི་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཞེས་དགོངས་པའོ། །ཡང་ན། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །ཞེས་པ་ལ། འཇིག་རྟེན་ནི་ཕུང་པོ་ལྔ་རྣམས་སོ། །ཆགས་པས་ནི་དགའ་བ་ལ་སོགས་པ་རྣམ་པར་དགའ་བའི་བར་དུའོ། །འཆིང་འགྱུར་བ་ནི་མི་གཡོ་བར་འགྱུར་བའོ། །ཆགས་པ་ཉིད་ཀྱིས་ནི་དེ་ཉིད་ཀྱིས་རྣམ་གྲོལ་འགྱུར་ཏེ། །ཡུལ་གྱི་ཆགས་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །འདི་ཇི་ལྟར་ཡིན་པ་གསུངས་པ། ནི་ནི་གང་གི་ཕྱིར་གྱི་དོན་ཏོ། །བཟློག་པའི་བསྒོམ་པ་ཞེས་པ་ནི་གཟུགས་སྣ་ཚོགས་པ་ཡོངས་སུ་གྱུར་པར་སྙོམས་པར་འཇུག་པའོ། །མི་ཤེས་ནི་མ་རྟོགས་པའོ། །སུས་ཤེ་ན། སངས་རྒྱས་ཉན་ཐོས་ཀྱིས་ཏེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཀྱིས་ཏེ་དེ་ཡང་སྙོམས་པར་འཇུག་པའོ། །འདི་རྣམས་ནི་ཞེས་པ་ནི་དགའ་བྲལ་སྔོན་དུ་འཇུག་པའི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཡིན་པའི་དོན་ཏོ། །བཟློག་པའི་བསྒོམ་པའི་དོན་ཉིད་མངོན་པར་གསལ་བར་མཛད་པ། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ལ་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ལས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གཅིག་ཉིད་ནི་གཉིས་སུ་མེད་པ་ཉིད་དོ། །དགའ་བ་ཆེན་པོ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྔ་ནི་ཡེ་ཤེས་ལྔའི་རང་བཞིན་ཉིད་དོ། །འགྱུར་ཞེས་པ་ནི་ཐོབ་པའོ། །ཇི་ལྟར་ཞེ་ན། དབྱེ་བ་སྟེ། ཐ་དད་པར་བྱས་པ་སྟེ། སྤྲོ་བའི་རང་བཞིན་གྱིས་ཡིན་པའི་དོན་ཏོ། །ཀུན་དུ་རུ་ལ་ཞེས་པ་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་དགའ་བ་ལ་སོགས་པ་རྣམ་པ་ལྔར་འཆང་བར་འགྱུར་རོ། །འདི་ཇི་ལྟར་ཡིན་པ་གསུངས་པ། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ཉིད་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཀུན་དུ་རུ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་རྣམས་ལའོ། །དེ་ཡང་དགའ་བ་ཆེན་པོ་གཅིག་ཉིད་ལས་ནི་ལྷན་


DTG005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། འབྱུང་བའི་རང་བཞིན་ལས་ཏེ། དེ་ཁོ་ན་ཉིད་ཀྱི་རང་བཞིན་ལས་སོ། །དེ་ཉིད་ཀྱང་དབྱེ་བས་ལྔ་དང་ལྔ་དང་ལྔར་འགྱུར་ཏེ། བཅོ་ལྔར་ཕྱེ་བའི་ཕྱིར་རོ། །གང་གི་ཕྱིར་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་ཉིད་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། །རྣལ་འབྱོར་མ་ནི་དེ་ཡི་ཆ། །ཞེས་བྱ་བའི་ཚིག་གིས་སོ། །ཡང་ན་གཅིག་ཉིད་དེ་བཞིན་གཤེགས་པ་ལྔ་དང་དབྱེར་མེད་པ་ཡིན་པས་གཉི་ག་དབྱེར་མེད་པ་ཉིད་ཐམས་ཅད་དོ། །དེ་ཉིད་གསལ་བར་མཛད་པ། །བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱི་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་སོགས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་བྱུང་བ་ཉིད། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའི་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེད་པ་ཉིད། །དེའི་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་པ་ནི། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ལ་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ལས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་ཚིགས་བཅད་འདི་རྣམས་ཡིན་ནོ། །རྡོ་རྗེ་པདྨ་མཉམ་པར་སྦྱར་ནས་རེག་པའི་སྐད་ཅིག་དེར་ཡང་སྲ་བའི་བག་ཆགས་ཉིད་སྐྱེ་སྟེ། སྲ་བའི་རང་བཞིན་གྱིས་སའི་ཁམས་སོ། །དེའི་ཡང་གཏི་མུག་ནི་མི་གསལ་བའི་ཆོས་སོ། །དེ་ཉིད་རྣམ་པར་སྣང་མཛད་བརྗོད་ནི། ཡེ་ཤེས་ལྔ་དང་སྐུ་གསུམ་དང་


DTG005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་སོ། །དེ་ཉིད། བོ་ལ་ཀཀྐོ་ལ་སྦྱར་བས། །རེག་པ་ལས་ནི་བྱང་ཆུབ་ཀྱི་སེམས་མི་གསལ་བར་ནང་དུ་ཐིབ་པར་གང་འབྱུང་བའོ། །དེ་ནི་གཤེར་བའི་རང་བཞིན་ནོ། །དེ་ཡང་ཆུ་ཡི་ཁམས་སུ་བརྗོད། །ཅེས་པ་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་དང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར་ནི། གང་ཞེ་སྡང་འདི་ཉིད་ལ་རྣམ་པ་གཉིས་ཡིན་པའི་དོན་ཏོ། །འདྲེན་པ་མི་བསྐྱོད་པ་ཞེས་པ་ནི་འདི་ཐམས་ཅད་ཉིད་ཀྱི་བདག་པོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཡང་ན་མི་བསྐྱོད་པ་ཡང་ཡིན་ལ་འདྲེན་པ་ཡང་ཡིན་པས་འདྲེན་པ་མི་བསྐྱོད་པ་སྟེ། རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེ་སྡང་སྟེ། འདི་ཉིད་དུ་ང་རྒྱལ་ཡང་འདུས་པ་ཡིན་པས་ལོགས་ཤིག་པ་མེད་དོ། །རྡོ་རྗེ་པདྨ་བསྐྱོད་པ་ལས་ནི་དྲོད་སྐྱེ་བར་འགྱུར་རོ། །དེ་ཡང་རྟག་ཏུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་རྟག་ཏུ་འཆར་བའི་རང་བཞིན་དེ་བཞིན་གཤེགས་པ་རིན་ཆེན་གཙོ་བོའོ། །དེ་ཉིད་འདོད་ཆགས་དཔག་མེད་རྡོ་རྗེ་ཡིན་ནི། །དཔག་མེད་རྡོ་རྗེ་དང་རིན་ཆེན་འབྱུང་ལྡན་དབྱེར་མེད་པའོ། །གང་གི་ཕྱིར་ཞེ་ན། གང་འདོད་ཆགས་ནི་འོད་དཔག་མེད་དོ། །དྲོད་ལས་འབྱུང་བར་འགྱུར་ནི་མེའི་ཁམས་ལས་སྐྱེ་བའོ། །དེ་ཡང་འབྱུང་བ་ནི། འདུས་པའི་ཚུལ་དུ་འབྱུང་བ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་དབྱེར་མེད་པའི་ཕྱིར་ཡིན་པའི་དོན་ཏོ། །ཀཀྐོ་ལར་ནི་གང་ཞིག་སེམས། །ཞེས་པ་ནི་བཙུན་མོའི་པདྨའི་ནང་དུ་སེམས་འཕོས་པའོ། །དེ་ནི་རླུང་གི་རང་བཞིན་ཅན་ནི་གཡོ་བའི་ཚུལ་གྱིས་རླུང་གི་ཁམས་ཡིན་པའི་དོན་ཏོ། །དེ་ཡང་དོན་ཡོད་ནི་དོན་ཡོད་གྲུབ་པའོ། །གང་གི་ཕྱིར་རླུང་ལས་བྱུང་ནི། རྡོ་རྗེ་རྟ་མཆོག་ཡིན་པའི་ཕྱིར་དོན་ཡོད་ཡིན་པར་དགོངས་སོ། །དེ་ཡང་ཕྲག་དོག་གོ །ཡང་ན་རླུང་ལས་བྱུང་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །བདེ་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དེ་ཉིད་འདོད་ཆགས་སུ་འགྱུར་རོ། །ཇི་ལྟར་ཞེ་ན། ཁྲག་དེ་སྟེ། ཆགས་པ་དེའོ། །ཁྲག་ནི་ནམ་མཁའི་མཚན་ཉིད་དེ། །ཞེས་པ་


DTG005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བདེ་བ་ཡང་ནི་ནམ་མཁའི་ཁམས། །ཞེས་པའི་ཚིག་ལས་སོ། །ནམ་མཁའི་ཁམས་ནི་ནམ་མཁའ་ཡང་ཕྲ་མ་རྡོ་རྗེའོ། །ཕྲ་མ་རྡོ་རྗེ་ཞེས་པ་ནི་རིན་ཆེན་གཙོ་དང་འོད་དཔག་ཏུ་མེད་པ་དབྱེར་མེད་པའོ། །འདིས་ནི་སྔར་རིན་ཆེན་གཙོ་བོ་ཕྲ་མ་རྣམ་པར་དག་པར་མ་བསྟན་པ་ནི་འོད་དཔག་མེད་ཀྱི་རྣམ་པར་དག་པ་ཉིད་རིན་ཆེན་འབྱུང་ལྡན་ལ། རིན་ཆེན་འབྱུང་ལྡན་རྣམ་པར་དག་པ་ཉིད་འོད་དཔག་ཏུ་མེད་པའོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས་སུ་མེད་པ་གང་དེ་ཉིད་འབྱུང་བ་རྣམས་ཏེ། ས་ལ་སོགས་པ་ཡུལ་གྱི་རང་བཞིན་ནོ། །དེ་ཉིད་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་དབང་པོ་རྣམས་ཏེ། དེ་ཉིད་གཏི་མུག་ལ་སོགས་པའི་རང་བཞིན་གྱི་སྐྱེ་མཆེད་དྲུག་རྣམས་སོ། །འདི་ཉིད་ཀྱང་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་རང་བཞིན་དེས་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཡེ་ཤེས་དེ་ཡིན་ནོ། །དགའ་བ་ཆེན་པོ་ཡང་ནི་བཞི་པའི་སྐད་ཅིག་གི་རང་བཞིན་ནོ། །གཅིག་ཉིད་ཅེས་པ་ནི་གཉིས་སུ་མེད་པ་འདི་ཁམས་གསུམ་གྱི་རང་བཞིན་ནོ། །དེ་ཉིད་གསལ་བར་བྱས་པ་སེམས་ནི་གཅིག་ཉིད་ལ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་གང་ངོ༌། །ལྔའི་གཟུགས་ཀྱིས་རྣམ་པར་མཚོན་ནི་རྟོགས་པའོ། །རིགས་ནི་ལྔ་པོ་སྐྱེས་པ་ཉིད་ནི་གཅིག་ཡོད་པ་ཉིད་ལས་སྟོང་ཕྲག་དུ་མར་འགྱུར་ཏེ། གཅིག་ཉིད་ལ་ལྔར་ཕྱེ་བ་དང་དུ་མ་ཡིན་པའི་ཕྱིར་རོ། །སླར་ཡང་དེ་རེ་རེ་ཞིང་ཡང་ལྔ་ལྔའི་དབྱེ་བས་ཕྱེ་བར་གྱུར་ན་སྟོང་ཕྲག་བརྒྱར་འགྱུར་བ་མཐའ་ཡས་པའི་རིགས་སུ་འགྱུར་བར་གསལ་ལོ། །དེ་ཕྱིར་འདི་དག་རང་བཞིན་ཅིག །བདེ་བ་ཆེན་པོ་ནི་ཐམས་ཅད་རང་བཞིན་གཅིག་པས་སོ། །དེ་ཉིད་ཀྱི་ཕྱིར། མཆོག་ཏུ་རྟག་པ་ཉིད་ནི་རྣམ་པ་ཐམས་ཅད་གཅིག་པའི་རང་བཞིན་དབྱེར་མེད་པའོ། །དབྱེ་བས་ནི་ཡོངས་སུ་བརྟག་པ་ལས་སོ། །དེ་ལྔ་རུ་འགྲོ་བར་འགྱུར་ནི། ཡེ་ཤེས་ལྔའི་རང་བཞིན་གྱིས་རྟོགས་པའོ། །འདོད་ཆགས་ལ་སོགས་སེམས་ལྔ་ཡིས་ནི། འོད་དཔག་ཏུ་མེད་པ་ལ་སོགས་པའི་རྒྱུའི་གཙོ་བོ་ལྔ་རྣམ་པར་ཤེས་པ་ལྔ་པོ་རྣམས་ཀྱི་གང་དེ་ཡིན་པར་དགོངས་སོ། །སྟོང་ཕྲག་དུ་མ་ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ། གངྒཱའི་ཀླུང་གི་བྱེ་


DTG005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་མཚུངས་པའོ། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་མཐའ་ཡས་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་རྣམས་མང་པོར་འགྱུར་བ་སྟེ། །བྱེ་བའི་རིགས་རྣམས་དག་ནི་གྲངས་མེད་རྣམས། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །རིགས་གཅིག་རྣམས་ལ་ཞེས་པ་ནི་དེ་བཞིན་གཤེགས་པ་གཅིག་ལ་མང་པོའི་ཚིག་བསྡུ་བའི་ཚུལ་ལོ། །གཅིག་ལ་མཐའ་ཡས་ཐུག་པ་མེད་པའི་རང་བཞིན་གྱིས་རྣམ་པར་གནས་པ་ཡིན་ནོ། །དུ་ཞེ་ན། དེ་བཞིན་གཤེགས་པའི་ཚོགས་ཏེ། དེ་བཞིན་གཤེགས་པ་ལྔ་རྣམས་ཏེ། གང་ཟག་དམན་པའི་དབང་དུ་བྱས་ཏེ་བསྟན་པའོ། །སླར་ཡང་དེ་ཅིས་ཁྱད་འཕགས་ཤེ་ན། གངྒའི་ཀླུང་བཅུའི་བྱེ་མ་སྙེད་དང་མཚུང་པ་སྟེ་མཚུངས་པའོ། །འདིས་ནི་བགྲངས་ན་བྱེ་བ་དང་འདྲ་བར་མཚོན་ཏེ་ཐུག་པ་མེད་པར་ཡང་བསྟན་ཏོ། །གང་ཟག་འབྲིང་གི་དབང་བྱས་ནས། །ཞེས་པའི་ཚིག་གིས་སོ། །དེ་བཞིན་གཤེགས་པ་ལྔ་རྣམས་དང༌། གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་དང་མཚུངས་པ་དེ་རྣམས་ལས་རིགས་མཐའ་ཡས་རྣམས་དང་གྲངས་མེད་ཀྱི་རིགས་རྣམས་སུ་འགྱུར་ཏེ། གང་ཟག་རབ་ཀྱི་དབང་བྱས་ནས། །ཞེས་གསུང་རབ་ལས་སོ། །ཇི་ལྟར་འདི་མཐའ་ཡས་པའི་རིགས་ཡིན་པའི་རིམ་པ་གསུངས་པ། དེ་རྣམས་ལ་ཞེས་ནི་དམིགས་ཀྱི་བཀར་བའི་བདུན་པའོ། །དེ་རྣམས་ཀྱི་ནང་ནས་རིགས་གང་ཡང་རུང་བ་དེ་ཉིད་ལ་མང་པོའི་ཚིག་ཉིད་དེ། དེ་ཉིད་མང་པོ་ཡིན་པའི་ཕྱིར་རོ། །རིགས་ནི་རྣམ་པ་བརྒྱ་ཞེས་པ་ནི་འབྱུང་བ་ཆེན་པོ་བཞི་དང༌། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དེ་རེ་རེ་ཞིང་ཡང་ལྔ་ལྔར་ཕྱེ་བས་ཉི་ཤུ་ལྔའོ། །ཉི་ཤུ་རྩ་ལྔ་པོ་དེ་བཞི་འགྱུར་བྱས་པས་རིགས་བརྒྱར་འགྱུར་རོ། །རིགས་ནི་རྣམ་པ་བརྒྱ་པོ་དེ་རྣམས་ལ་ཡང༌། དེ་ལྟར་ལྔར་ཕྱེ་བས་སྟོང་ཕྲག་ལྔ་དང་སྟོང་ཕྲག་དང་ཁྲི་ཕྲག་ལ་སོགས་པའི་དབྱེ་བས་འབུམ་ཕྲག་རིགས་སོ། །དེ་ཉིད་ཀྱི་ཕྱིར་རེ་ཞིག་ཆེན་པོ་ནི་དེ་ཡང་རྣམ་པ་ལྔར་ཕྱེ་བར་གྱུར་ན། རིགས་ལྔ་ལ་སོགས་པའི་དབྱེ་བས་བྱེ་བ་


DTG005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཕྱེད་དང་གསུམ་མོ། །འབྱུང་བ་ཆེན་པོ་བཞི་པོ་དེས་དེ་རྣམས་ཀྱང་བཞི་འགྱུར་དུ་བསྒྲེས་པས་རིག་བྱེད་པ་རྣམས་སུ་འགྱུར་རོ། །དེ་ལྟར་རེ་ཞིག་མང་པོར་འགྱུར་བ་སྟེ། བྱེ་བའི་རིགས་རྣམས་ལ་ནི་གྲངས་མེད་རྣམས་དེ་བཞིན་དུ་ལྔའི་དབྱེ་བས་དེ་ཕྱེ་བར་གྱུར་ན་གྲངས་མེད་པའི་རིགས་སོ། །གྲངས་མེད་རྣམས་ཞེས་པའི་མང་པོའི་ཚིག་ནི་མཐའ་ཡས་པ་ཉིད་ཡིན་པས་མཐའ་ཡས་པའི་རིགས་ཡིན་པར་གྲུབ་པོ། །བསྡུ་བ་གསུངས་པ། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པ་མཆོག་ཏུ་དགའ་བའི་སྒྲ་ནི་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ལས་བྱུང་བ་ཉིད་ནི་ཁམས་གསུམ་ཐམས་ཅད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་འདི་ཡིན་ནོ། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །ཞེས་པའི་ཐེ་ཚོམ་ཟ་བ་མེད་པར་འགྲུབ་སྟེ། རིམ་པ་གཉིས་དབྱེར་མེད་པས་གྲངས་མེད་པའི་རིགས་རྣམས་ཏེ། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས་ཞེས་པ་འདིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ། །དགྱེས་པའི་རྡོ་རྗེའི་མཁའ་འགྲོ་མ་དྲ་བའི་བདེ་མཆོག་ལས་དངོས་གྲུབ་གཏན་ལ་དབབ་པ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་གཉིས་པའོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི། རྡོ་རྗེ་འཛིན་པ་དང་བདག་མེད་མ་དབྱེར་མེད་པའོ། །མཁའ་འགྲོ་མ་དྲ་བའི་མཆོག་ལས་ཞེས་པ་ལ་མཁའ་འགྲོ་མ་དྲ་བའི་སྒྲ་ནི་བདག་མེད་མ་ལ་སོགས་པའི་མཁའ་འགྲོ་མའོ། །བདེ་མཆོག་གི་སྒྲ་ནི་རྡོ་རྗེ་འཛིན་པའོ། །འདི་ལྟར་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ཡེ་ཤེས་གཉིས་པོ་གཉི་ག་དབྱེར་མེད་པར་རྟོགས་ནས་དེས་གདོན་མི་ཟ་བར་འགྱུར་རོ། །དངོས་གྲུབ་ནི་དངོས་པོ་གཏན་ལ་དབབ་པའོ། །དེ་ལྟ་བུར་གྱུར་པས་རིམ་པར་ཕྱེ་བ་སྟེ་སྦས་པའི་དོན་རབ་ཏུ་གསལ་བར་བྱེད་པའོ། །གཉིས་ནི་གཉིས་པ་རྫོགས་པའི་རང་བཞིན་ནོ། །ཡང་ན་གཉིས་སུ་མེད་པར་གཉིས་མེད་རྟོགས་པའི་རང་བཞིན་གཉི་ག་དབྱེར་མེད་པའི་ཕྱིར་ཞེས་པའི་དོན་ཏོ། །དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་བ་ལས་བརྟག་པ་གཉིས་པའི་ལེའུ་གཉིས་པའོ།། །།


previousགཉིས་པ་དངོས་གྲུབ་གཏན་ལ་དབབ་པའི་ལེའུ།next