Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དྲུག་པ།


  expand section
  expand section
  expand section
   
  collapse section
རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ། ལྷའི་རིགས་ཀྱི་བློ་གྲོས་ཆེན་པོ།
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousརྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ།ལྷའི་རིགས་ཀྱི་བློ་གྲོས་ཆེན་པོ།next

རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ།
ལྷའི་རིགས་ཀྱི་བློ་གྲོས་ཆེན་པོ།

ལེའུ་དང་པོའི་རྣམ་པར་བཤད་པ།


DTG006_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཌཱ་ཀི་ནཱི་བཛྲ་ཛཱ་ལི་པཉྫ་ཏནྟྲ་རཱ་ཛ་སྱ་ཏཏྟྭ་པཽཥྚཱི་ཀ་པཉྫི་ཀཱ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རླབས་ཚོགས་


DTG006_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བའི་མཚོ་ཡི་ཆུ་ནི་ཆུ་སྐྱེས་དམར་པོའི་སྟེང་གནས་ངང་པ་ཡི། །ཕྲེང་བས་བརྒྱན་ལྟར་གང་གི་ཕྱག་རྣམས་ཐོད་པའི་ཕྲེང་བས་ཤིན་ཏུ་མཛེས་བྱས་ལ། །འཕྲལ་གྱི་ཆར་སྤྲིན་ལྟ་བུར་སྔོ་ཞིང་ལྕུག་མའི་ནགས་བཞིན་བཅུ་དྲུག་ཕྱག་གིས་གནས། མཆེ་བ་དང་བཅས་ཞལ་དང་སྐུ་རུ་ལྡན་པའི་གར་མཛད་དེ་ལ་རབ་འདུད་ཅིང༌། །ཟབ་ཅིང་ཤིན་ཏུ་གཏིང་དཔག་དཀའ་ལ་དོན་དམ་རིན་པོ་ཆེ་ཡི་གནས་སུ་གྱུར་པ་ཡི། །དམ་པའི་ཆོས་ཀྱི་གཞུང་ལུགས་རྟོགས་པར་ནུས་པའི་རྣམ་དག་བློ་དང་ལྡན་པ་གང༌། །བཤེས་གཉེན་དམ་པའི་ཞབས་ཀྱི་པདྨར་གུས་ཕྱག་འཚལ་ཏེ་ཡང་དག་རིམ་པ་ལས། །དེ་ཁོ་ན་ཉིད་དྲན་པར་བྱ་ཕྱིར་དེ་ཉིད་རབ་གསལ་དཀའ་འགྲེལ་བྲི་བར་བྱ། །མཁའ་དང་ཞེས་བྱ་བ་ལ་སོགས་པ་ལ། མཁའ་ཞེས་བྱ་བ་ནི་པདྨའི་རང་བཞིན་ཏེ། རིག་པ་བཞིའི་ཆོས་འབྱུང་བའི་ཕྱག་རྒྱ་ཁ་དོག་དཀར་པོ་གྲུ་གསུམ་པ་སྨད་ཞུམ་ཞིང་སྟོད་ཡངས་པ་སྣ་ཚོགས་རྡོ་རྗེ་དང་པདྨས་ནང་མཚན་པའོ། །བེམས་པོ་ཞེས་བྱ་བ་ནི་སའི་དཀྱིལ་འཁོར་ཏེ། ཁ་དོག་སེར་པོ་གྲུ་བཞི་ལ་གར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལཾ་ལས་བྱུང་བའོ། །དང་བ་ཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་ཏེ་ཁ་དོག་དཀར་ལ་ཟླུམ་པ་བུམ་པས་མཚན་པ་བཾ་ལས་བྱུང་བའོ། །གོ་སྐབས་མེད་ཅེས་བྱ་བ་ནི་ཁྱད་པར་རྒྱུ་ཞིང་སྐབས་མེད་པས་ན་རླུང་གི་དཀྱིལ་འཁོར་ཏེ། ཁ་དོག་དུད་ཀ་གཞུ་ལྟ་བུ་ལ་རྒྱལ་མཚན་གྱིས་མཚན་པ་ཡཾ་ལས་བྱུང་བའོ། །གསལ་བ་ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་འོད་འབར་བའི་ངོ་བོ་ཉིད་ཀྱི་ཕྱིར་མེད་དཀྱིལ་འཁོར་ཏེ། ཁ་དོག་དམར་པོ་གྲུ་གསུམ་འབར་བས་མཚན་པ་རཾ་ལས་བྱུང་བའོ། །སྣ་ཚོགས་ཞེས་བྱ་བ་ནི་དཀྱིལ་འཁོར་བཞིའི་འོག་ན་གནས་པའི་སྣ་ཚོགས་པདྨའོ། །རྡོ་རྗེ་གཞི་ཞེས་བྱ་བ་ནི་རྡོ་རྗེའི་མཆོག་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་སྣ་ཚོགས་རྡོ་རྗེའོ། །གནས་ཁང་ཞེས་བྱ་བ་ནི་ཁང་བུ་བརྩེགས་པ་སྟེ། བྷྲཱུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྦུའི་བུ་ག་ནས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་འབྱུང་བ་ཆེན་པོ་བཞི་ཞུ་བ་ལས་གྱུར་པའོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་དེ་ཉིད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་འཕྲོ་བས་ཡོངས་སུ་གང་བའི་ཕྱིར་རོ། །ཡང་དེ་ཉིད་ནི་ཡིད་དུ་འོང་བ་


DTG006_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་བྱ་སྟེ་ཤིན་ཏུ་བཟང་ཞིང་གསལ་བའི་རིན་པོ་ཆེ་རྣམས་ལས་བསྒྲུབས་པའི་ཕྱིར་རོ། །ཡང་ན་དེ་ཉིད་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་ཡོངས་སུ་གང་བས་ན་ཡིད་འོང་བའོ། །དེ་དག་གིས་ནི་འདི་སྐད་དུ་ཆོས་འབྱུང་བའི་ནང་དུ་སོན་པའི་སྣ་ཚོགས་རྡོ་རྗེ་དང་པདྨ་ལ་གནས་པ་ཁང་བུ་བརྩེགས་པ་བསྒོམ་པར་བསྟན་པའམ། གཞལ་ཡས་ཁང་ལྔའི་ནང་ངོ༌། །ཁ་ཅིག་ནི་འོག་ནས་འབྱུང་བའི་རྒྱུད་ཀྱི་རིམ་པས་བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་བྱེད་དོ་ཞེས་ཟེར་རོ། །མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པའི་བདག་མེད་མའོ། །བེམས་པོ་ཞེས་བྱ་བ་ནི་སའི་ཁམས་ཀྱི་རང་བཞིན་པུཀྐ་སཱིའོ། །དང་བཞེས་བྱ་བ་ནི་ཆུའི་ཁམས་ཀྱི་རང་བཞིན་ས་བ་རཱིའོ། །གོ་སྐབས་མེད་ཅེས་བྱ་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་ཌོམྦི་ནཱིའོ། །གསལ་བ་ཞེས་བྱ་བ་ནི་མེའི་ཁམས་ཀྱི་རང་བཞིན་ཙཎྜ་ལཱིའོ། །སྣ་ཚོགས་ཞེས་བྱ་བ་ནི་ལུས་དང་ལོངས་སྤྱོད་གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། གཟུགས་ཀྱི་རང་བཞིན་རྡོ་རྗེ་མའོ། །རྡོ་རྗེའི་གཞི་ཞེས་བྱ་བ་ནི། རྡོ་རྗེ་རྣམས་ཀྱི་རྟེན་ཏེ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཚོར་བའི་རང་བཞིན་ནང་གི་གཽ་རཱི་མའོ། །གནས་ཁང་ཞེས་བྱ་བ་ནི་གཟུང་བ་གཟུགས་ལ་སོགས་པའི་རང་བཞིན་གྱི་གཉེན་པོ་རྣམ་པར་རྟོག་པ་ཐམས་ཅད་ཐིམ་པར་གྱུར་པའི་སོ་སོར་རྟོག་པའི་ཡེ་ཤེས་དང༌། འདུ་ཤེས་ཀྱི་རང་བཞིན་བ་རཱི་ཌཱ་ཀི་ཅཱིའོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་གདུལ་བྱའི་སེམས་ཅན་གྱི་ཁམས་སྣ་ཚོགས་འདུལ་བར་བྱེད་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། འདུ་བྱེད་ཀྱི་རང་བཞིན་བཛྲ་ཌཱ་ཀི་ནཱིའོ། །ཡིད་འོང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིད་དུ་འོང་ཞིང་འགུགས་པར་བྱེད་པ་སྟེ། དད་པ་དང་གཟུགས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གཽ་རཱི་མའོ། །སེམས་ཅན་ཞེས་བྱ་བ་དེ་དག་འཇུག་པ་སྟེ། བརྩོན་འགྲུས་དང་སྒྲའི་སྐྱེ་མཆེད་ཀྱི་རང་བཞིན་ཙཽ་རཱིའོ། །སྣོད་ཅེས་བྱ་བ་ནི་གནས་སུ་བསྐྱེད་ཅིང་འཆིང་བ་སྟེ། དྲན་པ་དང༌། དྲིའི་སྐྱེ་མཆེད་ཀྱི་རང་བཞིན་བེ་ཏཱ་ལཱིའོ། །འཇིག་རྟེན་ཞེས་བྱ་བ་ནི་དོན་སྣ་


DTG006_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་ལྟ་ཞིང་མཉེས་པར་བྱེད་པ་སྟེ། ཏིང་ངེ་འཛིན་དང༌། རོའི་སྐྱེ་མཆེད་ཀྱི་རང་བཞིན་གྷསྨ་རཱིའོ། །ས་འོག་ས་སྟེངས་ས་བླ་ཞེས་བྱ་བ་ལ། ས་འོག་ནི་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ས་འོག་ན་རྒྱུ་བའོ། །ས་སྟེངས་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ཏེ། སླར་ཡང་བདག་མེད་མ་ཉིད་དེ་བསྟན་པའོ། །ས་བླ་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་མཁའ་ལ་རྒྱུ་མའོ། །ར་བ་ཞེས་བྱ་བ་ནི་ལོགས་སུ་རྒྱུ་བ་མ་ཡིན་གྱི་སྟེང་དང་འོག་ཏུ་འགྲོ་བ་ཞེས་བྱ་བའི་བར་དུའོ། །དེས་ནི་བདག་མེད་མའི་འཁོར་ལོ་བསྟན་ཏོ། །ཡང་གོང་དུ་ཐལ་བའི་འཕྲོ་བཤད་པར་བྱ་སྟེ། སེམས་ཅན་སྣོད་ཀྱི་འཇིག་རྟེན་དང༌། །ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་འགྱུར་བ་སྟེ། དེ་ལ་སྣོད་ཅེས་བྱ་བ་ནི་གནས་སུ་སྣང་བ་ཡོངས་སུ་གྱུར་པའི་ཁང་བུ་བརྩེགས་པ་སྔར་བཤད་པ་ཉིད་དོ། །སེམས་ཅན་འཇིག་རྟེན་ཞེས་བྱ་བ་ནི་རྟག་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལུས་དང་ལོངས་སྤྱོད་དུ་སྣང་བ་གནས་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ས་འོག་ས་སྟེངས་ས་བླ་དང༌། །ཞེས་བྱ་བ་ནི་སྐམ་པ་མ་སྟེ། ས་འོག་དང་ས་སྟེངས་ས་བླ་ན་གནས་པའི་འདུག་པ་རྣམས་ཀྱི་མགྲིན་པ་འདོན་པའི་ཕྱིར་རོ། །བར་དང་ཞེས་བྱ་བ་ནི་ཞགས་པ་མ་སྟེ། གདུག་པ་རྣམས་བཙལ་ནས་ནང་དུ་འཆིང་བར་བྱེད་པའི་ཕྱིར་རོ། །ཡིད་ཅེས་བྱ་བ་ནི་འཚོད་པ་མ་སྟེ། གདུག་པ་རྣམས་བཙལ་ནས་འཇིག་རྟེན་དག་པའི་ཡིད་ཀྱི་ཡང་དག་པའི་དྲ་བས་བསྡམས་པའི་ཕྱིར་རོ། །ལུས་ཞེས་བྱ་བ་ནི་ལྕགས་ཀྱུ་མ་སྟེ། གདུག་པའི་ལུས་ཕུག་ནས་འགུགས་པའི་ཕྱིར་རོ། །ངག་ཅེས་བྱ་བ་མེ་ཏོག་མ་སྟེ། བྱང་ཆུབ་ཀྱི་ཡན་ལག་ལ་དམ་པའི་མེ་ཏོག་གི་ཟ་མ་ཏོག་འབུལ་བའི་གསུང་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མེ་ཏོག་མའོ། །གཅིག་ཅེས་བྱ་བ་ནི་བདུག་སྤོས་མ་སྟེ། ཆོས་ཐམས་ཅད་ཟག་པ་མེད་པའི་བདུག་པས་གཅིག་ཏུ་སློན་པ་ཕྱིར་རོ། །གཉིས་ཞེས་བྱ་བ་ནི་མར་མེ་མ་སྟེ། སྙིང་རྗེའི་སྣུམ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྒྲོན་མེས་གཉིས་ཀྱི་རབ་རིབ་བཟློག་ནས་སངས་རྒྱས་ཀྱི་ཡོན་ཏན་སྣང་བར་བྱེད་པའི་ཕྱིར་རོ། །མཁའ་བདེ་ཞེས་བྱ་བ་ནི་བྱུག་པ་མ་སྟེ། ནམ་མཁའ་མ་ལུས་པར་རྒྱས་པའི་བླ་ན་མེད་པའི་དབྱིངས་


DTG006_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དྲི་ལ་དགའ་ཞིང་གྲགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྟག་པའི་དཀྱིལ་འཁོར་པ་རྣམས་སོ། །དྲུག་དང་ལྔ་དང་ཞེས་བྱ་བ་ནི། རྡོ་རྗེ་ཉི་མ་སྟེ། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དྲུག་དང༌། སྒྲིབ་པ་ལྔའི་གཉེན་པོ་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དྲུག་གཉིས་ཞེས་བྱ་བ་ནི་ལག་ན་ཉི་མ་མ་སྟེ། ཉི་མ་བཅུ་གཉིས་བསྡུས་པའི་སྣང་བས་མ་རིག་པའི་མུན་ནག་བཟློག་པའི་ཕྱིར་རོ། །བཞི་ཞེས་བྱ་བ་ནི་མར་མེ་སྟེ་རྣལ་འབྱོར་བཞིའི་ཡེ་ཤེས་ཀྱི་སྣང་བས་རྣམ་པར་རྟོག་པའི་རབ་རིབ་སེལ་བར་བྱེད་པའི་ཕྱིར་རོ། །འགྲོ་བ་རྣམས་ཞེས་བྱ་བ་ནི་རིན་ཆེན་སྒྲོན་མ་སྟེ། འགྲོ་བ་རྣམས་ཀྱི་མུན་པའི་དྲ་བ་འཇོམས་པར་བྱེད་པའི་ཕྱིར་རོ། །ཉི་ཤུར་གཅིག་གིས་མ་ཚང་བ། །ཞེས་བྱ་བ་ནི་ལག་ན་གློག་འཛིན་མ་སྟེ། ཁམས་བཅོ་བརྒྱད་དང་གང་ཟག་ཏུ་འཛིན་པ་སྟེ། རྣམ་པར་རྟོག་པ་བཅུ་དགུའི་ཆུ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བས་སེལ་བར་བྱེད་པའི་ཕྱིར་རོ། །ཁམས་གསུམ་པོ་ནི་མ་ལུས་དང༌། །ཞེས་བྱ་བ་ནི་སྒེག་མོ་སྟེ། ཁམས་གསུམ་མ་ལུས་པ་ཐམས་ཅད་ལ་ཕ་རོལ་པར་སྟོན་པའི་ཕྱིར་རོ། །ཕ་ཞེས་བྱ་བ་ནི་ཕྲེང་བ་མ་སྟེ། ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་བཅིང་བ་ལས་སྒྲོལ་བའི་ཕྱིར་དང༌། དོན་དམ་པའི་རིན་པོ་ཆེ་ལ་རོལ་ཅིང་འཛིན་པའི་ཕྱིར་རོ། །བུ་ག་ཞེས་བྱ་བ་ནི་གླུ་མཁན་མ་སྟེ། ཐར་པའི་གྲོང་ཁྱེར་དུ་འཇུག་པར་མཛད་ཅིང༌། བླ་ན་མེད་པའི་ཆོས་སྟོན་པའི་དབྱངས་ཀྱིས་སྐྱོབ་པའི་ཕྱིར་རོ། །མ་ཞེས་བྱ་བ་ནི་གར་མཁན་མ་སྟེ། གར་གྱི་ཕྱག་རྒྱ་སྐྱོང་བས་བདུད་ཀྱི་རྒྱ་མཚོ་ལས་གྲོལ་བའི་ཕྱིར་རོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་པ་རྣམས་སོ། །ཕྱི་རོལ་དོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་སྟེ། གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པས་བཅིངས་ཤིང་མནན་ནས་དོན་རྣམས་ལ་གཟིགས་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ནང་དང་ཞེས་བྱ་བ་ནི་ལག་ན་པདྨ་སྟེ། སྙིང་རྗེ་ཆེན་པོའི་འདོད་ཆགས་ཆེན་པོས་ནང་ཞེས་བྱ་བ་པདྨའི་བདག་ཉིད་སྟོན་པའི་ཕྱིར་རོ། །བཙུན་མོ་ཀུན་གྱི་ཆོས་དང་ནི། །ཞེས་བྱ་བ་ནི་ལག་ན་ཆོས་འབྱུང་མ་སྟེ། བདེ་བ་ཆེན་པོ་སྤེལ་བར་བྱ་བའི་ཕྱིར་ཆོས་འབྱུང་བ་བསྣམས་པའོ། །ལས་


DTG006_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་ཅེས་བྱ་བ་ནི་ལག་ན་ལྕགས་སྒྲོག་མ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱམས་པས་འཆིང་བའི་ལས་བྱེད་པའི་ཕྱིར་རོ། །བདག་མེད་མ་ཞེས་བྱ་བ་ནི་ཀུན་དུ་འཁྱུད་མ་སྟེ། བདེ་བ་ཆེན་པོ་ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང༌། སངས་རྒྱས་རྣམས་རྗེས་སུ་ཆགས་པས་འཆིང་བའི་ཕྱིར་བདག་ལ་ཀུན་དུ་འཁྱུད་པར་སྟོན་པའི་ཕྱིར་རོ། །འབྲས་བུ་ཞེས་བྱ་བ་ནི་གླིང་བུ་མ་སྟེ། བུ་ག་དང་ལྡན་པའི་གླིང་བུ་འབུད་པའི་ཕྱག་རྒྱས་ཆོས་རྣམས་སྟོང་པ་ཉིད་དུ་དྲལ་ཏེ། སྟོན་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་པི་ཝང་མ་སྟེ། སྐྱེ་བ་དང་འགག་པ་ལ་སོགས་པའི་སྒྲས་འདོད་ཆགས་ལ་སོགས་པ་བསལ་ཞིང་དོར་བར་བྱ་བ་ཉིད་དུ་སྟོན་པའི་ཕྱིར་རོ། །བྱ་བར་གྲགས་ཞེས་བྱ་བ་ནི་རྫ་རྔ་མ་སྟེ། རྫ་རྔའི་ཁ་ཅིག་ལ་བརྡུང་བའི་ཚུལ་གྱིས་བདག་མེད་པའི་བྱང་ཆུབ་ཏུ་བྱ་བ་སྟོན་པའི་ཕྱིར་རོ། །བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྔ་ཆེན་མ་སྟེ། མགྲིན་པར་བཏགས་ནས་ལག་པ་གཉིས་བརྡུང་བའི་ཚུལ་གྱིས་རྒྱུ་དང་བཅས་པའི་སྐུ་གསུམ་སྟོན་པའི་ཕྱིར་རོ། །པདྨ་གར་གྱི་དབང་ཕྱུག་པའི་དཀྱིལ་འཁོར་པ་རྣམས་སོ། །འདི་ལྟར་ཀུན་གཞི་རྣམ་ཤེས་འགྱུར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་རྟ་མཆོག་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལྟར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་སྐུ་སྣ་ཚོགས་སྤྲུལ་ཞིང་རྣམ་པར་རྟོག་པ་བཅོམ་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་ལྕགས་མ་སྟེ། ཟག་པ་མེད་པའི་དབྱིངས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྲུང་བར་བྱེད་པའི་ཕྱིར་རོ། །མ་བྱུང་དང་ཞེས་བྱ་བ་ནི་ལྡེ་ཀྱོག་འཛིན་མ་སྟེ། ཡེ་ཤེས་བཟུང་ནས་དེའི་སྒོ་བཅད་པས་ཉོན་མོངས་པ་ལ་སོགས་པའི་རྟོག་པ་འཇུག་པར་མི་བྱེད་པའི་ཕྱིར་རོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་གླེགས་མ་སྟེ། སེམས་ཅན་གྱི་ཁམས་ལྟར་ཡེ་ཤེས་སྐྱེས་པ་མི་འདོར་བ་དང་ཉེས་པ་རྣམས་ཀྱི་སྐབས་མི་འབྱེད་པས་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་རྡོ་རྗེ་ཡོལ་བ་མ་སྟེ། རང་གི་འོད་ཀྱི་བཙུན་མོ་རབ་ཏུ་བསྲུང་བའི་ཕྱིར་ནམ་མཁའི་དབྱིངས་སུ་ཁྱབ་པའི་ཡོལ་བ་འཛིན་པའི་ཕྱིར་རོ། །བདག་མེད་ཅེས་བྱ་བ་ནི་སངས་རྒྱས་


DTG006_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་མ་སྟེ། སངས་རྒྱས་ཐམས་ཅད་སེམས་ཅན་གྱི་བདག་ཉིད་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཡིན་པའི་ཕྱིར་རོ། །བདག་ཉིད་ཐ་སྙད་ཅེས་བྱ་བ་ནི་མཱ་མ་ཀཱི་སྟེ། གཉིས་པོ་རྣམ་པར་སྤྱོད་ན། གཉིས་མེད་པ་ནི་ཐ་སྙད་ཡིན་ལ། དེ་འདི་ལ་ཡོད་པས་ན་བདག་གི་ཐ་སྙད་ཅན་ཏེ། དེ་གཉིས་པའི་ཆོས་ཡིན་པའི་ཕྱིར་རོ། །དངོས་དང་བྲལ་བ་ཞེས་བྱ་བ་ནི་གོས་དཀར་མོ་སྟེ། གཉིས་ཀྱི་དངོས་པོ་རྣམས་སྟོང་པ་ཉིད་ཀྱི་རྣམ་པར་དཔྱད་ནས་རྟོག་པ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དངོས་མེད་པ་ཞེས་བྱ་བ་ནི་སྒྲོལ་མ་སྟེ། སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་ཆོས་སྟོན་པ་འགྲོ་ཞིང་སྒྲིབ་པའི་དངོས་པོ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྟ་མཆོག་གི་དཀྱིལ་འཁོར་པ་རྣམས་སོ། །བདེ་བ་ཅན་ཞེས་བྱ་བ་ནི་གཽ་རཱི་སྟེ། བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ལ། དེ་དད་པས་སྲུང་ཞིང་འགུགས་པར་བྱེད་པའི་ཕྱིར་རོ། །གྲུ་གསུམ་ལ་ཞེས་བྱ་བ་ནི་ཙཽ་རཱི་སྟེ། དེ་ལ་ཁ་ཅིག་ན་རེ་ཁམས་གསུམ་ཟིལ་གྱིས་གནོན་པའི་གཟུགས་སྟོན་པར་བྱེད་པ་ཞེས་ཟེར་རོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་གྲུ་ནི་གཉིས་སུ་ངེས་པ་ཡིན་ལ། གྲུ་གཅིག་ཏུ་ངེས་པ་ཡིན་ན་ནི། དེ་ལ་གོམས་པར་འཛིན་པའི་ཕྱིར་རོ། །ཡང་ན་བརྩོན་འགྲུས་ཀྱི་ལུས་ལ་སོགས་པ་ལ་སྐུ་ལ་སོགས་པ་འཛུད་པའི་ཕྱིར་རོ། །རྡུལ་མེད་ཅེས་བྱ་བ་ནི་དྲན་པའི་རང་བཞིན་ནི་རོ་ལངས་མ་སྟེ། རྡུལ་ནི་དམ་ཚིག་དང་ཡེ་ཤེས་ཀྱི་རྟོག་པ་ཡིན་ལ། གཉིས་པོ་སྟོང་པ་ཉིད་ཀྱི་དྲངས་ལྕགས་སྒྲོག་གིས་གཅིག་ཏུ་བྱེད་པའི་ཕྱིར་རོ། །སྐྱོན་བྲལ་ཞེས་བྱ་བ་ནི་གྷསྨ་རཱི་སྟེ། རྡོ་རྗེ་དྲིལ་བུའི་སྒྲས་འབེབས་པར་བྱེད་ཅིང་ཏིང་ངེ་འཛིན་གྱིས་རང་བཞིན་གྱིས་རྣམ་པར་གཡེང་བའི་སྐྱོན་ཐམས་ཅད་བསལ་བའི་ཕྱིར་རོ། །རྡུལ་བྲལ་ཞེས་བྱ་བ་ནི་པུཀྐ་སཱི་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། སྙིང་རྗེས་སེར་སྣ་དང༌། སྡང་བའི་ཉེས་པ་བསལ་བའི་ཕྱིར་ཏེ། ས་དང་པོ་རབ་ཏུ་དགའ་བ་དང༌། སའི་ཁམས་ཀྱི་རང་བཞིན་ནོ། །སྡིག་བཅོམ་ཞེས་བྱ་བ་ནི་ས་བ་རཱི་སྟེ། ཚུལ་ཁྲིམས་དང་བྱམས་པས་ཚུལ་ཁྲིམས་འཆལ་བ་དང༌། མི་བརྩེ་བའི་སྡིག་པ་བཅོམ་པའི་ཕྱིར་ཏེ།


DTG006_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ས་དྲི་མ་མེད་པ་དང༌། ཆུའི་ཁམས་ཀྱི་རང་བཞིན་ནོ། །ཁྲོ་གཉེར་མེད་པ་ཞེས་བྱ་བ་ནི་ཙཎྜ་ལཱི་སྟེ། དགའ་བ་དང༌། བཟོད་པས་རྨོངས་ཤིང་ཞུམ་པ་དང༌། ཁྲོ་བའི་གཉེར་མ་གསལ་བའི་ཕྱིར་ཏེ། ས་འོད་བྱེད་མ་དང༌། མེའི་ཁམས་ཀྱི་རང་བཞིན་ནོ། །མཉམ་གཞག་པ་ཞེས་བྱ་བ་ནི་ཌོམྦི་ནཱི་སྟེ། བཏང་སྙོམས་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྙོམ་ལས་དང་རྣམ་པར་གཡེང་བ་བཅོམ་པའི་ཕྱིར་ཏེ། ས་འོད་འཕྲོ་བ་ཅན་དང་མངོན་པར་འདུ་བྱེད་པ་མེད་པའི་རང་བཞིན་ནོ། །ནང་གི་བདེ་བ་མཆོག་རིག་པ། །ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་སྟེ། ནང་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་རྣམས་ཡིན་ལ་དེའི་བདེ་བ་ནི་རབ་ཏུ་ཞི་ཞིང་མི་འགྱུར་བར་དབང་དུ་གྱུར་པའོ། །མཆོག་ནི་མཛེས་ཤིང་ཡིད་དུ་འོང་བ་སྟེ། དེ་རིག་པའི་ངང་ཚུལ་འདི་ལ་ཡོད་པས་ན་ནང་གི་བདེ་བ་མཆོག་རིག་པའོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་པ་རྣམས་སོ། །འཁོར་ལོས་སྒྱུར་བ་ལྔ་པོ་དེ་དག་ཉིད་སླར་ཡང་བསྟན་པའི་ཕྱིར་གསང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསང་བ་ཞེས་བྱ་བ་ནི་དབེན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྣ་ཚོགས་འདི་དག་ཉིད་ཀྱི་སྟོང་པ་ལས་བྱུང་བའི་ཕྱིར་གསང་བའམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྟོག་པ་བོར་ཞིང་བཏང་བས་གསང་བ་སྟེ། དེ་ལ་གནས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་དུ་ཧེ་རུ་ཀ་སྟེ། དེའི་གནས་པ་ཡང་དེ་སྐད་ཅེས་བྱའོ། །མཆོག་ཅེས་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཞལ་ཞིང་ཡོངས་སུ་བཅད་ནས་ངེས་པར་བྱས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ནི་པདྨ་གར་གྱི་དབང་ཕྱུག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །དགྱེས་པ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་མཉམ་ཉིད་དུ་རོལ་ཅིང་རྟོགས་པའི་ཕྱིར་དེ་ཉིད་ནི་རྡོ་རྗེ་ཉི་མ་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་རྟ་མཆོག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །དེ་རྣམས་ཀུན་ཀྱང་བདུན་པའི་དོན་གྱི་མཐའ་


DTG006_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བསྒྱུར་བར་བྱས་ལ། དང་པོའི་མཐའ་ཅན་དུ་རྟོགས་པར་བྱའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་སྐུ་གསུམ་གྱིས་མི་གཡོ་བར་བཞུགས་པ་སྟེ། ཆོས་ཀྱི་སྐུའི་རང་བཞིན་གྱིས་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉམས་པ་མེད་པར་བཞུགས་པས་རྟག་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པས་རྟག་པའོ། །སངས་རྒྱས་དངོས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དང་གནས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་རྟག་པ་སྟེ་དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། ཤེས་བྱའི་རང་བཞིན་གྱིས་སོ། །འདི་ནི་ཞེས་བྱ་བ་ནི་འདི་ལ་སྟེ། རྟག་ཏུ་ད་ལྟར་བྱུང་བས་སོ། །རང་བྱུང་ཞེས་བྱ་བ་ནི་དོན་དམ་པར་རྒྱུ་ལ་སོགས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་བྷ་ག་ནི། དབང་ཕྱུག་ལ་སོགས་པ་དྲུག་སྟེ། དེ་འདི་ལ་ཡོད་པས་ན་བཅོམ་ལྡན་འདས་སོ། །དེ་སྐད་དུ་ཡང༌། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་འདི་དག་བཅོམ་པར་བཤད། །ཅེས་སོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་མེད་པ་སྟེ། ཆོས་ཀྱི་སྐུའི་ཚུལ་གྱིས་སོ། །ལྷག་པའི་ལྷ་ཞེས་བྱ་བ་ནི་ལྷག་པར་གྱུར་པའི་ལྷ་སྟེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ཚུལ་གྱིས་སོ། །འབུམ་ཕྲག་ལྔ་པོ་ཧེ་བཛྲ་ཞེས་བྱ་བ་ནི་སྔར་བཤད་པའི་རྒྱུད་རྒྱས་པའོ། །དཀྱིལ་འཁོར་ལྔ་པ་ཞེས་བྱ་བ་ནི་འབུམ་ཕྲག་ལྔ་མདོར་བསྡུས་པའི་རྒྱུད་ཀྱི་དཀྱིལ་འཁོར་ལྔ་པོ་གཙོ་བོར་གྱུར་པས་མཁའ་འགྲོ་མ་རྡོ་རྗེ་དྲ་བ་ཞེས་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ལ་རྒྱུད་འདིར་མ་སྨོས་ཏེ། རྒྱུད་རྒྱས་པ་ལ་ལྟོས་པའི་ཕྱིར་རོ། །སྙིང་གར་གཡོན་བཅངས་སྡིགས་མཛུབ་སྟེ། །སྣ་ཚོགས་ཁ་དེག་ཆེར་འབར་མའོ། །ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་སྟེ། ཁ་དོག་དེ་དག་ཀྱང་བསྡུས་པའི་དཀྱིལ་འཁོར་ལས་སྟོན་པར་འགྱུར་རོ། །ཤིན་ཏུ་གཏི་མུག་ཆེ་ཞེས་བྱ་བ་ལ་གཏི་མུག་ནི་བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ལ།


DTG006_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཤིན་ཏུ་གནོན་པས་ཤིན་ཏུ་སྟེ། སེམས་ཙམ་གྱི་མཚན་ཉིད་ཟག་པ་མེད་པའི་དབྱིངས་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཉིད་ཀྱི་གཏི་མུག་དེ་གནོན་པའི་ཕྱིར་ཆེན་པོ་ཡིན་ནོ། །ཤིན་ཏུ་གཟི་བརྗིད་ཆེ་ཞེས་བྱ་བ་ལ། གཟི་བརྗིད་ནི་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དྲུག་གོ །དེ་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གནོན་པས་ན་ཤིན་ཏུ་གཟི་བརྗིད་དེ་དེ་ཉིད་ཀྱི་ཕྱིར་གཟི་བརྗིད་ཆེན་པོའོ། །ཤིན་ཏུ་འདོད་ཆགས་འདོད་ཆགས་ཆེ། །ཞེས་བྱ་བ་ལ། འདོད་ཆགས་ནི་ཡུལ་རྣམས་ལ་ཞེན་པ་སྟེ། དེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གནོན་པས་ན་ཤིན་ཏུ་སྟེ། དེ་ཉིད་ཀྱི་ཕྱིར་འདོད་ཆགས་ཆེན་པོ་ཡང་ཡིན་ནོ། །ཕྲག་དོག་ཆེན་པོ་སྒྲིབ་པ་ཞེས་བྱ་བ་ལ་རང་གི་ངོ་བོ་ཉིད་རྟོགས་པའི་ཕྱིར་དང༌། སྐུ་གསུང་ཐུགས་ཀྱི་སྤྲུལ་པས་འཁོར་བ་ཇི་སྲིད་པར་བཞུགས་ཤིང་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པས་ན། ཕྲག་དོག་ཆེན་པོ་སྒྲིབ་པ་ཆེ། །ཞེས་བྱ་བ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཅེས་བྱ་བ་ནི་བདག་ཏུ་ལྟ་བའི་རབ་རིབ་བོ། །ཐེག་པ་གཞན་ནི་རྣམ་པར་སྤངས། །ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་བཟློག་པའི་ཕྱིར་རོ། །མི་བསྐྱོད་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་ལ། ཉོན་མོངས་པའི་རྟོག་པས་མི་གཡོ་བས་ན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མི་བསྐྱོད་ཡེ་ཤེས་སོ། །འབྱུང་བ་ནི་དེ་ལས་སྐྱེས་པའོ། །སྐྱེ་འགྲོ་མི་ཟད་དོན་གཉེར་ཕྱིར། །ཞེས་བྱ་བ་ལ་འགྲོ་བ་ནི་སངས་རྒྱས་རྣམས་ཏེ་མི་ཟད་པ་ནི་འབྲི་བ་མེད་པའོ། །དེ་རྣམས་ཀྱི་ཅི་ཞིག་ཅེ་ན། མགྲོན་དུ་གཉེར་བ་དེ་བསྟེན་ཞིང་རི་མོར་བྱ་བས་ན་མགྲོན་ནི་མཐར་ཕྱིན་པའི་ཤེས་རབ་ཡིན་ལ་དེ་བསྲུངས་པས་ན་གཉེར་བ་ནི་ཤེས་རབ་དང་སྙིང་རྗེ་ཆེན་པོའོ། དེ་ཉིད་ནི་དོན་ཏེ་དགོས་པ་ཞེས་བྱ་བའི་བར་དུའོ། །སྒྲིབ་པ་ལྔ་ནི་འཇོམས་པའོ། །ཞེས་བྱ་བ་ནི་དོན་དང་སེམས་ཅན་དང༌། བདག་དང་རྣམ་པར་རྟོག་པ་དང༌། འདུ་བྱེད་དང་འཇུག་པའི་རྣམ་པར་ཤེས་པ་ལྔ་པོ་འཇོམས་པ་སྟེ། དེ་ལ་དོན་དང་སེམས་ཅན་གྱི་དོན་རྣམ་པར་རྟོག་པ་འཇོམས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །བདག་ཏུ་ལྟ་


DTG006_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཇོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འཇོམས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །འདུ་བྱེད་ནི་སེམས་ཅན་རྣམ་པར་གཡེང་བ་ཉིད་དེ། དེ་འཇོམས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །འཇུག་པའི་རྣམ་པར་ཤེས་པ་རྣམ་པ་ལྔ་འཇོམས་པ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། འཇོམས་པ་ནི་བཅོམ་པ་ལས་གྱུར་པའོ། །དབང་པོ་གང་དང་གང་ལམ་ནས། ཞེས་བྱ་བ་ནི། དབང་པོ་རྣམས་ཀྱི་ཡུལ་གང་དང་གང་རྙེད་པ་སྟེ་མངོན་སུམ་དུ་བྱ་བ་ཞེས་བྱ་བའི་དོན་ཏོ། །མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ། མཆོག་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་ཤེས་པའི་རང་བཞིན་གྱིས་སོ། །ཕན་པ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་སོ། །ཅི་སྟེ་གཟུང་བ་དང་འཛིན་པས་སྣང་བས་འཁྲུལ་པའི་རང་བཞིན་འབའ་ཞིག་ཡིན་ནོ་སྙམ་དུ་དོགས་པ་ལ། སངས་རྒྱས་ཀུན་གྱི་རང་བཞིན་འཇུག །ཅེས་བྱ་བ་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཉིས་ཀྱིས་སྟོང་པ་ཉིད་ཀྱིས་གང་དང་གང་ཉམས་སུ་མྱོང་བ་དེ་དང་དེ། བརྫུན་པ་ཉིད་དུ་ཡོངས་སུ་སྤྱོད་པས་འཁྲུལ་པ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་གང་དང་གང་གིས་ནི། །ཞེས་བྱ་བ་ནི་རིགས་གང་དང་གང་གིས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་རིགས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་གི་རིགས་ལྔའི་བྱེ་བྲག་གིས་སོ། །དེས་ན་དེ་ཡི་རང་བཞིན་འགྲོ། །ཞེས་བྱ་བ་ནི་དེས་བྱང་ཆུབ་ཀྱི་རིགས་ལྔར་འགྱུར་བའོ། །སྣ་ཚོགས་གཟུགས་ཅན་ནོར་བུ་ཞེས་བྱ་བ་ནི་ནོར་བུ་ཤེལ་སྒོང་སྟེ། མཛའ་བའི་མེ་ཏོག་ལ་སོགས་པའི་ཁ་དོག་ཉེ་བར་བསྒྱུར་དུ་རུང་བའི་ཕྱིར་རོ། །ཐུགས་ཀྱི་རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ལས་སྐྱེས་པའི་ཕྱིར་རོ། །རང་གི་རྣམ་རྟོག་ཅེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པའི་ལྟ་བ་སྟེ་གཉིས་བརྟགས་པའི་ཕྱིར་རོ། །རྣམ་དག་ཅེས་བྱ་བ་ནི་གློ་བུར་གྱི་དྲི་མ་རྣམས་དང་བྲལ་བའོ། །སེམས་དག་པ་ནི་བདེ་བ་ཡིན། །ཞེས་བྱ་བ་ནི།


DTG006_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་གསུམ་སྤངས་པ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོར་འགྱུར་བའི་ཕྱིར་རོ། །ཅི་སྟེ་མདོག་དང་མཚན་མ་ལ་སོགས་པའི་སྤྲོས་པས་གྲོལ་བའི་ཐབས་སུ་ཇི་ལྟར་འགྱུར་སྙམ་དུ་དགོངས་ནས། གལ་ཏེ་སྟོང་པ་ཐབས་ཡིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐབས་དང་བྲལ་བའི་སྟོང་པ་འབའ་ཞིག་ལམ་དུ་འདོད་ན་དེའི་ཚེ་བསྐལ་པ་བྱེ་བས་ཀྱང་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ཞི་བའི་འབྲས་བུ་ཉིད་ཀྱིས་མི་ཁོམ་པ་ཐོབ་པར་འགྱུར་རོ། །འདི་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལས་ཀྱང་འདོད་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔའི་ཐབས་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། །ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཅི་སྟེ་སྟོང་པ་དེ་ཉིད་ལམ་གྱི་གནས་སྐབས་ན་ནི་ཐབས་ཡིན་ལ། སྨིན་པའི་གནས་སྐབས་ན་ནི་འབྲས་བུ་ཡིན་ནོ་སྙམ་དུ་སེམས་ན། རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ལམ་དང་སྨིན་པ་གཉིས་ཀྱི་སྟོང་པ་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་འབྲས་བུ་འདོད་པ་བཞིན་དུ་སྟོང་པ་ཉིད་ཐབས་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ནི་སྤྲོས་པའི་ངོ་བོ་ཉིད་དེ་དམིགས་པ་དང་བཅས་པའི་ཕྱིར་རོ། །འབྲས་བུ་ནི་སྤྲོས་པ་མེད་པའི་ངོ་བོ་ཉིད་དེ་དམིགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་ཐ་དད་པར་གྲུབ་པོ། །དེའི་ཕྱིར་ཐབས་ནི་སྟོང་པ་ཉིད་འབའ་ཞིག་མ་ཡིན་པར་གྲུབ་པའོ། །འོ་ན་ཅིའི་ཕྱིར་སྟོང་པ་ཉིད་གསུངས་སྙམ་དུ་སེམས་ན། ཕྱིན་ཅི་ལོག་བཟློག་པས་ཐབས་ཀྱི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར། ལྟ་བ་ལས་ནི་ལོག་པ་རྣམས། །ཞེས་བྱ་བ་ཆོས་ལ་བདག་མེད་པ་ལ་སོགས་པ་ལྟ་བ་ལོག་ཅིང་མི་མཐུན་པའོ། །བདག་ཏུ་ལྟ་བ་ཚོལ་བ་རྣམས་ཀྱིས་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ཚོལ་བ་སྟེ། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྟེ། དེ་རྣམས་ཀྱི་བདག་ཏུ་འཛིན་པའི་ལྟ་བ་བཟློག་པའི་ཕྱིར་སྟོང་པ་ཉིད་རྒྱལ་བས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྐལ་པ་གྲངས་མེད་པ་གསུམ་དུ་སྤྱོད་ཅིང་


DTG006_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་སྦྱིན་པར་བཏང་བ་ལ་སོགས་པ་དཀར་བའི་སྤྱོད་པ་སྣ་ཚོགས་ཀྱིས་བྱང་ཆུབ་འགྲུབ་པར་བསྟན་པ་ཡིན་ན་དཀྱིལ་འཁོར་འཁོར་ལོ་ལ་སོགས་པའི་ཐབས་ཀྱིས་ཅི་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་འཁོར་ལོ་ཞེས། ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་འཁོར་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་དེ་དག་ཉིད་ལྷའི་དཀྱིལ་འཁོར་གྱི་འཁོར་ལོར་བསྡུས་པ་ཐབས་ཡིན་ཏེ། བདེ་བའི་ཐབས་ཞེས་བྱ་བ་ནི་དཀའ་བའི་སྤྱོད་པ་མ་ཡིན་པའོ། །སྡོམ་པ་ཞེས་བྱ་བ་ནི། བདེ་བ་ཉིད་དུ་བསྟན་པ་ཏེ། འདོད་པའི་ཉེ་བར་སྤྱོད་པ་ཐམས་ཅད་སྤྱོད་ཅིང་དབང་པོ་གཉིས་ཀྱི་བདེ་བ་ཉམས་སུ་མྱོང་བ་དང་ལྡན་པའོ། །སངས་རྒྱས་ང་རྒྱལ་ཞེས་བྱ་བ་ནི་ཐ་མལ་པའི་ང་རྒྱལ་དང་བྲལ་བའོ། །མྱུར་དུ་ཞེས་བྱ་བ་ནི་ཚེ་འདི་ཉིད་ལའོ། །ཅི་སྟེ་སངས་རྒྱས་ཀྱི་སྐུ་ཆོས་ཀྱི་སྐུ་རྣམས་མེད་པའི་ཚུལ་གྱིས་བསྒོམ་པར་བྱ་བའམ་ཞེ་ན། སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབས་ནི་སྐུ་གསུམ་གྱི་གཟུགས་ཅན་གྱི་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་གྱིས་གནས་པར་བསྟན་ཏོ། །རྣམ་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་ནི་དམ་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རྒྱ་ཆེ་བ་ནི་ཐབས་ཆེ་བའི་རང་བཞིན་ནོ། །དེས་སེམས་ཅན་རྣམས་འཁོར་ལོས་སྒྱུར་བ་ལྔ་ལ་འཇུག་པས་ན་སེམས་ཅན་འཇུག་པའོ། །དེ་གསལ་བར་བྱེད་པ་ན་ལེའུ་དང་པོའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་གསལ་བ་ལས། ལེའུ་དང་པོའི་རྣམ་པར་བཤད་པའོ།། །།

ལེའུ་གཉིས་པའི་རྣམ་པར་བཤད་པ།


DTG006_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ནི་ལེའུ་དང་པོའི་རྗེས་ཐོགས་ལའོ། །འཇིག་རྟེན་གསུམ་ཐོབ་ཅེས་བྱ་བ་ནི་ས་གསུམ་མོ། །དེ་ལ་འདིའི་དགོངས་པ་ནི་ཕོ་བྲང་ཁང་བུ་སུམ་བརྩེགས་དང་ལྡན་པའོ། །དམ་ཚིག་མཆོད་པ་ཞེས་བྱ་བ་ནི་རང་རང་གི་འཁོར་ལོས་སྒྱུར་བའི་དབྱེ་བས་ཕྱེ་བའི་མཆོད་པས་རྫས་རྣམས་ལས་འདའ་བར་མི་བྱའོ། །ཀུན་དུ་བཟང་པོའི་ས་བོན་བདག །ཅེས་བྱ་བ་ནི་ས་བོན་ཧཱུཾ་ལས་བསྐྱེད་པའོ། །བགྲང་བ་ཉིད་ཅེས་བྱ་བ་ནི་སྡིགས་མཛུབ་ཀྱིས་གསོད་པར་འཇུག་པ་སྟེ། གཡོན་པའི་སྡིགས་མཛུབ་ཅེས་པའི་དོན་ཏོ། །གཉིས་པོ་


DTG006_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ཕྱག་རྒྱ་སྦྱོར། །ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བྱས་ནས་སྲིན་ལག་གཉིས་སྒྲིལ་དུ་སྤྲེལ་ལ་མཐེ་བོང་གཉིས་ཀྱིས་གུང་མོའི་སེན་མོ་གཉིས་མནན་ནས་མཛུབ་མོ་གཉིས་བསྐུམ་སྟེ་ཅུང་ཟད་དགུག་པ་ནི་རིན་པོ་ཆེའི་ཚུལ་དུ་བྱས་ནས། སྙིང་གར་གཞག་པའོ། །གནོད་སྦྱིན་མོ་དང་ཀླུ་མོ་དང༌། །ཞེས་བྱ་བ་ལ་གནོད་སྦྱིན་མོ་བསྒྲུབས་པས་གསེར་གྱི་སྟེགས་བུ་ལ་སོགས་པ་ཡི་གེ་ཀྵཾ་གི་འོད་ཟེར་གྱིས་བཀུག་ལ་བཅུག་ཏེ། གནོད་སྦྱིན་མོ་མདོག་སེར་མོ་གདུགས་དཀར་པོ་ཐོགས་པ། བསྐལ་པའི་མེ་ལྟ་བུ་གཤིན་རྗེ་མཐར་འཛིན་གྱི་མགོ་བོར་མནན་ཅིང་ཀྵཾ་གིས་སྙིང་གར་མཚན་པ་བསྒོམ་པར་བྱའོ། །ཀླུ་མོ་ལ་ནི་ཡི་གེ་ནཾ་གྱིས་སོ། །སྟོབས་ཆེན་ཏིང་འཛིན་ལ་གནས་ནས། །ཞེས་བྱ་བ་ལ་སོགས་པ་ལ། པདྨ་འདབ་མ་བརྒྱད་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་དྲག་ཤུལ་གྱིས་བསྒྲུབ་པའི་དོན་དུ་རླུང་དང་མེ་དང༌། ཆུ་ལ་སོགས་པའི་རིམ་གྱིས་ཀླུའི་དཀྱིལ་འཁོར་བྲིས་པ་པདྨ་འདབ་མ་བརྒྱད་ལ་འདབ་མའི་མདོག་རྣམས་ཕྱོགས་ཀྱི་ཀླུ་བརྒྱད་ཀྱི་མདོག་ལྟར་བྲིས་པའོ། །ཀླུ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། ཤར་དུ་ནི་མཐའ་ཡས་ནག་པོ། ལྷོར་ནི་ནོར་རྒྱས་དཀར་པོ། ནུབ་ཏུ་ནི་འཇོག་པོ་དམར་པོ། བྱང་དུ་ནི་སྟོབས་ཀྱི་རྒྱུ་སྔོན་པོ་མེ་མཚམས་དང་བདེན་བྲལ་གྱི་མཚམས་སུ་ནི་པདྨ་དང་པདྨ་ཆེན་པོ་སེར་སྐྱའོ། །རླུང་མཚམས་སུ་ནི་དུང་སྐྱོང་སེར་པོའོ། །དབང་ལྡན་དུ་ནི་རིགས་ལྡན་ཁ་དོག་སྣ་ཚོགས་བསྒོམ་པར་བྱའོ། །རྡོ་རྗེ་མཁའ་ལྡིང་གདན་དུ་མཛད། །ཅེས་བྱ་བ་ནི་དེ་རྣམས་ཀྱི་མཇུག་མ་གཾ་ལས་སྐྱེས་པའི་ཁྱུང་གི་རྐང་པ་གཡོན་བརྐྱང་བས་མནན་ཅིང་བསྐལ་པའི་མེ་ལྟར་འབར་ཞིང་སྟོབས་པོ་ཆེའི་རྣལ་འབྱོར་གྱིས་དེའི་གདན་ལ་བཞུགས་པའི་ཀླུའི་བདག་པོ་ཞེས་བྱ་བ་ནི་མཐའ་ཡས་ལ་སོགས་པ་སྟེ། དེ་དག་ཉིད་ལག་པར་བསམས་ལ། ཧཱུཾ་དག་དང་ནི་སྤེལ་བ་ཡི། །ཡི་གེ་ཕུ་ཡི་སྔགས་བརྗོད་བྱ། །ཞེས་བྱ་བ་ནི་ཕྲེང་སྔགས་ཀྱི་མཐར་ཧཱུཾ་ཕུ་ཧཱུཾ་ཕཊ་ཅེས་བརྗོད་པའོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི། །ནམ་མཁའི་ངོས་ལ་ཁྲོ་བ་ཡི། །འོད་ཀྱིས་རྨོངས་པར་གྱུར་པ་ཡི། །ཀླུ་རྣམས་ཀྱིས་ཆུའི་ཚོགས་འབེབས་པར་བསྒོམས་པའོ། །ངེས་པར་ཆར་འབབ་པོ། །སངས་རྒྱས་དེ་ཉིད་དབྱེ་བར་བྱ། །ཞེས་བྱ་བ་ནི་


DTG006_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་རྒྱུར་གྱུར་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །ལྷག་མ་ནི་གོ་སླའོ། །དོན་གྱི་ཁྱད་པར་གཞན་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དག་པའི་གནས་ཞེས་བྱ་བ་ནི་དམ་པ་དང་པོ་ལ་སོགས་པའི་གནས་སོ། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ལ་སོགས་པ་ནི། དྲག་ཤུལ་གྱིས་བསྒྲུབ་པའི་ཕྱིར་ལས་དགུག་པ་དང་བཅིང་པ་ལ་སོགས་པ་བསྟན་པའོ། །མཁའ་འགྲོ་མ་བཞི་ཞེས་བྱ་བ་ནི་གཽ་རཱི་ལ་སོགས་པ་དེ་དག་ཉིད་དོ། །དེ་དག་གིས་ནི་འདི་སྐད་དུ་སྟོན་ཏེ། བསྒོམ་པ་དང་བཟླས་པ་ལ་ཞེན་པ་ལ་ཡང་སྤྱན་རས་ཀྱིས་མི་མཚོན་དེའི་ཚེ་ཟླ་བ་དྲུག་ཙམ་དུ་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ་གནས་པར་གསོལ་ཏེ། ཡང་ཟླ་བ་དྲུག་ཏུ་སྙིང་གར་ལྕགས་ཀྱུས་དགུག་པ་ལ་སོགས་པ་བྱས་ནས་ཟླ་བ་གཞན་ལ་དྲག་ཤུལ་གྱི་ཕུར་པས་གདབ་བར་སྟོན་པར་འགྱུར་རོ། །སངས་རྒྱས་གར་མཁན་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱིས་གར་མཛད་པའོ། །ཅི་སྟེ་གླུ་དང་རོལ་མོ་ངག་འཁྱལ་བ་སྨྲ་བ་དང་འདྲ་བར་སྟོན་པས་སྡིག་པ་ཉིད་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རམ་ཞེ་ན། སངས་རྒྱས་གར་མཁན་རྡོ་རྗེ་ཡིས། །འདོད་ཆགས་ཅན་གྱི་བྱང་ཆུབ་སྒྲུབ། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་སངས་རྒྱས་གར་གྱི་རྡོ་རྗེ་ཞེས་བྱ་བ་ནི་ཕྱག་རྒྱ་དང་བྱེད་པ་ལ་སོགས་པའོ། །འདོད་ཆགས་ཅན་ཞེས་བྱ་བ་ནི་ཡུལ་ལ་ཞེན་པ་རྣམས་ཏེ་འདོད་པ་ལ་ཆགས་པ་དང་ལྡན་པའོ། །བྱང་ཆུབ་སྒྲུབ་ཅེས་བྱ་བ་ནི་སངས་རྒྱས་ཉིད་དོ། །ལག་པ་དང་རྐང་པ་དང་ལྟ་སྟངས་དང༌། ཕྱག་རྒྱ་རྣམས་ཀྱིས་བསོད་ནམས་ཡེ་ཤེས་སོགས་པར་མཛད་པ་སྟེ་ཇི་ལྟར་ལྕགས་ལ་སོགས་པའི་གོང་བུ་ཆུད་ཡང་ཆུའི་ནང་དུ་འབྱིང་བ་དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ཡང་རྡོ་རྗེའི་གར་ལ་སོགས་པ་ནི་འདུས་བྱས་པའི་ཕྱག་དང་ཞབས་དང༌། ཞལ་ཡིན་པའི་ཕྱིར་ཞལ་གཅིག་དང་ཕྱག་གཉིས་ཞབས་གཉིས་དང་ལྡན་པར་བྱའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འཆང་སྟེ་ཀྱེའི་རྡོ་རྗེའོ། །དེ་ལ་གཡས་ཀྱི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་རྡོ་རྗེའོ། །ཕྱག་གཡོན་པའི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་ཐོད་པ་དང་ཁ་ཊྲྭཱཾ་གའོ། །དེ་བཞིན་དུ་བསྟན་པ་ནི་རྟག་པའི་གཡས་སུ་ནི་འཁོར་ལོའོ། །ཉི་མའི་གཡས་སུ་ནི་རིན་པོ་ཆེའོ། །པདྨ་གར་གྱི་


DTG006_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གཡས་སུ་ནི་པདྨའོ། །རྟ་མཆོག་གི་གཡས་སུ་ནི་རལ་གྲིའོ། །གཡོན་པ་རྣམས་སུ་ཁ་ཊྭཱཾ་ག་དང་ཐོད་པའོ། །ཞབས་ནི་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པའོ། །ཕྱག་ལ་སོགས་པ་ཇི་ལྟར་བསྡུས་པ་བཞིན་དུ་མ་མོ་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ཀྱང་བསྡུས་པར་བྱ་སྟེ། གཽ་རཱི་ལ་སོགས་པ་བསྡུས་པ་ནི་མཱ་མ་ཀཱིའོ། །སྐམ་པ་མ་ལ་སོགས་པ་བསྡུས་པ་ནི་སངས་རྒྱས་སྤྱན་ནོ། །ཕྱག་ན་པདྨ་ཅན་ལ་སོགས་པ་བསྡུས་པ་ནི་གོས་དཀར་མོའོ། །ཕྱག་ན་ཉི་མ་ཅན་དང་སྒོ་ལྕགས་མ་ལ་སོགས་པ་བསྡུས་པ་ནི་སྒྲོལ་མའོ། །ཁྲོ་བོ་རྣམས་དང་སྒོ་སྐྱོང་རྣམས་བསྡུས་པ་ནི། ཁྲོ་བོ་མི་གཡོ་བའོ། །ཁ་ཅིག་ན་རེ་ཁྲོ་བོའི་འཁོར་ལོ་བསྡུས་པའོ་ཞེས་ཟེར་རོ། །མེ་ཏོག་སྙིམ་པ་རབ་སྦྱོར་བས། །ཞེས་བྱ་བ་ལ་ལག་པ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེར་ཧཱུཾ་ལས་རྡོ་རྗེ་དཀར་པོ་བསྐྱེད་ལ་སོར་མོ་རྣམས་ཀྱང་རྡོ་རྗེའི་ཚུལ་དུ་མོས་ཏེ། མེ་ཏོག་གི་ཐལ་མོ་སྤྱི་བོར་སྦྱར་ཏེ་ཕྱག་བྱ་བ་ནི་མེ་ཏོག་གི་སྙིམ་པའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས་བདག་ཉིད་ངེས་པར་དབུལ་བ་ནི་རབ་ཏུ་སྦྱོར་བའོ། །དེ་ནས་འོག་ནས་འབྱུང་བ་བཞིན་དུ་སྨོན་ལམ་གདབ་བའོ། །འདུ་ཤེས་མེད་པ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམས་སོ། །ཧཱུཾ་ཞེས་བྱ་བ་ནི་ལུས་དང་བརྗོད་པ་དང་དང་ཡིད་དེ། ལུས་ནི་ཧའོ། །བརྗོད་པ་ནི་ཨུའོ། །ཡིད་ནི་མའོ། །མི་བསྐྱོད་པ་ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པར་རྟོག་པས་མི་གཡོ་བའོ། །བདག་གི་སྟོབས་བཅོམ་པ་ཞེས་བྱ་བ་ནི། གཉིས་པོ་མེད་པས་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །ཨོཾ་ཞེས་བྱ་བ་ནི་དོན་གྱིས་སྟོང་པ་དང་ཡིད་དེ། སེམས་ཙམ་གྱི་ངོ་བོ་ཉིད་དོ། །ཚངས་པ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་འབར་བས་སྣང་བའི་ཕྱིར་རོ། །ཨཱ་ཞེས་བྱ་བ་ནི་ནམ་མཁའ་དང་མཚུངས་པའོ། །གར་གྱི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ། །གར་ནི་རྣམ་པར་རོལ་པའོ། །དབང་ཕྱུག་ནི་དེའི་གཙོ་བོ་སྟེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་ཅིང་རྣམ་པར་སྣ་ཚོགས་ཀྱི་གདུལ་བྱ་རྣམས་ལ་ལོངས་སྤྱོད་པའོ། །ཏྲཱཾ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བས་ཆགས་


DTG006_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཉམ་པ་ཉིད་དེ། སངས་རྒྱས་ཐམས་ཅད་ཀྱང་ཁོ་ན་ཉིད་ནི་ཡི་གེ་ཏའོ། །ཉམས་སུ་མྱོང་བས་ཆགས་པའི་མཉམ་པ་ནི་རའོ། །ཡིད་ནི་མའོ། །གདུགས་གཅིག་ཅེས་བྱ་བ་ནི་མཉམ་པར་འགེགས་པའོ། །ཚ་བ་སེལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་གདུང་བ་སེལ་བའོ། །འཁོར་ལོའི་རྣམ་པ་ཞེས་བྱ་བ་ནི་ཉི་མ་ལྟ་བུའི་ཡེ་ཤེས་སོ། །ཁཾ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་སྤྲུལ་པའི་ཡིད་དེ་ཁཾ། རྡོ་རྗེ་མགྱོགས་འགྲོ་ཞེས་བྱ་བ་ནི་ཆོས་ཀྱིས་མགྱོགས་པར་འགྲོ་བ་སྟེ། དེ་དང་དེར་སྤྲུལ་པ་སྣ་ཚོགས་སྟོན་པའོ། །སྙིང་རྗེའི་ཆང་ཞེས་བྱ་བ་ནི་གཉིས་ཀྱི་རྟོག་པ་བཞུས་ནས་རོ་གཅིག་མཉམ་པའི་རང་བཞིན་ནོ། །མཱ་མ་ཀཱི་ཞེས་བྱ་བ་ནི་གཉིས་ཀྱིས་སྒྱུ་མ་འཇོམས་པའི་ལས་ཏེ་མཱ་མ་ཀཱི་ནི་མི་བསྐྱོད་པའོ། །ཞི་བ་ཞེས་བྱ་བ་ནི་གཟུང་ལ་སོགས་པ་རྣམ་པར་རྟོག་པ་ཞི་བའི་ཕྱིར་སེམས་ཙམ་ཉིད་དོ། །ཆགས་པ་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པའི་ཡེ་ཤེས་ཉམས་སུ་མྱོང་བར་ཡོངས་སུ་གཅོད་པར་གནས་པའོ། །དབང་མོ་ཆེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྤྲུལ་པ་རྣམས་ཀྱི་རྗེས་སུ་འཛིན་པའི་རང་བཞིན་ནོ། །མིག་ཡོན་ཞེས་བྱ་བ་ནི་སྟེང་དང་འོག་ཏུ་བལྟ་བ་སྟེ། འཁོར་བ་དང་ཞི་བལྟ་བའོ། །དེ་ལ་ཕྱོགས་གཅིག་ཏུ་བསྟན་པ་ནི་ཁང་པ་སུམ་བརྩེགས་བྱས་ནས་ཁང་པ་འོག་མར་ནི་གར་བྱེད་པའི་གར་མཁན་རྣམས་གཞག་པའོ། །བར་མར་ནི་བཟའ་བཅའ་ལ་སོགས་པའི་ཡོ་བྱད་གཞག་གོ །སྟེང་མར་ནི་དཀྱིལ་འཁོར་ལོའི་ཁར་བཞག་ལ་དཀྱིལ་འཁོར་བསྡུས་པའི་སྒྲུབ་ཐབས་ལས། གོ་རིམས་སྨོས་པ་བཞིན་ཏིང་ངེ་འཛིན་གསུམ་བྱ་སྟེ། སློབ་མ་བཞི་དང་རྣལ་འབྱོར་མ་བཞི་དང་བཅས་པས་རང་རང་གི་འཁོར་ལོས་སྒྱུར་བར་བཅོས་པར་བྱ་ཞིང༌། རྣལ་འབྱོར་མ་མེད་ན་སྐྱེས་པ་རྣམས་ཀྱིས་བུད་མེད་ཀྱི་གཟུགས་གཟུང་བ་ཁྲོ་བོ་དང་སྒོ་སྐྱོང་ཐམས་ཅད་མི་གཡོ་བར་བསྡུས་པ་དང་བཅས་པས་བདུད་ཐམས་ཅད་གཞོམ་པར་བྱའོ། །བསྡུ་པ་དེ་ཡང་ཁང་བུ་བརྩེགས་པ་རྣམས་ནི་ཁང་པ་བརྩེགས་པ་ལའོ། །ཞལ་རྣམས་ནི་ཞལ་བའོ། །ཕྱག་རྣམས་ནི་ཕྱག་ལའོ། །ཞབས་རྣམས་ནི་ཞབས་ལའོ། །གླང་པོ་ཆེ་ལ་སོགས་པའི་ཐོད་པ་རྣམས་ནི་བཅོས་མའི་རྡོ་རྗེ་ལའོ། །དེ་བཞིན་དུ་རྨ་


DTG006_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཐོད་པ་ལ་སོགས་པ་རྣམས་ནི་འཁོར་ལོ་ལའོ། །སྣོད་ལ་སོགས་པའི་ཐོད་པ་རྣམས་ནི་རིན་པོ་ཆེ་ལའོ། །དོམ་ལ་སོགས་པའི་ཐོད་པ་རྣམས་ནི་པདྨ་ལའོ། །ས་ལ་སོགས་པའི་སྣོད་རྣམས་ནི་རལ་གྲི་ལའོ། །དེ་བཞིན་དུ་གཡོན་པའི་མཚན་མ་རྣམས་ནི་ཁ་ཊྭཱཾ་ག་དང་ཐོད་པ་ལ་བསྡུའོ། །དེ་ལ་དང་པོར་ཡུལ་བས་བཅད་ལ་སློབ་དཔོན་གཅིག་པུ་མེ་ལོང་མདུན་དུ་བཞག་སྟེ། རང་རང་ལྷའི་ཞལ་དང༌། ཕྱག་དང༌། བཅོས་མའི་རྡོ་རྗེ་དང་ཁ་ཊྭཱཾ་ག་དང་ཐོད་པ་དང་ལྡན་པ་ནོར་བུ་ལ་སོགས་པའི་མདོག་ཏུ་ཚོན་གྱིས་བྱུག་ཅིང༌། བཅོས་མའི་མཆོད་ཕྱིར་ཐོགས་པ་ལ་སོགས་པའི་རྒྱན་གྱིས་བརྒྱན་ལ། རྐང་པའི་མཐིལ་དུ་ཧཱུཾ་གིས་རྡོ་རྗེ་རྩེ་གཅིག་དང་རྩེ་གསུམ་དང་རྩེ་ལྔ་པ་དང༌། ཨ་ཡིས་བསྐྱེད་པའི་རྡོ་རྗེ་རྒྱ་གྲམ་རྣམས་རིམ་བཞིན་དུ་བསམས་ལ་འོག་ནས་འབྱུང་བའི་རྡོ་རྗེའི་འགྲོས་རྣམས་དང་སྦྱར་བར་བྱའོ། །དེ་བཞིན་དུ་ཁྲོ་བོ་ཆེན་པོའི་ཁྲོ་གཉེར་གྱིས་སྨིན་མ་བཅུམས་པའི་ལྟ་བ་མིག་གཡོན་པར་ཊ་ལས་བྱུང་བའི་ཟླ་བ། གཡས་པར་མ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་ཞེས་བྱ་བ་བཀོད་ནས། འབར་བའི་ལྟ་བ་དང་ཧེ་རུ་ཀའི་ང་རྒྱལ་གྱིས་ཧཱུཾ་ཞེས་བྱ་བ་བརྗོད་ནས་འོག་ནས་འབྱུང་བའི་རྡོ་རྗེ་འགྲོས་ཀྱིས་བསྐོར་བར་བྱའོ། །དེ་ཡང་དང་པོ་ཡོལ་བ་རིམ་གྱིས་བསལ་ཞིང༌། ས་རབ་ཏུ་དགའ་བ་ལ་སོགས་པའི་སྒྲིབ་པ་བསལ་ཞིང་བསྟན་པའི་ཕྱིར། རིམ་པ་བཞིན་དབུ་རྒྱན་དང༌། དཔྲལ་བ་དང་སྤྱན་དང་ཀོ་སྐོ་དང་མགྲིན་པ་དང༌། ཕྲག་པ་དང༌། ཕྱག་དང༌། སྙིང་ག་དང༌། ལྟེ་བ་དང༌། རྐེད་པ་དང༌། བརླ་དང༌། ཞབས་ཀྱི་བར་དུ་བསྟན་པས་རྡོ་རྗེ་ཅན་ཕྱུང་སྟེ། ཕྱེད་ཀྲུང་བཅས་ནས་གཡས་པ་མནན་ཏེ། མཉམ་པའི་འདུག་སྟངས་ཀྱིས་གནས་ལ། སྔར་སྨོས་པ་བཞིན་དུ་མེ་ཏོག་གི་ཐལ་མོ་སྤྱི་བོར་བཟུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བྱ་བས་ཕྱག་བྱ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་ཉིད་དབུལ་ལོ་ཞེས་བྱ་བས་བདག་ཉིད་ཕུལ་ནས། འདི་སྐད་དུ་སེམས་ཅན་བསྡུ་བས་བསྡུས་པ་ཇི་སྙེད་པ་སྒོང་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པའམ་རྫུས་ཏེ་སྐྱེས་པའམ། མངལ་ལས་སྐྱེས་པ་ཡང་རུང་སྟེ། གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ་འདུ་ཤེས་


DTG006_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའམ། འདུ་ཤེས་ཅན་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པ་རྣམས་ཀྱང་རུང་སྟེ་དེ་དག་ཐམས་ཅད་བདག་གིས་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་རབ་ཏུ་གཞག་པར་བྱའོ་ཞེས་སྨོན་ལམ་བཏབ་ལ། སེམས་ཅན་གྱི་ཁམས་རྣམས་མུན་པ་དང་འདྲེས་པར་བལྟ་ཞིང༌། ཨོཾ་ཀྲོ་དྷ་དྲྀཥྚི་ཧཱི་ཞེས་བྱ་བ་དང༌། ཧཱུཾ་གི་མིག་འབྲས་ཀྱི་འོད་ཟེར་འཇིག་པའི་མེ་ལྟར་འབར་བས་འགྲོ་བ་གསུམ་པོ་ཐལ་བར་བྱས་ནས་ཕྱེད་ཀྲུང་བྱས་པའི་གར་ལ་གནས་ཏེ། སླར་ཡང་རྒྱལ་མཚན་ཆེན་པོ་དང༌། དྲིལ་བུའི་སྒྲས་བླངས་ལ་གར་ཆེན་པོའི་རོལ་བས་བསྐོར་བར་བྱའོ། །གདམས་ངག་ལས་འོངས་པའི་རྡོ་རྗེ་འགྲོས་རྣམ་པ་བཞི་སྦྱར་བར་བྱ་སྟེ། རྐང་མཐིལ་གྱི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པས་ས་གཞི་ལ་གཞོག་ཅིང་རྡོ་རྗེ་དང་དྲིལ་བུ་རྐེད་པར་བཟུང་ལ་ཨོཾ་ཨེ་ཀ་སཱུ་ཙི་ཀ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ། བྷཉྫ་བྷཉྫ་སརྦ་དུཥྚཱཾ་ཨ་སཱུ་རཱ་ཎ་ཧཱུཾ་ཕཊ་ཅེས་བརྗོད་ནས། རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱིས་བསྐོར་རོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པའི་འགྲོས་ཀྱིས་བསྐོར་ཏེ། སྔགས་ནི་ཨོཾ་ཏྲི་སཱུ་ཙི་ཀ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུཥྚཱཾ་ཨ་སཱུ་རཱ་ཎ་ཧཱུཾ་ཕཊ། དེའི་འོག་ཏུ་རྡོ་རྗེ་ལྔ་པའི་འགྲོས་ཀྱིས་བསྐོར་ཏེ། སྔགས་ནི་ཨོཾ་པཉྫ་སཱུ་ཙི་ཀ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུཥྚཱཾ་ཨ་སཱུ་རཱ་ཎ་ཧཱུཾ་ཕཊ་ཅེས་བྱའོ། །དེའི་འོག་ཏུ་མཐའི་དབྱངས་ཡིག་ལ་སྐྱེས་པའི་རྡོ་རྗེ་རྒྱ་གྲམ་བསམས་ལ། རྡོ་རྗེ་རྒྱ་གྲམ་གྱི་འགྲོས་ཀྱིས་བསྐོར་བ་བྱས་ཏེ། སྔགས་ནི་ཨོཾ་བི་ཤྭ་བཛྲ་པཱ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུཥྚཱཾ་ཨ་སཱུ་རཱ་ཎ་ཧཱུཾ་ཕཊ། ཅེས་བྱའོ། །དེ་ནས་གཞན་ཡང་བཤད་པ་ནི། རང་གི་ལྷག་པའི་ལྟར་དམིགས་ལ། །ལྷ་ཡི་རྒྱན་གྱིས་བརྒྱན་པ་སྟེ། །ཡོ་བྱད་ཐམས་ཅད་དམིགས་བྱས་ལ། །ལྟོ་བའི་མེ་ལ་སྦྱིན་སྲེག་བྱ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཕྱོགས་སུ་གནས་པའི་རྣལ་འབྱོར་པ། །མཚམས་ན་གནས་པའི་ལྷ་མོ་རྣམས། །ཆེ་བའི་མཆོག་གི་མཆོད་པར་བྱ། །དེ་བཞིན་དུ་རྣལ་འབྱོར་པ་གཞན་རྣམས་ཀྱིས་ཀྱང་སོ་སོ་རང་གི་ངོ་བོ་ཡོལ་བས་བར་དུ་བཅད་ལ་རང་རང་གིས་བསྡུ་བའི་གཟུགས་ཀྱིས་བཅོས་མ་བྱས་ནས། རི་བོ་ལྷུན་པོའི་སྟེང་དུ་གནས་པར་བསམས་ཏེ་གར་བྱའོ། །དེ་ལ་བརྟག་པ་ན་


DTG006_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ཀྱི་སྒོར་མདོག་དཀར་པོ་བཅོས་མའི་འཁོར་ལོ་ཐོགས་ནས་སྔ་མ་བཞིན་དུ་ཐམས་ཅད་བྱ་སྟེ། ཨོཾ་གྱི་མིག་འབྲས་དང་ལྡན་པས་བྱམས་པའི་ལྟ་བས་བལྟ་ཞིང་བདུད་རྩི་བསིལ་བའི་འོད་ཀྱི་ཕྲེང་བས་མེད་པའི་བརྟུལ་ཞུགས་འཛིན་པའི་ལྟ་བར་ལྟུང་བ་རྣམས་སངས་རྒྱས་ཀྱི་གཏི་མུག་མི་གནས་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བསམ་མོ། །དེ་བཞིན་དུ་ནུབ་སྒོ་ན་པདྨ་གར་གྱི་དབང་ཕྱུག་མདོག་དམར་པོ་བཅོས་མའི་པདྨ་འཛིན་པ་ཧྲཱིཿའི་ཡིག་འབྲས་དང་ལྡན་པས། ཨོཾ་བཛྲ་དྲིཥྚ་རུ་ཊ་མ་ཊ་ཞེས་བྱ་བ་དང༌། གཡོན་ལ་བརྟེན་པའི་ལྟ་བའི་ལྕགས་ཀྱུའི་འོད་ཀྱིས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་གནས་པ་རྣམས་རྗེས་སུ་ཆགས་པས་འདོད་ཆགས་ཀྱི་བྱང་ཆུབ་ལ་དགོད་པར་བསམ་མོ། །དེ་བཞིན་རྟ་མཆོག་བྱང་སྒོར་མདོག་ལྗང་གུ་བཅོས་མའི་རལ་གྲི་ཐོགས་ཤིང་རྟ་གདོང་ལྗང་གུ་དང་ལྡན་པས་ཇི་ལྟ་བ་བཞིན་དུ་འབར་བའི་ལྟ་བས་ལྕགས་ཀྱུས་ཐམས་ཅད་མཁྱེན་པའི་ལམ་ལ་བརྟེན་ནས་ཉན་ཐོས་ཀྱི་ལམ་དུ་ཞུགས་པ་རྣམས་ལས་ཐོས་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་ཀྱིས་བྱང་ཆུབ་ཆེན་པོའི་ལམ་དུ་ཁྲིད་པར་བསམ་མོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་སྒོར་རྡོ་རྗེ་ཉི་མ་མདོག་སེར་པོ་བཅོས་མའི་རིན་པོ་ཆེ་དང་ལྡན་པས། ཨོཾ་དཱི་པྟ་དྲྀ་ཤྱ་ཨཾ་ཀུ་ཤ་ཛཿ་ཞེས་བྱ་བ་དང༌། ཉི་མ་དང་ཟླ་བའི་མིག་གཡས་སུ་བརྡེབ་ཅིང་མྱུར་བར་གཡོ་བས་ལྟ་བའི་པདྨའི་ལྕགས་ཀྱུས་སེར་སྣ་ལ་སོགས་པའི་ཉེས་པ་བསལ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྦྱར་བར་བསམས་ལ། དེ་སྐད་དུ་ཡང༌། ཤར་དང་ནུབ་དང་བྱང་ཕྱོགས་དང༌། །ལྷོ་ཡི་ཕྱོགས་སུ་རིམ་བཞིན་སྦྱར། །ཞེས་གསུངས་སོ། །དེ་དག་ཐམས་ཅད་ཀྱང་བཅོས་མའི་སྟག་ལྤགས་ཀྱི་ན་བཟའ་དང་བཅོས་མའི་སྐྲ་ཁམ་སེར་དང༌། སངས་རྒྱས་ལྔའི་ཐོད་པའི་ཅོད་པན་དང་སྤྱན་གསུམ་པ། བཅོས་མའི་སྣ་ཚོགས་པདྨ་དང་ཉི་མ་ལ་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པ་སྟེ། ཁྱད་པར་རྟག་པའི་ཟླ་བའི་གདན་དང་འོད་ཅན་ནོ། །དེ་བཞིན་དུ་དབང་ལྡན་གྱི་མཚམས་སུ་སྤྱན་མ་མདོག་དཀར་མོ་བཅོས་མའི་འཁོར་ལོ་འཛིན་པས་བྱམས་པའི་ལྟ་བས་སེམས་ཅན་རྣམས་ཀྱི་ཉེ་བར་འཚེ་བཞི་བར་མཛད་དོ། །


DTG006_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་མེའི་མཚམས་སུ་མཱ་མ་ཀཱི་མདོག་སྔོན་མོ་བཅོས་མའི་རྡོ་རྗེ་ཐོགས་ནས་རྡོ་རྗེའི་ལྟ་བས་གཞན་གྱི་དཔུང་གིས་ཉེན་པ་རྣམས་བསྲུང་བའོ། །དེ་བཞིན་དུ་བདེན་བྲལ་གྱི་མཚམས་སུ་བོས་དཀར་མོ་མདོག་དམར་པོ་བཅོས་མའི་པདྨ་འཛིན་པ་རྗེས་སུ་ཆགས་པའི་ལྟ་བས་སྐྱེ་བོ་རྣམས་ལ་རྗེས་སུ་ཆགས་པར་མཛད་པའོ། །དེ་བཞིན་དུ་རླུང་མཚམས་སུ་སྒྲོལ་མ་ལྗང་གུ་ཨུཏྤལ་བསྣམས་པ་འབར་བའི་ལྟ་བས་གདུལ་བྱ་རྣམས་འགུགས་པ་མཛད་དོ། །དེ་དག་ཀྱང་སྔ་མ་ལྟར་བཅོས་མའི་སྐྲ་ཁམ་སེར་དང༌། བཅོས་མའི་ཞལ་དང་བཅོས་མའི་ན་བཟའ་ཅན་བཅོས་མའི་པདྨ་དང་ཉི་མ་ལ་གཡོན་བརྐྱང་བས་བཞུགས་ཤིང་ཁ་དོག་ཚོན་གྱིས་བསྒྱུར་བ་གཡོན་པ་སྙིང་གར་ཁུ་ཚུར་སྡིགས་མཛུབ་བྱེད་པའོ། །དེ་བཞིན་དུ་ཁྲོ་བོ་མི་གཡོ་བ་རལ་གྲི་དང་སྡིགས་མཛུབ་དང་ཀླུའི་ཞབས་པ་ཐོགས་པ། བཅོས་མའི་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བརྐྱང་བས་གནས་ཤིང༌། རིན་པོ་ཆེ་ལ་སོགས་པའི་རྒྱན་སྣ་ཚོགས་དང༌། གོས་བཟང་པོ་བགོས་པ་འཁོར་ལོས་བསྒྱུར་བ་རྣམས་དང་ལྷ་མོ་རྣམས་ཀྱིས་ལོགས་ནས་བསྐོར་ཞིང་སུན་འབྱིན་པར་བྱེད་པ་སྟེང་དང་འོག་ན་བལྟས་པས་སྲིད་པ་དང་ཞི་བ་མཉམ་པར་བསམ་མོ། །ཀུན་ཀྱང་རྡོ་རྗེ་འགྲོས་ལ་སོགས་པ་དང་པདྨའི་བསྐོར་བ་ལྔ་དང་ལྡན་པས་རིམ་བཞིན་དུ་རྐང་སྟབས་ཀྱི་ཚུལ་དགུ་བཅུ་རྩ་བརྒྱད་ཀྱིས་གར་བྱ་ཞིང་གླུ་བླང་བར་བྱ་སྟེ། སྟོང་པ་གོས་མེད་མཆོག་གི་གཙོ། །རྨི་ལམ་སྒྱུ་མའི་རང་བཞིན་དུ། །ཇི་སྲིད་མ་གྲུབ་པར་དུ་ནི། །སེམས་ཀྱི་རང་བཞིན་བསྒོམ་པར་བྱ། །མཱ་མ་ཀཱིའི་གླུའོ། །སྲིད་མིན་མྱ་ངན་འདས་མིན་གང༌། །དེ་ནི་བདེ་ཆེན་རྡོ་རྗེ་སྟེ། །གང་གི་ཡིད་ལ་སྒོམ་མེད་པ། །དེ་ཡིས་བྱ་བ་སྒྲུབ་པ་ཡིན། །སྤྱན་མའིའོ། །སྔགས་དང་ཡི་གེ་རྣམས་སྤངས་ཤིང༌། །ཐིག་ལེ་སྒྲ་དང་བྲལ་བའི་སེམས། །དེ་ནི་མཆོག་ཏུ་བདེ་ཆེན་ཏེ། །འདི་ལ་བསལ་དང་གཞག་པ་མེད། །གོས་དཀར་མོའིའོ། །ཇི་ལྟར་གཟུགས་བརྙན་རང་བཞིན་ཉིད། །དེ་ལྟར་དངོས་རྣམས་སྒོམ་བྱེད་པ། །སྟོང་ཉིད་གོས་མེད་མཆོག་གི་གཙོ། །དེ་ལས་བསོད་ནམས་སྡིག་པ་མེད། །སྒྲོལ་མའི་འོ། །ཇི་ལྟར་ཆུ་ཡི་ཟླ་བ་བཞིན། །


DTG006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་མ་ཡིན་བརྫུན་པ་མིན། །དཀྱིལ་འཁོར་འཁོར་ལོ་མཆོག་གིས་ནི། །ལུས་ཀྱང་དེ་བཞིན་བལྟ་བར་བྱ། །ཞེས་འཁོར་ཐམས་ཅད་གསུངས་སོ། །ཆོས་འབྱུང་གར་གྱི་གྲོང་ཁྱེར་དུ། །ཞེས་བྱ་བ་ནི་ཚོན་གྱི་གནས་ཆོས་འབྱུང་བར་རོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་གསལ་བ་ལས། ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།

ལེའུ་གསུམ་པའི་རྣམ་པར་བཤད་པ།


DTG006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲ་བའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་ཏིང་ངེ་འཛིན་དུ་གནས་པའོ། །འབྱུང་པོ་ཆེན་པོའི་གཏོར་མ་བྱ། །ཞེས་བྱ་བ་ནི་འབྱུང་པོ་ཆེན་པོ་རྣམས་ཚིམ་པར་བྱ་བའི་གཏོར་མའི་མཆོད་པ་ཉེ་བར་སྤྱོད་པ་དང་བཅས་པའོ། །དེ་སྐད་དུ་ཡང༌། ཡན་ལག་རྒྱན་ཀུན་གྱིས་བརྒྱན་ཞིང༌། །རྡོ་རྗེ་རྒྱན་གྱིས་མཛེས་བྱས་ལ། །རྡོ་རྗེ་དྲིལ་བུ་བཟུང་ནས་སུ། །ལམ་གྱི་བཞི་མདོར་གཏོར་མ་གཏང༌། །མེ་ཏོག་སྤོས་དང་མར་མེ་དང༌། །དྲི་ཡི་དུང་སོགས་གཡས་སུ་གཞག །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །སྣོད་གཞན་མདུན་དུ་བཞག་ནས་ནི། །སྔོན་དུ་ཞལ་བསིལ་ཆོ་ག་ཡིས། །མེ་ཏོག་ལ་སོགས་རིམ་བཞིན་དབུལ། །མེ་ཏོག་མཆོད་སོགས་བྱས་ནས་སུ། །བཟང་པོའི་སྣོད་དུ་དབུལ་བར་བྱ། །མེ་ཏོག་ཚུལ་དུ་བསྐྱོད་པ་དང༌། །བདུག་པའི་ཚུལ་དུ་བསྐྱོད་པ་དང༌། །མར་མེ་འདེགས་པའི་ཚུལ་དང་ནི། །དྲི་ཡི་ཚུལ་དུ་བྱུག་པར་བྱ། །རོལ་བའི་ལག་པས་སྒེག་པ་དང༌། །ཕྲེང་ཚུལ་མཁའ་འགྲོ་ཕྲེང་བ་མ། །ཧཱུཾ་ཞེས་བྱ་བས་གླུ་བླང་ཞིང༌། །གར་ལ་པུས་མོས་དགུག་པར་བྱ། །འདི་དག་བླ་མེད་མཆོད་པ་སྟེ། །སངས་རྒྱས་རྣམས་ནི་མཉེས་མཛད་པའོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སོན་པའོ། །པདྨ་ཞེས་བྱ་བ་ནི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །བསྒོམ་བྱ་ཞེས་བྱ་བ་ནི་སྟོང་པ་ཉིད་བསྒོམ་པའི་རྗེས་ལའོ། །ཧཱུཾ་ལས་ཞེས་བྱ་བ་ནི་ཧཱུཾ་རྣམས་ལས་ཏེ། ཕྱོགས་དང་ཕྱོགས་མཚམས་ཀྱི་འདབ་མ་རྣམས་སུ་བརྒྱ་བྱིན་ལ་སོགས་པ་ཁ་དོག་སྔོན་པོར་བྱའོ། །དེ་བཞིན་དུ་ཚངས་པ་ལ་སོགས་པ་རྣམས་ནི་སྟེང་དུ་ཨོཾ་དེ་རྣམས་ལས་ཏེ་ཁ་དོག་དཀར་པོར་བྱའོ། །ཀླུ་ལ་སོགས་པས་ས་འོག་རྣམས་ནི་ཨཱཿ་རྣམས་ལས་ཏེ། ཁ་དོག་དམར་པོར་བྱའོ། །ཐམས་


DTG006_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་རྡོ་རྗེ་དྲིལ་བུ་ཐོགས་ཤིང་རང་གི་རིག་མས་འཁྱུད་པའོ། །གཡས་བརྐྱང་བའི་ཞབས་ཀྱིས་གདན་ལ་ཞེས་བྱ་བ་ནི་སྣ་ཚོགས་པདྨ་དང་ཉི་མ་ལའོ། །ཚངས་པ་ལ་སོགས་པ་བརྟག་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དབང་པོ་ལ་སོགས་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །ཀརྐོཊ་ལ་སོགས་པ་གར་གྱི་དབང་ཕྱུག་ཅེས་བྱ་བ་ནི་སྣང་བ་མཐའ་ཡས་སོ། །ཐམས་ཅད་རིགས་ནི་གསུམ་ལས་སྐྱེས། །ཞེས་བྱ་བ་ནི་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་ཀྱི་རང་བཞིན་ཡི་གེ་གསུམ་ལས་བྱུང་བའོ། །གཽ་རཱི་ཡིས་ནི་དགུག་པར་བྱ། །ཞེས་བྱ་བ་ནི་དམ་ཚིག་འཁོར་ལོ་བསྐྱེད་པ་ལས་ཡེ་ཤེས་ཀྱི་འཁོར་ལོ་གཽ་རཱིའི་ལྕགས་ཀྱུས་དགུག་པའོ། །ཙཽ་རཱིའི་ཞབས་པས་བཅུག་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་མཆོད་ཡོན་ཞབས་བསིལ་ནས། །སྔགས་འདི་ཡིས་ནི་ཚིམ་པར་བྱ། །ཞེས་བྱ་བའི་མཆོད་ཡོན་དང་ཞབས་བསིལ་ནི་ཉེ་བར་མཚོན་པ་ཙམ་སྟེ། མཆོད་པ་དང་བསྟོད་པ་བྱས་ལ། །ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱིས་སྦྱང་བ་དང༌། བཙོ་བ་ལ་སོགས་པས་བདུད་རྩིར་བྱས་ལ་ཚིམ་པར་བྱ་སྟེ་ཞི་བ་ལ་སོགས་པ་ལ་ནི་རྡོ་རྗེ་དཀར་པོ་ལ་སོགས་པས་བརྒྱན་པའི་ཞལ་དུ་ཅུང་ཟད་ཕྱེ་བར་དབུལ་ལོ། །གསོད་པ་ལ་སོགས་པ་ལ་ནི་ཁྲོ་བོའི་རྡོ་རྗེས་བརྒྱན་པའི་ཞལ་གདངས་པར་རོ། །ལྷག་མ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གཞུང་གི་ཚིག་སྣ་ཚོགས་ལ་རྡོ་རྗེའི་མིང་རྣམས་དཀྲུགས་པ་ཉིད་དུ་སྣང་སྟེ། དེ་རྣམས་འདིར་རིམ་པ་བཞིན་དུ་བསྡེབས་ལ་བརྗོད་པར་བྱའོ། །དེ་ལ་རྡོ་རྗེ་བཞད་པ་དང༌། རྡོ་རྗེ་རྣམ་པར་རོལ་པ་དང༌། རྡོ་རྗེ་འགྱིང་བ་དང༌། །རྡོ་རྗེ་ཨ་ལ་ལ་རྣམས་ནི་ཞེ་སྡང་གི་རིགས་སོ། །རྡོ་རྗེ་ཡེ་ཤེས་དང༌། །རྡོ་རྗེ་འབེབས་པ་དང༌། རྡོ་རྗེ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་གཏི་མུག་གི་རིགས་ཀྱིའོ། །རྡོ་རྗེ་མྱུ་གུ་དང༌། རྡོ་རྗེ་པདྨ་དང༌། རྡོ་རྗེ་པདྨའི་མྱུ་གུ་དང༌། རྡོ་རྗེ་ཀུན་དུ་གཟིགས་པ་དང༌། རྡོ་རྗེ་འདོད་ཆགས་རྣམས་ནི་འདོད་ཆགས་རིགས་ཀྱིའོ། །རྡོ་རྗེ་ཡིད་བཞིན་ནོར་བུ་དང༌། རྡོ་རྗེ་ཡན་ལག་མེད་པ་དང༌། རྡོ་རྗེ་མཆོག་ཏུ་དགའ་བ་དང༌། རྡོ་རྗེ་དགའ་བའི་བདེ་བ་དང༌། རྡོ་རྗེ་དགའ་བ་རྣམས་ནི་རིན་པོ་ཆེའི་རིགས་ཀྱིའོ། །རྡོ་རྗེ་ཤེས་རབ་དང༌། །རྡོ་རྗེ་


DTG006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མྱུ་གུ་དང༌། རྡོ་རྗེ་སྙིང་རྗེ་མྱུ་གུ་དང༌། རྡོ་རྗེ་ནམ་མཁའ་རྣམས་ནི་དམ་ཚིག་གི་རིགས་སོ། །མཁའ་འགྲོ་མ་རྣམས་ཀྱི་བརྗོད་པར་བྱ་སྟེ། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་མཚོན་ཆ་དང༌། རྡོ་རྗེ་ཨེ་མ་བདེ་བ་དང༌། རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་ལག་པ་རྣམས་ནི་ཞེ་སྡང་གི་རིགས་ཀྱིའོ། །རྡོ་རྗེ་སྤྱན་མ་དང༌། རྡོ་རྗེ་མཁའ་འགྲོ་མ་དང༌། རྡོ་རྗེ་སེར་སྐྱ་མ་དང༌། རྡོ་རྗེ་སྒྱུ་འཕྲུལ་རྣམས་ནི་གཏི་མུག་གི་རིགས་ཀྱིའོ། །རྡོ་རྗེ་འབར་མ་དང༌། རྡོ་རྗེ་ལྕུག་མ་དང༌། རྡོ་རྗེ་འབེབས་མ་དང༌། རྡོ་རྗེ་རོ་ལངས་མ་དང༌། རྡོ་རྗེ་ལྕགས་ཀྱུ་མ་དང༌། རྡོ་རྗེ་ཕྲེང་བ་མ་རྣམས་ནི་རིན་པོ་ཆེའི་རིགས་ཀྱིའོ། །རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་སྒེག་མོ་དང༌། རྡོ་རྗེ་བཞད་པ་མ་དང༌། རྡོ་རྗེ་ཀུན་དུ་འཁྱུད་མ་དང༌། རྡོ་རྗེ་རྒྱས་མ་དང༌། རྡོ་རྗེ་པདྨ་དང༌། རྡོ་རྗེ་ཆགས་པ་མ་རྣམས་ནི་འདོད་ཆགས་ཀྱི་རིགས་ཀྱིའོ། །རྡོ་རྗེ་འབྱུང་མ་དང༌། རྡོ་རྗེ་དགོད་མ་དང༌། རྡོ་རྗེ་སྒྲོལ་མ་དང༌། རྡོ་རྗེ་རྣམ་པར་རོལ་མ་དང༌། རྡོ་རྗེ་བློ་གྲོས་དང༌། རྡོ་རྗེ་ཀིང་ཀ་མ་དང༌། རྡོ་རྗེ་ཁ་ཆུ་མ་དང༌། རྡོ་རྗེ་དབུགས་དབྱུང་མ་རྣམས་ནི་དམ་ཚིག་གི་རིགས་ཀྱིའོ། །འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་སྙིང་རྗེ་ཆེན་པོའོ། །ཞེ་སྡང་ནི་གཉིས་མི་ཟད་པའོ། །གཏི་མུག་ནི་གཉིས་སུ་མི་ཤེས་པའོ། །ཀུན་དུ་དམ་ཚིག་ཅེས་བྱ་བ་ནི་ཀུན་དུ་རྣམ་པར་སྤྲུལ་པའོ། །སེམས་དཔའ་ཞེས་བྱ་བ་ནི་དངོས་པོ་གསུམ་གཅིག་ཏུ་གྱུར་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་དབྱིངས་སོ། །ནོར་བུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཁྱད་པར་དུ་འཕགས་པའོ། །དེས་ནི་རིགས་དྲུག་གོ །རིགས་ལྔ་དང་གཅིག་སྟེ། གཞན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ལྔའོ། །འདོད་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དང་ལྡན་པའི་སེམས་སོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།

ལེའུ་བཞི་པའི་རྣམ་པར་བཤད་པ།


DTG006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་ཉིད། །ཅེས་བྱ་བ་ལ་སོགས་པ་གོ་སླའོ། །སྐུ་ཡི་ལག་པའི་ཕྱག་རྒྱ་ལ། །ཞེས་བྱ་བ་ལ། སྐུ་ཡི་ཞེས་བྱ་བ་ནི་སྐུའི་བྱ་བའོ། །ཕྱག་རྒྱ་ཞེས་བྱ་བ་ནི་འདབ་བར་མི་བྱ་བ་སྟེ། ཧཱུཾ་གི་རྡོ་རྗེ་སྦྱངས་བའི་ལག་པའི་སོར་མོ་རྣམས་ཀྱི་


DTG006_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་བཅའ་བའོ། །དེ་བཞིན་དུ་རྐང་པ་བསྐྱོད་པ་དང༌། ལྟ་བའི་ཕྱག་རྒྱལ་སོགས་པ་ཡང་གཟུང་བར་བྱའོ། །ངག་གི་ཕྱག་རྒྱ་ཞེས་བྱ་བ་ནི་ངག་གི་བྱ་བ་སྟེ། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོས་མཚན་པའི་ཞེས་ཁྲོ་བོ་ལ་སོགས་པའི་སྔགས་བཟླས་པའོ། །སེམས་ཀྱི་ཕྱག་རྒྱ་མཚན་མ་ཡིན། །ཞེས་བྱ་བ་ལ་སོགས་སེམས་ཀྱི་སྒྲུབ་པའི་ཕྱག་རྒྱ་ནི་བརྩམས་པའི་སྐུ་གཟུགས་དང་ཐད་ཀ་ལ་སོགས་པ་མཚན་མ་སྐམ་པ་མ་ལ་སོགས་པའོ། །ལུང་ཁ་ཅིག་ལས་ནི་རི་མོའི་མཚན་མ་ནི་ཕྱག་རྒྱ་ཡིན་ཞེས་འབྱུང་སྟེ། རི་མོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །ཕྱག་རྒྱ་ནི་དེར་བྲི་བའི་གསེར་ལ་སོགས་པ་ལས་བྱས་པའི་མཚན་མ་བྲི་བར་བྱའོ། །དེ་ཉིད་བསམ་གཏན་དཀྱིལ་འཁོར་ལའོ། །ཞེས་བྱ་བ་ནི་བསམ་གཏན་གྱི་ལྷའི་མཚན་མ་སྟེ། ཐུགས་ཀྱི་མཚན་མའོ། །དེ་ཡང་སྐམ་པ་ལ་སོགས་པ་དངོས་སུ་སྨོས་པ་རྣམས་ཏེ། དེ་བས་ན་པུཀྐ་སཱི་ལ་སོགས་པའི་རི་མོའི་དཀྱིལ་འཁོར་གྱི་རྗེས་སུ་འབྲངས་ནས་སེང་གེ་ལ་སོགས་པ་བྲི་བར་ཤེས་པར་བྱའོ། །གཡས་ཀྱི་ལག་ན་ཞགས་པ་སྟེ། །ཞེས་བྱ་བ་ནི་གོ་སླའོ། །ནམ་མཁའ་ཀུན་དུ་རྒྱུ་ཞེས་བྱ་བ་ལ། ནམ་མཁའ་ཀུན་ནི་ཤེས་རབ་ཀྱི་ཡེ་ཤེས་སོ། །མཁའ་འགྲོ་མའི་རྒྱུད་ཅེས་བྱ་བ་ནི་རྒྱུའི་རྒྱུད་དང༌། འབྲས་བུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དོ། །དེ་ལ་ཕན་ཞིང་འབྲས་བུའི་ངོ་བོར་འགྲོ་བས་ན་རྒྱུ་སྟེ། ཆོས་ཐམས་ཅད་དམིགས་པ་ཐོག་མ་དང་ཐ་མ་མེད་པའི་དབྱིངས་ཀྱི་རང་བཞིན་ནོ། །དེའི་ཕྱིར་རྒྱུས་འབྲས་བུ་བསྡུ་བ་མེད་པའི་ཕྱིར་འབྲས་བུའོ། །བསྡུ་བར་བྱ་བའི་རྟོགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཐབས་ཀྱི་རྒྱུད་ཅེས་བྱ་བ་ནི་སྔགས་ཕྱག་རྒྱ་དང་དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་རྣམས་སོ། །རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ། །ཡངས་ཤིང་གཏིང་དཔག་དཀའ་བ་སྟེ། །ཞེས་བྱ་བ་ལ། ཡངས་པ་ནི་ཐབས་ཀྱི་རྒྱུད་དོ། །གཏིང་དཔག་དཀའ་བ་ནི་འབྲས་བུའི་རྒྱུད་དོ། །དེ་ཡང་སངས་རྒྱས་རྣམས་རིགས་ལྔའི་ཡེ་ཤེས་གཞན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེས་ན་


DTG006_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དང་གཞན་གྱིས་མི་རིག་པ་ཉིད་དོ་ཞེས་བྱ་བ་གསུངས་པ་ནི་ལྷག་མ་གོ་སླ་བས་བཤད་པ་མ་བྱས་སོ། །ཏིང་འཛིན་མཆོག་ལ་དགའ་གནས་ཏེ། །ཞེས་བྱ་བ་ནི་མན་ངག་ཇི་ལྟ་བ་བཞིན་དུ། མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་སོགས་པ་བྱས་ནས། སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་དང་པོར་རང་ཉིད་ཞུགས་ནས། ཆུ་ལ་སོགས་པ་རྗེས་སུ་གནང་བའི་མཐར་ཐུག་པའི་དབང་འཁོར་ལོའི་བདག་པོ་ལ་མནོས་ནས། བདེན་པའི་བྱིན་རླབས་བསྒྲགས་པ་ལ་སོགས་པའི་མཐར་བགེགས་དགྲས་བཟླས་པའི་རས་ཀྱི་གདོང་གཡོགས་དང་སྟོད་གཡོགས་བྱས་ལ། སྙིང་གར་མཆོག་ཏུ་དགའ་བའི་རང་བཞིན་ཏེ་ཧེ་རུ་ཀའི་ཐུགས་ཀར་པའི་འོད་ཟེར་གྱིས་རྡུལ་ཕྲ་རབ་ཀྱི་ལུས་ཐམས་ཅད་བཀང་བའི་ཏིང་ངེ་འཛིན་ལ་གནས་པའོ། །རིག་པའི་དབང་ཞེས་བྱ་བ་ནི། མ་རིག་པ་བཟློག་པ་སྟེ། དེ་ཉིད་ནི་འཁྲུ་བས་ན་དབང་ངོ༌། །དེ་ལ་དེ་ཁོ་ན་ཉིད་ཀྱི་སྒྲིབ་པ་དང༌། དོན་དང༌། སེམས་ཅན་དང༌། བདག་དང༌། རྣམ་པར་རྟོག་པ་དང༌། འདུ་བྱེད་དང༌། འཇུག་པའི་རྣམ་པར་ཤེས་པ་རྣམས་གོ་རིམས་བཞིན་དུ་འཁྲུ་བར་བྱེད་པའི་དབང་རྣམ་པ་དྲུག་གོ །དེ་ཡང་འདི་ཉིད་ལས། ཆུ་ཡི་དབང་ནི་དང་པོ་སྟེ། །དབུ་རྒྱན་དབང་ནི་གཉིས་པའོ། །རྡོ་རྗེའི་དབང་ནི་གསུམ་པ་སྟེ། །རང་གི་བདག་པོ་བཞི་པ་ཡིན། །མིང་གི་དབང་བསྐུར་ལྔ་པ་ཡིན། །སངས་རྒྱས་ཉིད་ནི་དྲུག་པ་སྟེ། །བུམ་པའི་དབང་ནི་བདུན་པ་ཡིན། །གསང་བའི་དབང་བསྐུར་བརྒྱད་པ་སྟེ། །ཤེས་རབ་ཡེ་ཤེས་དགུ་པའོ། །ཞེས་གསུངས་སོ། །གསུམ་ནི་འོག་ནས་འཆད་དོ། །ཅི་སྟེ་རྫོགས་པའི་སངས་རྒྱས་ཀྱི། །དབང་དང་པོར་བསྐུར་བ་ཡིན་ན། ཇི་ལྟར་དྲུག་པར་འཇོག་ཅེ་ན། རིམ་པ་ལ་དང་པོ་ཡིན་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་རྣམས་པར་དག་པ་ལ་ལྟོས་ནས། ཤེས་བྱ་རྣམ་པར་དག་པ་ཡིན་པའི་ཕྱིར་དྲུག་པར་གཞག་གོ །དེ་ལ་དཀྱིལ་འཁོར་དུ་ཞུགས་པའི་རྗེས་ལ། པྲ་ཏཱིཙྪ་བཛྲ་ཧོཿ་ཞེས་བྱ་བས་དཀྱིལ་འཁོར་དུ་མེ་ཏོག་གི་ཕྲེང་བ་བོར་ལ། མཚན་མ་གང་དང་གང་གི་དྲུང་དུ་ལྟུང་བ་དེ་དང་དེའི་སྔགས་དང༌། པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བས་སློབ་མའི་མགོར་མེ་


DTG006_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གི་ཕྲེང་བ་བཅིང་བ་ནི་སངས་རྒྱས་ཉིད་དུ་ཁས་ལེན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱི་དབང་སྟེ་མེ་ཏོག་ཕྲེང་བའི་དབང་ངོ༌། །ཐོག་མཐའ་མེད་པའི་ཆོས་ཉིད་རྣམ་པར་དག་པའི་རང་བཞིན་ནོ། །རང་རིག་སྐྱེས་བུའི་ཆུ་དང་ནི། །ཀུན་ནས་བུམ་པ་བརྒྱད་པར་བཅས། །ཞེས་བྱ་བ་ལ། རང་རིག་སྐྱེས་བུའི་ཆུ་ཞེས་བྱ་བ་ནི་རིག་པ་དང་བཅས་པའི་འཁོར་ལོའི་བདག་པོར་སྙོམས་པར་འཇུག་པ་ལས་སྐྱེས་པའི་བྱང་ཆུབ་སེམས་ཀྱི་ཆུས་གང་བ་སྟེ། རྣམ་པར་རྒྱལ་བའི་བུམ་པའོ། །ཡང་ན་སྙོམས་པར་འཇུག་པའི་མཆོད་པ་ལས་བྱུང་བའི་བུམ་པ་བརྒྱད་པོ་ཡང་དག་པར་བྱའོ། །དེ་དང་བཅས་པས་དོན་གཅིག་པོར་གོ་བར་བྱའོ། །ཀུན་ནས་ཞེས་བྱ་བ་ནི་ཕྱོགས་བརྒྱད་ན་གནས་པ་སྟེ། སྒོ་བཞི་དང་མཚམས་ན་གནས་པའི་ལྷ་མོ་བརྒྱད་ཀྱི་མཚན་མ་རྣམས་ཀྱིས་མཚན་ཅིང་ནང་དུ་ཡང་དེ་དག་གིས་བཀང་བའོ། །བཅུ་པ་ནི་བགེགས་དགྲའི་མཚན་མས་མཚན་པ་སྟེ། བུམ་པ་བཅུ་ལས་ཉུང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །མཉེས་པར་བྱ་ཞེས་བྱ་བ་ནི་བཀྲུ་བར་བྱ་བའོ། །གང་ལ་ཞེ་ན། རྡོ་རྗེ་ཅན་བསམས་ཞེས་བྱ་བ་སྨོས་ཏེ། སློབ་མ་ཧེ་རུ་ཀར་བསྒོམས་པ་ལའོ། །རྡོ་རྗེ་སེམས་སུ་རབ་བསྒོམས་པ། །ཞེས་བྱ་བ་ནི་ཀུན་གཞི་རྣམ་ཤེས་གནས་གྱུར་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསྒོམས་པའོ། །ཡང་ན་རྡོ་རྗེ་སེམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་སོ། །རབ་བསྒོམས་པ་ཞེས་བྱ་བ་ནི་ཅོད་པན་ལ་དེ་རྣམས་ཀྱིས་བྱས་ཤིང་མཚན་པའོ། །རྡོ་རྗེ་ཉི་མ་རབ་བསྒོམ་བྱ། །ཞེས་བྱ་བ་ནི་སློབ་མའོ། །དབང་གིས་ནི་དེ་གྱུར་པ་ལས་དབུ་རྒྱན་ནོ། །རྡོ་རྗེའི་ཚིག་ནི་རབ་ཏུ་སྦྱར། །ཞེས་བྱ་བ་ནི་དབང་བསྐུར་བ་དེ་གཉི་ག་ལ་ཡང་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་པར་བྱའོ། །རྩེ་དགུ་པ་ཞེས་བྱ་བ་ནི་རྩེ་མོ་ལྔ་པ་ཉིད་དོ། །ཇི་ལྟར་སྦྱར་སྙམ་པ་ལ། འོག་གི་ངོས་ཀྱི་རྩེ་མོ་བཞི་ནི་སྒོ་སྐྱོང་བ་རྣམས་ཀྱི་རང་བཞིན་ནོ། །སྟེང་གི་ངོས་ཀྱི་རྩེ་མོ་བཞིན་ནི་མཚམས་ཀྱི་ལྷ་མོ་བཞིའི་རང་བཞིན་ནོ། །སྟེང་འོག་གི་དབུ་མའི་རྩེ་མོ་གཉིས་ནི་དཀྱིལ་འཁོར་གྱི་བདག་པོ་དང་དེའི་རིག་པའི་རང་བཞིན་ནོ། །དེ་ལྟར་ཡང་སློབ་དཔོན་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་སངས་རྒྱས་མཉམ་སྦྱོར་གྱི་ཊཱི་ཀཱ་ལས། ངོས་ཀྱི་རྩེ་མོ་བཞིན་ནོ། །སྣང་བ་མོ་ལ་སོགས་


DTG006_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་མོ་རྣམས་ཀྱིར་ནམ་པར་དག་པ་ཡིན་ལ། གཞན་བཞི་ནི་མྱུར་འགྲོ་མ་ལ་སོགས་པའི་འོ་ཞེས་གསུངས་སོ། །དབུ་མ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ཏེ་དབུ་མ་ལ་དབྱེ་བ་མེད་པས་ལྔ་ཡང་གྲངས་དགུར་འགྱུར་རོ། །དེ་ལྟར་ཡང་རྡོ་རྗེ་གདན་བཞི་ལས་གསུངས་པ། ཀུན་གྱི་དབུ་མ་རྣམ་སྣང་མཛད། །ཅེས་བྱ་བའི་ར་དབུས་མ་ནི་རྣམ་སྣང་ངོ་བོ་སྟེ། སྟེང་འོག་གཉིས་ཀའི་ངོ་བོ་ཡང་དེ་བཞིན་གོ་བར་བྱའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་པདྨ་གར་དབང་གི་རང་བཞིན་བས་སོ། །སྙིང་གར་ཞེས་བྱ་བ་ནི་གཟུང་བར་བྱ་བའི་ལྷག་མ་ཅན་ནོ། །སློབ་མ་འཇིག་རྟེན་དབང་བྱ་ཞིང༌། །ཞེས་བྱ་བ་ནི་སློབ་མ་པདྨ་གར་དབང་གི་རྣམ་པར་བྱའོ། །དེ་རིང་ཁྱོད་དབང་བསྐུར་ཞེས་པ་ནི་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཅེས་བྱ་བ་ནི་བྱང་ཆུབ་ཐམས་ཅད་བསྐྱེད་པའོ། །སློབ་མ་རྟ་མཆོག་ལྷ་མོ་ནི། །ཞེས་བྱ་བ་ནི་རྡོ་རྗེ་རྟ་མཆོག་གོ །སྒྲོལ་མས་འཁྱུད་པ་བསམ་པར་བྱ། །ཞེས་བྱ་བ་ནི་སྒྲོལ་མ་དང་སྙོམས་པར་ཞུགས་པའོ། །རྡོ་རྗེ་བདག་པོ་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་བདག་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་གདུལ་བྱ་རྣམ་པར་དག་པས་གདུལ་བའི་ཕྱིར་རོ། །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཞེས་བྱ་བ་ནི་རྡོ་རྗེ་དང་དྲིལ་བུ་དང་ལྡན་པས་སྒྲོལ་མ་ལ་འཁྱུད་དེ་ཕྱི་ནས་དྲིལ་བུ་འཁྲོལ་བའོ། །སློབ་མ་རྣམས་སྣང་བྱས་ནས་ནི། །རྟག་པའི་གཟུགས་སུ་བསྐྱེད་ལ། མིང་གི་དབང་བསྐུར་བ་ཞེས་བྱ་བ་ནི་སློབ་མའི་སྤྱི་བོར་ལག་པ་བཞག་ནས་མིང་གདགས་པས་དབང་བསྐུར་བ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ནོ། །དབང་དྲུག་པོ་དག་ཉེ་བར་བསྡུ་བ་གསུངས་པ། གང་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གང་སྣང་བ་ཞེས་བྱ་བ་ནི་ཆུ་ལ་སོགས་པ་སྣང་བ་རྣམས་སོ། །ཀུན་གྱི་རང་གཙོ་ཞེས་བྱ་བ་ནི་དེ་ཉིད་ཐམས་ཅད་ཀྱི་བདག་ཉིད་དོ། །གཙོ་བོ་ནི་བདག་པོའོ། །ཧེ་རུ་ཀ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། སོ་སོར་རང་གི་འཁོར་ལོས་སྒྱུར་པའི་བདག་པོར་བལྟ་བར་བྱའོ། །གང་ཞེས་པ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །རང་བཞིན་དག་པ་ཞེས་བྱ་བ་ནི་འཁྲུ་བ་སྟེ་དབང་བསྐུར་བ་རྣམས་སོ། །དྲི་མེད་ཅེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་


DTG006_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཆོས་སོ། །དེ་ཉིད་ཅི་ཞིག་ཅེ་ན། སངས་རྒྱས་ཡེ་ཤེས་ཞེས་བྱ་བ་སྨོས་ཏེ་ཡེ་ཤེས་ལྔ་ཆོས་ཉིད་རྣམ་པར་དག་པའི་དབྱིངས་དང་དྲུག་གོ །དེ་དག་ཏུ་ཟད་དམ་ཞེ་ན། མ་ཡིན་ཏེ་བརྟུལ་ཞུགས་དང་ལུང་བསྟན་པར་ཡང་བྱའོ། །དེ་ཉིད་གསུངས་པ་འདི་ཞེས་བྱ་བ་ལ་སོགས་པ་ལ། སརྦ་ཏ་ཐཱ་ག་ཏ་སིདྦྷཱ་བཛྲ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ས་མ་ཡ་ཏིཥྛ་ཞེས་བྱ་བ་ལ་ཡེ་ཤེས་ཀུན་དུ་འགྲོ་བ་ཐོབ་པས་ན། དམ་ཚིག་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཏིཥྛ་ནི་དེ་གནས་པའོ། །དེ་ཉིད་ཡི་གེ་དྲུག་གིས་བསྟན་ཏེ། དེ་ལ་ཧི་ཞེས་བྱ་བ་ནི་དོན་དང་སེམས་ཅན་གྱི་ཉེས་པ་རྡུལ་དང་བྲལ་བས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཧི་ཧི་ཧི་ཧི་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པའི་དྲི་མ་དང་བྲལ་བ་སྟེ་མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང་བྱ་བ་ནན་ཏན་དང༌། ཆོས་ཀྱི་དབྱིངས་རྣམ་པར་རྟོག་པའི་ཡེ་ཤེས་སོ། །ཧཱུཾ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་དྲི་མ་དང་བྲལ་བའི་ཆོས་ཉིད་རྣམ་པར་དག་པའོ། །སྒྲུབ་ཐབས་ཀུན་གྱི་ཆོ་ག་ཡིས། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཡོ་བྱད་རྣམས་སོ། །ཆོ་ག་ནི་ཇི་ལྟ་བ་བཞིན་དུ་འབུལ་བ་སྟེ། སྒྱུ་མ་ལ་སོགས་པ་དང་མཚུངས་པར་མོས་པའོ། །མཆོད་པ་བླ་མེད་ཀུན་ཞེས་བྱ་བ་ནི་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་སོ། །བརྟུལ་ཞུགས་ཞེས་བྱ་བ་ནི་མི་ཕྱེད་པའི་དམ་བཅའོ། །དེ་ནས་རྡོ་རྗེ་ལག་ནས་ལག །ཅེས་བྱ་བ་ནི་ཚིགས་སུ་བཅད་པ་བརྗོད་ཀྱི་འོག་ཏུ་སློབ་དཔོན་གྱི་ལག་ནས་སློབ་མའི་ལག་ཏུ་སྦྱིན་པའོ། །ཅི་འདྲ་ཞེ་ན། ཐོག་མཐའ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མཐའ་མེད་པ་ཞེས་བྱ་བ་ནི་ཆོས་ཉིད་རྣམ་པར་དག་པའི་ཆོས་ཀྱི་སྐུའོ། །སེམས་དཔའ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རོ་གཅིག་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དགའ་བ་ཆེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་ཀུན་ནས་དགེ་བ་སྟེ་སྣང་བ་མཐའ་ཡས་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཀུན་གྱི་བདག་ཅེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། དོན་ཡོད་གྲུབ་པའི་རང་བཞིན་ནོ། །


DTG006_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང༌། རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་སོ། །གཙོ་བོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཤེས་རབ་དབྱངས་ཏེ་རྗེས་འགྲོ་བ། །ཞེས་བྱ་བ་ནི་གདུལ་བྱའི་རྒྱུད་ཐམས་ཅད་ཀྱི་སོ་སོའི་བསམ་པ་དང་མཐུན་པར་ཆོས་ཉིད་རྟོགས་པར་བྱེད་པའི་ཕྱིར་རོ། །དབུགས་དབྱུང་ཐམས་ཅད་བྱི་ན་ནས་སུ། །ཞེས་བྱ་བ་ནི་མཐོང་བ་དང་བཙུད་པ་ཡིས་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །རང་ཉིད་ཤཱཀྱ་ཐུབ་འགྱུར་ཏེ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱིས་སྙིང་གར་ཆོས་གོས་བཟུང་ལ། གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ནས་མཉམ་པའི་རྐང་སྟབས་ལ་གནས་ཏེ། དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་ལུང་བསྟན་པར་བྱའོ། །སྲིད་པ་ཤིན་ཏུ་སྒྲུབ་པའི་ཕྱིར། །ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་རོ། །བྷུར་བྷུ་བ་སྭཿ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་མོ། །རིག་པའི་དབང་ཐོབ་པས་ཏིང་ངེ་འཛིན་གསུམ་བསྒོམ་མོ་ཞེས་བསྟན་པའི་ཕྱིར་དེ་ནས་ཤེས་རབ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་དམ་ཚིག་ཕྱུང་ནས་ནི་རང་གི་སྙིང་གར་ཟླ་བའམ་མ་ཉི་མ་ལ་རང་གི་ས་བོན་བསམས་ལ་དེའི་འོད་ཟེར་ཕྱུང་སྟེ། གང་གི་འཁོར་ལོས་སྒྱུར་བ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །བླ་མ་རྡོ་རྗེ་ཅན་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ། །མཆོད་པ་ཞེས་བྱ་བ་ནི། རང་གི་སྙིང་གའི་འོད་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པའོ། །བདུན་པོ་རྣམ་པར་དག་པར་བྱ། །ཞེས་བྱ་བ་ནི་སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། བསོད་ནམས་ཡོངས་སུ་བསྔོ་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ཞུ་བ་དང་གསོལ་བ་གདབ་པ་དང་ལམ་བསྟེན་པར་བྱ་བ་རྣམས་སོ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །ཞེས་བྱ་བ་ནི། དོན་དམ་པ་དང༌། རྗེས་ལས་སྐྱེས་པ་དག་འཇིག་རྟེན་པའི་ཡེ་ཤེས་ལས་བྱུང་བ་སྲུང་བའི་འཁོར་ལོ་ལ་སོགས་པའོ། །ཆོས་ཀྱི་འབྱུང་


DTG006_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམ་པར་བསྒོམ། །ཞེས་བྱ་བ་ནི་སྔོན་དུ་སྲུང་བའི་འཁོར་ལོ་བསྒོམས་ནས། དེར་མོས་པ་སྤྱོད་པའི་ས་དང་བཅས་པའི་ས་བཅུ་གསུམ་པའི་རང་བཞིན་ཆོས་འབྱུང་བའི་ཕྱག་རྒྱ་ཞབས་ཕྲ་བ་སྟེང་ཡངས་པ་དག་དཀར་པོ་རྡོ་རྗེ་འཛིན་པའི་བདག་ཉིད་བསྒོམ་པའོ། །དེར་ནི་སངས་རྒྱས་གནས་ཁང་བསྒོམ། །ཞེས་བྱ་བ་ནི་དེའི་ནང་དུ་རྡོ་རྗེ་དང་པདྨའི་སྟེང་དུ་འབྱུང་བ་ཆེན་པོ་བཞི་དང༌། བྷྲཱུཾ་དང་འཁོར་ལོ་ལས་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་ཁང་བུ་བརྩེགས་པ་བསྒོམ་པའོ། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཨ་ལ་སོགས་པའི་དབྱངས་ཡིག་བཅོ་ལྔ་ལས་ཟླ་བ། ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་ལས་ཉི་མ་དེའི་འོད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བཀུག་སྟེ། སྐར་མ་ལྟ་བུར་བཙུད་ནས་དེ་དག་ཕན་ཚུན་དུ་གཟུགས་བརྙན་ལྟ་བུར་བལྟ་བར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་སྡུད་དང་ཨཾ་ཡོངས་སུ་གྱུར་པ་ལས་རིམ་བཞིན་དུ་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ་དང་གྲི་གུག་ལྟེ་བར་ཉི་མ་ལ་ས་བོན་གྱིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་འོད་ཟེར་ལས་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་འཁོར་ལོ་འཕྲོས་ཏེ་འགྲོ་བའི་དོན་བྱེད་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །བསྡུས་ནས་ས་བོན་དང༌། ཕྱག་མཚན་དང་ཟླ་བ་ཉི་མ་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བྱུང་བའི་དང་པོའི་སྐྱེས་བུ་ཞེས་བྱ་བ་ཀུན་དུ་བཟང་པོ་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ་ཞབས་བཞི་པ་འོག་ནས་འབྱུང་བའི་མདོག་དང་མཚན་མར་ལྡན་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། མངོན་པར་བྱང་ཆུབ་པ་ལྔའོ། །བསྒོམ་པར་བྱ་ཞེས་བཤད་དོ། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞེས་བྱ་བ་ནི། དེ་ནས་རྡོ་རྗེ་ཆགས་ཆེན་ཏེ། །ཞེས་བྱ་བའི་མཐར་སྦྱར་བར་བྱའོ། །དྲི་ཟ་བཞིན་དུ་ཞུགས་ནས་ནི། །ལྟུང་སྟེ་ཞུ་བ་རྗེས་དྲན་བྱ། །ཞེས་བྱ་བ་ལ། སྐྱེ་བཞིན་པའི་ལྷའི་རྣམ་པར་ལྟར། ཧཱུཾ་ཨཾ་ཞེས་བྱ་བ་ཧོཿ་དམར་པོ་གཉིས་ཀྱི་དབུས་སུ་བཅུག་སྟེ། ཡི་གེ་བཞི་རང་གི་ཞལ་ནས་ཞུགས་ཏེ། པདྨའི་སྙིང་པོར་བསམས་ཏེ། འདོད་ཆགས་ཆེན་པོ་ཞུ་བར་བལྟས་ལ། དེའི་འོད་ཀྱི་མཐུས་དང་པོའི་སྐྱེས་བུ་རིག་པ་དང་བཅས་པ་ཡང་མེ་ལྕེ་འབར་བ་དང་འདྲ་བར་འོད་འབར་བ་དང་ཞུ་བའི་གཟུགས་སུ་གྱུར་པ་བསྒོམ་པའོ། །མཚམས་


DTG006_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་མོས་བསྐུལ་བར་བྱ། །ཞེས་བྱ་བ་ནི་ཞུ་བའི་འོད་ལས་བྱུང་བའི་མཁའ་འགྲོ་མ་རྣམ་བཞིས། །ཁྱོ་ནི་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་གླུས་བླང་བར་བྱའོ། །འཁོར་ལོའི་འདྲེན་པ་བསྐུལ་ནས་ནི། །ཞེས་པ་ནི་གླུས་བསྐུལ་བའི་འོག་ཏུ་ལྷ་མོ་བཞི་ཞུ་བའི་གཟུགས་སུ་བསྡུས་ནས་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་ཞལ་ལ་སོགས་པའི་འོག་ནས་འབྱུང་བ་དང་ལྡན་པའི་སྐུར་བཞེངས་པའོ། །མིག་སོགས་རྣམས་ལ་གཏི་མུག་སོགས། །ཞེས་བྱ་བ་ལ། མིག་དག་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་དག་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ནི་སེར་སྣ་རྡོ་རྗེའོ། །ལྕེ་དག་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ནི་ཕྲག་དོག་རྡོ་རྗེའོ། །ཡིད་ལ་ནི་བདག་མེད་མཁའ་འགྲོ་མ་སྟེ། དེ་རྣམས་ཀྱི་མདོག་ལ་སོགས་པ་ནི་འོག་ནས་སྟོན་པར་འགྱུར་རོ། །རྡོ་རྗེ་གསུམ་པོ་གནས་གསུམ་དགོད། །ཅེས་བྱ་བ་ནི། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་གནས་སུ་མཁའ་ལ་སྤྱོད་མ་དང༌། ས་སྤྱོད་མ་དང༌། ས་འོག་ན་སྤྱོད་པ་རྣམ་པ་གསུམ་དགོད་དོ། །དེ་དག་གི་ཐུགས་ཀའི་ཟླ་བར་ཧཱུཾ་ཨཱཾ། ཨོཾ་ཞེས་བྱ་བ་རྣམས་སྔོན་པོ་དང༌། དམར་པོ་དང༌། དཀར་པོའི་མདོག་ཏུ་རིམ་བཞིན་དུ་བསམ་པར་བྱའོ། །དེའི་འོག་ཏུ་དབང་བསྐུར་བར་གསོལ་བས་དབང་བསྐུར་བ་བསྟན་པའི་ཕྱིར། རིག་མ་བརྒྱད་ཀྱིས་དབང་བསྐུར་བྱ། །ཞེས་བྱ་བ་སྨོས་ཏེ། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཐོད་པ་དང༌། ཟངས་གྲིའི་ས་བོན་ལས་བྱུང་བའི་འོད་ཀྱིས་བསྐུལ་བའོ། །ལྷ་མོ་བརྒྱུད་ཀྱི་ཕྱག་གི་པདྨ་བདུད་རྩིས་གང་པའི་བུམ་པས་བརྒྱན་པས་སྤྱི་བོར་བཀྲུ་བར་བསྒོམ་པའོ། །དེ་ནས་རྡོ་རྗེ་ཆགས་ཏེ་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་རྗེས་སུ་ཆགས་པ་ནི་རྡོ་རྗེ་དང་པདྨ་སྦྱར་ནས། མཉམ་པར་སྦྱོར་བའི་སྒྱུ་མའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་བཙུད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པའོ། །དེ་དག་ནི་རང་བཞིན་གྱི་སྐུའི་བདག་ཉིད་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །དེ་ནས་པདྨའི་ནང་དུ་སོ་སོའི་ས་བོན་ཡོངས་སུ་གྱུར་པ་ལས་སོ་སོའི་ཡི་གེ་བརྗོད་ན་སྒོ་དང༌། མཚམས་ཀྱི་ལྷ་མོ་རྣམས་དེ་དང་དེར་སྤྲོ་ཞིང་དགོད་པར་བྱའོ། །ཡེ་ཤེས་


DTG006_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གཞུག་པར་བྱ། །ཞེས་བྱ་བ་ནི་ས་བོན་དེ་དག་ལས་བྱུང་བའི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས། སླར་ཡང་བགེགས་བསལ་བ་དང༌། མཆོད་པ་བྱས་ནས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བར་བསྒྲུབ་པའོ། །དེ་ནས་བདུད་རྩི་མྱང་བར་བྱ། །ཞེས་བྱ་བ་ནི། འཁོར་ལོའི་གཙོ་ལ་བསྟོད་པར་བྱ། །ཞེས་བྱ་བའི་འོག་ཏུ་སྦྱར་བར་བྱའོ། །ལྷ་མོ་བརྒྱད་ཀྱིས་མཆོད་ནས་ནི། །ཞེས་བྱ་བ་ནི་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་རིག་མ་བརྒྱད་ཀྱིས་མཆོད་པའོ། །འཁོར་ལོའི་གཙོ་བོ་བསྟོད་པར་བྱ། །ཞེས་བྱ་བ་ནི། འོག་ནས་འབྱུང་བའི་གླུ་དང་སྦྱར་རོ། །དེ་ནས་ཡན་ལག་དྲུག་པོ་བསྒོམ། །ཞེས་བྱ་བ་ནི་ཁ་དོག་རྣམ་པ་དྲུག་འཁོར་ལོས་སྒྱུར་བ་དྲུག་གི་རང་བཞིན་གྱི་གནས་སུ་སྟོན་པ་སྟེ། དེ་ལ་ནག་པོ་དང༌། དམར་པོ་དང༌། སེར་པོ་དང༌། ལྗང་གུ་དང༌། སྔོན་པོ་དང༌། དཀར་པོའི་རིམ་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་ཙམ་གྱི་བདག་ཉིད་དུ་འཁོར་ལོའི་བདག་པོ་རྣམས་བསྒོམ་པར་བྱའོ། །དེ་དག་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏེ་གཉིས་པའོ། །བདག་བྱིན་བརླབ་པས་བྱིན་གྱིས་བརླབ། །ཅེས་བྱ་བ་ལ། བདག་བྱིན་གྱིས་བརླབ་པ་ནི་རང་གི་ཡེ་ཤེས་ཏེ། དེས་གཞན་དག་བྱིན་གྱིས་བརླབ་པ་ནི་རང་གི་ཡེ་ཤེས་སུ་སྦྱར་བའོ། །དེ་དག་གི་སྤྲུལ་པའི་སྐུའི་བདག་ཉིད་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །ཆོ་ག་དེ་ཡང་སྒྲུབ་ཐབས་སུ་ཤེས་པར་བྱ་སྟེ། རྒྱུད་ཀྱི་ཚུལ་ལས་འབྱུང་བ་རེ་ཞིག་འདིར་སྦྱར་བར་བྱ་སྟེ། བདག་བྱིན་གྱིས་བརླབ་པ་ནི་མཚན་མ་རྣམ་པ་ལྔ་སྟོན་པར་ལེའུ་བཅུ་བཞི་པ་ལས་གསུངས་ཏེ། བདག་བྱིན་བརླབས་ནས་བྱིན་བརླབ་པ། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྙིང་གའི་དབུས་གྱུར་ཟླ་བ་སྟེ། །ཟླ་བའི་གཟུགས་ལ་མི་ཤིགས་པ། །འོད་ཟེར་སྣ་ཚོགས་ཀུན་དུ་འཕྲོ། །དེ་ཡིས་རྡོ་རྗེ་རྣམ་པར་བསྒོམ། །རྡོ་རྗེས་བདག་མེད་རྣལ་འབྱོར་མ། །བསྒོམས་ཏེ་ཆོ་གས་བསྐུལ་ནས་སུ། །མཁའ་འགྲོའི་སྣ་རྩེའི་ནང་གནས་པར། །ཡུངས་ཀར་ཞེས་བྱ་བ་རྣམ་པར་བསྒོམ། །ཁམས་གསུམ་རྒྱུ་དང་མི་རྒྱུ་ག །འགྲོ་བ་མ་ལུས་དེར་


DTG006_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བྱ། །འདི་ལྟར་རྟག་ཏུ་བསྒོམས་པ་ཡིས། །བདག་བྱིན་བརླབ་པ་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དེ་ལ་མདོར་བསྡུས་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ། །སྙིང་གི་དབུས་གྱུར་ཞེས་བྱ་བ་ནི་ཤེས་རབ་ཀྱི་པདྨའི་ནང་དུའོ། །ཟླ་བ་ནི་ཟླ་བའི་དཀྱིལ་འཁོར་རོ། །མི་ཤིགས་པ་ཞེས་བྱ་བ་ནི་ཐིག་ལེ་དང༌། ཟླ་ཚེས་དང༌། དབྱངས་ཡིག་དྲུག་པས་བརྒྱན་པའི་ཡི་གེ་ཧཱུཾ་ངོ༌། །འོད་ཟེར་སྣ་ཚོགས་ཀུན་དུ་འཕྲོ། །ཞེས་བྱ་བ་ནི་འོད་ཟེར་སྣ་ལྔ་དང་ལྡན་པའོ། །དེ་ཡིས་རྡོ་རྗེ་རྣམ་པར་བསྒོམ། །ཞེས་བྱ་བ་ནི་ཧཱུཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་བསམ་པའོ། །རྡོ་རྗེས་བདག་མེད་མཁའ་འགྲོ་མ། །བསྒོམས་ནས་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་དོན་ཏོ། །ཆོ་གས་བསྐུལ་ནས་སུ་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྦྱོར་བས་དབབ་པའོ། །མཁའ་འགྲོ་མ་ཡི་སྣ་རྩེར་གནས། །ཞེས་བྱ་བ་ནི་གཉི་གའི་སྣའི་རྩེ་མོའི་མཚམས་སུའོ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །ཞེས་བྱ་བ་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །དེར་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བའི་ནང་དུའོ། །ཡང་ན་སྙིང་གའི་དབུས་གྱུར་ཞེས་བྱ་བ་ནི་རང་གི་སྙིང་གར་རོ། །ཟླ་བ་དང་མི་ཤིགས་པ་ནི་བཤད་ཟིན་ཏོ། །ཕྲ་མོ་ཞེས་བྱ་བ་ནི་རྡོ་རྗེ་ཡོངས་སུ་གྱུར་པའི་ཐིག་ལེ་སྟེ། མཁའ་འགྲོ་བདག་མེད་མ་ཞེས་བྱ་བ་ནི་བདག་མེད་མ་ཉིད་སྟོན་པའོ། །ཚོགས་བསྐུལ་ནས་སུ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་དུ་སྙིང་གནས་བསྐུལ་བའོ། །གང་དུ་ཞེ་ན། མཁའ་འགྲོ་མ་ཡི་སྣ་རྩེར་གནས། །ཞེས་བྱ་བ་སྟེ། པདྨའི་སྣའི་རྩེ་མོར་རོ། །ལྷག་མ་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །ཆོ་གའི་གོ་རིམས་རིམ་པ་ཡིས། །དེ་ནས་མཚན་མ་མཚོན་པར་བྱ། །ཞེས་བྱ་བ་ལ། ཆོ་གའི་གོ་རིམས་ནི་གོམས་པ་ཕུལ་དུ་བྱུང་བའོ། །རིམ་པ་ཞེས་བྱ་བ་ནི་མཚན་མ་རྣམས་རིམ་གྱིས་སྐྱེ་བའོ། །གཞན་དག་ན་རེ་རིམ་པའི་མཚན་ཉིད་ཐ་དད་པ་སྟེ་དུས་གཅིག་ཏུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །ཞེས་བྱ་བ་ནི་ཕྲ་མོའི་འོད་ཟེར་དང་པོ་སྤྲིན་དང་འདྲ་བར་མཐུག་པ་སྟེ། ཧེ་རུ་ཀའི་འོ། །གཉིས་པ་དུ་བ་ལྟ་བུ་ཡིན། །ཞེས་བྱ་བ་ནི་འོད་ཟེར་གཉིས་པ་མཁའ་ལ་ཆགས་པའི་དུད་སྤྲིན་ལྟར་སྣང་བ་སྟེ་རྟག་པའི་འོ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །ཞེས་བྱ་བ་མཁའ་


DTG006_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །ཨུ་ད་ཡ་ཞེས་བྱ་བ་ནི་ཤར་ཞིང་སྐྱེས་པ་སྟེ། སངས་རྒྱས་ཀྱི་སྐུ་ཡིན་ལ། དེ་ལྟར་སྣང་བའི་འོད་ནི་གསུམ་པ་སྟེ། ཉི་མའི་ཡིན་ནོ། །བཞི་བ་མར་མེ་ལྟ་བུར་འབར། །ཞེས་བྱ་བ་ནི་མར་མེའི་རྩེ་མོ་ལྟར་འབར་བ་སྟེ་པདྨའི་ཡིན་ནོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་བྱ་བ་ནི་སྣང་བ་གང་ནམ་མཁའི་རྣམ་པ་ལྟར་རྒྱུན་དུ་གསལ་བར་སྣང་བ་སྟེ་རྟ་མཆོག་གོ །ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་རྙེད་པའོ། །ཕྱི་ནས་སྒྱུ་མའི་ཚུལ་དུ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྙེད་ནས་མཚན་མའི་དཀྱིལ་འཁོར་ལ་བསྡུ་ཞིང་རྨི་ལམ་ལྟར་བརྫུན་པ་ཉིད་ཀྱིས་ནི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་ཕྲ་བའི་རྣམ་པས་བདག་མེད་པ་ཉིད་དུ་བསྡུ་བར་བྱའོ། །འདིས་གཉིས་པ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ནས་གནས་པ་སྟེ་མོས་པས་སྤྱོད་པའི་སས་བྱིན་གྱིས་བརླབས་པའོ། །སྐད་ཅིག་འགྱུར་ཞེས་བྱ་བ་ནི་ཡིད་ལྷག་པར་དགའ་བ་སྟེ། སྔར་མ་རྟོགས་པའི་ཆོས་ཉིད་རྟོགས་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་དུ་རྟོགས་པས་བདག་དང་གཞན་གྱི་འཁོར་ལོ་གསུམ་པོ་མཉམ་ཞིང་གཟུགས་བརྙན་གྱི་རྣམ་པ་ལྟ་བུའི་སྐུ་སྣང་བ་སྟེ། རབ་ཏུ་དགའ་བའི་སས་བྱིན་གྱིས་བརླབས་པའོ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །ཞེས་བྱ་བ་ལ་རྒྱུ་བ་ནི་སེམས་ཅན་ནོ། །མི་རྒྱུ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །མ་ལུས་ལུས་པ་མེད་པ་ནི་འདོད་པ་དང་གཟུགས་མེད་པའི་ཁམས་མཐའ་དག་གོ །འགྲུབ་ཅེས་བྱ་བ་ནི་གནས་གསུམ་ཡོངས་སུ་གྱུར་པའི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའོ། །རྡོ་རྗེའི་ལུས་ཅན་ཞེས་བྱ་བ་ནི་ས་མི་གཡོ་བ་ལ་སོགས་པར་འཇུག་པའོ། །དེ་ཅི་ཞིག་ཅེ་ན། གོང་དུ་ཐལ་བའི་སྐུ་ནི་ཡེ་ཤེས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡེ་ཤེས་ཕུང་པོ་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བློ་ལྡན་ཞེས་བྱ་བ་ནི་སྤྲུལ་བའི་སྐུ་སྟེ། འགྲོ་བ་མཐའ་དག་གི་ཡིད་དང་འཚམ་པའི་ཕྱིར་རོ། །ཡང་དག་པའི་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྣམ་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་


DTG006_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་སྟེ་མཁས་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་ལམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་རང་བཞིན་ཏེ་ཁང་བུ་བརྩེགས་པའོ། །གསལ་བ་ཞེས་བྱ་བ་ནི་ཤིན་ཏུ་འབར་བའི་རིན་པོ་ཆེ་བདུན་ལས་བསྒྲུབས་པའི་ཕྱིར་རོ། །ཇི་སྲིད་སྐྱེད་ནས་ལས་བྱུང་རྣམས། །ཞེས་བྱ་བ་ནི། སྐྱེ་གནས་བཞིས་མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས་རྫུས་ཏེ་སྐྱེ་བས་བསྡུས་པའི་སྐྱེ་བོ་རྣམས་སོ། །ཕྱག་རྒྱ་ཆེན་པོ་རྗེས་སུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སྐྱེ་བོ་ཁྱད་པར་ཅན་རྣམས་ཕྱག་རྒྱ་ཆེན་པོ་འཐོབ་པའི་འཁོར་དུ་འགྱུར་བའོ། །དེ་དག་ཀུན་ལ་ཉེ་བར་སྤྱོད། །ཅེས་བྱ་བ་ནི་བླ་ན་མེད་པའི་ཆོས་ཀྱི་ལོངས་སྤྱོད་ལ་སྤྱོད་པའོ། །ཞལ་བརྒྱད་ཅེས་བྱ་བ་ནི་སྒྲ་ཇི་བཞིན་པ་སྟེ་རྣམ་པར་ཐར་པའི་སྒོ་བརྒྱད་རྣམ་པར་དག་པས་སོ། །ཨིནྡྲ་ནཱི་ལ་མཚུངས་པའི་འོད། །ཅེས་བྱ་བ་ནི་སྐྱུའི་ཁ་དོག་སྟེ། བྱམས་པའི་སེམས་དང་ལྡན་པས་སོ། །ཞབས་བཞི་བ་ཞེས་བྱ་བ་ནི་བདུད་བཞི་རྣམ་པར་དག་པས་སོ། །དང་པོའི་ཞལ་ནི་ནག་པ་སྟེ། །ཞེས་བྱ་བ་ནི་མཚན་མ་མེད་པའི་སྒོ་དག་པས་སོ། །དཀར་པོ་དམར་པོས་རྣམ་པར་བརྒྱན། །ཞེས་བྱ་བ་ལ་སྟོང་པ་ཉིད་ཀྱི་སྒོ་སྦྱངས་པས་ན་དཀར་པོའོ། །སྨོན་པ་མེད་པའི་སྒོ་མ་ཆགས་པས་ན་དམར་པོའོ། །བདུད་བཞི་མཉམ་པར་མནན་པ་སྟེ། ཞེས་པ་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་དོ། །སྤྱི་བོར་རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །སྣ་ཚོགས་གཟུགས་ཅན་བཙུན་མོ་རྣམས། །ཞེས་བྱ་བ་ལ། གཏི་མུག་རྡོ་རྗེ་ནི་དཀར་མོའོ། །ཞེ་སྡང་རྡོ་རྗེ་ནི་སྔོན་མོའོ། །སེར་སྣ་རྡོ་རྗེ་ནི་སེར་མོའོ། །འདོད་ཆགས་རྡོ་རྗེ་ནི་དམར་མོའོ། །ཕྲག་དོག་རྡོ་རྗེ་ནི་ལྗང་གུའོ། །བདག་མེད་རྣལ་འབྱོར་མ་ནི་ནག་མོའོ། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཞེས་བྱ་བ་ལ། གྲི་གུག་ནི་གཡས་ནའོ། །ཐོད་པ་ནི་གཡོན་ནའོ། །སྲོག་དང་བྲལ་བའི་སྟེང་དུ་གནས། །ཞེས་བྱ་བ་ནི་རོའི་སྙིང་གར་ཉི་མ་ལ་གཡོན་བརྐྱང་པས་གནས་པའོ། །མཁའ་སྤྱོད་ཅེས་བྱ་བ་ནི་སྙིང་གར་མདོག་སྔོན་མོའོ། །ས་སྤྱོད་ཅེས་བྱ་བ་ནི་མགྲིན་པ་སྟེ་ཁ་དོག་དམར་མོའོ། །ས་འོག་སྤྱོད་པ་ཞེས་བྱ་བ་ནི་སྤྱི་བོར་ཏེ་ཁ་དོག་དཀར་པོའོ། །རྒྱུད་འདིར་ཉི་མའི་འོད་དང་གདན་ཅན་ཡིན་པས་ཉི་མའི་དཀྱིལ་འཁོར་ལ་བསྒོམ་མོ། །གཟུགས་དཀར་མོ་ཞེས་


DTG006_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །ལྷག་མ་གོ་སླའོ། །བྱང་ཆུབ་སེམས་ཀྱི་བུམ་པ་ནི། མེ་ཡི་ཐབ་ཏུ་རྒྱལ་མཚན་ཆེ། །ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་གྱི་མཚམས་ན་གནས་པའི་ལྷ་མོ་རྣམས་ཀྱི་མཚན་མའོ། །དེ་དག་སྒོ་སྐྱོང་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་ནོ། །ཡང་ན་ནི་མཚན་མ་འབའ་ཞིག་བསྒོམ་མོ། །འཁོར་ལོས་སྒྱུར་བ་ལྔའི་སྒྲུབ་ཐབས་ནི་མངོན་པར་འབྱུང་བ་བསྡུས་པ་ལས་ཤེས་པར་བྱའོ། །ཟངས་གྲི་དང་ནི་ཆུ་སྐྱེས་དང༌། །ཁ་ཊྭཱཾ་ག་བསྣམས་བདག་མེད་མ། །བཏུད་དེ་དེ་ཡི་སྒྲུབ་ཐབས་ནི། །རིམ་པ་བཞིན་དུ་བྲི་བར་བྱ། །དེ་ལ་སྔགས་པ་སྟོང་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང༌། བྱམས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་ཡིད་ཅན། དཔལ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཟབ་མོ་ལ་ལྷག་པར་མོས་པ་དེ་ཁོ་ན་ཉིད་བཅུ་ཤེས་ཤིང་དམ་ཚིག་དང་སྡོམ་པ་ལ་གནས་ནས། རང་གི་སྔགས་མཉེས་པར་བྱེད་པ་ལ་བརྩོན་པས། རི་བོ་ལ་སོགས་པ་གནས་ཡིད་དུ་འོང་བ་ལ་ལར། བསམ་གཏན་གྱི་ཁང་པ་ཙནྡན་ལ་སོགས་པ་དྲི་ཞིམ་པོས་གྲུ་བཞི་པར་བྱུགས་ནས་བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། ཕྱག་གི་ལོ་མ་ཏིང་ངེ་འཛིན་གྱི་ཕྱག་རྒྱར་བྱས་ལ་རང་གི་སྙིང་གར་ཉི་མ་ལ་ཡི་གེ་ཨཾ་བཀོད་ནས་གདོང་བཀྲུ་བ་ལ་སོགས་པ་བྱ་སྟེ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་གནས་དང་བདག་བསྲུང་བ་བྱས་ཤིང་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་དམིགས་ལ་ཕྱག་བྱས་ནས་མཆོད་པར་བྱ་སྟེ། དེ་ལ་གཽ་རཱི་རི་བོང་ཅན་གྱི་སྣོད་ཐོགས་པ་དང༌། ཙཽ་རཱི་ཉི་མའི་སྣོད་ཐོགས་པ་དང་བེ་ཏཱ་ལཱི་ཆུའི་སྣོད་ཐོགས་པ་དང༌། གྷསྨ་རཱི་སྨན་སྣོད་ཐོགས་པ་དང༌། པུཀྐ་སཱི་རྡོ་རྗེའི་སྣོད་ཐོགས་པ་དང༌། ས་བ་རཱི་རོའི་སྣོད་ཐོགས་པ་རྣམས་ཀྱིས་མཆོད་ནས། ཙཎྜ་ལཱིས་རྡེའུ་ཆུང་བརྡུང་ཞིང་ཌོམྦི་ནཱིས་མགྲིན་པ་ནས་འཁྱུད་དེ་མཉེས་པར་བྱའོ། །དེའི་རྗེས་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བའི་བར་དུ་བརྗོད་ནས། བདེ་བར་གཤེགས་པའི་ཚོགས་ཀྱི་སྤྱན་སྔར་སྡིག་པའི་ཕུང་པོ་དག་ནི་བཤགས་པར་བགྱིའོ།


DTG006_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང༌། བདེ་གཤེགས་ཐུབ་པ་རྣམས་དང༌། སྲིད་པ་གསུམ་གྱི་སྐྱེ་བོ་དམ་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་དཔལ་ལ་དང་བས་རྗེས་སུ་ཡི་རང་བར་བགྱིའོ་ཞེས་བྱ་བ་དང༌། ཇི་སྲིད་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར་དུ་རྟོག་པ་ཡོངས་སུ་བཅོམ་པའི་རྒྱལ་བ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི་ཞེས་བྱ་བ་དང༌། དེ་བཞིན་ཐེག་པ་ཆེན་པོའི་ཆོས་ཀྱི་མཆོག་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་དང༌། དེ་བཞིན་དུ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་དང༌། མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དེ་ཁོ་ན་ཉིད་ཀྱི་རྒྱལ་པོ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་བསྟེན་པར་བྱའོ་ཞེས་བརྗོད་ནས། སྐྱེ་བ་མེད་པའི་སྦྱོར་བ་ཡིས། །སྐྱེ་བ་འདི་ནི་རབ་ཏུ་གྲགས། །ཞེས་བྱ་བའི་ཚུལ་གྱིས་དངོས་པོ་ཐམས་ཅད་རྣམ་པར་དཔྱད་ན་མི་དམིགས་ཤིང༌། སྟོན་ཀའི་ནམ་མཁའི་དཀྱིལ་ལྟར་སྣང་བ་མེད་ལ། སྤྲོས་པ་མེད་པ་ཉིད་དུ་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པའོ། །དེ་ནས་མདུན་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་ཏེ། ཉི་མ་དེར་ནི་ཧཱུཾ་བྱུང་རྡོ་རྗེ་བསམ་བྱས་ལ། རྡོ་རྗེ་དེ་ཉིད་ཀྱིས་ནི་རྣམ་པར་བསྒོམ་བྱ་བ། །རབ་དང་ནི་དྲ་བ་རབ་ཏུ་བཅིང་བར་བྱ། །ཞེས་བྱ་བ་ལ་སོགས་མངོན་དུ་བྱས་ལ། དེའི་དབུས་སུ་བྷཱུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་ལ་མི་གཡོ་བ་ལྟ་བུར་འཁོར་བ། ཧཱུཾ་བཅུ་ཡིས་ནི་སྦྱོར་བ་ཡིས། །ཁྲོ་བོ་བཅུ་ནི་རྣམ་པར་བསྒོམ། །ཞེས་བྱ་བ་འདིས་ཁྲོ་བོ་བཅུ་བསམས་ཏེ། དེ་ལ་ཤར་ལ་སོགས་པའི་རྩིབས་ལ་ནི་གཤིན་རྗེ་མཐར་བྱེད་སྔོན་པོའོ། །ལྷོ་ཕྱོགས་སུ་ནི་ཤེས་རབ་མཐར་བྱེད་དཀར་པོའོ། །ནུབ་ཕྱོགས་སུ་ནི་པདྨ་མཐར་བྱེད་དམར་པོའོ། །བྱང་ཕྱོགས་སུ་ནི་བགེགས་མཐར་བྱེད་སྔོན་པོ་སྟེ། རིམ་པ་བཞིན་དུ་ཐོ་བ་དང༌། དབྱུག་པ་དང༌། པདྨ་དང༌། རྡོ་རྗེ་གདེངས་པ་ཐོགས་པ་ཐུང་ཞིང་གསུས་པ་ཆེ་བ། སྤྲུལ་བརྒྱད་ཀྱི་རྒྱན་གྱིས་ཀླུབས་པ་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་མིག་དམར་ལ་ཟླུམ་པ། རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང༌། སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པའི་དབུ་རྒྱན་དང༌། སྟག་ལྤགས་ཀྱི་ཤམ་ཐབས་བགོས་པའོ། །མཚམས་ཀྱི་ཁྲོ་བོ་ནི་


DTG006_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་སྟེ། གནོད་མཛེས་དང་གཙུག་ཏོར་འཁོར་ལོས་སྒྱུར་བའི་བར་དུ་གཙུག་ཏོར་དང༌། ལྕགས་ཀྱུ་དང༌། དབྱུག་པ་དང་མདུང་རྩེ་གསུམ་པ་དང༌། རལ་གྲི་དང༌། གཏུན་ཤིང་རྣམས་ཐོགས་པ་སྟེ། དེ་ལ་མེ་མཚམས་སུ་ཊཀྐི་རིན་པོ་ཆེས་བརྒྱན་པ་དང༌། ལྷའི་ན་བཟའ་བསྣམས་པའོ། །བདེན་བྲལ་དུ་ནི་དབྱུག་པ་སྔོན་པོའོ། །རླུང་མཚམས་སུ་ནི་སྟོབས་པོ་ཆེ་སྟེ། དེ་དག་ནི་གཤིན་རྗེ་གཤེད་ལ་སོགས་པ་དང་འདྲའོ། །དབང་ལྡན་དུ་ནི་མི་གཡོ་བ་སྟེ་ཊཀྐི་ལྟ་བུའོ། །སྟེང་དུ་གཙུག་ཏོར་སེར་པོའོ། །འོག་ཏུ་གནོད་མཛེས་ནག་པོ་སྟེ། རྒྱན་ལ་སོགས་པ་ཊཀྐི་ལྟ་བུའོ། །ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་བས་གནས་པའོ། །ལག་པ་གཡོན་པ་རྣམས་ཀྱིས་ཀླུའི་ཞགས་པ་དང༌། སྡིགས་མཛུབ་ཐོགས་པ། མི་བསྐྱོད་པ་དང་ནོར་བུའི་དབུ་རྒྱན་ཅན། དབུས་ན་དཀྱིལ་འཁོར་ལྔ་ལ་ཁྲོ་བོ་གཞན་ཡང་ལྡན་པའོ། །དེ་ནས་འབར་བའི་ཚོགས་པདྨ་ཕྱོགས་བཅིང་བ་ལ་སོགས་པ་བྱས་ནས། དེའི་དབུས་སུ་ཆོས་འབྱུང་བ་ཞེས་བྱ་བའི་ཕྱག་རྒྱ་གྲུ་གསུམ་པ་ནང་ནམ་མཁའི་རང་བཞིན་ལ། སྣ་ཚོགས་རྡོ་རྗེ་དང་པདྨའི་སྟེང་དུ། ཡཾ་རཾ་བཾ་ལཾ་གི་ས་བོན་རྣམས་ལས་བྱུང་བ་རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་རྣམས་དུད་ཀ་དང་དམར་པོ་དང་དཀར་པོ་དང་སེར་པོའི་ཁ་དོག་ཅན་ནོ། །དེར་བྷྲཱུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྤུའི་བུ་ག་ལས་བདུད་རྩིའི་ཆུ་རྒྱུན་འཛག་པས་འབྱུང་བ་བཞི་ཞུ་བ་ལས་བྱུང་བའི་ཁང་བུ་བརྩེགས་པ་སྒོ་བཞི་པ་ཁ་ཁྱེར་བཞི་དང་ལྡན་བ་རྟ་བབས་བཞིས་བརྒྱན་པ་མེ་ཏོག་གི་ཕྲེང་བས་བརྒྱན་པ་ལ། ལྷ་བཅོ་ལྔའི་གནས་སུ་སྣ་ཚོགས་པདྨ་ལ་རོའི་གདན་ལ་སྙིང་གར་ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པ་བསྒོམས་ལ། ཨོཾ་ཨརྦ་ཏ་ཐཱ་ག་ཏཱ་ནཱི་ལ་ཡ་བཛྲ་སྭཱ་བཏཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་གདན་དབུས་མའི་སྟེང་དུ་སྒྲ་ཡིག་བཅོ་ལྔ་ལས་བྱུང་བའི་ཟླ་བ་དང༌། ཀཱ་ལི་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་བཞི་ལས་བྱུང་བའི་ཉི་མ་བསམས་པ། དེའི་འོད་ཀྱིས་དེ་དང་འདྲ་བར་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བཙུད་དེ་རྒྱས་པར་བྱའོ། དེའི་སྟེང་དུ་དབྱངས་ཡིག་དང་པོ་ཐིག་ལེ་དང་བཅས་པར་གྱུར་པ་


DTG006_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ས་བོན་དེ་ཉིད་ཀྱིས་མཚན་པའི་ཟངས་གྲི། དེའི་འོད་ཟེར་གྱིས་སྒོ་ལ་རྣལ་འབྱོར་མ་བཅོ་ལྔའི་འཁོར་ལོ་སྤྲོ་བ་དང་བསྡུ་བའི་རིམ་པས་བདག་ཉིད་བདག་མེད་མར་བསྒོམ་པར་བྱ་སྟེ། རོའི་སྙིང་གའི་སྟེང་གི་ཉི་མ་ལ་ཕྱེད་ཀྲུང་བཅས་པའི་གར་གྱིས་རོལ་ཞིང༌། མགོ་བོའི་ཕྱོགས་སུ་འཇིག་པའི་དུས་ཀྱི་མེ་ལྟར་འབར་བའི་སྐྲ་དམར་སེར་གྱེན་དུ་འབར་བ་བརྫེས་པ། རྒྱལ་མཆོག་གི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་སྐུ་དམར་ལ་ཟླུམ་པའི་སྤྱན་གསུམ་པ་ཉི་མ་ཕྱེ་བ་ལྟ་བུའི་འོད་ཀྱིས་བདུད་སྲེག་པར་མཛད་པ། མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བས་ནམ་ཚང་གི་ཕྱོགས་སུ་བརྒྱན་པ། ཕྱག་རྒྱ་ལྔ་ཡིས་སྤྲས་པ། སྲིད་པ་དང་ཞི་བ་ལ་མི་གནས་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསམས་ན། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ང་རྒྱལ་བྱའོ། །ཕྱག་གཡས་ཀྱིས་ཟངས་གྲི་འཕྱར་ཞིང་ཕྱག་གཡོན་པས་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་དང་ཁ་ཊྭཱཾ་ག་མཆོད་ཕྱིར་ཐོགས་ཀྱི་ཚུལ་དུ་བསྣམས་པ་སྟེ། མིག་གཉིས་སུ་གཏི་མུག་རྡོ་རྗེ་མའོ། །རྣ་བ་དག་ལ་ནི་ཞེ་སྡང་རྡོ་རྗེ་མའོ། །སྣ་ལ་སེར་སྣ་རྡོ་རྗེ་མའོ། །ལྕེ་ལ་འདོད་ཆགས་རྡོ་རྗེ་མའོ། །ལུས་ལ་ཕྲག་དོག་རྡོ་རྗེ་མའོ། །ཡིད་ལ་བདག་མེད་རྣལ་འབྱོར་མའོ། །ཡང་གཟུགས་ཀྱི་ཕུང་པོ་དང༌། གཏི་མུག་ལ་ནི་རྡོ་རྗེ་མའོ། །ཚོར་བ་དང་ང་རྒྱལ་ལ་ནི་རྡོ་རྗེ་གཽ་རཱི་མའོ། །འདུ་ཤེས་དང་འདོད་ཆགས་ལ་ནི་ཆུ་མའོ། །འདུ་བྱེད་དང་ཕྲག་དོག་ལ་ནི་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་པར་ཤེས་པ་དང་ཞེ་སྡང་ལ་ནི་བདག་མེད་མའོ། །དེ་བཞིན་དུ་སའི་ཁམས་དང་བྱམས་པ་ནི་པུཀྐ་སཱིའོ། །དེ་བཞིན་དུ་ཆུ་དང་སྙིང་རྗེ་ནི་ས་བ་རཱིའོ། །མེ་དང་དགའ་བ་ནི་ཙཎྜ་ལཱིའོ། །རླུང་དང་བཏང་སྙོམས་ནི་ཌོམྦི་ནཱིའོ། །དེ་དག་གིས་རིམ་པ་བཞིན་ནང་དུ་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་སྦྱང་ཞིང༌། རེག་བྱ་དང་ཆོས་ཀྱི་ཁམས་ལ་ནི་ས་འོག་ན་གནས་པ་དང་མཁའ་སྤྱོད་མར་བསམ་མོ། །དེ་ལྷག་པར་བསམས་ནས་སྙིང་གའི་ཟླ་བའི་ཧཱུཾ་གིས་མཁའ་སྤྱོད་མ་སྔོན་མོའོ། །མགྲིན་པར་ཟླ་བར་ནི་ཨ་ཡིས་ས་སྤྱོད་མ་དམར་མོ། མགོ་བོའི་ཟླ་བར་ནི་ཨོཾ་གྱིས་ས་འོག་ན་གནས་པ་དཀར་མོ་བསྐྱེད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རི་བཛྲ་སྭ་བྷཱ་ཝ་ཨཱཏྨ་


DTG006_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ཏ་ལ་སི་ནི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ང་རྒྱལ་བྱས་ལ། རང་གི་སྙིང་གའི་ཉི་མའི་ཟངས་གྲིའི་ལྟེ་བའི་ཨཾ་ལས་བྱུང་བའི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་དབང་བསྐུར་རབ་ཏུ་སྩོལ། །ཞེས་བྱ་བས་དེ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ནས། མེ་རྟོག་གི་ཆར་དང་རྔ་སྒྲ་དང་བཅས་པར་སྤྱན་མ་ལ་སོགས་པས་གླུ་ལེན་ཅིང༌། གཟུགས་རྡོ་རྗེ་ལ་སོགས་པས་བསྟོད་ཅིང་མཆོད་ནས་དབང་བསྐུར་རོ། །དབང་བསྐུར་ནས་སྤྱི་བོར་མི་བསྐྱོད་པ་བསྒོམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བྱ་སྟེ། །འདི་ནི་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །དེ་ནས་རང་གི་སྙིང་གའི་ས་བོན་ལ་གནས་བཅུ་བཞིར་རོའི་སྙིང་གར་ཟླ་བ་དང་གཉི་མ་ལ་སོ་སོའི་ས་བོན་སྤྲོས་ནས། ས་བོན་དང་ཟངས་གྲི་ཡོངས་སུ་གྱུར་པ་ལས་སྔ་མ་བཞིན་ལྷ་མོ་རྣམས་བསྒོམ་པར་བྱའོ། །ཨཱཾ་ཨིཾ་ཨཱིཾ་ཨུཾ་རྣམས་ནི་བཛྲ་དང་གཽ་རཱི་དང༌། བ་རཱི་དང༌། བཛྲ་ཌཱ་ཀི་ནཱི་རྣམས་སོ། །ཨཱུཾ་རྀཾ་རཱྀཾ་ལྀཾ་ནི་པུཀྐ་སཱི་དང་ས་བ་རཱི་དང་ཙཎྜ་ལཱི་དང༌། ཌོམྦི་ནཱིའོ། །ལཱྀཾ་ཨཾ་ཨེཾ་ཨཻཾ་ནི་གཽ་རཱི་དང༌། ཙཽ་རཱི་དང༌། བེ་ཏཱ་ལཱི་དང་གྷསྨ་རཱིའོ། །ཨོཾ་ནི་ས་སྤྱོད་མའི་འོ། །ཨཽཾ་ནི་མཁའ་སྤྱོད་མ་སྟེ། རིམ་པ་བཞིན་དུ་བསྐྱེད་ལ་ཐམས་ཅད་ཀྱང་མདོག་དང་མཚན་མ་ལ་སོགས་པ་བདག་མེད་མ་དང་མཚུངས་པར། རོའི་སྙིང་གར་གར་སྟབས་ཀྱིས་བསྒོམ་མོ། །གནས་གང་དང་གང་དུ་ཞེ་ན། རྒྱུད་གཞན་ལས་གསུངས་པ། དབང་པོར་རྡོ་རྗེ་གཤིན་གཽ་རཱི། །ཆུའི་ཕྱོགས་ཆུ་ཡི་རྣལ་འབྱོར་མ། །གནོད་སྦྱིན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མ། །དབང་ལྡན་པུཀྐ་སཱི་ཡིན་ཏེ། །སྲེག་བྱེད་མཚམས་སུ་ཤ་བ་རཱི། །སྲིན་བུའི་མཚམས་སུ་ཙཎྜ་ལཱི། །ཌོམྦི་རྟག་ཏུ་རླུང་དུ་གནས། །ཤར་གྱི་སྒོར་ནི་གཽ་རཱི་སྟེ། ལྷོར་ནི་ཙཽ་རཱིའི་གཟུགས་ཅན་ནོ། །ནུབ་ཏུ་བེ་ཏཱ་ལཱི་ཡིན་ཏེ། །དེ་བཞིན་བྱང་དུ་གྷསྨ་རཱི། །འོག་ཏུ་ས་སྤྱོད་མ་ཡིན་ཏེ། །སྟེང་དུ་མཁའ་ལ་སྤྱོད་མར་འདོད། །ཅེས་བྱ་བའོ། །དེ་ལྟར་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བལྟས་ནས། ཐམས་ཅད་ཀྱི་སྙིང་གནས་


DTG006_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་འོད་ཀྱི་ལྕགས་ཀྱུས་ཐུབ་པའི་དབང་པོ་རྣམས། རྣལ་འབྱོར་མ་བཅོ་ལྔའི་ཚུལ་དུ་དྲངས་ལ། སྒོ་སྐྱོང་མ་རྣམས་ཀྱིས་བགེགས་བསྐྲད་ཅིང༌། གཽ་རཱི་ལ་སོགས་པ་རྣམས་ཀྱིས་མཆོད་དོ། །ཨོཾ་བཛྲ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿ་ཨོཾ་བཛྲ་ཙཽ་རཱི་ཕྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་ཡ་བཾ། ཨོཾ་བཛྲ་གྷསྨ་རཱི་བེ་ཤྱཾ་ཀུ་རུ་ཧོཿ་ཞེས་བྱ་བ་རྣམས་ཀྱིས་དགུག་པ་ལ་སོགས་པ་བྱས་ནས། སྔ་མ་བཞིན་མིག་ལ་སོགས་པ་བྱིན་གྱིས་བརླབས་ཏེ། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་དབང་བསྐུར་ལ་རིགས་ཀྱི་བདག་པོ་དབུ་ལ་བསྒོམ་པར་བྱ་སྟེ། དེ་ལ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱི་ནི་རྣམ་པར་སྣང་མཛད་དང༌། རིན་ཆེན་དབང་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་རྣམས་སོ། །མཚམས་ན་གནས་པ་དང༌། སྒོ་སྐྱོང་མ་རྣམས་ཀྱི་ནི་སེམས་ཀྱི་དབང་དང༌། རྟག་པ་དང་རིན་ཆེན་དབང་དང༌། སྣང་བ་མཐའ་ཡས་རྣམས་སོ། །ས་ལ་སྤྱོད་མ་ནི་རྣམ་པར་སྣང་མཛད་དོ། །མཁའ་སྤྱོད་མ་ནི་སྣང་བ་མཐའ་ཡས་སོ། །དེ་ནས་གཽ་རཱི་ལ་སོགས་པས་རང་མཆོད་རྫས་རྣམས་ཀྱིས་ཐོད་པ་ཡོངས་སུ་གང་བས། བཅོམ་ལྡན་འདས་བདུད་རྩིས་ཡོངས་སུ་མཆོད་ལ། དཀྱིལ་འཁོར་པ་གཞན་དག་གིས་ཀྱང་ལོངས་སྤྱོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཙཎྜ་ལཱི་ཡིས་རྡེའུ་ཆུང་བརྡུང་ཞིང་ཌོཾ་བིས་སྐུ་ལ་འཁྱུད་པར་བྱའོ། །དེ་ནས་གསང་བའི་པདྨར་བསྐྱེད་པའི་རྡོ་རྗེ་དང་རྗེས་སུ་ཆགས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་མྕོད་ལ། ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངས་སུ་བསྐོར། །ཞེས་བྱ་བ་ལ་སོགས་པས་བསྟོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བསྟོད་དོ། །སླར་ཡང་ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་གསུ་ཁཾ་ཙ་ཏུར་ཨཱ་ནནད་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀཪྻཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མཧཱ་དྭེ་ཥ་ཙ་ཏུ་རཱ་ནནད་དཱ་ཡ་ཀ །ཁ་ག་མུ་ཁཻ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀ་ཪྻཾ་ཀུ་རུ་ཥྭ་མེ། །ཞེས་བྱ་བས་རྡོ་རྗེ་དང་ཆགས་པ་སྤྱད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་བའི་དབུས་སུ་ཨཾ། སྙིང་གར་འདབ་མ་བརྒྱད་པའི་དབུས་སུ་ཧཱུཾ། མགྲིན་


DTG006_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདབ་མ་བཅུ་དྲུག་པའི་དབུས་སུ་ཨོཾ། མགོ་བོར་འདབ་མ་སུམ་ཅུ་རྩ་གཉིས་པའི་དབུས་སུ་ཧཾ། ཞེས་བྱ་བ་བཀོད་ལ། ལྟེ་བར་གཏུམ་མོ་སྦྱར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པའང་བསྲེག་པར་བྱ། །བསྲེགས་པས་ཧཾ་ལས་ཟླ་འཛག་འགྱུར། །ཞེས་བྱ་བ་ལ་སོགས་གཏུམ་མོ་བསྒོམ་པར་བྱའོ། །དེའི་འོག་ཏུ་རང་རང་གི་ས་བོན་གྱི་འོད་ལས་རང་རང་གི་སྤྲུལ་པ་ཕྱུང་སྟེ། རང་རང་གི་ཡེ་ཤེས་ལ་སེམས་ཅན་རྣམས་བཀོད་ནས་དཀྱིལ་འཁོར་བསྡུས་ལ། དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཛིན་ཆེན་པོའི་གོ་འཕང་ལ་གནས་ནས་བསྒོམ་པས་དུ་བན་འགོག་པའི་ཚིག་གིས། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལི་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །ཁྲུས་བྱེད་པ་ནི་དབང་བསྐུར་བའི་ཆོ་གས་སོ། །ཁ་ཟས་ལ་ལོངས་སྤྱོད་པ་ལ་ནི་བདུད་རྩི་མྱང་བའི་ཆོགས་སོ། །དགའ་བ་ལ་སྤྱོད་ན་རྗེས་སུ་ཆགས་པའི་ཆོས་སོ། །ངལ་དུ་བ་ལ་ནི་སྤྱི་བོར་ཨོཾ་ལས་བདུད་རྩི་འཛག་པས་ལུས་བརྟ་བ་སྔོན་དུ་བཏང་ལ་སྔགས་བཟླས་པར་བྱའོ། །ཇི་སྐད་དུ་བསྟན་པའི་དམ་ཚིག་ཉམས་པ་ལ། དམ་ཚིག་ཅེས་བྱ་བ་བྱུང་ནས་ནི་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་དཔལ་རྟ་མཆོག་གི་ཏིང་ངེ་འཛིན་ལ་གནས་ནས། སྣ་ཚོགས་རྡོ་རྗེ་དང་ཡི་གེ་ཁཾ་གི་ས་བོན་གྱི་འོད་ཀྱིས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །བདུད་གཞོམ་པ་ལ་ནི་བགེགས་དགྲའི་འཁོར་ལོ་གནས་པར་བྱ་སྟེ། འདི་དག་ནི་སྤྲུལ་པའི་སྐུའི་རང་བཞིན་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །མཁའ་འགྲོ་མ་ཡི་འཁོར་ལོ་ནི། །བིས་ལ་དགེ་བ་གང་རྙེད་པ། །དེས་ནི་སྐྱེ་འགྲོ་སྲིད་མཚོར་ས། །བརྒལ་ནས་རྒྱལ་མཆོག་ཉིད་གྱུར་ཅིག །བདག་མེད་མའི་སྒྲུབ་ཐབས་རྫོགས་སོ།། །།འོག་ནས་འབྱུང་བའི་ལྷ་རྣམས་ཀྱི་སྒྲུབ་ཐབས་གཞན་དག་ཀྱང་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། འདིར་རིམ་པ་བཞིན་དུ་བྲི་བར་བྱ་སྟེ། དེ་ལ་སྔ་མ་དང་འདྲ་བར་སྙིང་གར་ཟླ་བ་ལ་བསམས་པའི་ཏཱཾ་གི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་དམིགས་ལ་ཕྱག་བྱ་བ་དང༌། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། བསྲུང་བ་བྱ་སྟེ། ཆོས་འབྱུང་


DTG006_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནང་དུ་ཁུང་བུ་བརྩེགས་པའི་འོག་ཏུ་ཉམས་སུ་བླངས་ནས། མངོན་པར་བྱང་ཆུབ་པ་ལྔའི་རིམ་པའམ། ཟླ་བ་དང་རྡོ་རྗེའི་རིགས་ཀྱིས་ཀྱང་རུང་སྟེ། ཡི་གེ་ཏཱཾ་དང་ཨུཏྤལ་ལ་སོགས་སུ་གྱུར་པ་ལས་སྤྲོ་བ་དང་བསྡུ་བའི་རིམ་པ་སྔོན་དུ་འགྲོ་བས། རྡོ་རྗེ་སྒྲོལ་མ་བསྐྱེད་པར་བྱ་སྟེ། དེ་ཡང་གསུངས་པ། མ་མོའི་དཀྱིལ་འཁོར་དབུས་གནས་པར། །ལྷ་མོ་སྒྲོལ་མ་བསྒོམ་བྱ་སྟེ། ཞལ་བཞི་པ་ལ་ཕྱག་བརྒྱད་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །གསེར་གྱི་མདོག་ཏུ་རྣམ་པར་བསྒོམ། །གཞོན་ནུ་མ་ཡི་མཚན་གྱིས་འབར། །རྡོ་རྗེ་ཉི་མས་དབང་བསྐུར་ཏེ། །སངས་རྒྱས་བཞི་ཡི་ཅོད་པན་ཆེ། །ན་ཆུང་གཞོན་ནུ་མདངས་བཟང་ཞིང༌། །གསེར་གྱི་རྣ་ཆ་གཡོ་བ་ཅན། །སྣ་ཚོགས་པདྨར་བཞུགས་ནས་ནི། །འོད་ཟེར་དམར་པོས་རྣམ་པར་ཀླུབས། །རྡོ་རྗེ་ཞགས་པ་རལ་གྲི་དང༌། །དེ་བཞིན་གཡས་ན་མདའ་ནི་བསྣམས། །རྡོ་རྗེ་ལྕགས་ཀྱུ་ཨུཏྤལ། །གཞུ་དང་སྡིགས་མཛུབ་གཡོན་པས་འཛིན། །ཞེས་པས་སོ། །དེའི་འོག་ཏུ་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བའི་མཐར་ཐུག་པ་སྔ་མ་བཞིན་དུ་ཉམས་སུ་བླང་བར་བྱ་སྟེ། འདི་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །གཞན་དག་ཀྱང་གསུངས་པ། རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་སྣ་ཚོགས་པའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། འོད་ཟེར་དམར་པོས་བརྒྱན་པའོ། །དེ་དག་ཀྱང་གང་ཞེ་ན། ཤར་དུ་མེ་ཏོག་སྒྲོལ་མ་སྟེ། །ཡི་གེ་ཨོཾ་གྱིས་བསྐྱེད་པའོ། །ཁ་དོག་དཀར་པོ་ཡིད་དགའ་མ། །ཕྱག་ན་མེ་ཏོག་ཕྲེང་བ་བསྣམས། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །རྒྱན་རྣམས་ཀུན་ནས་རྣམ་པར་ཀླུབས། །ཞེས་བྱ་བ་ནི་ཐམས་ཅད་ཀྱིའོ། །ལྷོ་རུ་སྤོས་ཀྱི་སྒྲོལ་མ་སྟེ། །ཡི་གེ་ཏཾ་གིས་བསྐྱེད་པའོ། །ཁ་དོག་སྔོན་མོ་ཡིད་འོང་མ། །ཕྱག་ཏུ་བདུག་པའི་ཕོར་བ་བསྣམས། །ནུབ་ཏུ་མར་མེའི་སྒྲོལ་མ་སྟེ། །ཡི་གེ་རེ་ཡིས་བསྐྱེད་པ་ཡི། །ཁ་དོག་སེར་མོ་རྣམ་བརྒྱན་གཡོན། །མར་མེའི་ཀོང་བུ་ཕྱག་ན་བསྣམས། །བྱང་དུ་དྲི་ཡི་སྒྲོལ་མ་སྟེ། །ཡི་གེ་ཏུས་བསྐྱེད་ཁ་དོག་དམར། །དྲི་ཡི་དུང་ཆོས་ཕྱག་ན་བསྣམས། །སྙིང་


DTG006_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་ཡི་གེ་ཏཱ་ཡིས་ལྕགས་ཀྱུ་སྒྲོལ་མའོ། །རེ་ཡིས་ཞགས་པ་སྒྲོལ་མའོ། །ཏུ་ཡིས་ལྕགས་སྒྲོག་སྒྲོལ་མའོ། །རེ་ཡིས་འགེབས་པའི་སྒྲོལ་མ་སྟེ། །རིམ་བཞིན་དུ་ཁ་དོག་དཀར་པོ་དང་སེར་པོ་དང༌། དམར་པོ་དང་ལྗང་གུ་སྟེ། ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་བསྣམས་པའོ། །འོག་ཏུ་ཡི་གེ་སྭཱ་ཡིས་ངེས་འདུལ་སྒྲོལ་མ་སྟེ། ཁ་དོག་སྔོན་པོ་ཕྱག་ན་ཀླུའི་ཞགས་པ་བསྣམས་པའོ། །སྟེང་དུ་ཡི་གེ་ཧ་ཡིས་བསྐྱེད་པའི་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲོལ་མ་ཁ་དོག་སེར་མོ་ཕྱག་ན་འཁོར་ལོ་བསྣམས་པའོ། །ཁ་ཅིག་ནི་བཅོམ་ལྡན་འདས་མའི་ཐུགས་ཀར་ལྷ་མོ་རྣམས་བསྒོམ་པར་བྱའོ་ཞེས་ཟེར་རོ། །ཁ་ཅིག་གདན་ལ་བསྐྱེད་པར་འདོད་དོ། །དེ་ནས་སྔོན་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ལ་མཆོད་པ་དང་བསྟོད་པ་དང༌། བདུད་རྩི་མྱང་བའི་མཐར་ཐུག་པ་ཉམས་སུ་བླངས་ནས་སྤྲོ་བ་དང་བསྡུ་བས་འགྲོ་བའི་དོན་བྱེད་ཅིང༌། ཇི་སྲིད་འདོད་པས་བསྒོམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བ་བཟླས་ཤིང༌། ནམཿ་ཨཱ་ཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སྟྭཱ་ཡ་མ་ཧཱ་ས་ཏྭཱ་ཡ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏ་དྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྜཱཾ་མ་མ་གྲྀ་ཏེ་ཛཾ་བྷ་ཡ་སྟ་མྦྷ་ཡ་མོ་ཧཱ་ཡ་བནྡྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སརྦ་དུཥྚཱཾ་སྟམྦྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་བྱ་བས་ཀྱང་བསྒྲུབ་པར་བྱ་སྟེ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སོ། །རྡོ་རྗེ་བཞིའི་རིམ་གྱིས་སྔ་མ་ལྟར་སྙིང་གར་ཉི་མ་ལ་ཧྲཱིཿ་བསམས་ལ། མཆོད་པ་ནས་སྡིག་པ་བཤགས་པ་དང་སྟོང་པ་ཉིད་དང་སྲུང་བའི་འཁོར་ལོ་དང༌། ཆོས་འབྱུང་བའི་བར་དུ་བསྒོམས་ནས་དེར་དུར་ཁྲོད་བརྒྱད་ཀྱི་དབུས་སུ་ཧྲཱིཿ་ལས་བསྐྱེད་པའི་པདྨ་དམར་པོ་འདབ་མ་བརྒྱད་དང་ཉི་མའི་དབུས་སུ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་གྱིས་ཧྲཱིཿ་དང་ཨུཏྤལ་ལས་སྤྲོ་བ་སྡུའི་སྦྱོར་བས་ཀུ་རུ་ཀུལླེ་བསྐྱེད་པར་བྱ་སྟེ། སྐྲ་ཁམས་སེར་གྱེན་དུ་བརྫེས་ཤིང་སྟག་གི་པགས་པའི་ཤམ་ཐབས་ཅན་ཕྱག་རྒྱ་རྣམ་པ་ལྔ་དང་མགོ་བོའི་ཕྲེང་བས་བརྒྱན་ཞིང༌། དམར་ལ་ཟླུམ་པའི་སྦྱན་གསུམ་པ། །ཞལ་གཅིག་ཕྱག་བཞི་པ་ལ། ཕྱག་དང་པོ་གཉིས་


DTG006_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཨུཏྤལ་ཁ་ཟུམ་པའི་མདའ་དང་མེ་ཏོག་རྒྱས་པའི་གཞུ་བསྣམས་པ། གཞན་གཉིས་ཀྱིས་ལྕགས་ཀྱུ་དང་ཨུཏྤལའི་ཞགས་པ་བསྣམས་ཤིང་ཁ་དོག་དམར་བ། རོའི་སྙིང་གའི་ཉི་མ་ལ་ཕྱེད་ཀྲུང་བཅས་པའི་ཉི་མར་གར་གྱིས་བཞུགས་པར་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བསམས་ན། རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ས་མཱ་ཛཿ་ཞེས་བྱ་བས་ཡེ་ཤེས་སེམས་དཔའ་བཀུག་ལ་སྔ་མ་བཞིན་དུ་དབང་བསྐུར་ནས། སྣང་བ་མཐའ་ཡས་དབུ་རྒྱན་དུ་བསམས་ཏོ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ལ་སྤྲོ་བ་དང་བསྡུ་བས་འགྲོ་བའི་དོན་བྱེད་ཅིང༌། ཇི་སྲིད་འདོད་ཀྱི་བར་དུ་བསྒོམས་ནས། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །བུད་མེད་དམ་སྐྱེས་པ་དབང་དུ་བྱ་བ་འདོད་པས་ཟླ་བ་ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ། གོས་དམར་པོ་བགོས་ནས། ལྷ་མོ་བསྒོམ་ཞིང་ཉིན་རེ་དུས་གསུམ་དུ་ཁྲི་ཕྲག་བཟླས་ལ་དེ་ནས་ཉའི་ནུབ་མོ་སྙིང་གའི་ཧྲཱིཿ་ལས་གྱུར་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་སྟོང་བུ་གསང་བའི་གནས་སུ་ཟུག་པ་བསམས་ལ་དེའི་འདབ་མ་རྣམས་ལ་དབྱངས་ཡིག་རིང་པོ་བརྒྱད་ལས་བྱུང་བའི་བུང་བ་ཁ་དོག་དམར་པོ་ཁྲོ་ཞིང་རྒྱགས་པས་མྱོས་པ་བརྒྱད་བསམས་ལ། དབུགས་ཀྱི་རླུང་གིས་སྣ་སྒོ་གཡོན་པ་ནས་བུར་ཏེ། བསྒྲུབ་བྱའི་སྣ་སྒོ་གཡས་པ་ནས་སྙིང་གར་ཞུགས་ནས་དེའི་སྙིང་ག་ན་གནས་པའི་དབྱངས་ཡིག་ཐུང་དུ་བརྒྱད་ལ་མྱོས་པས་འཇིབ་ཅིང་ཕྱེ་མར་བྱེད་པར་བསམ་མོ། །དེ་ནས་རྣལ་འབྱོར་པས་མེ་ཏོག་གི་གཞུ་དང་ཨུཏྤལའི་མདའ་རྣ་དྲུང་དུ་བཀང་སྟེ། ལྟེ་བ་ཆང་པ་ལ་གཏད་ནས་བསྒྲུབ་བྱའི་སྙིང་གའི་པདྨའི་ལྟེ་བར་བསྣུན་པས་བུང་བ་དེ་རྣམས་དེའི་རང་གི་དམ་ཚིག་གིས་བསྐུལ་ནས། སོ་སོར་དབྱངས་ཡིག་རྣམས་བཟུང་སྟེ། སྣ་སྒོ་གཡོན་ནས་བྱུང་སྟེ། རྣལ་འབྱོར་པའི་སྣ་སྒོ་གཡས་པར་ཞུགས་ནས། རང་གི་དམ་ཚིག་གི་ཡེ་ཤེས་པ་དང༌། གཉིས་སུ་མེད་པར་བསམས་ཏེ། དེ་ནས་ཨུཏྤལའི་སྡོང་བུའི་ཞགས་བས་མགྲིན་པ་བཅིངས་ལ། ལྕགས་ཀྱུས་སྙིང་གར་གཟིར་ཏེ། འོད་ཟེར་འབར་བས་འཁྲུགས་ཤིང་མགལ་མེའི་འཁོར་ལོ་ལྟར་སྔགས་ཀྱི་ཕྲེང་བ་བསམས་ནས། ཨོཾ་ཀུ་རུ་ཀུ་ལླེ་ཧྲཱིཿ་ཆེ་གེ་མོ་


DTG006_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤྱཾ་མཱ་ན་ཡ་ཧྲཱི་སྭཱ་ཧཱ། ཞེས་བྱ་བ་མཚན་ཐོག་ཐག་ཏུ་བཟླས་ན་ཐོ་རངས་ཀྱི་དུས་སུ་བུ་མོ་ལ་སོགས་པ་མྱོས་ཤིང་གོས་དང་དྲལ་བཞིན་དུ་གདོན་མི་ཟ་བར་འོང་བར་འགྱུར་རོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། །།སྔ་མ་བཞིན་དུ་སྙིང་གར་ཟླ་བ་ལ་ཡི་གེ་ཧམ་བསམས་ནས། མཆོད་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྟོང་པ་ཉིད་དུ་བསྒོམས་ལ། མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས་ས་བོན་དང་རལ་གྲིའི་མཚན་མ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལུས་མེད་ཞལ་གཅིག་ཕྱག་བཞི་པའམ། ཕྱག་དྲུག་པར་བསྒོམ་པར་བྱ་སྟེ། ཁ་དོག་སེར་པོ་སྒེག་ཅིང་རལ་པའི་ཐོར་ཚུགས་ཅན་ལོ་བཅུ་དྲུག་ལོན་པ་གཞོན་ནུའི་རྒྱན་ཅན། ཕྱག་གཡས་ན་མདའ་དང་རལ་གྲི་ངང་མེ་ལོང་བསྣམས་ཤིང༌། གཡོན་ན་གཞུ་དང་ཨུཏྤལ་དང་ཨ་ཤོ་ཀའི་འདབ་མ་བསྣམས་པ། གཡོན་བརྐྱང་བས་བཞུགས་པར་བསམས་ལ། སྔ་མ་ལྟར་ཡེ་ཤེས་སེམས་དཔའ་བཅུག་ནས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འགྲོ་བའི་དོན་བྱེད་བཞིན་པར་བསམས་ལ། ཨོཾ་མཉྫུ་གྷོ་ཤཱ་ཡ་ཧྲི་ཛས་དྷ་ཏེ་ཨ་མོ་ཀི་ཨཱ་ཀཪྵ་ཨ་ཨོཾ་མཉྫུ་གྷོ་ཥཱ་ཡ་ཧྲཱིཿ་ཛཿ་ཞེས་བྱ་བའི་སྔགས་མང་དུ་བཟླས་པར་བྱའོ། །དེ་ནས་བུ་མོའི་སྙིང་གར་ཡང་ལུས་མེད་རྡོ་རྗེ་བསམས་ལ། མདས་ནུ་མ་ཕུག་པ་དང་ཨ་ཤོ་ཀའི་འདབ་མ་སྙིང་གར་གདབ་ཅིང་རལ་གྲིས་བསྡིགས་ནས་མེ་ལོང་བསྟན་ལ། རྐང་པ་གཞུ་ཡིས་བཅིངས་ཏེ་ཨུཏྤལའི་ཞབས་པས་དྲངས་ནས་མྱོས་པར་བསྒོམས་ན། གདོན་མི་ཟ་བར་འགུགས་པར་འགྱུར་ཏེ་ལུས་མེད་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། །།རྡོ་རྗེ་བཞིའི་རིམ་གྱིས་སྔ་མ་བཞིན་དུ་བསྒྲུབ་པར་བྱ་སྟེ། སྙིང་གར་ཟླ་བ་ལ་ཡི་གེ་ཨོཾ་བསམས་ནས། མཆོད་པ་ལ་སོགས་པ་སྟོང་པའི་བྱང་ཆུབ་ཀྱི་བར་དུ་ཉམས་སུ་བླངས་ལ། པཾ་ལས་སྐྱེས་པའི་པདྨ་དཀར་པོ་དང༌། །ཟླ་བ་ལ་ཡི་གེ་ཨ་སྤྲོས་པ་དང་བསྡུ་བའི་སྦྱོར་བས་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞལ་གཅིག་ཕྱག་གཉིས། ཡིད་དུ་འོང་ཞིང་སྐུ་མདོག་དཀར་མོ་རྒྱན་ཐམས་ཅད་ཀྱིས་ཀླུབས་པ་ཕྱག་གཡས་ན་པདྨ་དམར་མོ་བསྣམས་ཤིང་གཡོན་


DTG006_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པར་བསམས་ལ། རྡོ་རྗེ་བསྡུ་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛ་ཛཿ་ཞེས་བྱ་བའི་སྔགས་ཀྱིས་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱ་སྟེ། དེའི་སྙིང་གར་ཟླ་བ་ལ་གནས་པའི་ཨོམ་བསམས་ནས། དེ་ལ་སྔགས་ཀྱི་ཕྲེང་བ་མེ་ལྕེའི་ཕྲེང་བ་ལྟར་ཁ་ནས་བྱུང་ཞིང༌། ལྟེ་བའི་གནས་སུ་འཇུག་པས་མགལ་མེ་ལྟར་བསྒོམས་ལ། ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་བྲྡྡྷ་ནི། དྷི་རི་དྷི་རི་བུ་དྷི་བར་དྷི་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །ཆོ་ག་འདི་ནི་གཞན་དག་ཏུ་ཡང་སྦྱར་བར་བྱ་སྟེ། དེ་སྐད་དུ་ཡང་གསུངས་པ། དང་པོ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ལ་ནི་ཡི་གེ་དགོད། །ཅེས་སོ། །ལཾ་གི་ཡི་གེ་ལས་སྐྱེས་པ། །འཇིག་རྟེན་དབང་ཕྱུག་ཐུབ་པ་ཆེ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །པདྨ་དཀར་པོས་རྣམ་པར་ཀླུབས། །དབུ་རྒྱན་རྡོ་རྗེ་ཆོས་ཀྱིས་བརྒྱན། །པདྨའི་གདན་ལ་བཞུགས་པར་བསྒོམས། །ཨོཾ་མ་ཎི་པདྨེ་ཧཱུཾ། སྔོན་བཞིན་དུ་རྡོ་རྗེ་བཞིའི་རིམ་པས་ཐམས་ཅད་དུ་བལྟ་བར་བྱའོ། །མཾ་གྱི་ས་བོན་ལས་བྱུང་བ། །འཇམ་པའི་དབྱངས་ནི་སེར་པོ་སྟེ། །ཕྱག་ན་མེ་ཏོག་མཆོད་སྦྱིན་བརྒྱན། །མི་བསྐྱོད་རྡོ་རྗེ་སྤྱི་བོར་འཛིན། །ཨོཾ་མཉྫུ་བཛྲ་མཱུཾ་སྭཱ་ཧཱ། ཡཾ་གི་ཡི་གེ་ལས་སྐྱེས་པ། །རྡོ་རྗེ་ཐོ་བ་སྡིགས་མཛུབ་བསྣམས། །མདོག་སྔོན་མ་ཧེའི་རྒྱབ་ཏུ་ནི། །གཡོན་བརྐྱང་བཞུགས་པའི་གཤིན་རྗེ་གཤེད། །ཁྲོ་བོའི་གཟུགས་ཅན་སྐྲག་བྱེད་པ་དབུ་རྒྱན་རྣམ་པར་སྣང་མཛད་བཞུགས། །ཨོཾ་ཧྲཱིཿ། ཥྚཱིཿ་བི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧཱུཾ་གི་ཡི་གེ་ལས་བསྐྱེད་པ། །རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་ཅན། །རྡོ་རྗེ་དྲིལ་བུ་སྦྱོར་བ་ཡིས། །ཕྱག་གཉིས་ཕྱག་རྒྱར་བཅིངས་པ་སྟེ། །གཡོན་བརྐྱང་ཞབས་ཀྱི་སྦྱོར་བ་ཡིས། །འཇིགས་བྱེད་ཀྱི་ནི་སྙིང་གར་བཞུགས། །སྤྱི་བོར་རྡོ་རྗེ་རིགས་ཀྱིས་བརྒྱན། །ཁམས་གསུམ་རྣམ་རྒྱལ་བསྒོམ་པར་བྱ། །ཨོཾ་ཧཱུཾ་ཕཏ་སྭཱ་ཧཱ། ཏཱཾ་གི་ཡི་གེ་ལས་བྱུང་བ། །ལྷ་མོ་ཁ་དོག་སྔོ་བསངས་མ། །མཆོག་སྦྱིན་དང་ནི་ཨུཏྤལ་བསྣམས། །སྣ་ཚོགས་པདྨའི་སྟན་ལ་ནི། །རྟག་ཏུ་བཟང་པོའི་སྟངས་


DTG006_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གནས། །སྤྱི་བོར་དོན་ཡོད་གྲུབ་པས་བརྒྱན། །སྐལ་བཟངས་ཤིན་ཏུ་འགེགས་མ་ཡི། །སྒྲོལ་མའི་གཟུགས་སུ་བསྒོམ་པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་མཾ་ལས་བྱུང་བ་ཡི། །མཆོག་སྦྱིན་མྱ་ངན་མེད་ཤིང་བསྣམས། །ཉི་མ་འཆར་ཀ་ལྟ་བུའི་མདོག །རྣམ་པར་སྣང་མཛད་དབུ་རྒྱན་ཅན། །རྟ་བདུན་ལྡན་པའི་ཤིང་རྟ་ལ། །གཡས་བརྐྱང་པ་ཡི་སྦྱོར་བ་ཡིས། །སྒེག་ཅིང་ཡན་ལག་བརྒྱན་པ་ཡི། །བརྟུལ་ཞུགས་ཅན་གྱི་འོད་ཟེར་བསྒོམ། །ཨོཾ་ཨཱ་རཱི་ཙྱཻ་སཱ་ཧཱ། ཡི་གེ་ཙུཾ་ལས་བྱུང་བ་ཡི། །སྟོན་ཀའི་ཟླ་བ་ལ་བུའི་མདོག ། རིན་ཆེན་སྙིམ་པ་སྙིང་གར་འཛིན། །སྣ་ཚོགས་པདྨའི་སྟན་ལ་ནི། །རོལ་པའི་སྟབས་ཀྱིས་ཡང་དག་བཞུགས། །རྣམ་པར་སྣང་མཛད་སྤྱི་བོར་བརྒྱན། །བྱང་ཆུབ་སེམས་ནི་འཛག་ཅིང་འབབ། །མྱོས་དང་བཅས་པའི་སྐུལ་བྱེད་བསྒོམ། །ཨོཾ་ཙ་ལེ་ཙུ་ལེ་ཙུན་དེ་སྭཱ་ཧཱ། ཡི་གེ་བཾ་ལས་བྱུང་བ་ཡི། །ལྷ་མོ་ནོར་རྒྱུན་ཁ་དོག་སེར། །མཆོག་སྦྱིན་སྙེ་མ་ཕྱག་ན་བསྣམས། །རིན་ཆེན་པདྨའི་སྟན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བས་བཞུགས། །རིན་ཆེན་དབང་པོ་དབུ་རྒྱན་ཅན། །ཨོཾ་བསུ་དྷ་རེ་བསུ་བྲྀཥྚི་པ་ཏ་ཡ་བ་སུ་སྭཱ་ཧཱ། ཡི་གེ་ཛཾ་ལས་བྱུང་བ་ཡི། །གནོད་གནས་སུ་ནི་བསྒོམ་བྱ་སྟེ། །མདོག་སེར་རྒྱན་ཀུན་གྱིས་བརྒྱན་ཞིང༌། །གཡས་ཀྱིས་སྒྱུར་རྩི་ཤིང་ཐོག་བསྣམས། །གཡོན་ན་རིན་པོ་ཆེའི་ཁྲེའུ། །རིན་ཆེན་དབང་པོ་ཅོད་པན་ཅན། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཡི་གེ་བཾ་ལས་བྱུང་བ་ཡི། །འཁོར་ལོ་དང་ནི་རལ་གྲི་བསྣམས། །རྣམ་པར་སྣང་མཛད་ཅོད་པན་ཅན། །ཟླུམ་པོ་ཡི་ནི་སྟབས་གནས་ནས། །གཞོན་ནུའི་གཟུགས་ནི་སྐྱེ་དང་ལྡན། །སོ་སོར་རྗེས་སུ་འབྲང་བ་བསྒོམ། །ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧཱུཾ་གི་ཡི་གེ་ལས་བྱུང་བའི། །ནག་པོ་ཆེན་པོ་ཕྱག་གཉིས་པ། །ཞལ་གཅིག་མདོག་སྔོན་ཆེར་འབར་ཞིང༌། །ཟངས་གྲི་དང་ནི་ཐོད་པ་བསྣམས། །མགོ་བོའི་ཕྲེང་བའི་དོ་ཤལ་བྱས། །མཆེ་བ་གཙིགས་ཤིང་འཇིགས་སུ་རུང༌། །བོང་ཐུང་གཟི་བརྗིད་ཆེན་པོ་སྟེ། །ཁ་ནས་ཁྲག་ནི་འཛག་པར་བསྒོམ། །སློབ་དཔོན་ལ་རྟག་སྡང་བ་དང༌། །གང་ཞིག་


DTG006_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་གནོད། །སེམས་ཅན་སྣ་ཚོགས་གསོད་པ་རྣམས། །ནག་པོ་ཆེན་པོས་ཟ་བར་བྱེད། །ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཧ་རི། ཨེ་ཥ་ཨ་པ་ཥྚི་མ་ཀཱ་ལོ་ཨཾ་ཨི་དཾ་རཏྣ་ཏྲ་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མི་ཀེ་ན་ཧཱུཾ་ཕཊ། ཧཱུཾ་ལས་བྱུང་ཞེས་བྱ་བ་ནི་ཧཱུཾ་ཡོངས་སུ་གྱུར་པ་ལས་བསྐྱེད་པའོ། །རྟག་ཏུ་ཞེ་སྡང་ཕ་རོལ་སོན། །ཞེས་བྱ་བ་ནི་གཉིས་སུ་ཟད་པའི་མཐར་ཐུག་པའོ། །སེམས་ནི་ནང་དུ་ཁྲོས་པ་སྟེ། །ཞེས་བྱ་བ་ནི་ཁྲོས་པས་ཁེངས་པའི་ཡིད་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ནམཿ་ས་མནྟ་ཞེས་བྱ་བ་ནོ་སྒོ་ཀུན་ནས་ཕྱག་འཚལ་བ་སྟེ་དབྱེ་བ་མེད་དོ། །ཙནྡན་ཞེས་བྱ་བ་ལ་སོགས་པ་ལ། ཙནྡྷ་མནྡྷ་ལ་ཞེས་བྱ་བ་ནི། གཤིན་རྗེ་དང་སྲིན་མོ་ལ་སོགས་པའོ། །ཨོཾ་ཀྵེ་པ་ཞེས་བྱ་བ་ནི་ཁྱད་དུ་གསོད་པའོ། །དེ་བྱེད་པས་ནི་ཙནྡྷ་མནྡྷ་ལ་ཀྵེ་པ་བྱེད་པའོ། །ཧཱུཾ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པས་སྟོང་པའི་སྒྲའི་རྐྱེན་མེད་པའི་ཡིད་དོ། །ཕཊ་ཅེས་བྱ་བ་ནི་གདུག་པ་རྣམས་ལྟུང་བར་བྱེད་པའོ། །མི་མོའི་པདྨ་གས་ཆག་མེད། །ཅེས་བྱ་བ་ནི་མི་མོའི་ཉེ་བར་མཚོན་པ་སྟེ། སྐྱེས་པ་ཡི་ཡང་གཟུང་བར་བྱའོ། །པདྨ་ནི་ཐོང་བའོ། །གས་ཆག་མེད་པ་ནི་ཟག་རྡོལ་མེད་པའོ། །དེ་ལྟར་ཡང་གསུངས་པ། ཟླ་བ་གླང་གདོང་པདྨ་འདྲ། །གཞན་ཡང་གསེར་གྱི་སྒོ་དང་ལྡན། །བྲམ་ཟེ་ལ་སོགས་ཐོད་པ་དང༌། །སྨད་པའི་རིགས་བྱུང་ཐོད་པ་དང༌། །དུམ་བུ་གཅིག་དང་ལྡན་པ་ཡི། །མི་ཡི་ཐོད་པས་ཤེས་པར་བྱའོ། །རྣ་ལྷག་གི་ནི་པུ་ག་དང༌། །ལྟག་པ་ཡི་ནི་བུ་གར་ལྡན། །མི་མོའི་མཛེས་ཤིང་གས་ཆག་མེད། །ཡེ་ཤེས་ཅན་གྱིས་ཤེས་པར་བྱ། །དཔྲལ་པའམ་རྣ་བའི་སྟེང་དུ་ནི། །མུ་ཏིག་ཕྲེང་བའི་རི་མོ་ཡོད། །དུམ་གཅིག་དུམ་གཉིས་དུམ་གསུམ་བཞི། །བཅུ་གཉིས་པ་དང་བཅུ་དྲུག་པར། །དེ་བཞིན་དུ་ནི་གས་ཆག་མེད། ཟླ་བ་ལྟ་བུར་ཤེས་པར་བྱ། །ཅུང་ཟད་རིང་ཞིང་ཤིན་ཏུ་མཛེས། །དམར་ཞིང་སེར་བ་བ་ལང་གདོང༌། །པདྨ་འདྲ་བ་པདྨ་སྟེ། །དམར་སེར་དང་ནི་དཀར་པོ་ཡིན། །ཐོད་པ་དེ་དག་བསྔགས་པ་སྟེ། །དེ་ལས་ལྷག་མ་སྤང་བར་བྱ། །


DTG006_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གས་དང་ཟག་པ་ལ་སོགས་པའི། །ཐོད་པ་ཤིན་ཏུ་གཟུང་མིན་ཡིན། །རིག་མ་བཞི་ཡི་རབ་སྦྱོར་གྱིས། །ཞེས་བྱ་བ་ལ་རབ་ཏུ་སྦྱོར་བ་ནི་དགུག་པ་ལ་སོགས་པའི་ལས་སོ། །རིག་མ་བཞི་ལས་དེ་དག་ལ། །རིམ་བཞིན་དུ་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དགུག་པ་ལ་སོགས་པ་བྱའོ། །སངས་རྒྱས་ཀུན་གྱིས་དགང་བར་བྱ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ལྷའི་རང་བཞིན་གྱི་ཞལ་གྱིས་བཀང་སྟེ་སངས་རྒྱས་ཀྱི་རྡུལ་ཕྲ་རབ་ཀྱིས་སོ། །ཡང་ན། །རིག་པ་བཞི་ཡིར་བ་སྦྱོར་གྱིས། །ཞེས་བྱ་བ་ནི། སྙིང་ག་རྡོ་རྗེ་ལྕགས་ཀྱུས་དབུག་པ་དང༌། མགྲིན་པ་ཞགས་པས་བཅིངས་ནས་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་བཀུག་ལ་སྤྱི་བོར་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་ཁྲུས་གསོལ་བའོ། །རྐང་རྗེས་ནི་སྙིང་གའི་ས་བོན་ནོ། །རྡུལ་ནི་དེའི་འོད་ཟེར་རོ། །ཆོ་ག་ནི་དེ་ལས་སྤྲོས་པའི་ལྕགས་ཀྱུ་དང༌། ཞགས་པ་ཐོགས་པའི་ལྷའོ། །ཡང་ན་རྐང་རྗེས་ཀྱི་རྡུལ་ནི་རྐང་པ་པོར་བའི་སའོ། །ཆོ་ག་ནི་ཆུ་འགྲམ་གཉིས་ཀྱིས་དང༌། རྐང་རྗེས་ཀྱི་རྡུལ་བསྲེས་པའི་ས་ལས་གཟུགས་བརྙན་བྱ་བའོ། །རྐང་པས་མནན་ཏེ་བཟླས་པ་བྱ། །ཞེས་བྱ་བ་ལ། བུ་མོ་དགུག་པ་ལ་ནི་གཡོན་བརྐྱང་བས་མནན་པར་བྱས་ལ། སྐྱེས་པ་ལ་ནི་གཡས་བརྐྱང་བས་གནན་པར་བྱ་སྟེ། སྔགས་ཐོད་པ་ལ་བྲིས་ལ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་དོ། །བཟླས་པ་ཞེས་བྱ་བ་ནི་བསྐུལ་ཚིག་དང་བཅས་པའི་སྔགས་འདོན་པའོ། །འདིའི་བསྡུས་བའི་དོན་ནི་འདི་ཡིན་ཏེ། བུད་མེད་འགུགས་པར་འདོད་པས་བུ་མོའི་ཐོད་པ་མཚན་དང་ལྡན་པ་བླངས་ལ་གུར་ཀུམ་དང་གོ་རོ་ཙ་ན་དང༌། སྲིན་ལག་གི་ཁྲག་གིས་ཐོད་པའི་རྒྱབ་ཏུ་ལྟེ་བ་དང་བཅས་པའི་པདྨ་འདབ་མ་བརྒྱད་བྲིས་ལ་ལྟེ་བར་བསྒྲུབ་བྱ་སྤྱན་མ་ལ་སོགས་པའི་གཟུགས་སུ་བྲིས་ནས་དེའི་སྙིང་གར་ཕྲེང་བའི་སྔགས་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿ་ཞེས་བྱ་བ་མཐར་ཐུག་པ་བྲི་བའམ། ཡང་ན་པདྨའི་ལྟེ་བར་རྐང་རྗེས་ཀྱི་རྡུལ་ལས་བྱུང་བའི་གཟུགས་བརྙན་གྱི་སྙིང་གར་གྲོ་ག་ལ་སོགས་པ་ལ་བྲིས་པའི་སྔགས་བཅུག་ནས་རྐང་མཐིལ་དུ་ཧཱུཾ་ལས་


DTG006_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་རྡོ་རྗེ་ལྕགས་ཀྱུས་མཚན་པས་གཟུགས་བརྙན་གྱི་སྙིང་ག་རྐང་པ་གཡོན་བརྐྱང་བ་ལྕགས་ཀྱུའི་ཚུལ་ཅན་གྱིས་མནན་ནས་ཕྲེང་སྔགས་བསྐུལ་ཚིག་དང་བཅས་པ་བཟླས་པས་བསྒྲུབ་པར་བྱའོ། །བསྒྲུབ་བྱ་ཡང་ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཛེ་འོད་ཀྱིས་བླངས་ནས་བསྐྱོན་ཏེ། དེས་བསྐུལ་བཞིན་པ་རང་གི་སྙིང་གནས་ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་ཁྲོ་བོ་སྤྲོས་ནས་དེ་ལ་བཀའ་བསྒོ་སྟེ་ཞེས་ཇི་ལྟ་བ་བཞིན་དུ་དྲངས་ཏེ། རླུང་གིས་བཏེག་ནས་འོངས་པ་དང༌། ཁྲོ་བོ་ལ་སོགས་པ་དེ་དག་ལ་ཙནྡན་གྱི་ཆུའི་ཨརྒྷ་ལ་སོགས་པ་སྦྱིན་པར་བྱ་སྟེ། དེས་གནོད་སྦྱིན་མོ་དང་མི་མོ་ལ་སོགས་པ་འགུག་པར་འགྱུར་རོ། །སྐྱེས་པ་དགུག་པ་ལ་ནི་སྐྱེས་པའི་ཐོད་པ་དང༌། གཡས་བརྐྱང་པས་ནན་པར་བྱའོ། །སྐུ་གསུམ་སྐྱེ་གནས་བསྒོམས་པ་ཡིས། །ཞེས་བྱ་བ་ནི། གདན་དང༌། ས་བོན་དང༌། མཚན་མ་རྣམས་ཀྱིས་ལྷའི་གཟུགས་བསྐྱེད་པར་བྱའོ། །སི་ཏ་དཎྚ་ཞེས་བྱ་བ་ནི་རྡོ་རྗེ་བྱུག་པ་དཀར་པོ་དང་པདྨ་ཐོགས་པའོ། །བི་བི་ད་སུ་ར་ཨ་སུ་ར་མཱ་རྡ་ཡ་ཏི་ཞེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་སྣ་ཚོགས་འཇོམས་པའོ། །བྷུ་ད་ནི་རྨ་ཐེ་ཞེས་བྱ་བ་ནི་འབྱུང་པོ་དང་ཡི་དགས་དང་ཤ་ཟ་དང་གནོད་སྦྱིན་ལ་སོགས་པ་རྣམས་གཏོགས་པར་བྱེད་པའོ། །ལྷག་མ་གོང་བཞིན་ནོ། །འབྱུང་པོ་ཡི་དགས་ཤ་ཟ་དང༌། །མཁའ་འགྲོ་མ་ཡིས་འཁྲུགས་ནས་སུ། །རྒྱས་བཏབ་ཧཱུཾ་གིས་བསྒྱིངས་པར་བྱ། །ཞེས་བྱ་བས་འབྱུང་པོ་ལ་སོགས་པ་ཟིན་ཅིང་རྒྱས་བཏབ་པ་ལ་ཧཱུཾ་ཞེས་འདོན་ཅིང་ཁྲོ་བོ་དང་བཅས་པའི་ཁྲོ་གཉེར་བསྐོར་བ་སྨིན་མ་བཙུམས་པ་དང་བཅས་པས་བསྒྱིངས་ཤིང་བལྟའོ། །རྡོ་རྗེས་གཟིར་བས་བདེ་བར་འགྱུར། །ཞེས་བྱ་བ་ལ། རྡོ་རྗེས་གཟིར་བ་ཞེས་བྱ་བ་ནི་རྣལ་འབྱོར་མའི་ལག་པ་གཉིས་དང༌། རྐང་མཐིལ་གཉིས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ། དྲིལ་ཞིང་མཉེ་བ་དང༌། ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་འབར་བསྐྱེད་པའི་ཡུངས་ཀར་གྱིས་བརྡེག་པའོ། །བདེ་བར་འགྱུར་ཞེས་བྱ་བ་ནི་སྔ་མ་བཞིན་དུ་འགྱུར་བའོ། །འདིའི་དོན་ཡང་གཞན་གྱིས་མི་ཐུབ་པའི་རྣལ་འབྱོར་ལ་གནས་ཏེ། བསྲུང་བ་བྱས་ནས་ལག་མཐིལ་


DTG006_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་རྐང་མཐིལ་གཉིས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསམས་ལ་ཡིད་ཀྱིས་བསྒྲུབ་བྱའི་ལུས་ལས་སྲིན་པོ་ལ་སོགས་ཡིད་ཀྱིས་དྲངས་ནས་ལག་པའི་བར་དུ་མ་ཉེ་ཞིང་རྡོ་རྗེ་འབར་བས་བསྲེགས་ལ། ཡང་རྐང་པའི་འགོ་ཏུ་བཅུག་སྟེ། མཉེ་ཞིང་ཚིག་པར་བསྒོམས་ནས། ཨ་མུ་ཀ་རཱ་ཀྵ་ས་ཡ་ཏེ་བྷྱོ་མོ་ཛ་ཡེད་ཅེས་བསྐུལ་ཚིག་དང་བཅས་པར་སྔགས་བཟླས་པའམ། །ཡང་ན་བསྒྲུབ་བྱའི་ལུས་ཀྱི་སྟེང་དུ་གནས་ཏེ། སྲིན་པོ་ལ་སོགས་པ་དེ་དག་ཉིད་ཡིན་པར་དམིགས་ནས་བཅིང་བར་བྱས་ན། བསྒྲུབ་བྱ་དབུགས་ཆད་པར་འགྱུར་བར་བསམས་ཏེ། དེ་ནས་བསྒྲུབ་བྱའི་རྩིབ་ལོགས་གཉིས་སུ་རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་གཟིར་ལ་བསྒྲུབ་བྱའི་སྙིང་ག་དང་མགྲིན་པར་ཡང་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེ་འབར་བས་བསྲེག་ཅིང༌། ཡུངས་ཀར་གྱི་རྒྱལ་པོ་ཧཱུཾ་གིས་རྡོ་རྗེ་འབར་བར་བསྐྱེད་ལ། སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་དེའི་འོག་ཏུ་ཡུངས་ཀར་རེ་རེ་ལ་སྔགས་ལན་རེ་བཟླས་པས་བསྣུན་པས་ཕྱེ་མར་གྱུར་པར་བལྟའོ། །དེས་ནི་སྲིན་པོ་ལ་སོགས་པ་སྙིང་རྗེ་དང་བཅས་ཤིང་གདུང་བར་འགྱུར་ཏེ། ཇི་སྲིད་དུ་ཤིང་གི་ཡལ་ག་ཆག་པར་གྱུར་པའི་མནའ་བོར་ན་གཏང་བར་བྱ་བ་ཡིན་ནོ། །ཡང་ན་རྡོ་རྗེས་གཟིར་བ་ཞེས་བྱ་བ་ནི། སྲིན་པོ་ལ་སོགས་པ་གཟུང་བར་བྱ་བ་སྟེ། གདུལ་བྱ་རྣམས་འདུན་པར་བྱ་བའི་ཕྱིར་སྲིན་པོ་ལ་སོགས་པ་གཟུང་བས་ཚར་བཅད་པའོ། །བདེ་བར་འགྱུར་ཞེས་བྱ་བ་ནི། ཚར་བཅད་ནས་བྱང་ཆུབ་ཀྱི་ལམ་དུ་བཅུག་པ་སྟེ། ལྟུང་བའི་གནས་ནས་བསླང་བར་བྱའོ། །རྡོ་རྗེ་རིམ་པ་ཡང་འདི་ཡིན་ཏེ། བདག་ཉིད་གཞན་གྱིས་མི་ཐུབ་པའི་རྣལ་འབྱོར་དུ་གནས་ལ། ཟླ་བ་མར་ངོའི་ཚེས་དང་སྐར་མ་དྲག་པོ་ལ་མདུང་གིས་གསོད་པ་དང༌། བསྒགས་ནས་གསད་པའམ། མཚོན་གྱིས་གསད་པ་གཞན་ཡང་རུང་སྟེ། དེའི་ཐོད་པ་བླངས་ཏེ། དུར་ཁྲོད་ཀྱི་སོལ་བས་ཧཱུཾ་ལས་བསྐྱེད་པའི་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ་སྐྲ་གྱེན་དུ་བརྫེས་ཤིང་ཐོད་པས་བཅིངས་ལ་ལག་པ་གཡས་པ་རོ་ལངས་ཀྱི་ཟངས་གྲི་འཕྱར་ཞིང་གཡོན་པ་སྡིགས་མཛུབ་བྱེད་པའི་གདོན་བྲིས་ལ་དེའི་སྙིང་གར་དུག་དང་རུས་ཕྱེ་དང༌། མཛུབ་མོའི་


DTG006_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཏུ་བཅས་པས་ཆེ་གེ་མོ་གྲྀ་ཧྞེ་ཞེས་བྱ་བའི་བསྐུལ་བའི་ཚེག་བཅས་པའི་སྔགས་བྲིས་ལ། ཡང་ཐོད་པ་གཉིས་པ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་དུར་ཁྲོད་ཀྱི་ཐལ་བ་དང༌། སོལ་བར་བཅས་པའི་རྡོ་རྗེའི་ཆུས་སྤྲུས་ལ། གཟུགས་བརྙན་ཏེ་ད་ལའི་འདབ་མ་ལ་དུག་དང་མཛུབ་མོའི་ཁྲག་ཏུ་བཅས་པས་བསྐུལ་ཚིག་དང་བཅས་པའི་སྔགས་བྲིས་ལ་སྙིང་གར་བཅུག་ནས་དུག་དང་ལན་ཚྭ་དང་སྐྱེ་ཚེས་བྱུག་གོ །དེ་ནས་གཉི་ག་ཡང་དགུག་པ་ལ་སོགས་པ་བྱས་ནས་གདོན་གྱི་ཐོད་པ་སྟེང་དུ་གདོན་ཞིང་ཁ་སྦྱར་ལ་དུར་ཁྲོད་ལ་སོགས་པའི་གནས་སུ་དེས་དེ་གཟུང་བར་བསམས་ཏེ། མཚན་ཕྱེད་ན་རྟོག་པས་མནན་ལ་བས་ཀྱིས་པ་དང་བཅས་པས་སྔགས་བཟླས་ན་གདོན་མི་ཟ་བར་གདོན་གྱིས་ཟིན་པར་འགྱུར་རོ། །རིམས་ལ་སོགས་པས་འཛིན་པའི་ཆོ་ག་ཡང་དེ་ཉིད་དོ། ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་མཛོད་ཅིག་མཛོད་ཅིག་པའོ། །མ་ཧཱ་པདྨ་ཞེས་བྱ་བ་ནི་དྲན་པ་རྣམ་པར་དག་པ་ཡིན་པའི་ཕྱིར་ན་པདྨ་འདྲ་བར་ཉེས་པས་མ་གོས་པའོ། །ཨ་མྲྀ་ཏཾ་གུ་རུ་ཞེས་བྱ་བ་ནི་གཅིག་དང་དུ་མ་བྲལ་བའི་ཕྱིར་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉམས་སུ་བླང་བའོ། །བི་ཤ་ན་ཨ་ཞེས་བྱ་བ་ནི་བི་ཤ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ཨ་ལ་ལ་ཞེས་བྱ་བ་ནི་རང་བཞིན་གྱིས་སྐྱེ་བ་མེད་པ་སྟེ་ངེས་ན་དངོས་པོ་རྣམ་པར་རྟོག་པ་ཉིད་ཀྱིས་བཅོམ་པ་ཉིད་དུ་སྟོན་ཏོ། །དུག་ཆེན་པོ་ནི་འགུགས་པར་བྱེད། །ཅེས་པ་ནི། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་ཁམས་གསུམ་ན་གནས་པའི་དུག་རྣམས་འགུགས་པའི་ཕྱིར་རོ། །དེ་བཞིན་བརྒྱལ་ལས་སློང་པར་བྱེད། །ཅེས་བྱ་བ་ནི་བྱ་ཁྱུང་གི་བསྟན་བཅོས་ལས་འབྱུང་བ་བཞིན་སྲོག་དང་དྲན་པ་ཉམས་པ་རྣམས་སད་པར་བྱེད་པ་སྟེ། དེ་ཡང་རྟག་མགྲིན་གྱི་རྣལ་འབྱོར་བྱ་ཁུང་གི་རྒྱབ་ཏུ་ཉི་མ་ལ་གནས་པ་བསྒོམ་ལ་བསྒྲུབ་བྱའི་སྙིང་གར་ཧཱུཾ་ལས་བྱུང་བའི་ཉི་མ་ལ་ཡི་གེ་ཧཱུཾ་བཀོད་དེ། དུག་ལྡང་བར་བྱ་བའི་ཕྱིར་ཧཱུཾ་གི་འོད་ཟེར་གྱིས་ཡན་ལག་ཀུན་ལ་གནས་པའི་དུག་འབར་བར་བྱའོ། །དེ་ནས་ལག་པ་གཡོན་པའི་མཐིལ་དུ་པཾ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་བསམས་ལ། དེར་ཧཱུཾ་དཀར་པོ་འོད་དང་བཅས་ཤིང་བདུད་རྩི་འཛག་པར་དགོད་པ་


DTG006_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འམ། ཡང་ན་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧའམ། ཨོཾ་ཧྲཱིཿ་ཧ་ཧཱུཾ་ཛ་ཕུཿ་ཞེས་བྱ་བ་དྲུག་བཀོད་ཀྱང་རུང་སྟེ། ལག་པ་དེས་མགོ་བོ་ནས་བརྩམས་ནས་རྐང་པའི་བར་དུ་བྱས་ལ། ཡི་གེའི་འོད་ཀྱི་བདུད་རྩིའི་རྒྱུན་གྱིས་ཡན་ལག་ཀུན་གྱི་དུག་དྲངས་ནས་རྐང་པའི་རྩེ་མོ་ནས་མདོག་ནག་པོ་དྲངས་པར་བསྒོམས་ལ། སྔགས་ཀྱི་ཕྲེང་བ་བཟླ་ཞིང་སྔགས་ཀྱི་འོད་ཟེར་དཀར་པོས་ལུས་ཐམས་ཅད་དག་པར་བྱའོ། །ཡང་ན་བསྒྲུབ་བྱའི་མགོར་ཧྲཱིཿ་དཀར་པོ་བཀོད་ལ། དེའི་བདུད་རྩིའི་རྒྱུན་གྱིས་སྔ་མ་བཞིན་དུག་རྣམས་རྐང་པའི་རྩེ་མོ་ནས་མར་གཟིགས་ལ་བསྒྲུབ་བྱའི་ལུས་ཁ་དོག་དཀར་པོར་བསམས་ལ་ཡང་དང་ཡང་དུ་བྱས་ལ་ཕྲེང་བའི་སྔགས་བཟླའོ། །གཉི་ག་ལྟར་ན་ཡང་ངེས་པར་དུག་མེད་པར་འགྱུར་རོ། །ཡང་སྤང་ལེབ་དཀར་པོ་དང་བསྒྲུབ་བྱའི་མིང་གི་ཡི་གེ་རེ་རེ་ཧཾ་དང་སྤེལ་ལ་དཀར་པོར་བྲིས་ན་སྦྱོར་བ་དེ་ཉིད་ཀྱིས་ཕྲེང་བའི་སྔགས་བཟླས་པའམ། བསྒྲུབ་བྱའི་གཟུགས་བྲིས་ལ་ཡང་སྤྱི་བོར་ཧྲཱིཿ་དཀར་པོ་བཀོད་དེ། དེའི་བདུད་རྩིའི་རྒྱུན་གྱིས་དུག་གི་མདོག་ནག་པོ་བཀྲུས་པར་བསམས་ནས། །ཡང་དུག་མེད་པར་འགྱུར་རོ། །ཡང་ན་དུག་གིས་ཟིན་པའི་མིང་དང༌། བསྒྲུབ་བྱའི་མིང་དུ་ཡི་གེ་རེ་རེ་ཞིང་སྤེལ་པ་དེ་སྤང་ལེབ་ལ་བྲིས་ལ། ཡི་གེ་ཐ་དང་ཨོཾ་གྱིས་བསྐོར་ཏེ་ཧ་དང་མིའི་ས་བོན་གྱིས་ཆོ་ག་བཞིན་དུ་སྦྱར་ན་དུ་བའི་མདོག་ལྟ་བུས་འདྲེན་པར་བྱེད་དོ། །དཀར་པོས་ནི་ཉེ་བར་ཞི་བར་འགྱུར་རོ། །སེར་པོས་ནི་འཆིང་བར་བྱེད་དོ། །བཛྲ་སནྡོ་ཧ་བར་པ་ཡ་ཞེས་བྱ་བས་ནི། བཛྲ་ནི་ཁྲོས་པའོ། །སནྡོ་ཧ་ནི་ཚོགས་སོ། །དར་པ་ཡ་ནི་དྲེགས་པའོ། །ཨ་མྲྀ་ཏ་ཀུཎྜ་ལི་ཞེས་བྱ་བ་ནི་བདེ་བའོ། །རླུང་སྤུར་ཞེས་བྱ་བ་ནི་རླུང་གིས་སྤུར་ཞིང་ཁྱེར་བའོ། །བསྒྲུབ་བྱའི་མིང་ནི་བཟུང་ནས་སུ། །ཞེས་བྱ་བ་ནི་མིང་དང་སྤེལ་བའི་སྔགས་བྲི་བའོ། །ཚོགས་བདག་རྐང་པའི་འོག་ཏུ་དགོད། །ཅེས་བྱ་བ་ལ་ཚོགས་བདག་ནི་ཨ་མྲྀ་ཏ་ཀུཎྜ་ལི་ཞེས་བྱ་བའི་ཚིག་གོ །རྐང་པའི་འོག་ཏུ་དགོད་ཅེས་བྱ་བ་ནི་རྐང་པའི་མཐིལ་དུ་བྲི་བའམ་ཚིག་གི་མཐར་བཟླ་བའོ། །ཧཱུཾ་དང་ཕཊ་ཀྱིས་བསྒྱིངས་པར་བྱ། །ཞེས་བྱ་བ་ནི་གསང་མཐོན་པོར་བཟླ་བའོ། །ཧཱུཾ་གིས་བདུད་རྩིའི་ཏིང་


DTG006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བྱ། །ཞེས་བྱ་བ་ནི་ཧཱུཾ་གིས་བསྐྱེད་པའི་བདུད་རྩི་འཁྱིལ་པར་བསྒོམ་པའོ། །ཁྲོ་བོའི་སྔགས་ཀྱི་རབ་སྦྱོར་གྱིས། །ཞེས་བྱ་བ་ནི། རབ་ཏུ་སྦྱོར་བ་ནི་འདི་ཡིན་ཏེ། ཕ་མེས་ཀྱི་ནགས་སུ་སོང་ཞིང་སྨྱོ་བྱེད་བསྲེགས་པའི་སོལ་བ་དང༌། བ་བླ་དང་དུག་དང་ནི་པའི་ལོ་མའི་ཁུ་བ་དང་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་དུ་བསྲེས་ཏེ་རླུང་གི་སྦུར་བའི་གོས་ལ་སོགས་པ་ལ་བྱ་རོག་ཆེན་པོའི་སྒྲོ་རྩའི་སྨྱུ་གུས་རླུང་གི་དཀྱིལ་འཁོར་ལ་གནས་པའི་རལ་གྲིའི་འཁོར་ལོ་ལྟེ་བ་ཡངས་པར་བྲིས་ལ། ལྟེ་བར་བསྒྲུབ་བྱའི་གཟུགས་བྲིས་ཏེ། །དེའི་སྙིང་གར་མིང་དང་སྤེལ་བའི་སྔགས་ཀྱི་ཕྲེང་བ་བྲིས་ནས། རྫ་མཁན་གྱི་འཁོར་ལོ་ལས་བྱུང་བའི་འཇིམ་པ་དང་རྐང་རྗེས་ཀྱི་རྡུལ། ལམ་གྱི་བཞི་མདོའི་ས་རྣམས་ལས་གཟུགས་བརྙན་བྱས་ལ། རས་མ་སྙིང་གར་བཅུག་སྟེ། ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་ནས། དགུག་པ་སྔོན་དུ་འགྲོ་བས། ནམཿ་ས་མནྟ་བུདྡྷ་བྷྱོ་ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾ་ཥྚྲོ་ད་ཀ་ཊ་བྷཻ་ར་པཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཨ་མུ་ཀཾ་ཨུཙྪ་ཏ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་ཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། མ་མོའི་ཁྱིམ་མམ་ལམ་གྱི་བཞི་མདོ་འམ་དུར་ཁྲོད་དུ་སྦའོ། །བསྒྲུབ་བྱ་རླུང་གིས་བཏེག་པའི་རྔ་མོ་ལ་བསྐྱོན་ཏེ། ལག་ན་དབྱུག་པ་ཐོགས་པའི་ཁྲོ་བོ་དྲག་པོས་བརྡེག་ཅིང་ལྷོ་ཕྱོགས་སུ་ཁྲིད་པར་བསམས་ན་གདོན་མི་ཟ་བར་འཁྲིད་པར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ཡ་མ་དཎྜ་ཞེས་བྱ་བ་ལ། ཡ་མ་ནི་གཤིན་རྗེ་ལ་སོགས་པའོ། །དཎྜ་ནི་དེ་རྣམས་གསོད་ཅིང་ཆད་པ་གཅོད་པའོ། །ནཱི་ལ་ཡ་ཞེས་བྱ་བ་ནི་ལུས་ཀྱི་ཁ་དོག་གོ །ནཱི་ལ་དཎྜ་ཡ་ཞེས་བྱ་བ་ནི་དབྱུག་པའི་ཁ་དོག་སྟེ། མིང་ནས་བོད་པའོ། །ཏུ་རུ་ཏུ་རུ་ཞེས་བྱ་བ་ནི་རིངས་པ་རིངས་པར་རོ། །མུ་རུ་མུ་རུ་ཞེས་བྱ་བ་ནི་མཛོད་ཅིག་མཛོད་ཅིག་པའོ། །སརྦ་དུཥྚཱན་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སྡང་བ་རྣམས་སོ། །སྦྱོར་བའི་ཚོགས་བསྒྲུབ་པར་བྱ་བ་ལ། སྦྱོར་བའི་ཆོ་ག་ནི་འདི་ཡིན་ཏེ། འཕགས་པ་དབྱུག་སྔོན་གྱི་རྣལ་འབྱོར་དང་ལྡན་པས་དུར་ཁྲོད་ཀྱི་སོལ་བ་དང༌། གྲོག་མཁར་གྱི་ས་དང༌། ཕུབ་མ་དང༌། ཤ་ཆེན་དང་རྐང་རྗེས་ཀྱི་རྡུལ་རྣམས་ལས་གཟུགས་བརྙན་བྱས་ལ་དུག་དང་ཁྲག་དང་རམས་དང་བཅས་པའི་ཚ་བ་གསུམ་དང་


DTG006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ནིམ་པའི་ལོ་མའི་ཁུ་བས། དུར་ཁྲོད་ཀྱི་རས་ལ་མི་རུས་ཀྱི་སྨྱུ་གུས། སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་བའི་ཕྲེང་སྔགས་བྲིས་ནས་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ། དགུག་པ་སྔོན་དུ་འགྲོ་བས་ཐོད་པ་གཉིས་ཀྱི་ནང་དུ་བཅུག་ལ། དེ་གསོད་བྱེད་ཀྱི་ཁྲོ་བོ་གཏུམ་པོར་བདག་ཉིད་བསྒོམས་ནས་མཚན་ཕྱེད་དམ་ཉི་མའི་གུང་ལ་རྐང་པའི་རུས་པ་དང་ནིམ་པའི་ལོ་མའི་ཁར་བསྡད་ཅིང༌། རྡོག་པ་གཡོན་པས་མནན་ལ། ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བྱ་བ་དང་སྤེལ་བའི་ཕྲེང་སྔགས་ཁྲོ་བོའི་ཚིག་གིས་བཟླས་ན་ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །དེས་ཀྱང་མ་གྲུབ་ན་དུར་ཁྲོད་དུ་སོང་སྟེ་ནིམ་པའི་ཤིང་ལ་མེ་སྦར་ལ། དེའི་དབུས་སུ་ཁྲོ་བོའི་རྒྱལ་པོ་སྤྱན་དྲངས་ཏ། ཞལ་ཤིན་ཏུ་གདངས་པར་བསམས་ཏེ། མཚོན་རྣོན་པོས་གཟུགས་བརྙན་གྱི་རྐང་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ཏེ། གཏུབས་ནས་བསྐུལ་བའི་ཚིག་དང་བཅས་པའི་ཕྲེང་སྔགས་ཟློས་ཤིང་ཤིན་ཏུ་ཁྲོས་པས་སྦྱིན་སྲེག་ཏུ་ཕུལ་ན། གདོན་མི་ཟ་བར་དེའི་མཚན་མོ་འཆི་བར་འགྱུར་རོ། །ཨུ་ཙུསྨ་ཀྲོ་དྷ་རཱ་ཛ་ཞེས་བྱ་བ་ནི་མིང་སྟེ་ཤིན་ཏུ་གསལ་བའི་ལུས་དང་ལྡན་པའི་ཕྱིར་རོ། །ནམཿ་སརྦ་ནཱ་ག་ནཾ་ཞེས་བྱ་བ་ནི་མཐའ་ཡས་ལ་སོགས་པའི་ཀླུ་བརྒྱད་དོ། །ཧྲྀ་ད་ཡ་ཕྱི་ལ་ཏ་ཞེས་བྱ་བ་ནི་ཆར་དབབ་པའི་ཕྱིར་སྙིང་གཟེར་བའོ། །དེ་ལ་དབྱར་ཟླ་ཐ་ཆུངས་ལ་ནི་ཀརྐོ་ཊས་སོ། །སྟོན་ཟླ་ར་བ་ལ་ནི་ཤཾ་ཁ་པཱ་ལས་སོ། །སྟོན་ཟླ་འབྲིང་པོ་ལ་ནི་ཏཱཀྵ་ཀས་སོ། །སྟོན་ཟླ་ཐ་ཆུངས་ལ་ནི་བ་སུ་ཀས་སོ། །དེ་བཞིན་དུ་དཔྱིད་ཟླ་འབྲིང་པོ་ལ་སོགས་པ་རྣམས་ལ་ཡང་རིམ་བཞིན་དུ་ཆར་འབེབས་པར་ཤེས་པར་བྱའོ། །སྔར་བསྟན་མོད་ཀྱི་འདིར་བཤད་པར་བྱ་སྟེ། སྔར་བསྟན་པ་བཞིན་སྟོབས་པོ་ཆེའི་རྡོ་རྗེའི་ཏིང་ངེ་འཛིན་ཞལ་བཞི་ཕྱག་བརྒྱད་པའམ། ཞལ་གཅིག་ཕྱག་གཉིས་པ་སྟེ། དེ་ལ་གནས་ནས་ཁམ་ཕོར་སོ་མ་བཏང་བ་ལ་རམས་ཀྱི་ཁུ་བས་རལ་གྲི་ལྕེ་བརྒྱད་པའི་འཁོར་ལོའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཤུ་ལི་ནིའི་སྔགས་དང་སྤེལ་བའི་སྔགས་ཀླུ་རྣམས་ཀྱི་སྙིང་པོ་བྲིས་ནས། ཁམ་ཕོར་ཁ་སྦྱར་ཏེ། སྐུད་པ་


DTG006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོས་དཀྲིས་ལ་ཤུ་ལི་ནི་དང༌། ཀླུ་རྣམས་བཀུག་སྟེ་མཆོད་ནས་བཀའ་བསྒོ་བ་སྟེ། ཀླུ་རྣམས་བསྐུལ་བའི་ཁམ་ཕོར་ཁ་སྦྱར་ཏེ། ཀླུ་གནས་པའི་རྫིང་བུ་ལ་སོགས་པར་གཞུག་གོ །ཡང་ན་ཏ་ལའི་འདབ་མ་ལ་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པའི་སྔགས་ཀྱི་ཚིག་དང་བཅས་པ་སྣང༌། ཚས་བྲིས་ལ། དེ་ཉིད་མེ་ལྕེ་འབར་བ་དང་བསམས་ནས། དེ་ལས་གྱུར་པའི་ལྷ་མོ་རལ་གཅིག་མ་ཞལ་གཅིག་ཕྱག་གཉིས་པ་ཟངས་གྲི་དང་ཐོད་པ་བསྣམས་ཤིང་མདོག་སྔོ་བ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་ཐོད་པ་གསུམ་གྱིས་བཅིངས་པ་བསྒོམས་ལ། མཆོད་དེ་བཀའ་བསྒོ་བས་ཏ་ལའི་འདབ་མ་ཀླུའི་མཚོར་བོར་རོ། །དེ་ནས་དབེན་པའི་ས་གཞན་དུ་མེའི་དཀྱིལ་འཁོར་ལ་རླུང་གི་དཀྱིལ་འཁོར་དེའི་དབུས་སུ་ཆུའི་དཀྱིལ་འཁོར་ལ་པདྨ་འདབ་བརྒྱད་བྲིས་ལ། དེའི་ལྟེ་བར་ཆུའི་ལྟ་སྐུ་སྟོད་སྐྱེས་བུའི་གཟུགས་ཅན་གདེངས་ཀ་བདུན་དང་ལྡན་ཞིང་མདོག་དཀར་བ་ཕྱག་གཉིས་ན་སྤྲུལ་ཞགས་ཐོགས་པ་བྲིའོ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ནི་ཨ་ནནྟ་སྔོ་བསངས་དང༌། བ་སུ་ཀ་དཀར་པོ་དང༌། ཏཱཀྵ་ཀ་དམར་པོ་དང༌། ཀརྐོ་ཊ་སྔོན་པོའོ། །མ་དང་བདེན་བྲལ་གྱི་མཚམས་སུ་པདྨ་དང་པདྨ་ཆེན་པོ་སྐྱ་བོའོ། །རླུང་མཚམས་སུ་ནི་ཤཾ་ཁ་པཱ་ལ་སེར་པོའོ། །དབང་ལྡན་དུ་ནི་ཀུ་ལི་ཤཾ་སྣ་ཚོགས་ཀྱི་མདོག་གོ །དེ་ནས་ཀླུ་ཐམས་ཅད་ཡི་གེ་རྣམས་ལས་བསྐྱེད་པ་ལ་སོགས་པ་བྱས་ལ་བུ་རཾ་དང༌། འོ་མ་ལ་སོགས་པའི་ཀླུ་རྣམས་དགའ་བའི་ལྷ་བཤོས་ཡི་གེ་ཕུཿ་བཟླས་ལ་དབུལ་ཞིང༌། མེ་ཏོག་སྔོན་པོ་དང༌། དྲི་དང་བདེན་སྔོན་པོ་དབུལ་ཞིང༌། སྤོས་དང༌། རྒྱ་སྤོས་དང༌། ཀུན་དུ་རུ་དང༌། སེན་མོ་དང༌། ཡུངས་ཀར་དཀར་པོ་དང༌། ནཱ་ག་གེ་སར་རྣམས་ཀྱི་ཕྱེ་མའམ་ནཱ་ག་གེ་སར་རྣམས་ཀྱི་ཕྱི་མ་ཤ་ཀ་ར་དང་བཅས་པའི་འདུག་པ་དང༌། མར་ལས་བྱུང་བའི་མར་མེ་རྣམས་མངོན་པར་བསྔགས་ལ་དབུལ་ལོ། །དེ་བཞིན་དུ་བུམ་པ་སྔོན་པོ་ཆུ་སྔོན་པོས་བཀང་བ་ཡང་དབུལ་ཏེ། ཡི་གེ་ཕུཿ་དང་ནང་དུ་སྤེལ་བའི་སྔགས་ཀྱིས་དུག་ཅིང་བཅུག་ལ། ཨརྒྷ་སྦྱིན་པ་སྔོན་དུ་འགྲོ་བས་དེ་ལྟར་མཆོད་ནས། བཅོམ་ལྡན་འདས་ཀྱི་བཀས་ཀླུ་ཁྱེད་རྣམས་བདག་ལ་དགའ་


DTG006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཆར་ཕོབ་ཅིག་ཅེས་བརྗོད་ལ་ཀླུ་རྣམས་ནམ་མཁའ་ལ་ཆར་འབེབས་པར་བསམས་ནས། ཨོཾ་ཤུ་ལ་པཱ་ནི་བཪྵ་པ་ཡ་ཤཱི་གྷྲཾ་ཨོཾ་ཛྱོ་ཏི་ནིར་ན་ད་བཪྵ་པ་ཡ་ཤཱི་གྷཱཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་སྔགས་བཟླས་ན་འབབ་པར་འགྱུར་རོ། །དེ་ནས་ཀྱང་མི་འབབ་ན་ཧོམ་ཁུང་ཟླུམ་པོ་བྱས་ལ། དེ་ཉིད་དུ་ཀླུའི་དཀྱིལ་འཁོར་བྲིས་ཏེ། སྤྱན་དྲངས་ལ་ཡི་གེ་ནཾ་ལྕེ་ལ་བསམས་ལ་ཨརྒྷ་ལ་སོགས་མཆོད་པ་སྔོན་དུ་འགྲོ་བས་བུ་རམ་དང་བཅས་པའི་མར་གྱི་དགང་བླུགས་གསུམ་ཕུལ་ལ་བུ་རམ་དང་བཅས་པའི་འོ་མ་ལ་སོགས་པའི་སྦྱིན་སྲེག་བླུགས་ཤིང༌། ཨོཾ་ཨ་ནན་ཞེས་བྱ་བས་བྱིན་གྱིས་བརླབས་པ་ཕུལ་ན་ཚིམ་ནས་ཆར་འབེབས་པར་འགྱུར་རོ། །དེ་ནས་ཡང་འབབ་པར་མ་གྱུར་ན། ཆད་པས་གཅད་པར་བྱ་སྟེ། རླུང་དང་མེ་ལ་སོགས་པའི་རིམ་གྱིས་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་སྟོབས་པོ་ཆེའི་ཏིང་ངེ་འཛིན་བྱ་ཁྱུང་གིས་ཀླུ་རྣམས་ཀྱི་མཇུག་མ་བརྫིས་པའི་སྟེང་དུ་མེ་དཔུང་འབར་བ་འདྲ་བའི་ཕྱག་བརྒྱད་ཀྱིས་ཀླུ་རྣམས་གཟིར་བར་བསྒོམས་ལ། ཨོཾ་ཞེས་བྱ་བ་དང་སྤེལ་བའི་ནང་དང་བཅས་པའི་སྔགས་འདི་ཉིད། བཪྵ་བ་མ་ཤཱིགྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པས་བསྒྱིངས་ཏེ་བཟླས་ཤིང་བསྡིགས་ན་ཀླུ་རྣམས་ཁྲོ་བོ་ལ་སྐྲག་ནས་མྱོས་བཞིན་དུ་ནམ་མཁའ་ལས་ཆར་འབེབས་པར་བསམས་ན་འབབ་པར་འགྱུར་རོ། །ཅི་སྟེ་དེས་འབབ་པར་མ་གྱུར་ན་དེའི་ཚེ་ཆུང་ངུ་དང་འབྲིང་པོ་དང༌། ཆེན་པོའི་བྱེ་བྲག་གིས་ཀླུ་རྣམས་ལ་མངོན་སྤྱོད་བྱ་སྟེ། དེའི་རིམ་པ་ཡང་འདི་ཡིན་ནོ། །མཚོན་གྱིས་གསང་པའི་རས་སམ་དུར་ཁྲོད་ཀྱི་རས་ལ་དུག་དང་སྐེ་ཚེ་དང༌། ལན་ཚྭ་དང༌། མར་ནག་དང༌། ཚ་བ་རྣམས་ཀྱིས་རལ་གྲིའི་འཁོར་ལོའི་ལྟེ་བ་ལ་པདྨ་འདབ་བརྒྱད་བྲིས་ཏེ། འདབ་མ་རྣམས་ལ་ཀླུ་རྣམས་ཀྱི་སྙིང་པོ་དང༌། ལྟེ་བར་པཾ་ཞེས་བྱ་བ་ཧཱུཾ་དང་སྤེལ་བ་བྲིས་ལ། ཆུ་འགྲམ་གཉིས་ཀྱིས་དང་དུར་ཁྲོད་ཀྱི་ས་དང་ཐལ་བ་དང་གྲོག་མཁར་གྱི་ས་དང༌། ཤིང་གཅིག་པའི་དྲུང་གི་ས་རྣམས་བཤད་གཅི་དང་བཅས་པ་རྣམས་ལས་ཀླུའི་གཟུགས་བརྙན་བྱས་ལ་སྙིང་གར་རས་མ་བཅུག་སྟེ། དགུག་པ་སྔོན་དུ་འགྲོ་བས་ཚ་བ་གསུམ་


DTG006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐེ་ཚེས་བྱུགས་ལ། ཧོམ་ཁུང་གྲུ་གསུམ་དུར་ཁྲོད་ཀྱི་ཤིང་བུ་ལ་མེ་སྦར་ཏེ། གཟུགས་བརྙན་མེ་ལ་གདུང་ཞིང་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབབ་པར་འགྱུར་ཏེ་ཆུང་ངུའོ། །འབྲིང་པོ་ནི་དེས་ཀྱང་མ་ཕེབས་ན། ས་གཞི་འདི་ཉིད་དུ་ཀླུའི་དཀྱིལ་འཁོར་བྲིས་ལ། གོས་སྔོན་པོ་དང་ཅོད་པན་སྔོན་པོ་བཅིངས་པའམ་གཅེར་བུ་ཡང་རུང་སྟེ། ཉི་མ་ལ་གནས་པའི་རྡོ་རྗེ་འབར་བས་མཚན་པའི་རྐང་པ་གཡོན་པས་གཟུགས་བརྙན་གན་རྐྱལ་དུ་བཞག་སྟེ་མནན་ལ་བསྒྱིངས་པ་དང་བཅས་པའི་ཕཊ་ཅེས་བྱ་བས་སྤྱི་བོར་དྲལ་ལ་ནམ་མཁའ་ལས་ཁྲག་གི་ཆར་འབབ་པར་བསམས་ནས་སྔ་མ་ལྟར་ནཾ་བརྒྱད་དང་སྤེལ་ཞིང༌། བཪྵ་བ་ཡ་ཤཱེགྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་སྔགས་བསྒྱིངས་ཤིང་ཁྲོ་བོའི་ཚིག་བཟླས་ནས་འབབ་པར་འགྱུར་རོ། །ཆེན་པོ་ནི་དེས་ཀྱང་འབབ་པར་མ་གྱུར་ན། དུག་དང་ལན་ཚྭ་དང༌། སྐེ་ཚེ་དང༌། ད་དུ་ར་རྣམས་ལས་ཀླུའི་གཟུགས་བརྙན་བྱས་ལ། སེང་ལྡེང་གི་ཕུར་བུ་སོར་དགུ་པ་སྙིང་གར་བཏབ་སྟེ། ཧོམ་ཁུང་གྲུ་གསུམ་པར་ཤན་པའི་མེའམ། དུར་ཁྲོད་ཀྱི་མེ་ཕུས་ཞེས་བྱ་བ་སྦར་ལ། མེའི་ནང་དུ་སྟོབས་པོ་ཆེ་སྤྱན་དྲངས་ཏེ་བསྒོམས་ནས། ལུས་བཤད་གཅིས་བྱུགས་ཤིང་ཁ་ལྷོར་བལྟས་ལ་སྟོབས་པོ་ཆེ་ཁྲོ་བོའི་ཞལ་གདངས་ཤིང་ལྕེ་ལ་ཧཱུཾ་གིས་བྱིན་གྱིས་བརླབས་ལ། གཟུགས་བརྙན་གྱི་འཇུག་མ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབས་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་ཞིང་སྔགས་ལུགས་ལས་བཟློག་སྟེ་བཟླས་ན་འབབ་པ། །ཅི་སྟེ་ལན་གསུམ་གྱིས་འབབ་པར་མ་གྱུར་ན་དེའི་ཚེ་སྟོབས་པོ་ཆེ་ཉིད་ཀྱིས་ཉེས་པ་དྲུག་དང༌། སྐེ་ཚེ་དང་ད་དུ་རར་བཅས་པ་ལས་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ་བཀུག་ནས་བདག་ཉིད་གནོད་མཛེས་སུ་བསྒོམས་ཏེ། ཉི་མ་ལ་གནས་པའི་རྡོ་རྗེས་མཚན་པའི་རྐང་པས་གཟུགས་བརྙན་གན་རྐྱལ་དུ་མནན་ཏེ། བཪྵ་པ་ལ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་ཧཱུཾ་བཞིའི་སྔགས་ལན་བཞི་ཁྲིར་བཟླས་ན། སྟོབས་པོ་ཆེས་ཆར་འབེབས་སུ་འཛུད་དོ། །དེས་ཀྱང་མ་ཕེབས་ན་དེའི་ཚེ་མངོན་སྤྱོད་ཀྱི་ཐབ་ཁུང་དུ་གནོད་མཛེས་རྒྱལ་པོ་སྤྱན་དྲངས་ཏེ། ཧཱུཾ་གིས་


DTG006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པའི་ཞལ་གདངས་པར་བདག་ཉིད་གནོད་མཛེས་སུ་བསྒོམས་ནས། གཟུགས་བརྙན་སྔ་མ་ཉིད་ཙྪིནྡ་ཙྪིནྡ་ཞེས་ཚིག་དང་བཅས་པའི་ཧཱུཾ་བཞི་པའི་སྔགས་ཀྱིས་གཏུབ་ཅིང་ལན་ཁྲིར་སྦྱིན་སྲེག་བྱས་ན་གདོན་མི་ཟ་བར་སྟོབས་པོ་ཆེ་ཉིད་ཀྱིས་ཆར་འབེབས་སོ་ཞེས་སྦྱོར་བ་ཐམས་ཅད་ལ་གྲགས་སོ། །ཆར་བབ་ནས་ཀླུ་རྣམས་དང་སྟོབས་པོ་ཆེ་དབུགས་དབྱུང་བའི་ཕྱིར། ཧོམ་ཁུང་དཀར་པོ་ཟླུམ་པོར་རྣམ་པར་སྣང་མཛད་ལ་སོགས་པའི་ཞལ་དུ་དེའི་སྔགས་ཉིད་ཀྱིས་མར་དང་འོ་མ་ལ་སོགས་པའི་སྦྱིན་སྲེག་ཁྲི་བྱས་ན་གདོན་མི་ཟ་བར་ཞི་བར་འགྱུར་རོ། །ཆར་ཤིན་ཏུ་ཆེས་པ་ལ་ནི་སྔར་བསྟན་པའི་མངོན་སྤྱོད་ཀྱི་ཐབ་ཁུང་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་རྙིང་པ་དང་རས་བལ་གྱི་སྦྱིན་སྲེག་ལན་བརྒྱ་ཕུལ་ན་འཆད་པར་འགྱུར་རོ། །ཨ་ཙ་ལི་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏོ། །ཀ་ན་ཞེས་བྱ་བ་ནི་དེ་ལ་བློས་བལྟ་བའོ། །ཙེ་ཏ་ཙེ་ཏ་ཞེས་བྱ་བ་ནི་ཕོ་ཉ་ལྟར་བཀའ་བསྒོ་བ་ཐམས་ཅད་འགུགས་པའི་ཕྱིར་རོ། །མོ་ཏ་མོ་ཏ་ཞེས་བྱ་བ་ནི་ལག་པའི་ཤུགས་ཀྱིས་རི་བོ་ཞེས་བྱ་བ་དང་སྦྱར་རོ། །ཏུ་ཏ་ཏུ་ཏ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བའི་མཚོན་ཆས་མ་རིག་པའི་སྐུད་པ་རིང་པོར་ཞེས་སྦྱར་རོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། སྐྱེས་པའི་ཐོད་པ་ལ་རྐང་པ་གཡས་པའི་མཛུབ་མོའི་ཁྲག་དང་ལན་ཚྭ་དང༌། མར་ནག་དང་ཚ་བ་རྣམ་པ་གསུམ་གྱིས་ལྷ་ཆེན་པོ་ལ་སོགས་པའི་ཆུང་མ་དང་བཅས་པའི་གཟུགས་བྲིས་ལ་རྡོ་རྗེ་མི་གཡོ་བའི་རྣལ་འབྱོར་གྱིས་དེ་ཉིད་ཀྱི་སྔགས་ཟློས་ཤིང་དགུག་པའོ། རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །སེང་གེས་བསྐྱོན་པའི་ཆོ་ག་བྱ། །ཞེས་བྱ་བ་ནི་ཡཾ་ལས་བསྐྱེད་པའི་རླུང་ལས་སིཾ་ལས་བསྐྱེད་པའི་སེང་གེའི་རྒྱབ་ཏུ་བསྐྱོན་ཏེ་ལྕགས་ཀྱུ་དང༌། ཞགས་པ་ཐོགས་པའི་ལྟས་དགུག་པར་བསམ་པའོ། །སུམྦྷ་ནི་སུམྦྷ་ཞེས་བྱ་བ་ནི་བོད་པ་སྟེ། སྒྲིབ་པ་ཐམས་ཅད་འཇོམས་པས་ནི་སུམྦྷའོ། །མ་ལུས་པར་འཇོམས་པས་ན་ནི་སུམྦྷའོ། །གྲྀཧྞ་གྲྀཧྞ་ཞེས་བྱ་བ་ནི་རང་གིས་ཟུང་ཤིག་པ། གྲྀཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཞེས་བྱ་བ་གཉིས་ནི་གཞན་འཛིན་དུ་ཆུག་ཤིག་པའོ། །ཨཱ་ན་ཡ་ཧའོ་ཞེས་བྱ་བ་ནི་དེ་ཉིད་ཁྲིད་ལ་ཤོག་ཤིག་པའོ། །ཧོ་ཞེས་བྱ་བ་ནི་གུས་པ་


DTG006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་བོད་པའོ། །ཧཱུཾ་ཕཊ་ཅེས་བྱ་བ་ནི་གསད་པའི་ཕྱིར་བོད་པའོ། །ཡང་ན་ཧཱུཾ་བཞིའི་བཀའ་བསྒོ་བའོ། །ཕཊ་ཅེས་བྱ་བ་ནི་འགོག་པར་བྱེད་པའོ། །ཊཀྐི་ཧཱུཾ་ཞེས་བྱ་བ་ལ་ཊཀྐི་ནི་འདོད་པའོ། །ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོའོ། །ཛཿ་ཞེས་བྱ་བ་ནི་འགུགས་པ་སྟེ། ཇི་སྐད་དུ་བདེ་མཆོག་བླ་མ་ལས། ཊཀྐི་རྟག་ཏུ་འདོད་པར་གསུངས། །ཧཱུཾ་ཞེས་བྱ་བ་ཁྲོ་བོར་བརྗོད། །ཛཿ་ནི་འདྲེན་པར་རབ་ཏུ་བཤད། །ཅེས་སོ། །ཨོཾ་སིཏྟ་པ་ཏྲ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །བི་མ་ལ་ཞེས་བྱ་བ་ནི་ཉོན་མོངས་པའི་མཚན་མའི་དྲི་མ་དང་བྲལ་བའོ། །ཤཾ་ཀར་ཞེས་བྱ་བ་ནི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགེ་བའི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །པྲ་ཏྱཾ་གི་ར་བཛྲ་ཞེས་བྱ་བ་ནི་ཚུལ་མ་ཡིན་པ་ཐམས་ཅད་རློག་པར་བྱེད་པའི་ཕྱིར་རོ། །ཙྪིནྡ་ཙྪིནྡ་ཞེས་བྱ་བ་ནི་གཞན་གྱི་སྔགས་དང་སྦྱར་རོ། །བྷིནྡ་བྷིནྡ་ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་དང་སྦྱར་རོ། །ཙི་རི་ཙི་རི་ཞེས་བྱ་བ་ནི་རྩ་བ་ལས་གསོད་པའི་དོན་རྣམས་དང་སྦྱར་རོ། །གི་རི་གི་རི་ནི་སློན་པར་བྱེད་པའོ། །མ་ར་མ་ར་ཞེས་བྱ་བ་ནི་མི་སྣང་བར་གྱིས་ཤིག་པ་སྟེ། གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱིས་བདུད་རྣམས་ནམ་མཁའ་དང་མཉམ་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ལ། ཡུལ་དང་ཡུལ་ཅན་མེད་པའི་ཕྱིར་ཧཱུཾ་བཅུ་སྨོས་སོ། །གནས་གསུམ་ལྟུང་བའི་ཕྱིར་ཕཊ་གསུམ་སྨོས་སོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་བདག་ཉིད་བསྲུངས་ན་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱིས་སྲུང་བའི་འཁོར་ལོའི་དབུས་སུ་གནས་ནས། རང་གི་སྙིང་གའི་འཁོར་ལོའི་ལྟེ་བར་ཧཱུཾ་གི་ཐིག་ལེ་རང་གི་གཟུགས་སམ་གཞན་བསམས་ནས་འཁོར་ལོ་གཡོན་དུ་བསྐོར་བར་བསམས་ན་བསྲུང་བར་འགྱུར་ཏེ། གཞན་ཡང་དེ་བཞིན་ནོ། །དཔུང་བར་རིག་པ་བཟུང་ནས་ནི། །ཞེས་བྱ་བ་འཁོར་ལོ་རྩིབས་བཅུ་པའི་རྩིབས་རྣམས་ལ། ཧཱུཾ་བྲིས་ཤིང་ལྟེ་བ་ལ་མིང་བྲིས་ནས་མུ་ཁྱུད་ལ་ཕྲེང་བའི་སྔགས་མན་ངག་ཇི་ལྟ་བ་བཞིན་བྲིས་ཏེ། དཔུང་པར་གདགས་པར་བྱའོ། །ཁྲོ་བོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་ཞེས་བྱ་བ་ནི་ངམ་པའི་དོན་ཏོ། །ཅི་ཞིག་ཅེ་ན། སྔགས་རྣམས་ཏེ། ལེའུ་གང་དུ་དེ་དག་ལ་འཇུག་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མཁའ་


DTG006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།

ལེའུ་ལྔ་པའི་རྣམ་པར་བཤད་པ།


DTG006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའི་སྙིང་ལ་ཞུགས། །ཞེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་ལ་བྱ་བའི་དོན་ཏོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔས་རྡོ་རྗེ་སེམས་དཔའི་སྐུ་རྫོགས་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ། །གཞན་ལ་ཡང་དེ་ལྟར་བལྟའོ། །སངས་རྒྱས་གཟུགས་ལས་བྱུང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་ལ། རྟག་པ་ལ་སོགས་པའི་དཀྱིལ་འཁོར་བ་རྣམས་ཀྱི་གཙོ་བོ་སྟེ་བདག་པོའོ། །སྔགས་རྣམས་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་སོ། །སྙིང་གར་ཡེ་ཤེས་དམ་ཚིག་བཞུགས། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ས་བོན་དང༌། མཚན་མའི་ཚུལ་གྱིས་སྙིང་གར་དགོད་པའོ། །ཡེ་ཤེས་སེམས་དཔའི་རབ་སྦྱོར་བས། །ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་ཏུ་སྦྱོར་ཞིང་བསྲེག་པའོ། །སྦྲ་ལ་རྣམ་གསུམ་ཞེས་བྱས་ནས། །ཞེས་བྱ་བ་ནི་འདོད་ཆགས་ཞེ་སྡང་དང་གཏི་མུག་སྐྱེད་པར་བྱེད་པའི་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་ཡུལ་རྣམས་སོ། །བསྲུང་བའི་དམ་ཚིག་དབུས་གནས་པ། །ཞེས་བྱ་བ་ནི་བྷཱུཾ་ལས་བསྐྱེད་པའི་འཁོར་ལོ་སེར་པོ་རྩིབས་བཅུ་ལ་ཁྲོ་བོ་བཅུ་གནས་པའི་དབུས་སུའོ། །དཀྱིལ་འཁོར་ལྔ་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་རོ། །ཉི་ཤུ་རྩ་ལྔར་ཕྱེ་བ་ཡི། །རྡུལ་མཚོན་གྱིས་ཀྱང་ཞེས་བྱ་བ་ནི་སྐུད་པ་བསྡུ་བར་བྱའོ། །ཉི་ཤུ་རྩ་ལྔ་ནི་རྣམ་པ་ཉི་ཤུ་རྩ་ལྔ་སྟེ། །རྟག་པ་ལ་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོའོ། །ཉི་མ་ལ་ནི་དཀར་པོ་དང༌། སྔོན་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། སེར་པོའོ། །གར་གྱི་དབང་ཕྱུག་ལ་ནི་དཀར་པོ་དང༌། སེར་པོ་དང༌། སྔོན་པོ་དང་། ལྗང་གུ་དང༌། དམར་པོའོ། །རྟ་མཆོག་ལ་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྔོན་པོ་དང༌། ལྗང་གུའོ། །ཧེ་རུ་ཀ་ལ་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོ་སྟེ། འདིར་ནི་སངས་རྒྱས་མགོན་པོ་རྣམས། །གང་ཞིག་དབུས་


DTG006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དཀྱིལ་འཁོར་ཡིན། །ཞེས་སྨོས་པས་སོ། །འདིར་སེམས་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར། བསྡུས་པའི་དཀྱིལ་འཁོར་གྱི་གཙོ་བོ་ཧེ་བཛྲ་ཉིད་ཡིན་པར་བསྟན་མོད་ཀྱི། གཞན་དག་ཀྱང་དགག་པ་མ་ཡིན་ཏེ། གནས་འཕོ་བ་དང༌། བརྟན་པའི་རིམ་གྱིས་ཇི་ལྟར་འདོད་པ་བཞིན་གཟུང་བར་བྱའོ། །དེ་ཉིད་ཀྱིས་ན་གཙོ་བོའི་བྱེ་བྲག་གིས་སའི་ཆའི་ཁ་དོག་གཟུང་ངོ༌། །དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཞེས་བྱ་བ་ནི་དཀྱིལ་འཁོར་སོ་སོའི་རིམ་པས་བསྒོམ་པའོ། །ཡང་ན་བསྡུས་པའི་དཀྱིལ་འཁོར་ཏེ། །ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་ཏེ། འཁོར་ལོས་སྒྱུར་བ་ལྔ་དབུས་སུ་གྱུར་པའི་དཀྱིལ་འཁོར་ལྔ་བསྒོམ་པའོ། །བརྒྱད་བརྒྱད་ཀྱི་ནི་དབུས་བཞུགས་པའམ། །ཞེས་བྱ་བ་དེ་ཉིད་ཀྱི་བཤད་པ་སྟེ། མ་མོ་བརྒྱད་བརྒྱད་ཀྱིས་བསྐོར་བའི་འཁོར་ལོས་སྒྱུར་བ་ལྔ་རྣམས་བསྡུས་པའོ། །སྒོ་སྐྱོང་མ་རྣམས་སྒོར་དགོད་པ། །དེ་ཚེ་བསྡུས་པའི་དཀྱིལ་འཁོར་ཡིན། །ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ལག་ན་ལྕགས་ཀྱུ་ཐོགས་པ་ལ་སོགས་པའི་ལྷ་མོ་རྣམས་སྒོར་དགོད་དོ་ཞེས་བྱ་བའི་དོན་ཏོ། །ཉ་དང་རྒྱལ་པོ་ཞེས་བྱ་བ་ལ། ཉ་ནི་རོ་ཧི་ཏའི་ཉའོ། །རྒྱལ་པོ་ནི་སྤྲུལ་གྱི་རྒྱལ་པོའོ། །འགྲོ་བ་རྣམས་ཀྱི་རབ་མཆོག་ནི། །མི་རྣམས་ཀྱི་ནི་འགྲོ་བ་སྟེ། །ཞེས་བྱ་བ་ནི་མི་རྣམས་ཀྱི་འགྲོ་བ་ལ་བརྟེན་ནས་ངེས་པའི་རིགས་ཅན་དང་མ་ངེས་པའི་རིགས་རྣམས་ཀྱིས་མངོན་དུ་དང་རིམ་གྱིས་ཀྱང༌། བྱང་ཆུབ་རྣམ་པ་གསུམ་ཐོབ་པར་འགྱུར་གྱི་འགྲོ་བ་གཞན་གྱིས་ནི་མ་ཡིན་ཏེ། དེ་རྣམས་སྐྱེ་གནས་དང་ཤེས་རབ་དམན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་མི་རྣམས་ཀྱི་འགྲོ་བ་གྱ་ནོམ་པ་ཉིད་དོ། །གླང་པོ་ལ་སོགས་ནད་རྣམས་བསྣམས། །ཞེས་བྱ་བ་ནི་ཕྱག་གཡས་ཀྱི་ཐོད་པ་ན་བསྣམས་པ་རྣམས་ནི་ནད་ཡིན་ལ། དོན་གྱིས་ན་གཡོན་པ་རྣམས་ནི་སྨན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནད་ཐམས་ཅད་དབུགས་དབྱུང་ཞིང་རབ་ཏུ་ཞི་བ་རྡོ་རྗེ་ཞེས་བྱ་བ་ལ་ནད་ཐམས་ཅད་རབ་ཏུ་ཞི་བས་དེ་ལས་དབུགས་དབྱུང་བ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།

ལེའུ་དྲུག་པའི་རྣམ་པར་བཤད་པ།


DTG006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྣམས་ཐམས་ཅད་འཛིན་པ་པོ། །ཞེས་


DTG006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་འཛིན་པའོ། །སེམས་ནི་རྗེས་དྲན་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་སྤྲོས་པའི་དུས་དང་མཚན་མ་ལྔ་ཐོབ་ནས་རྡོ་རྗེ་ཕྲ་མོ་སྤྲོ་བའི་རིམ་གྱིས་རྗེས་སུ་དྲན་པ་བསྟན་པའོ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམས་ནས། །ཞེས་བྱ་བ་ནི་དགྱེས་པ་རྡོ་རྗེ་བསྒོམ་པའོ། །ཕྱག་རྒྱ་བཞི་ཡིས་རྒྱས་གདབ་པ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་དང༌། ས་བོན་དང་མཚན་མའི་ཚུལ་གྱི་ཡེ་ཤེས་སེམས་དབས་སོ། །ཡང་ན་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། མགོ་བོའི་སྒོ་རྣམས་སུ་དྲུག་ཅུ་རྩ་བཞི་དང༌། བརྒྱད་དང༌། བཅུ་དྲུག་དང༌། སུམ་ཅུ་རྩ་གཉིས་ཀྱི་འདབ་མ་ཅན་གྱི་པདྨ། སྦྲུལ་བ་དང༌། ཆོས་དང༌། ལོངས་སྤྱོད་དང༌། བདེ་བ་ཆེན་པོའི་འཁོར་ལོ་ལ་རིམ་བཞིན་དུ། ཨཾ་དང་ཧཱུཾ་དང་ཨོཾ་དང་ཧཾ་གིས་བྱིན་གྱིས་བརླབས་པའོ། །རྟག་པ་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །ཞེས་སྡང་རྒྱལ་པོ་ཆ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ། །ཞེ་སྡང་ཐམས་ཅད་ཟད་མཛད་པ། །ཞེས་བྱ་བ་ནི་གཉིས་དང་བྲལ་བའི་རང་བཞིན་ནོ། །སྤྲོ་བའི་སྦྱོར་བས་བསྒོམ་བྱ་ཞིང༌། །རབ་ཏུ་བསྡུ་བ་བསྟན་པ་སྟེ། ཞེས་བྱ་བ་ནི། རང་གི་སྐུའི་སྤྲིན་ནམ་མཚན་མའི་སྤྲིན་སྔགས་ཀྱི་ཐེག་ལེ་ལས་སྤྲོ་ཞིང་བསྡུ་བ་སྟེ། ཐིག་ལེ་ཕྲ་མོ་དང་རྗེས་སུ་དྲན་པ་རྣམས་བསྡུ་བའོ། །རྡོ་རྗེ་སེམས་ལ་མི་ཕྱེད་པ། །ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་ལ་སྣ་ཚོགས་རྡོ་རྗེས་དབུ་རྒྱན་བྱའོ། །དེ་བཞིན་དུ་རྟག་པ་ནི་ཆོས་ཀྱི་འཁོར་ལོའོ། །ཉི་མ་ལ་ནི་རྡོ་རྗེ་རིན་ཆེན་ནོ། །གང་གི་དབང་ཕྱུག་ལ་ནི་པདྨའོ། །རྟ་མཆོག་ལ་ནི་རལ་གྲིའི་དབུ་རྒྱན་དུ་ཤེས་པར་བྱའོ། །དཔག་ཚད་བྱེ་བ་ཞེས་བྱ་བ་ནི་གྲངས་མེད་པར་མཚོན་པའོ། །སངས་རྒྱས་ང་རྒྱལ་ལ་དམིགས་བྱ། །ཞེས་བྱ་བ་ནི། བདག་ཉིད་སངས་རྒྱས་ཀྱི་རང་བཞིན་དུ་མོས་པའོ། །ཆོས་ཀྱི་དབྱིངས་ནི་འོད་གསལ་བར། །གང་ཕྱིར་བསྒོམས་བ་དེ་ཡིས་ནི། །སེམས་ཅན་སངས་རྒྱས་དང་མཉམ་འགྲོ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་འོད་གསལ་ཞིང་སྒྱུ་མ་ལྟར་བསྒོམས་པས་སངས་རྒྱས་ཉིད་དུ་འགྱུར་བས་སོ། །བདེན་མིན་ཏོག་པའི་རྣམ་རྟོག་གིས། །སེམས་ནི་དྲི་མ་ཅན་དུ་བྱས། །ཞེས་བྱ་བ་ལ། བདེན་མིན་རྟོག་པ་ནི་


DTG006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བདག་གི་བཟུང་བ་དང་འཛིན་པར་ཞེན་པའོ། །དེ་ཉིད་ནི་རྣམ་པར་རྟོག་པ་སྟེ་རྣམ་པ་སྣ་ཚོགས་སུ་ཞེན་པའི་བློ་གཞན་གྱི་དབང་གི་ངོ་བོ་ཉིད་དེ། དེས་སེམས་ཀྱི་རིན་པོ་ཆེ་སྦགས་པའོ། །ཇི་ལྟར་ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའ་ཁུག་རྣལ་སོགས་པ་དང་བྲལ་བ་ལྟར་གློ་བུར་གྱི་དྲི་མ་དང་བྲལ་བའོ། །འཇིག་མེད་པ་ཞེས་བྱ་བ་ནི་རང་བཞིན་གྱིས་བརྟན་པས་བརྟགས་པའོ། །སེམས་ཀྱི་རིན་ཆེན་རབ་ཏུ་བསྐུལ། །ཞེས་བྱ་བ་ནི་བདེན་པའི་དོན་བསྒོམས་པའོ། །ཅི་སྟེ་ཕྱི་རོལ་གྱི་ཀ་བ་དང་བུམ་པ་ལ་སོགས་པ་སྣང་བ་ནི་ཡོད་པ་ཉིད་དམིགས་པ་ཡིན་ཏེ། གང་ན་སེང་གེ་གནས་པ་དེར་སེང་གེར་སྣང་བ་སྐྱེའི། །མེད་པའི་ཕྱོགས་སུ་ནི་མ་ཡིན་ནོ་ཞེ་ན། འཁྲུལ་པར་བསྟན་པའི་རིན་པོ་ཆེ་སེམས་ཞེས་བྱ་བ་སྨོས་ཏེ། འདིའི་དོན་ནི་རྨི་ལམ་ལ་སོགས་པ་དང་འདྲ་བར་དོན་མེད་བཞིན་དུ་ཡང་སེམས་འབའ་ཞིག་དོན་དུ་སྣང་གི་གཉིས་ཡོད་ནས་སྣང་བ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ་དང་སྦྲུལ་པའི་སྐུའི་ཁམས་གསུམ་གྱི་བདག་པོར་གྱུར་པའོ། །རྡོ་རྗེ་སེམས་དཔའི་སྙིང་པོ་རབ་གསལ་བ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།

ལེའུ་བདུན་པའི་རྣམ་པར་བཤད་པ།


DTG006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེ་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུའི་བདག་ཉིད་དོ། རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཞེས་བྱ་བ་ནི། ཨཱ་ལི་བཅོ་ལྔ་ལས་བྱུང་བའི་ཟླ་བ་དང༌། ཀཱ་ལི་སུམ་ཅུ་རྩ་བཞི་སས་བྱུང་བའི་ཉི་མ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་སྐར་མ་ལྟ་བུ་ཞུགས་པ་དང༌། ཨཾ་དང༌། ཧཱུཾ་ལས་བྱུང་བའི་ཟངས་གྲེ་དང༌། ཐོད་པ་དང༌། རྣལ་འབྱོར་མ་རྣམས་ཀྱི་འཁོར་ལོ་སྤྲོ་བ་དང་བསྡུ་བ་དང༌། རྡོ་རྗེ་འཛིན་པའི་གཟུགས་སུ་བསྐྱེད་པ་དག་བསྒོམས་པའོ། དཀྱིལ་འཁོར་ཇི་ལྟ་བའི་ཚུལ་བཞིན་དུ་དགོད་ཅེས་བྱ་བ་ནི་རང་ལྷག་པའི་ལྷའི་སྐུ་ལས་དཀྱིལ་འཁོར་པ་རྣམས་སྤྲོ་ཞིང་བསྡུ་བའོ། །འབྱུང་བཞིའི་དཀྱིལ་འཁོར་ཞེས་བྱ་བ་ནི་ས་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་སྟེང་སངས་རྒྱས་བསམས་ནས་སུ། །ཞེས་བྱ་བ་ནི། བྷཱུཾ་ལས་རྣམ་


DTG006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་མཛད་དུ་བསྐྱེད་པའོ། །མི་ཕྱེད་པ་ཞེས་བྱ་བ་ནི་ཡེ་ཤེས་ཐམས་ཅད་མི་ཕྱེད་ཅིན་རང་བཞིན་དབྱེར་མེད་པ་སྟེ། འདིས་ནི་ཕྲེང་བ་དང་ཆུའི་དབང་བསྐུར་བའི་རྣམ་པར་དག་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུས་མི་ཤེས་པའི་དྲི་མ་འཁྲུ་བར་བཤད་པའོ། །སྐྱེ་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ནི་རྟག་ཆད་དང་བྲལ་བ་སྟེ། འདིས་ནི་མིང་གི་དབང་གི་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་དག་པའི་ཡེ་ཤེས་སུ་བསྟན་ཏོ། །རིན་ཆེན་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །བླ་མའི་བླ་ཞེས་བྱ་བ་ནི་ང་རྒྱལ་ཆེན་པོ་བླ་ན་མེད་པའི་ཕྱིར་རོ། །འདིས་ནི་རང་གི་བདག་པོས་མཚན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་དབང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རྣམ་པར་དག་པ་བསྟན་ཏོ། །འདོད་ཆགས་ལ་སོགས་མཚན་ཉིད་འཛིན་པའི་ཕྱིར། །ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་ལ་ཆགས་ཤིང་རྡོ་རྗེ་འཛིན་པའོ། །འདིས་ནི་རྡོ་རྗེའི་དབང་བསྐུར་བ་རྣམས་པར་དག་པ་བསྟན་ཏོ། །དངོས་གྲུབ་འབྲས་བུ་རབ་སྟེར་བ། །ཞེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་དོན་ཡོད་པའི་འབྲས་བུ་སྟེར་བ་སྟེ། ཤེས་རབ་ཀྱི་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པར་ཁྱབ་པའོ། །འདིས་ནི་བདག་པོའི་དབང་གི་རྣམ་པར་དག་པ་བསྟན་ཏོ། །རིག་པའི་ཚིག་རྡོ་རྗེ་ཞེས་བྱ་བ་ནི་དེ་དག་མ་རིག་པ་བཟློག་པའི་རང་བཞིན་ཅན་ནོ། །བུམ་པའི་དབང་ནི་དང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་གསང་བ་གསུམ་གྱི་རང་བཞིན་ཅན་ནོ། །དེ་ནས་དེ་ལྟར་དེ་བཞིན་མིན། །ཞེས་བྱ་བ་ནི། མཚོན་པར་བྱ་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཇི་ལྟ་བུ་བཞིན་དུ་མཚོན་པར་བྱ་བ་ཡེ་ཤེས་མ་ཡིན་པ་སྟེ། དེ་ནི་རྒྱ་ཆེ་བ་དང༌། ཟག་པ་མེད་པ་དང༌། རྒྱུན་དུ་འབྱུང་བའི་ཕྱིར་རོ། །རྡོ་རྗེ་ས་བོན་ཞེས་བྱ་བ་ལ། རྡོ་རྗེ་ནི་བཞིན་གཤེགས་པ་རྣམས་སོ། །ས་བོན་ནི་ཞུ་བའི་གཟུགས་སུ་གྱུར་པའོ། །རིགས་ཀྱི་མིང་ཞེས་བྱ་བ་ནི་སོ་སོའི་རིགས་ཀྱི་སྔགས་འདོད་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།

ལེའུ་བརྒྱད་པའི་རྣམ་པར་བཤད་པ།


DTG006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་རྡོ་རྗེ་ཁྱོད་ཅེས་བྱ་བ་ནི་གཉིས་ཟད་པའི་རང་བཞིན་ཅན་ཏེ།


DTG006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པས་ན་ཞེ་སྡང་ངོ༌། །རྣམ་དག་ཐུགས་ཞེས་བྱ་བ་ནི། །སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ། །གཏི་མུག་རྡོ་རྗེ་ཞེས་བྱ་བ་ནི་གཉིས་སུ་མི་ཤེས་པའི་ཕྱིར་རོ། །དག་པའི་སྐུ་ཞེས་བྱ་བ་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་བརྒྱན་པའི་ཕྱིར་རོ། །དམ་པའི་སོ་སོར་རྟོག་པ་ཞེས་བྱ་བ་ལ། དམ་པ་ནི་སངས་རྒྱས་རྣམས་སོ། །སོ་སོར་རྟོག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །སངས་རྒྱས་ཀུན་གྱི་གཟུགས་ཀྱིས་ཞེས་བྱ་བ་ནི་ལུས་མེད་པའི་གཟུགས་ཀྱིས་སྦྲུལ་པའི་སྐུ་སྟོན་པར་བྱེད་པས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཅི་སྟེ་རང་གི་རང་བཞིན་གྱིས་མ་དག་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །གང་ཞིག་གང་གིས་དག་པར་བྱེད། །ཇི་ལྟར་དག་པར་བྱེད་སྙམ་པ་ལ། གང་ཚེ་འགལ་བའི་དངོས་པོ་ཡོད་མིན་ཡང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགལ་བའི་དངོས་པོ་ནི་མ་དག་པའི་དངོས་པོའོ། །གང་ཚེ་ཞེས་བྱ་བ་ནི་དོན་དམ་པའི་དབང་དུ་བྱས་པའོ། །དེའི་ཚེ་སྦྱང་བར་བྱ་སྟེ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་ཆུའི་རྙོག་པ་དང་ནོར་བུ་ལྟར་དྲི་མ་སྤྱོད་བ་ལ་སོགས་པ་སྲིད་དོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་ལམ་གྱི་བདེན་པའོ། །འོ་ན་ཇི་ལྟར་དོན་དམ་པའི་བདེན་པ་གཟུང་ཞེ་ན། ཆོས་ཉིད་རང་བཞིན་ཙམ་དུ་རྣམ་པར་བསྒོམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཙམ་ཞེས་བྱ་བ་ནི་སྤྲོས་པ་རྣམ་པར་གཅད་པའོ། །རྣམ་པར་བསྒོམ་ཞེས་པ་ནི་ཆོས་ཉིད་རང་གི་ལྷའི་སྐུ་རང་བཞིན་བསྒོམ་པ་སྟེ་ལུས་གཅིག་ཏུ་བསྒོམས་པའོ། །རྣམ་པར་དཔྱད་ན་ཆོས་ཉིད་དངོས་པོར་བདེན་པ་མིན། །ཞེས་བྱ་བ་ནི་བདེན་པ་ནི་དེ་ཁོ་ན་ཉིད་ཀྱི་དངོས་པོའོ། །རྣམ་པར་དཔྱད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་མཚན་ཉིད་བསམས་ནའོ། །ཡོད་པ་མ་ཡིན་ཞེས་བྱ་བ་ནི་གཉིས་རྣམ་པར་དཔྱད་ནའོ། །འཇིག་རྟེན་འགྲོ་བ་བསམ་པར་ནུས་མ་ཡིན། །ཞེས་བྱ་བ་ལ་འཇིག་རྟེན་ནི་སངས་རྒྱས་རྣམས་སོ། །འགྲོ་བ་ནི་ཡེ་ཤེས་ཏེ། བསམ་པར་མི་ནུས་པ་ནི་བསམས་ཀྱིས་མི་ཁྱབ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །མ་མོའི་དཀྱིལ་འཁོར་ཞེས་བྱ་བ་ནི་


DTG006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་འཁོར་ལོའོ། །ཞལ་བཞི་ཞེས་བྱ་བ་ནི་ཞལ་དབུས་མ་ནི་སེར་པོའོ། །དེ་ནས་སྒོ་སྐྱོང་མ་རྣམས་དགོད། །ཅེས་བྱ་བ་ནི་ལྕགས་ཀྱུ་དང་ལྕགས་སྒྲོག་མ་ལ་སོགས་པ་དགོད་པའོ། །འོག་ཏུ་གནོད་མཛེས་རབ་བསྒོམ་བྱ། །ཞེས་བྱ་བ་ནི་ཁ་དོག་སྔོན་མོར་རོ། །གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བ་ནི་ཁ་དོག་སེར་མོའོ། །ཏཱ་རེ་ཞེས་བྱ་བ་ནི་འཁོར་བ་ལས་སྒྲོལ་བའོ། །ཏུཏྟཱ་རེ་ཞེས་བྱ་བ་ལ་ཏུཏ་ཅེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་དུ་ཅིག་ཤོས་ཕྱིན་ཞེས་ཁྱོད་ཅེས་བྱ་བར་འགྱུར་ལ། ཏཱ་རེ་ནི་སྒྲོལ་མའོ། །ཏུ་ར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ལོངས་སྤྱོད་པས་ཚིམ་པར་བྱེད་པའོ། །གཏུམ་པོའི་ས་བོན་ཞེས་བྱ་བ་ནི་སྐྱེ་ཚེའི་ས་བོན་ནོ། །རྡོ་རྗེ་ཆུ་ཞེས་བྱ་བ་ནི་ཁུ་བའོ། །རྡོ་རྗེ་ཉི་མ་ཞེས་བྱ་བ་ནི་ཟླ་མཚན་ནོ། །རྟ་མཆོག་ཅེས་བྱ་བ་ནི་ཤ་ཆེན་པོའོ། །པི་ཙུ་པི་ཙུ་ཞེས་བྱ་བ་ནི་ཤིན་ཏུ་ཕྲ་མོར་གཡེང་བ་སྟེ། རས་བལ་དང་ཆོས་མཐུན་པས་ན། ཕྲ་མོར་འབུགས་པའི་ཤེས་རབ་བོ། །ཛྭ་ལ་ཛྭ་ལ་ཞེས་བྱ་བ་ནི་དེ་ཉིད་སེམས་འོད་གསལ་བའི་ཕྱིར་རོ། །དྷི་རི་དྷི་རི་ཞེས་བྱ་བ་ནི་བརྟན་པ་སྟེ་དྲན་པ་མ་ཉམས་པའོ། །འཇིག་རྟེན་སྤྱོད་པའི་ལུགས་ཀྱི་ཞེས་བྱ་བ་ལ་ལུགས་ནི་གནས་པ་སྟེ། ཐ་མལ་པའི་ཚུལ་གྱིས་ཉེ་བར་གནས་པའོ། །མཆོག་ཅེས་བྱ་བ་ནི་དམ་པའོ། །བྱང་ཆུབ་ཡན་ལག་དེ་དང་བཅས། །ཞེས་བྱ་བ་ལ། བྱང་ཆུབ་ཡན་ལག་ནི་བུ་མོ་རྣམས་སོ། །ཧོ་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བ་དང་ཉིད་ཅེས་བྱ་བར་ཡང་འགྱུར་ཏེ། སྒེག་མོ་ལ་སོགས་པའི་ལག་པའི་ཕྱག་རྒྱ་དང་བཅས་པའི་བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱིས་མཆོད་པ་ནི་དམ་པ་སྟེ། དེ་ཁོ་ན་ཉིད་སྟོན་པའི་ཕྱིར་རོ། །ཚངས་པའི་ཐིག་ལས་ཆ་གཉིས་བོར། །ཞེས་བྱ་བ་ནི་སྒོའི་ཕྱེད་སྤངས་པའོ། །ཆ་དྲུག་ཅེས་བྱ་བ་ནི་ཆ་དྲུག་གོ །སྒོའི་ཆ་གཉིས་པོར་ཞེས་བྱ་བ་ནི་སྒོའི་ཚད་གཉིས་ཞེས་པའི་དོན་ཏོ། །ཆ་བརྒྱད་ཀྱིས་སྒོ་གཉིས་ལྡང་ན་དགུ་ཅི་སྨོས་ཞེས་བྱ་བ་དགུའི་དཀྱིལ་འཁོར་དུ་སྒོ་གཉིས་ཀྱི་བར་བཅད་པའི་དོན་དུ་ཆ་དགུ་སྨོས་པའོ། །ཆ་དགུ་ཞེས་བྱ་བ་ནི་ཆ་དགུ་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་པའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།

ལེའུ་དགུ་པའི་རྣམ་པར་བཤད་པ།


DTG006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འཛིན་པ་ཞེས་བྱ་བ་ནི་ན་བཟའ་དང་ཐོར་ཚུགས་ལ་སོགས་པའི་རྒྱན་གྱིས་འབར་ཞིང་


DTG006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ལ་སོགས་པའི་ཡིད་དང་ལྡན་པའོ། །གཡས་བརྐྱང་ཐབས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དང་པོ་སྟེ། ཕྱི་ནས་ཅི་བདེ་བར་བྱ་བའོ། །རྡོ་རྗེ་སེ་གོལ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ལག་པ་གཉིས་དང་དབུང་མགོར་རྡོ་རྗེ་བཅིང་པ་བྱས་ལ། བཛྲས་མཱ་ཛཿ་ཛཿ་ཞེས་བྱ་བ་བརྗོད་ཅིང་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག་ནས་མཐེ་བོང་དང༌། གུང་མོ་སེ་གོལ་བརྡེབས་པའོ། །རྡོ་རྗེ་ཡི་གེ་ཞེས་བྱ་བ་ནི་ཡཾ་གི་ས་བོན་གང་ཡིན་ཡང་ངོ༌། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་རོ། །རྡོ་རྗེ་སྦུངས་པ་ཞེས་བྱ་བ་ནི་ས་བོན་རི་ལས་བྱུང་བའི་མེའི་དཀྱིལ་འཁོར་རོ། །རྡོ་རྗེ་སྨིན་པ་ཞེས་བྱ་བ་ནི་ཉི་མ་ལ་གནས་པའི་ཧཱུཾ་ཡིག་གིས་བསྐྱེད་པའི་རྡོ་རྗེ་ཨཾ་གིས་མཚན་པའི་བདུད་རྩི་སྨིན་པར་བྱ་བའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་བྱ་བ་ནི་ནམ་མཁའི་ཁོངས་སུ་ཆུད་པར་གནས་པའོ། །ཆོས་འབྱུང་གྲོང་ཁྱེར་ཞེས་བྱ་བ་ནི། རང་གི་འོད་ཀྱི་རིག་མའི་པདྨར་མེའི་དཀྱིལ་འཁོར་ལ་གནས་པའོ། །རྡོ་རྗེ་སེར་མོ་ཞེས་བྱ་བ་ནི་རང་གི་ཁྲོ་བོའི་རྡོ་རྗེའོ། །ལྷག་མ་ནི་བླ་མའི་ཁ་ལས་ཤེས་པར་བྱའོ། །དུ་ར་དུ་ར་ཞེས་བྱ་བ་ནི་བྲོད་ཅིག་པའོ། །ཙྪིནྡ་ཙྪིནྡ་ཞེས་བྱ་བ་ནི་དེ་ཉིད་གསལ་བར་བྱེད་པའོ། །ཧཱུཾ་ཞེས་བྱ་བ་ནི་ངེས་པར་འཇོམས་པའོ། །དར་ཞེས་བྱ་བ་ནི་བསྟན་པའོ། །དཱ་ར་ཡ་ཞེས་བྱ་བ་ནི་བཤད་པའོ། དུཥྚ་ནཾ་མྲྡ་ཡ་མྲྡ་ཡ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བས་མི་སྣང་བར་གྱིས་ཤིག་པའོ། །བཛྲ་དྷྲྀ་ཀ་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེའི་རང་བཞིན་གྱིས་འཛིན་པ་སྟེ། དེ་ཡང་གསང་བ་འདུས་པ་ལས། རྒྱུ་ལྔ་དག་ཏུ་རིག་པ་ནི། རྡོ་རྗེ་ཞེས་བྱར་བརྗོད་པ་སྟེ། །དྷྲྀ་ཀ་ཅེས་བྱ་བ་འཛིན་པར་བཤད། །རྣམ་ཤེས་རྡོ་རྗེ་འཛིན་པར་འདོད། །ཅེས་གསུངས་སོ། །དེ་ལ་རྒྱུ་ཞེས་བྱ་བ་ནི་གཟུང་བ་རྣམས་སོ། །རིག་པ་ཞེས་བྱ་བ་ནི་འཛིན་པ་རྣམས་སོ། །ལྔ་ཞེས་བྱ་བ་ནི་ལྔ་ལྔ་སྟེ་བཅུའོ། །རྡོ་རྗེ་ཞེས་བྱ་བ་ནི་དེ་དག་བསྡུས་ནས་སེམས་ཀྱི་རང་བཞིན་གཅིག་པའོ། །འཛིན་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེའི་རང་བཞིན་གྱིས་འཛིན་པའོ། །རྣམ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་རྣམ་པར་ཤེས་པའི་ཚོགས་སོ། །བཛྲ་ནཱ་མ་ཞེས་བྱ་བ་ནི་མིང་ཡིན་ལ། དེའི་ས་མ་ཡ་ནི་གདུལ་བྱའི་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པས་ལྟ་བའོ། །ཧུ་ལུ་ཧུ་ལུ་


DTG006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་འགྲོ་བ་སྟེ། བླ་ན་མེད་པའི་ལམ་དུ་ཞུགས་པའོ། །ཨཱ་རོ་ལྀ་ཀ་ཅེས་བྱ་བ་ནི་འདི་ཡང་གསང་བ་འདུས་པ་དེ་ཉིད་ལས། ཐམས་ཅད་ནས་ནི་ཐམས་ཅད་ཀུན། །མཚོན་ཆའི་མཚན་ཉིད་མཚོན་པས་ན། །རོལ་པ་པོ་ལ་སོགས་པ་ཀུན། །ཨཱ་རོ་ལྀ་ཀྲ་ཅེས་བྱ་བར་བཤད། །ཅེས་གསུངས་ཏེ། དེ་ལ་ཐམས་ཅད་ཅེས་བྱ་བ་ནི་རོལ་པ་པོ་སྟེ་འདུ་ཤེས་སོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་རོལ་པར་བྱ་བ་སྟེ། མཚོན་བྱའི་དངོས་པོ་རྣམས་སོ། །ཀུན་ཞེས་བྱ་བ་ནི་མཚན་ཉིད་དེ་འདུ་ཤེས་ཀྱི་ཁོངས་སུ་ཆུད་པའོ། །འདུ་ཤེས་ཅི་འདྲ་ཞེ་ན། མཚན་མ་མེད་པར་ཁོངས་སུ་ཆུད་པར་བསྟན་པའི་ཕྱིར། ཨཱ་རོ་ལྀ་ཀ་ཅེས་བྱ་བ་སྨོས་ཏེ། ངེས་པའི་ཚིག་གི་ཚུལ་དུ་ནི་ཨཱ་ཞེས་པ་ནི་བདག་སྟེ། རོལ་པ་པོའོ། །རོ་ཞེས་བྱ་བ་ནི་མཚོན་པར་བྱེད་པའོ། །ལྀ་ཀྲ་ཅེས་བྱ་བ་ནི་མཚན་ཉིད་ཁོངས་སུ་ཆུད་པའོ། །ཤ་ཤྭ་ཏ་ཞེས་བྱ་བ་ནི་མིང་ངོ༌། །པར་མ་ཤ་ཤྭ་ཏ་ཞེས་བྱ་བ་ནི་མཆོག་ཏུ་རྟག་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུར་འཁོར་མོར་འཇུག་པའོ། །ཨེ་ཧྱེ་ཧི་ཞེས་བྱ་བ་ནི་ཚུར་སྤྱོན་ཅིག་པའོ། །ཛི་ན་ཛིཀ་ཅེས་བྱ་བ་ནི་ཡང་གསང་བ་འདུས་པའི་བཤད་པ་ལས། ཡོད་མེད་དབུས་ལས་འདས་པ་སྟེ། །འབྱུང་དང་འབྱུང་ལས་གྱུར་ལས་འབྱུང༌། །སེམས་ཅན་ཀུན་གྱི་ལུས་རྣམས་ནི། །བསྐྱེད་ལས་རྒྱལ་བ་ཛི་ན་ཛི་ཀྲ། །ཅེས་གསུངས་ཏེ། དེ་ལ་ཡོད་པ་ཞེས་བྱ་བ་ནི་སེམས་ཅན་ཕྱི་རོལ་དུ་གྱུར་པའི་དོན་དང་སྐྱེ་བའོ། །མེད་པ་ཞེས་བྱ་བ་ནི་ནང་འཛིན་པ་དང་འགག་པའོ། །དབུས་ཞེས་བྱ་བ་ནི་བར་དང་གནས་པ་སྟེ། དེ་དག་དང་བྲལ་བའོ། །ཅི་ཞིག་ཅེ་ན། འབྱུང་དང་འབྱུང་ལས་གྱུར་ལས་འབྱུང༌། །ཞེས་བྱ་བ་སྟེ། ཟག་པ་མེད་པའི་གཟུགས་ཀྱི་ཕུང་པོའོ། །སེམས་ཅན་ཀུན་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །ལུས་ཞེས་བྱ་བ་ནི་གསང་བའི་སྐུའོ། །སྐྱེད་པ་ཞེས་བྱ་བ་ནི་སྐྱེ་བའོ། །རྒྱལ་བ་ཞེས་བྱ་བ་ནི་ངེས་པར་བསྟན་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ནི་ཛི་ན་ཛི་ཀ་གོ །བཛྲ་སཱུཪྻ་ཞེས་བྱ་བ་ནི་མིང་ངོ༌། །ཏོ་མོ་བི་ད་ཡ་ན་ཞེས་བྱ་བ་ནི་ང་རྒྱ་གྱི་དབྱེ་བ་རྣམ་པ་དྲུག་གི་མུན་པ་སེལ་བར་བྱེད་པའོ། །ས་མ་ཡ་སྟྭཾ་ཧཾ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་བདག་ཉིད་ཅན་ནོ། །རཏྣ་དྷྲྀ་ཀ་ཅེས་བྱ་བ་ནི་ཡང་གསང་བ་འདུས་པའི་བཤད་


DTG006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། དོན་རྣམས་ཐམས་ཅད་འབྱུང་བས་ན། སེམས་ནི་རིན་ཆེན་ཞེས་བྱར་བཤད། །རིག་པ་པོས་དེས་རིག་པས་ན། །ཚོར་བ་རིན་ཆེན་འཛིན་པར་འདོད། །ཅེས་གསུངས་ཏེ། དེ་ལ་སེམས་ཞེས་བྱ་བ་ནི་སེམས་ཉིད་དོ། །ཅི་འདྲ་ཞེ་ན། དོན་རྣམས་ཐམས་ཅད་འབྱུང་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་རོ་གཅིག་པར་འབྱུང་བའོ། །དེ་ཉིད་ནི་རིག་པ་སྟེ་དེ་ཁོ་ན་ཉིད་ཀྱི་རིག་པ་པོའོ། །ངེས་པ་ནི་གདོན་མི་ཟ་བའོ། །རིགས་ནི་ཉམས་སུ་མྱོང་བ་སྟེ། སེམས་ཀྱི་རང་བཞིན་ཚོར་བའི་ཡུལ་ལོ། །ཚོར་བ་ནི་མཉམ་པ་ཉིད་རིག་པའི་རང་བཞིན་ཏེ། ངེས་པའི་ཚིག་གི་ཚུལ་གྱིས་ན་རཏྣ་དྷྲྀ་ཀ་གོ །ཕུ་ཕུ་ཕུ་ཧི་ཧི་ཧི་ཞེས་བྱ་བ་ནི་རང་བཞིན་གྱིས་རྟའི་སྐད་དོ། །ཡང་ན་ཕུ་ཞེས་བྱ་བ་ནི་སྤྲོས་ཤིང་འཕུར་བར་རོ། །ཧི་ཞེས་བྱ་བ་ནི་རྟ་ལྟར་འགྲོ་བ་སྟེ་སྦྲུལ་བའི་སྐུ་ཐམས་ཅད་དུ་འགྲོ་བའོ། །པྲཛྙཱ་དྷྲྀ་ཀ་ཅེས་བྱ་བ་ནི་ཡང་གསང་བ་འདུས་པའི་བཤད་པ་ལས། རབ་ཏུ་གསལ་བས་རྣམ་ཤེས་ནི། །པྲཛྙཱ་ཞེས་བྱར་བརྗོད་པ་ཡིན། །སེམས་ནི་འདུ་བྱེད་ཀྱིས་འཛིན་པས། །ཤེས་རབ་འཛིན་པ་ཞེས་བྱར་བརྗོད། །ཅེས་གསུངས་ཏེ། དེ་ལ་རབ་ཏུ་གསལ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའོ། །ཅི་ཞིག་ཅེ་ན་རྣམ་ཤེས་ཏེ། ངེས་པའི་ཚིག་གིས་ནི་ཛྙཱ་ཞེས་བྱ་བ་ནི་རྣམ་ཤེས་ཡིན་ལ། ཕྲ་ཞེས་བྱ་བ་ནི་འོད་གསལ་བའོ། །འདུ་བྱེད་ཅེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། ཅི་འདྲ་བ་ཞིག་ཅེ་ན། སངས་རྒྱས་རྣམས་ཀྱིས་བརྩོན་འགྲུས་ཀྱིས་གུས་པར་དེ་ཁོ་ན་ཉིད་སེམས་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།

ལེའུ་བཅུ་པའི་རྣམ་པར་བཤད་པ།


DTG006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་མིག་གིས་ཞེས་བྱ་བ་ནི་ཐོགས་པ་མེད་པའི་སྤྱན་གྱིས་སོ། །རྫུ་འཕྲུལ་སྣ་ཚོགས་དྲ་བ་ཡིས། །ཞེས་བྱ་བ་ནི་ལྷག་པར་མོས་པ་དང༌། མངོན་དུ་ཕྱོགས་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་དང་ལྡན་པའི་རྫུ་འཕྲུལ་ལོ། །དེ་ལ་ལྷག་པར་མོས་པ་ནི་སེམས་ཅན་རྣམས་སངས་རྒྱས་ཀྱི་གཟུགས་དང༌། སངས་རྒྱས་རྣམས་ཀྱང་སེམས་ཅན་གྱི་ལུས་དང་དབྱེར་མེད་པར་མོས་པའོ། །མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་ནམ་མཁའ་ལས་བང་མཛོད་ལ་སོགས་པ་སྟོན་པའོ། །མངོན་པར་འདུ་བྱེད་


DTG006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ཞེས་བྱ་བ་ནི་སྐྱེ་བ་དང༌། བྱང་ཆུབ་པ་ཞེས་བྱ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ལྷུན་གྱིས་གྲུབ་པར་སྟོན་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།

ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པ།


DTG006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་སེམས་ཞེས་བྱ་བ་ནི་རབ་ཏུ་དང་བའི་སེམས་སོ། །དབང་བསྐུར་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཁ་དོག་དཀར་པོ་ལྷའི་རྣལ་འབྱོར་ལ་གནས་ནས། སྦྲེའུ་དང་འདྲ་བ་ལ་སོགས་པ་ནི་ནད་བཅོམ་སྟེ། རང་གི་སྙིང་གའམ་ཤེས་རབ་ཀྱི་པདྨར་བསྒྲུབ་པར་བྱ་བ་ཆུའི་དཀྱིལ་འཁོར་ལ་བཞག་སྟེ། བུམ་པ་དཀར་པོ་ཐོགས་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ནས། སངས་རྒྱས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་བསྒྲུབས་པའི་ལྷའི་སྐུར་བལྟའོ། །རྒྱས་པའི་སེམས་ཞེས་བྱ་བ་ཡིད་དོ། །འདིར་ཡང་རྡོ་རྗེ་ཉི་མའི་རྣལ་འབྱོར་གྱིས་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་པར་བྱ་བ་ལ། བུམ་པ་སེར་པོའི་ཆུ་རྒྱུན་གྱིས་དབང་བསྐུར་བ་སྔ་མ་བཞིན་ནོ། །རྗེས་སུ་ཆགས་པའི་སེམས་ཞེས་བྱ་བ་ནི་ཞེན་པའི་སེམས་ཏེ། གར་གྱི་དབང་ཕྱུག་ལ་སོགས་པའི་རྣལ་འབྱོར་ལ་གནས་ནས་བུམ་པ་དམར་པོའི་ཆུ་རྒྱུན་གྱིས་དབང་བསྐུར་བ་སྔ་མ་བཞིན་ནོ། །གདུག་པའི་སེམས་ཞེས་བྱ་བ་ནི་གདུག་པ་མི་གདུག་པ་མི་བཟོད་པ་སྟེ། མི་བཟད་པའི་སེམས་སོ། །མེ་ནི་སྤྲིན་ཚོགས་ཀྱི་ཆར་པས་གསོད་པར་བྱེད་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།

ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པ།


DTG006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རི་སུལ་ཚང་ཚིང་ཞེས་བྱ་བ་ནི་འདབ་ན་གནས་པའི་བཀད་སའོ། །ཡང་ན་བྱང་ཆུབ་ཀྱི་སེམས་མྱང་བ་ལས་མི་གཡོ་བའི་ཕྱིར་རི་སུལ་ནི་ཤེས་རབ་བོ། །ཚང་ཚིང་ཕུག་ནི་དེའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་པདྨའོ། །མེ་ཏོག་འབྲས་བུ་ལ་སོགས་བརྒྱན། །ཞེས་བྱ་བ་ལ་མེ་ཏོག་ནི་སྔོན་གྱི་ལས་སོ། །འབྲས་བུ་ནི་དེའི་ཚེ་འདིའི་ལུས་ཏེ། རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །ཡང་ན་མེ་ཏོག་གི་རྡུལ་ལོ། །སོགས་ཀྱིས་ནི་ན་སོ་ལ་སོགས་པ་གཟུང་བར་བྱའོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་ལ་ཅི་སྟེ་གཟུང་བ་དང་འཛིན་པ་ལ་སོགས་པའི་དངོས་པོ་བརྟགས་པ་ཉིད་ཀྱིས་ན་ཇི་ལྟར་དོན་དམ་པ་བྱང་


DTG006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་སུ་གྱུར་སྙམ་ནས། དངོས་པོ་བདེན་བརྫུན་རྣམ་དཔྱད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པས་རྣམ་པར་དཔྱད་ན། གཟུང་བ་དང༌། འཛིན་པའི་དངོས་པོ་ཉིད་དུ་མི་རུང་བས། མི་བདེན་ཞིང་སེམས་འབའ་ཞིག་རྣམ་པར་གནས་སོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གཟུང་བ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོར་མི་རུང་ཡང་རྣམ་པར་ཤེས་པ་ཉིད་དུ་རྫས་སུ་ཡོད་དོ་ཟེར་ན། སྐྱེ་བ་མེད་པའི་སྦྱོར་བ་འདིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཅིག་དང་དུ་མ་ལ་སོགས་པའི་སྦྱོར་བ་འདིས་ཇི་ལྟར་ཕྱི་རོལ་གྱི་དོན་ལ་གནོད་པ་ལྟར་རྣམ་པར་ཤེས་པ་ལ་ཡང་གནོད་པར་བྱེད་པ་ཡིན་ཏེ། འདིར་བཏང་སྙོམས་སུ་གཞག་པའམ་དངོས་པོ་དོན་དམ་པ་ལས་འགའ་ཡང་ཡོད་པ་མ་ཡིན་ནོ། །སྐྱེ་བ་འདི་ནི་ཞེས་བྱ་བ་ནི་སྟོང་པ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་འབྱུང་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོམ་ཞེས་བྱ་བ་ནི་དོན་འདིའོ། །ཤཱུ་ནྱ་ཏཱ་ཛྙཱ་ན་སྟེ། རབ་ཏུ་གསལ་བ་ཙམ་ཡིན་པའི་ཕྱིར་རོ། །བཛྲ་ཞེས་བྱ་བ་ནི་བདག་ཉིད་མི་ཕྱེད་པའི་ཕྱིར་སྒྲིབ་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །ཡང་ན་སྟོང་པ་ཉིད་ཀྱི་དོན་ཅན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཨོཾ་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཤཱུ་ནྱ་ཏཱའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཛྙཱ་ནའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བཛྲ་སྟེ། སྦྲུལ་པའི་སྐུ་ནམ་མཁའ་ཇི་སྲིད་པར་གནས་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ངོ༌། །མི་འཆི་སྦྱོར་བ་ཞེས་བྱ་བ་ནི། སྲུང་བའི་འཁོར་ལོ་ལ་བགེགས་དགྲའི་རྣལ་འབྱོར་དུ་གནས་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་རོ། །འོད་ཀྱི་དཀྱིལ་འཁོར་ནི་མེ་ལོང་གི་དཀྱིལ་འཁོར་རོ། །མཁའ་འགྲོའི་དཀྱིལ་འཁོར་ནི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་རོ། །སའི་ཆ་ཞེས་བྱ་བ་ནི་བདག་མེད་མའི་དཀྱིལ་འཁོར་རོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།

ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པ།


DTG006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྒྱུད་ཅེས་བྱ་བ་ནི་ཕྱི་རོལ་དུ་ཟ་མ་ལ་སོགས་པའི་ལྷར་དམིགས་པ་དང༌། གཙང་སྦྲ་དང་མི་སྨྲ་བ་ལ་སོགས་པ་ལྷུར་སྤྱོད་པའོ། །བྱ་བའི་སྦྱོར་བ་ཞེས་བྱ་བ་ནི། བདག་ལས་ཕྱི་རོལ་དུ་དམིགས་པའོ། །རྣལ་བྱོར་ཞེས་བྱ་


DTG006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རང་གི་འཁོར་ལོས་སྒྱུར་བའི་ཡེ་ཤེས་དང་བདག་ཉིད་རོ་གཅིག་ཏུ་དམིགས་པའོ། །རྣལ་འབྱོར་བླ་མ་ཞེས་བྱ་བ་ནི་རང་གི་རིག་པ་དང་འཁྱུད་པ་ལས་བྱུང་བའི་དགའ་བ་མཆོག་གི་གསང་ཆེན་ལ་སྤྱོད་པའོ། །རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་ནི། རང་གི་ལྷའི་རྡོ་རྗེ་དང་པདྨ་སྦྱོར་བ་ལས་སྐྱེས་པའི་བདེ་བ་མཆོག་ལ་དམིགས་པའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཞེས་བྱ་བ་ལ་སྟོང་པ་ཉིད་ནི་གཉིས་པོ་གཏན་མེད་པའི་མཚན་ཉིད་དེ་ཡང་དག་པའི་མཐའོ། །དེ་ཉིད་དོན་དམ་པ་དང༌། དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་རྣམ་གྲངས་སོ། །སྙིང་རྗེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྡུས་པར་འགྱུར་བའི་ལྷའི་དཀྱིལ་འཁོར་ཏེ། དེ་དང་དབྱེར་མེད་པའི་རོ་གཅིག་ཏུ་གྱུར་པའོ། །དེ་ལ་རྒྱུ་རྡོ་རྗེ་འཛིན་པའི་ཧོ་གཉིས་དང་སྤེལ་བའི་ཡི་གེ་གཉིས་ཞུགས་པའམ། སྐུ་གཉིས་ཞུགས་ཀྱང་རུང་སྟེ། ལྟེ་བའི་པདྨར་འདོད་ཆགས་ཀྱི་མེ་འབར་བས་བཞུ་བ་ལ་སྐུ་གཉིས་ཞུ་བར་གྱུར་པའི་བདག་ཉིད་ནི་སྟོང་པ་ཉིད་དོ། །དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་འགྲོ་བ་རྣམས་ལ་ཕན་འདོགས་པ་ནི་སྙིང་རྗེ་སྟེ་དེ་དང་དབྱེར་མེད་པའི་ལྷའི་སྐུའི་རང་བཞིན་ནོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།

ལེའུ་བཅུ་བཞི་པའི་རྣམ་པར་བཤད་པ།


DTG006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་སྤྱོད་ཡུལ་ཞེས་བྱ་བ་ལ་བཟང་པོ་ནི་རི་ལུ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །སྤྱོད་ཡུལ་ནི་སྤྱོད་པ་སྟེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ། །ལུགས་གསུམ་ཞེས་བྱ་བ་ནི་གཞན་ལས་གསུང་པའི་ངེས་པ་འདིར་སྦྱར་ཏེ། མདངས་བཟངས་རི་བོང་ཅན་དང་འོད་བྱེད་རྣམས། །གསུམ་བཞི་རིག་བྱེད་གྲངས་ཀྱི་མན་ཆད་དང༌། །ཐུབ་པའི་ཡོན་ཏན་མདའ་ཡི་གྲངས་བཞིན་དུ། །ར་ཏིར་བཅས་པས་རི་ལུས་བཀྲི་བར་བྱ། །ཡང་ན་གཞན་ནས་གསུངས་པ། གསེར་དང་དངུལ་དང་དེ་བཞིན་ཟངས་མ་རྣམས། །མེ་དང་མདའ་དང་ཟུང་གི་མན་ཆད་དང༌། །བཅུ་དྲུག་གསུམ་དང་དྲུག་སྟེ་རིམ་བཞིན་དུ། །འོལ་སེ་བཅས་པས་རི་ལུ་མཐུག་པོར་བཀྲི། །ཞེས་གསུངས་པ་དེ་བཞིན་དུའོ། །ཀླུའི་རྒྱལ་པོ་ཞེས་བྱ་བ་ནི་སྤྲུལ་མགོ་གཉིས་པའོ། །ས་བོན་ཞེས་བྱ་བ་ནི་ཁུ་བའོ། །རྡོ་རྗེ་


DTG006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སོར་མོ་ཞེས་བྱ་བ་ནི་སོར་མོ་གླང་པོ་ཆེའི་སྣ་ལྟ་བུ་ལ་སོགས་པའོ། །རྡོ་རྗེ་ལྕེ་ཞེས་བྱ་བ་ནི་ཧཱུཾ་དང་རྡོ་རྗེས་མཚན་པའི་ལྕེའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རང་གི་མཚན་ནོ། །རྡོ་རྗེ་འཁྱུད་པ་ཞེས་བྱ་བ་ནི་མགྲིན་པར་དམ་པོར་བསྡམ་པའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་མི་ཕྱེད་པའི་བདེ་བའོ། །པདྨ་ཆགས་པ་ཞེས་བྱ་བ་ནི་རྡོ་རྗེ་དང་ལྡན་པའོ། །རྡོ་རྗེའི་བདག་ཉིད་དགུག་པར་བྱ། །ཞེས་བྱ་བ་ནི་ཁ་སྦྱོར་བྱེད་པ་སྟེ། བླ་མའི་བཀའ་ལས་ཤེས་པར་བྱ་སྟེ། རྡོ་རྗེ་ཅན་གྱི་སར་འགྲོ་འགྱུར། །ཞེས་བྱ་བ་ནི་ལུག་གི་ཤིང་རྟའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བཞག་ལ་དེར་ཧཱུཾ་ལས་རྡོ་རྗེ་ཅན་གྱི་གཟུགས་སུ་བསྐྱེད་ནས་མིག་ལ་སོགས་པ་བྱིན་གྱིས་བརླབས་ཏེ། བསྲུང་ཞིང་ཁ་སྦྱོར་ལ་སོགས་པའི་གནས་སུ་བཀྲི་ཞིང་བཞུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བདག་བྱིན་བརླབ་པའི་རྣལ་འབྱོར་ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་རོ། །སྙིང་གའི་དབུས་འགྱུར་ཞེས་བྱ་བ་ནི་ནོར་བུ་གཉིས་བཅིངས་བའི་མཚམས་སུའོ། །རྡོ་རྗེ་བདག་མེད་མཁའ་འགྲོ་མ། །ཞེས་བྱ་བ་ནི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བདག་མེད་མའི་རང་བཞིན་གྱི་ཡུངས་ཀར་ཕྲ་མོའི་རིན་པོ་ཆེ་བསམ་པའོ། །བརྟན་པ་དང་གཡོ་བ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །ཁ་ཅིག་ནི་བྱང་ཆུབ་ཀྱི་སེམས་འཛག་པའོ་ཞེས་ཟེར་རོ། །རྣམ་པར་དག་མཐའ་ཞེས་བྱ་བ་ནི་རྣམ་པར་དག་པའི་མཐའ་སྟེ་དབུ་མར་གྱུར་པའོ། །རྟོག་པའི་དྲ་བ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་རྣམས་སོ། །བེམས་པོ་མིན་ཞེས་བྱ་བ་ནི། རབ་ཏུ་གསལ་བ་ཙམ་ཡིན་པའི་ཕྱིར་རོ། །བརྫུན་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའོ། །བདག་ཉིད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གཟུགས་ཀྱིས་སོ། །སྒྲིབ་པ་ལྔ་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་དང༌། སྙོམ་ལས་དང༌། གཉིད་དང༌། ཐེ་ཚོམ་ཟ་བ་རྣམས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ལ་མཁས་པའོ། །འབྲས་བུ་དང་རྗེས་སུ་མི་མཐུན་པའི་རྒྱུ་ལས་འགྲུབ་པ་དགག་པར་བྱ་བའི་ཕྱིར། འདི་ལྟར་མཚན་སུམ་ཅུ་རྩ་གཉིས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྗེས་སུ་གཟུང་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྡུས་པའི་དཀྱིལ་འཁོར་


DTG006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཁོར་ལོ་ཉིད་ཐབས་ཡིན་གྱི་ཚུལ་གཞན་དང་སྟོང་པ་ཉིད་འབའ་ཞིག་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ལྟར་ཞི་བ་ཉིད་ཀྱིས་མི་ཁོམ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །བདེན་པ་མ་ཡིན་ཞེས་བྱ་བ་ནི་གཅིག་དང་དུ་མས་དཔྱད་ན་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །བརྫུན་པ་ཡང་མ་ཡིན་ཞེས་བྱ་བ་ནི། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྟོན་པའི་ཕྱིར་རོ། །དོར་བར་བྱ་བ་མ་ཡིན་ཞེས་བྱ་བ་ནི་སྤང་བར་བྱ་བའི་སྒྲིབ་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བླང་བར་བྱ་བ་མ་ཡིན་ཞེས་བྱ་བ་ནི་སྔོན་མེད་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཁུ་ཚུར་ཞེས་བྱ་བ་ནི་སོར་མོ་ཐམས་ཅད་བསྐུམ་པའོ། །སེང་གེའི་རྣ་བ་ཞེས་བྱ་བ་ནི་མཛུབ་མོ་དང་གུང་མོ་ཅུང་ཟད་བསྐུམ་པའོ། །འདོད་པ་ཞེས་བྱ་བ་ནི་བྲི་ཡང་ཀུའོ། །བོ་ལ་ཞེས་བྱ་བ་ནི་གནྡྷ་རི་སའོ། །ས་ལི་ཛ་ཞེས་བྱ་བ་ནི་ཁ་ན་ད་སའོ། །ཀ་ཙོར་ཞེས་བྱ་བ་ནི་ཤ་ཏིའོ། །འདི་ནི་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ། འདི་ཞེས་བྱ་བ་རྒྱུ་མཚན་ཏེ། བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ཧཱུཾ་གིས་བསྐྱེད་པའོ། །དེ་རུ་ཞེས་བྱ་བ་ནི་པདྨའི་སྣ་རྩེ་སྟེ་པདྨའི་ནོར་བུའོ། །དབྱངས་ཞེས་བྱ་བ་ནི་ངག་སྟེ། ནོར་བུ་དེར་སངས་རྒྱས་ཀྱི་གསུང་ནི་རང་བཞིན་ཨ་དགོད་པའོ། །ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའོ། །ནོར་བུའི་སྒོ་རུ་ཡི་གེ་ཕཊ། །ཅེས་བྱ་བ་ནི་ཕཊ་སེར་པོའོ། །སྤྱན་གྱི་ལག་པ་ཞེས་བྱ་བ་ནི་མཛུབ་མོའི་རྒྱབ་ནས་གུང་མོས་མཛུབ་མོའི་རྩེ་མོ་བཏེག་སྟེ། མིག་ལྟར་བྱས་པ་རྣ་བའི་སྟེང་དུ་གཞག་པའོ། །ཉན་པའི་ལག་པ་ཞེས་བྱ་བ་ནི་བ་དན་ལྕེ་གཉིས་པའི་ཚུལ་དུ་བྱས་ནས་ཀུན་དུ་བསྐོར་བའོ། །གཡོན་པ་ཡིས་ནི་བསྐོར་བར་བྱ། །ཞེས་བྱ་བ་ནི་ལག་པ་གཡོན་པ་ཁ་སྦུབ་པའི་སྟེང་དུ་གཡས་པ་ཁུ་ཚུར་བཅངས་ནས་མཐེ་བོ་བསྒྲེང་བའོ། །རྡོ་རྗེ་རྐང་སྟབས་ཞེས་བྱ་བ་ནི་རྡོ་རྗེ་རྩེ་གཅིག་པ་དང༌། རྩེ་གསུམ་པ་དང༌། རྩེ་ལྔ་པ་དང༌། སྣ་ཚོགས་རྡོ་རྗེའི་འགྲོས་སོ། །ཁ་བཅུ་པའི་ཚུལ་ཞེས་བྱ་བ་ནི། སོར་མོ་བཅུ་ཆར་བསྐྱོད་ལ་རྩེ་མོར་བྱས་པའི་ཚུལ་ཏེ། དེ་ཡང་སེང་གེ་འགྲོས་ཀྱི་ཚུལ་དང༌། སེང་གེ་བསྒྱིངས་པའི་ཚུལ་དང༌། །རྡོ་རྗེ་འཇིགས་བྱེད་ཀྱི་ཚུལ་དང༌། སྦྲུལ་


DTG006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མགོའི་ཚུལ་ཏེ་རྣམ་པ་བཞིའོ། །དབྱིག་པ་བཀྲ་བོ་ཞེས་བྱ་བ་ནི་དབྱིག་པ་དང་བཀྲ་བོ་ཞེས་བྱ་བར་སྦྱར་ཏེ། ཐ་མལ་བའི་སྒྲ་འབྱིན་པའོ། །དེ་ཡང་སྐྱེ་བ་ལ་སོགས་པའི་ཚུལ་རྣམ་པ་བདུན་ཏེ། པི་ཝང་ལ་སོགས་པའི་སྒྲ་བྱེད་པའི་ཚུལ་རྣམ་པ་བདུན་ནོ། །དབྱིག་པའི་ཚུལ་ཞེས་བྱ་བ་ནི་མཐེ་བོ་དབྱིག་པ་བསྒྲེང་བ་སྟེ། སངས་རྒྱས་ཀྱི་སྟོབས་ལ་སོགས་པ་རྣམས་བཅུ་གཉིས་སོ། །བ་དན་གཉིས་པ་ཞེས་བྱ་བ་ནི་མཛུབ་མོ་མཐེ་བོ་སྐན་པ་ལྟར་འཛིན་པའོ། །བ་དན་གསུམ་པ་ཞེས་བྱ་བ་ནི་མཐེ་བོང་དང་གུང་མོ་གཉིས་དེ་བཞིན་དུ་བྱེད་པའོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།

ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།


DTG006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ཀུལླེ་ཞེས་བྱ་བ་ནི་ལྷ་མོ་ཀུ་རུ་ཀུལླེ་སྟེ། དེ་ཡང་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་ཤིང་མི་རུས་པ་ཀྱི་རྒྱན་ལ་སོགས་པས་ཀླུབས་ནས་དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུགས་སོ་ཞེས་མན་ངག་ལས་བཤད་དོ། །མ་ཎི་ཞེས་བྱ་བ་ནི་ཤིན་ཏུ་རིན་ཐང་མེད་པའི་ནོར་བུ་དང་འདྲ་བའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཅི་སྟེ་ཡེ་ཤེས་སོ་སོར་རྟོག་པ་ཡིན་ན། རྟོག་པ་དང་བཅས་པར་མི་འགྱུར་རམ་ཞེ་ན། པདྨ་ཞེས་བྱ་བ་སྨོས་ཏེ། ཅི་ལྟར་པདྨ་འདམ་གྱིས་གོས་པ་ལྟར། ཡེ་ཤེས་དེ་རྟོག་པའི་སྐྱོན་གྱིས་གོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཧཱུཾ་ཕཊ་ཅེས་བྱ་བ་སྨོས་ཏེ། ཧཱུཾ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་དོ། །ཕཊ་ཅེས་བྱ་བ་ནི་རྣམ་པར་རྟོག་པ་འདྲལ་བའོ། །མཉྫུ་བཛྲ་ཡ་ཞེས་བྱ་བ་ནི་མིང་ངོ༌། །མུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡིད་ཀྱི་མཆོག་སྟེ། ཧྲཱིཿ་ཞེས་བྱ་བ་ནི་བདུད་ཐམས་ཅད་གན་རྐྱལ་དུ་བསྒྱེལ་བའོ། །ཥྚྰྲྀཿ་ཞེས་བྱ་བ་ནི་མཆེ་བ་གཙིགས་པས་ཡི་དགས་དང༌། །དམྱལ་བ་ལ་སོགས་པ་སྡང་བ་རྣམས་འདུལ་བའོ། །བི་ཀྲྀ་ཏཱ་ན་ན་ཞེས་བྱ་བ་ནི་ཞལ་རྣམ་པར་འགྱུར་བས་འཇིགས་སུ་རུང་བའོ། །ཧཱུཾ་ཕཊ་ཅེས་བྱ་བ་གཉིས་གཉིས་ནི་རྒ་བ་དང་འཆི་བ་སེལ་བར་བྱེད་པའོ། །མཱ་རཱི་ཙི་ཞེས་བྱ་བ་ལ་མཱ་ཞེས་བྱ་བ་ནི་བདུད་དོ། །ཙི་ཞེས་བྱ་བ་ནི་གནོན་པ་སྟེ། བདུད་རྣམས་གནོན་པས་མཱ་རཱི་ཙིའོ། །བ་སུ་དྷ་ར་ཞེས་བྱ་བ་ནི་སྤྱན་དྲང་བའོ། །བ་སུ་བྲྀཥྚི་ནི་བ་ད་ནི་ཞེས་བྱ་བ་ལ། བ་སུ་ནི་རིན་པོ་ཆེ་ལ་སོགས་


DTG006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནོར་རྣམས་སོ། །བྲྀཥྚི་ནི་དེའི་ཆར་རོ། །ཛམྦྷ་ལ་ཞེས་བྱ་བ་ནི་མིང་ངོ༌། །ཛ་ལེནྡྲ་ཡ་ཞེས་བྱ་བ་ནི་ཆུ་བྱིན་པས་དབང་ཕྱུག་སྟེར་བའོ། །མ་ཎི་དྷ་ར་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་རིན་པོ་ཆེ་མངལ་དུ་འཛིན་པའི་ཕྱིར་རོ། །བཛྲི་ཞེས་བྱ་བ་ནི་ངན་འགྲོ་འཇོམས་པས་འཇིགས་པ་རྣམས་རྡོ་རྗེས་འདྲེན་པའོ། །མ་ཧཱ་པྲ་ཏི་སཱ་ར་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པ་སྡུག་བསྔལ་ཆེན་པོར་ཞུགས་པ་རྣམས་འཇོམས་ཤིང་སྣང་བ་མེད་པར་བྱེད་པའོ། །ཧཱུཾ་ཕཊ་ཅེས་བྱ་བ་ནི་འཇོམས་ཤིང་ལྟུང་བར་བྱེད་པའོ། །མ་ཧཱ་ཀཱ་ལཱ་ཡ་ཞེས་བྱ་བ་ནི་མིང་ངོ༌། །ཤས་ན་ཨུ་བ་ཧ་རི་ཨ་པ་ཞེས་བྱ་བ་ནི། བསྟན་པ་ལ་གནོད་བྱེད་རྣམས་ལ་གནོད་པ་བསྐྱེད་པའོ། །ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཞེས་བྱ་བ་ནི་ཁྱོད་ཀྱིས་དམ་བཅས་སོ་ཞེས་པའི་དོན་ཏོ། །ཁ་ཁ་ནི་བསྟབས་པའོ། །ཁཱ་ཧི་ཁཱ་ཧི་ཞེས་བྱ་བ་ནི་སྟེར་བར་བཤད་པའོ། །གྲྀཧྞ་གྲྀཧྞ་ཞེས་བྱ་བ་རིམས་ལ་སོགས་པ་ཞེས་བྱ་བ་དང་སྦྱར་རོ། །བནྡྷ་བནྡྷ་ཞེས་བྱ་བ་ནི་མགྲིན་པ་ཞགས་པ་ཞེས་བྱ་བ་དང་སྦྱར་རོ། །ད་ཧ་ད་ཧ་ཞེས་བྱ་བ་ནི་འབར་བ་རྣོན་པོར་བྱ་བ་དང་སྦྱར་རོ། །བ་ཙ་པ་ཙ་ཞེས་བྱ་བ་ནི་དེ་ཉིད་དེ་སྔར་གྱི་མངོན་སྤྱོད་ཀྱི་འཁོར་ལོ་རིམ་པ་གསུམ་པར་བྱ་ཞེས་པའི་དོན་ཏོ། །སྐད་ཅིག་ཅེས་པ་ནི་ཀུན་དུ་དགའ་བའོ། །དེ་ལ་སྐད་ཅིག་ཅེས་བྱ་བ་ནི་མཆོག་ཏུ་དགའ་བའོ། །རྒྱུའི་སྐད་ཅིག་ཅེས་བྱ་བ་ནི་ཁྱད་པར་གྱི་དགའ་བའོ། །རང་བཞིན་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཏེ། དེ་ཉིད་ནི་བདེ་བ་ཆེན་པོ་ནི་ཟག་པ་མེད་པའི་བདེ་བ་ཡང་ཡིན་ཏེ། ཁྱད་པར་དགའ་བ་ནི་ལྷག། མཆོག་ཏུ་དགའ་བ་ནི་མཐའོ། །དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། དྲུག་པ་རྡོ་རྗེ་སེམས་དཔའོ། །རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་དང་པོ་དང་སྦྱར་རོ། །ཆོས་ཞེས་བྱ་བ་ནི་བདག་མེད་པའི་ལྟ་བའི་རྩ་སྦྱིན་པ་ལ་སོགས་པ་དག་པའི་རྒྱུ་མཚན་ནོ། །དམ་ཚིག་ནི་བསྲུང་བ་དང་བཟའ་བའོ། །དེ་ལ་བསྲུང་བ་ནི། དཀོན་མཆོག་གསུམ་ལ་གནོད་པ་ལ་སོགས་པའོ། །བཟའ་བ་ནི་བདུད་རྩི་ལྔ་དང་བཟའ་བ་ལྔའོ། །དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཚོགས་ཀྱི་འཁོར་ལོ་དང༌། ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་རྟག་ཏུ་བྱའོ། །ཕྱག་


DTG006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བཅིང་བ་སྤང་བར་བྱ། །ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོའི་བདེ་བ་མྱོང་བ་རྣམས་ཀྱི་སྟེ། ལས་དང་པོ་པ་རྣམས་ཀྱི་ནི་མ་ཡིན་ནོ། །དེ་དག་གི་ཕྱག་རྒྱ་བཅིང་བ་སྤང་བ་ཉིད་སྡིག་པར་འགྱུར་རོ། །དཀྱིལ་འཁོར་སོགས་ཞེས་བྱ་བ་ནི་སོགས་པའི་སྒྲས་ནི་ལུས་རྣམ་པར་གཡོ་བ་གཞན་བསྡུའོ། །ལུས་ཀྱི་ལས་ནི་མི་བྱ་ཞིང༌། །ཞེས་བྱ་བ་ནི་རྣལ་འབྱོར་རྣམ་པ་གསུམ་གྱི་ལས་སྤང་བ་སྟེ། དེ་ལ་ཡེ་ཤེས་ཅུང་ཟད་ལ་དབང་ཐོབ་པ་རྣམས་ཀྱིས་ནི། ཁྱེའུ་དང་བུ་མོ་ལ་ཕྲ་ཕབ་ནས། དཀྱིལ་འཁོར་ལ་སོགས་པ་བྱེད་དུ་གཞུག་གོ །ཡེ་ཤེས་ཀུན་ལ་དབང་ཐོབ་པ་རྣམས་ཀྱིས་ནི་སེམས་ཀྱི་དཀྱིལ་འཁོར་སྤྲོ་བ་དང་བསྡུ་བ་བྱ་བའོ། །ཡང་དག་པའི་ཡེ་ཤེས་དབང་དུ་འདུས་པ་རྣམས་ཀྱིས་ནི་སྤྲོ་བའི་དཀྱིལ་འཁོར་དེ་ཉིད་གཟུགས་བརྙན་ལ་སོགས་པ་དང་འདྲ་བར་བསྟན་པར་བྱའོ། །སློབ་དཔོན་མ་ཡིན་ཕྱག་མི་བྱ། །ཞེས་པ་ནི་རྙེད་པ་ལ་སོགས་པའི་དབང་གིས་རྒྱལ་པོ་ལ་སོགས་ལ་མི་འདུད་པའོ། །བླ་མ་ཞེས་བྱ་བ་ནི་སྔགས་ལ་སོགས་པ་སྟོན་པར་བྱེད་པའོ། །རྒན་པོ་ཞེས་བྱ་བ་ནི་སློབ་དཔོན་རྒན་རབས་སོ། །ལྷག་མ་ནི་ལས་དང་པོ་པ་སྟེ་གོ་སླའོ། །དཔལ་རྡོ་རྗེ་འཛིན་པས་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་བཅུ་ཤེས་ཤིང་དཀྱིལ་འཁོར་བྲི་བའི་ལས་ལ་མཁས་ལ། དམ་ཚིག་དང་སྡོམ་པ་ལ་གནས་པ་རྟག་ཏུ་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་ཞིང༌། གཞན་ཡང་ཇི་སྐད་སྨོས་པའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་ནི་རྡོ་རྗེ་འཛིན་པ་དང་ཤིན་ཏུ་ཉེ་བའི་ཕྱིར་དཔལ་རྡོ་རྗེ་འཛིན་པའོ། །དེས་དབང་བསྐུར་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱ་སྟེ། གཞན་གྱིས་ནི་མ་ཡིན་ནོ། །འཆི་བ་ཞེས་བྱ་བ་ལ་སོགས་པ་ལ་འཆི་བ་ཞེས་བྱ་བ་ནི་ཡང་དག་པ་ཉིད་མ་ཡིན་པ་སྟེ། ནགས་ཚལ་ནས་ནགས་ཚལ་དུ་མཆོད་སྦྱིན་ལ་འགྲོ་བ་ལྟ་བུའོ། །མཁའ་སྤྱོད་གནས་ཞེས་བྱ་བ་ནི། ཡང་དག་པའི་ཡེ་ཤེས་དབང་དུ་ཐོབ་པ་རྣམས་ཀྱིས་ཏེ། ཡེ་ཤེས་ལ་དབང་བ་ནི་གོ་འཕང་བརྙེས་པའོ། །བདེ་བ་ཅན་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའི་འཇིག་རྟེན་གྱི་ཁམས་ཏེ། ས་བཅུའི་དབང་ཕྱུག་ཐོབ་པའོ། །འདོད་ན་ཞེས་བྱ་བ་ནི། ཡེ་ཤེས་ཅུང་ཟད་ལ་དབང་ཐོབ་པ་རྣམས་ཀྱིས་ཏེ། སྐྱེ་བ་


DTG006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ཐོབ་བས་གང་དུ་འདོད་པ་དེར་སྐྱེ་བར་འགྱུར་རོ། །ལས་དང་པོ་པ་རྣམས་ཀྱི་ཡང་གལ་ཏེ་ལས་ཀྱི་དབང་གིས་ངན་འགྲོར་འགྲོ་བ་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་ག་སྣ་ཚོགས་ཀྱིས་རྗེས་སུ་འཛིན་པར་མཛད་དོ། །རྗེས་སུ་མཐུན་པའི་སྨོན་པ་དང་དབང་ཐོབ་པའི་ཕྱིར་རོ། །རྡོ་རྗེ་དྲིལ་བུ་ལག་ཏུ་སྦྱིན། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་གཞན་དག་ཀྱང་སྦྱར་བར་བྱའོ། །དེ་ལ་དེ་དག་གི་དོན་ནི་འདི་ཡིན་ཏེ། རང་གི་འདོད་པའི་ལྷའི་གཟུགས་སུ་བསྐྱེད་པ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་སྔོན་དུ་འགྲོ་བ་མིག་ལ་སོགས་པ་བྱིན་གྱིས་བརླབས་ནས་སྔགས་ཀྱི་ཕྲེང་བ་ལན་མང་དུ་བཟླས་པར་བྱ་བ་ཡིན་ནོ། །རྡོ་རྗེ་ཐབ་ཁུང་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ལ། དཀྱིལ་འཁོར་གྱི་སྒྲུབ་ཐབས་ལ་སོགས་པ་སྔོན་དུ་འགྲོ་བས། ཆུ་དང་དབུ་རྒྱན་དང་རྡོ་རྗེ་དང༌། བདག་པོ་དང་མིང་དང་བུམ་པའི་དབང་རྣམས་ཀྱིས་མངོན་པར་དབང་བསྐུར་ཏེ། མཆོད་པ་དང་བསྟོད་པ་དང༌། བདུད་རྩི་མྱང་བ་བྱས་ནས། སྔགས་དུ་མར་བཟླས་ཏེ། དེའི་སྙིང་གར་རྡོ་རྗེ་སེམས་དཔའ་འམ། རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་བ་དང་བཅས་པ་བསྐྱེད་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཅིག་བསྲེས་ལ། མཉམ་པ་ཉིད་དུ་གཤེགས་སུ་གསོལ་བར་དམིགས་ཏེ། ཞི་བའི་སྦྱིན་སྲེག་གི་གནས་སུ་བསྲེག་ཅིང་མངོན་པར་སྦྱང་བར་བྱའོ། །གལ་ཏེ་དེ་ལྟར་མ་བྱས་ན། །མཆོད་རྟེན་བ་ཤིག་པ་ཉིད་དུ་འགྱུར་རོ། །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།བླ་མའི་ཞབས་བཅས་ལས་ཐོབ་པ་ཡི་གདམས་ངག་གང་ཡིན་དེས། །རྒྱུད་རྒྱལ་རྟོགས་དཀའ་རྒྱ་ཆེན་པོ་འདི་ནི་བཞིན་བཀྲོལ་བ་ལས། །ཐོབ་པའི་དགེ་བ་དྲི་མེད་ཕུན་ཚོགས་གང་ཡིན་དེ་ཡིས་ནི། །འགྲོ་བའི་ཚོགས་རྣམས་སྡུག་བསྔལ་མེད་བའི་ལམ་དུ་འགྲོ་བར་ཤོག །མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པར་ཞེས་བྱ་བ། སློབ་དཔོན་ཆེན་པོ་ལྷའི་རིགས་བློ་གྲོས་ཆེན་པོ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་


DTG006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ། །


previousརྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ།ལྷའི་རིགས་ཀྱི་བློ་གྲོས་ཆེན་པོ།next