Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དྲུག་པ།


  collapse section
   
   
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
རྟོག་པ་བདུན་པའི་བསྡུས་དོན།
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   


 
previousརྟོག་པ་བདུན་པའི་བསྡུས་དོན།next

རྟོག་པ་བདུན་པའི་བསྡུས་དོན།


DTG006_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་མདོར་བསྟན་པ་ལ་སོགས་པ་གསུམ་གྱི་མཐར་བཟླས་པ་དང་སྦྱིན་སྲེག་ལ་སོགས་པའི་སླར་བཤད་པ་བརྗོད་པའི་ཕྱིར། རབ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་བཞིན་དུ་ཞེས་པ་ནི་ཇི་ལྟར་


DTG006_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་རིགས་པ་བསྟན་པ་བཤད་པའི་ཕྱིར། །དེ་བཞིན་དུ་ཡང་རབ་གནས་ཞེས་བྱ་བ་ལ་སོགས་པ་ལ། གནས་སྐབས་འདིར་རབ་གནས་ཞེས་པ་ནི་འཆད་པའི་སྒྲུབ་ཐབས་ཀྱི་ཚུལ་གྱིས་རང་རང་གི་མཆན་ཉིད་བྱུང་བའི་ལྷ་མོ་རྣམས་འཇོག་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་ནས་མཚན་ཉིད་བསྟན་དུ་གསོལ་ཞེས་པའི་ཚུལ་གྱིས་སོ། །དགེ་བ་ཞེས་པ་ནི་གང་གིས་རབ་གནས་བྱས་པས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །བཟླས་དང་ཞེས་བྱ་བ་ལ་སོགས་པ་ལ་མི་འཚལ་ཏེ་ཞེས་པ་ནི་སེམས་ཅན་གྱི་དོན་མི་འཚལ་བ་དེས་ནའོ། །སྙིང་རྗེ་ཆེན་པོའི་བདག་ཅེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ནང་དུ་ལྷན་ཅིག་པའི་སྐྱེས་པའི་སྐུའི་བདག་ཉིད་དོ། །དེ་བཞིན་དུ་བསྟན་དུ་གསོལ་ཞེས་པ་སྟེ། འདི་ལྟ་བུའི་མཆོག་ཏུ་དགའ་བ་རྙེད་པར་དཀའ་བ་བཤད་དུ་གསོལ་ཞེས་སྦྱར་རོ། །དེ་ལ་སོགས་པ་ནི་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་ཞུས་པའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་གྱི་དོན་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པའོ། །འདིར་ཕྱིའི་དཀྱིལ་འཁོར་དང་སྦྱིན་སྲེག་དང་ལས་ཆོགས་ལ་སོགས་པ་དང་བསྲུང་བ་དེ་ཐམས་ཅད་བསམ་གཏན་དང་སྔགས་ཀྱི་རབ་ཏུ་སྦྱར་བས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ས་ལ་སོགས་པའི་གནས་སྦྱར་བར་བྱའོ། །དེ་ལ་དང་པོར་ཞེས་བྱ་བ་ལ་སོགས་པ་ལ། བསྒྱིངས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་ང་རྒྱལ་དུ་བདག་ཉིད་བྱ་ཞེས་པ་སྟེ་བདག་ཉིད་བསྒྲུབ་པའོ། །སླར་ཡང་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་དུ་རྣམས་པར་བསམ་ཏེ། ཁེངས་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་བཞིན་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བ་ལ་སོགས་པ་ནི། བདག་ཉིད་འཇིག་རྟེན་གསུམ་ལས་རྣམས་པར་རྒྱལ་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང་ལྡན་པའོ། །བགེགས་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱས་པར་དཀྱིལ་འཁོར་གྱི་ཆོ་གའི་ཚུལ་གྱིས་བྱས་སོ། །འདིར་ནི་བསྡུས་པ་ཉིད་དོ། །རྐང་སྟབས་དགོད་པ་ཞེས་པ་ནི་སྔོན་དུ་གསུངས་པའི་གཡས་བརྐྱང་ལ་སོགས་པའོ། །གར་གྱི་ཚུལ་གྱིས་བཅས་པར་བྱའོ། །ལྷ་མོ་རྣམས་ཞེས་པ་ནི་དཀྱིལ་


DTG006_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་དཀྱིལ་འཁོར་བ་རྣམས་སོ། །ཡང་ན་རྡོ་རྗེའི་རིགས་ལ་སོགས་པའི་ཤེས་རབ་མ་དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱ་ཞེས་དགོངས་སོ། །དེ་བཞིན་དུ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱའི་སྦྱོར་བས་ཞེས་པ་ནི་རྡོ་རྗེ་བུ་མོ་ལ་སོགས་པ་ཤེས་རབ་མ་བཅུ་འདོད་པ་སྤྱད་པར་བྱའོ། །དེ་ལྟར་བྱས་ནས་སུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གཏུམ་མོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བྲམ་ཟེ་མོ་ལ་སོགས་པ་གཟུང་ངོ༌། །རྒྱུ་ཅིའི་ཕྱིར་ཞེ་ན། གསུངས་པ་འདིར་གང་གི་ཕྱིར་ནང་གི་སྦྱིན་སྲེག་བྱ་བའི་ཕྱིར་རོ། །ཐུན་མོང་བ་ཞེས་བ་ནི་གཞན་གྱི་རིགས་ལས་བྱུང་བའོ། །ཡན་ལག་ལ་སྔགས་ཞེས་པ་ནི་རིགས་ལྔས་རིགས་ཅན་དུ་བྱ་སྟེ། སྔགས་ནི་འདི་ལྟ་སྟེ། ཧྲཱིཿ་ཞེས་བྱ་བ་ལ་སོགས་པ་ཡན་ལག་བརྒྱད་ལ་བསམ་པར་བྱའོ། །ལྷག་མ་ནི་སྒྲ་ཇི་བཞིན་ནོ། །དེའི་བྷ་ག་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ནང་གི་སྦྱིན་སྲེག་གིས་ནི་ཀུན་རྫོབ་ཏུ་ཕྱག་རྒྱ་ཆེན་པོའི་ཤེས་རབ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྣམ་པར་དག་པའི་ཕྱིར་དུ་ཡང་སྦྱིན་སྲེག་ལ་སོགས་པའི་གནས་ཐམས་ཅད་ཤེས་རབ་ཀྱི་གཟུགས་སུ་བསམ་པར་བྱ་ཞེས་པ་ནི་གཞུང་ལུགས་ཏེ། དེར་མེ་ཏོག་ལ་སོགས་པ་གཏོར་རོ། །ཁུ་བ་མེད་པའི་མེ་ཏོག་ཀྱང་ཁུ་བའི་རྣམ་པར་གཏོར་བར་བྱའོ་ཞེས་པ་སྟེ་ངེས་པའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་ཐ་མ་ལ་ཞེས་པའི་སློབ་མ་ལ་བྱིན་པའོ། །དེས་ན་གཞན་དུ་ཤེས་པར་བྱའོ། །འོན་ཀྱང་དཀྱིལ་འཁོར་ལ་ལྟོས་པ་ཞེས་པ་ནི་དང་པོ་ཉིད་དུ་དཀྱིལ་འཁོར་བྱས་ནས་སྦྱིན་སྲེག་བྱ་བ་སྦྱིན་སྲེག་འབའ་ཞིག་ཙམ་ནི་མེད་པར་འགྱུར་རོ། །གཞན་དུ་འཇིག་རྟེན་པའི་ཐ་སྙད་ཙམ་དུ་འགྱུར་ཞེས་པའོ། །དེ་ལྟར་ཡང་གང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་ཐིག་གདབ་པ་ཞེས་པ་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རུ་རྡུལ་ཚོན་གྱི་དཀྱིལ་འཁོར་དྲུག་ཅུ་རྩ་བཞིའི་ཁྱད་པར་གྱི་ཐིག་གདབ་པའོ། །ཆོས་ཀྱི་དཀྱིལ་འཁོར་གྱི་རང་གི་དམ་ཚིག་ཅེས་པ་ནི་ཇི་སྲིད་བྱང་ཆུབ་ཀྱི་ལམ་བསྟན་པ་མཐོར་བ་དེ་སྲིད་དུ་ཨ་ཝ་དྷཱུ་ཏིའི་ནང་དུ་ཆུད་པས་རྩ་ཐམས་ཅད་ཀྱི་ཐིག་སྐུད་འཛིན་པའི་ཕྱིར་ཞེས་དགོངས་


DTG006_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་ཞེས་པ་ནི་རྩ་རྣམས་སུ་རྒྱུ་བའི་ཕྱིར་རོ། །རྣལ་འབྱོར་པ་ཞེས་པ་ནི་རྩ་རྣམས་སུ་རྒྱུ་བའི་རྣལ་འབྱོར་པ་ཞེས་པ་ཙམ་པའོ། །གནས་ཞེས་པ་ནི་མཚམས་ཀྱི་གནས་སུ་གྱུར་པ་ཞེས་སྦྱར་རོ། །དེར་གནས་ཏེ་དུས་ཐམས་ཅད་དུ་ཕྱིའི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། ལས་རྣམས་ཐམས་ཅད་ཅེས་པ་ནི་སྔོན་དུ་གསུངས་པའི་ལས་རྣམས་སོ། མེ་ནི་ལྷའི་ཞལ་ཞེས་པ་ནི་ནང་གི་རྣལ་འབྱོར་པ་རྣམས་ཀྱི་རྩ་ཐམས་ཅད་དུ་གཏུམ་མོའི་སྦྱོར་བ་དེའི་མེས་སོ། །ཞལ་ཞེས་པ་ནི་དེ་ལ་བརྟེན་པ་སེམས་ལས་བྱུང་བའོ། །ལྷ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཅན་ཕུང་པོ་དང་ཁམས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེའི་མཚན་ཉིད་ཀྱི་རང་བཞིན་དེ་ལ་དེ་སྐད་ཅེས་བརྗོད་པར་འགྱུར་རོ། །དེ་ཉིད་ཀྱིས་ན། སྤྱིན་སྲེག་ཉིད་རྣམ་པར་གནས། །ཞེས་གསུངས་ཏེ། དེའི་ཕྱིར་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིམ་ཞེས་པ་ནི་བསྟར་བ་སྟེ། ནང་གི་བྱང་ཆུབ་ཀྱི་སེམས་ཀྱིས་ཚིམ་པ་དེ་ལ་བརྟེན་ནས་ཕྱི་རུ་སྲེག་རྫས་ཀྱིས་ཚིམ་པ་ཞེས་པ་མགུ་བར་འགྱུར་བའོ། །དེ་ནས་བཅོལ་ཞེས་པ་ནི་ངེས་པའོ། །སྔགས་ནི་ལྷག་གམ་མཚང་ཞེས་བྱ་བ་ལ་སོགས་པ་ནི་འདིར་ནང་དུ་སྔགས་ཀྱི་སྒྲ་ནི་ཕལ་ཆེར་སེམས་ལས་བྱུང་བའི་རང་བཞིན་ཏེ། དེ་རྣམས་ཉིད་ཐུང་དུ་དང་རིང་པོའི་དུས་སུ་ཉམས་ཏེ། མཉམ་པར་མ་གཞག་པས་འཁོར་བར་འཁོར་རོ། །དེས་ན་དེ་རྣམས་ཀྱི་ནང་གི་སྦྱིན་སྲེག་གིས་དུས་མཉམ་པར་འགྱུར་རོ། །ཕྱི་རུ་ནི་སྒྲ་ཇི་བཞིན་ནོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུམ་མཆོག་ཅེས་པ་ནི་རྡོ་རྗེ་སེམས་དཔས་བསྔགས་པ་དེ་ལ་དེ་སྐད་ཅེས་བྱའོ། །གཙུབ་ཤིང་ཞེས་པ་ནི་ཨ་ཝ་དྷཱུ་ཏིའི་དུས་མཚམས་སུ་གཏུམ་མོ་སྦར་བའོ། །ཕྱི་རུ་ན་དངོས་སུ་མ་སྦར་བར་བྱའོ། །གདོལ་བའི་མེ་ལ་དགེ་བ་མ་ཡིན་པའི་ལས་བསྒྲུབ་པ་ནི་མཚམས་མ་ཡིན་པའི་དུས་སུ་གཏུམ་མོའི་མེ་སྦར་བའོ། །ཕྱི་རུ་ནི་སྒྲ་ཇི་བཞིན་ནོ། །དེ་བཞིན་དུ་ཟླུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཐབ་ཁུང་བཞི་ནི་དཀྱིལ་འཁོར་བཞི་དང་འཁོར་ལོ་བཞི་རྣམ་པར་དག་པ་ཕྱི་དང་ནང་གི་བདག་ཉིད་སྙིང་ག་ད་དང་ལྟེ་བ་དང་སྤྱི་བོ་དང་མགྲིན་པའི་ཐུན་མཚམས་བཞི་པོ་དེ་རྣམས་ལ་རྡོ་རྗེ་ལ་སོགས་པའི་མཚན་མ་བཞིའོ། །འདིར་དཀྱིལ་འཁོར་ལ་དགོད་པའི་


DTG006_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་དེ་དག་མན་ངག་ཇི་ལྟ་བ་བཞིན་ཐབ་ཁུང་གི་དབུས་སུ་སྦྱིན་ནོ། །ཁ་ཁྱེར་ཞེས་པ་ནི་ཁ་ཁྱེར་གྱི་མཚམས་དང་ཟུར་དུ་མཛེས་པར་བྱ་ཞེས་པ་ནི་བརྒྱན་པ་སྟེ། རྡོ་རྗེ་རིན་ཆེན་དང་ཟླ་བ་ཕྱེད་པ་རྣམས་ཀྱང་ཁ་ཁྱེར་དང་མཆུ་ལ་དགོད་པར་བྱའོ། །གཙུག་ཏོར་ལ་སོགས་པ་ཐབ་ཁུང་གི་དབུས་སུ་དགོད་ཅེས་པ་སྟེ་ངེས་པའོ། །སྦྱིན་སྲེག་དེ་ཉིད་ཅེས་པ་ནི་སྦྱིན་སྲེག་གི་ཆོ་ག་རྒྱས་པ་ཉིད་ཀྱི་སློབ་དཔོན་གྱིས་བྱའོ། །དེ་བཞིན་དུ་སྦྱོར་བ་ཇི་བཞིན་ཞེས་པ་ནི་གསུངས་པའི་སྦྱོར་བ་དང་ལྡན་པའོ། །ཐམས་ཅད་ལས་ཞེས་པ་ནི་ལས་ཐམས་ཅད་པའི་སྦྱིན་སྲེག་ལ་སྲེག་བླུགས་གསུམ་གསུམ་དབུལ་བའོ། །གཞན་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་དེ་ཆེན་པོ་ཞེས་པ་ནི་འདིར་རྣམ་པར་སྣང་བར་མཛད་ཅིང་གསལ་པར་མཛད་པས་ན་རྣམ་པར་སྣང་མཛད་དོ། །ཆེན་པོ་ལ་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་གཅིག་གིས་གཟུགས་ཀྱི་ཕྱིར་རོ། །དེ་ནས་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །དེ་ལ་མངོན་པར་ཞེ་ན་པས་ནི་དེ་བཞིན་གཤེགས་པའོ། །དེ་ཡང་ཡེ་ཤེས་ཀྱི་འཁོར་ལོ་ཞེས་པ་ནི་སྙིང་རྗེ་ཤེས་བྱའི་རྣམ་པའི་ཡེ་ཤེས་ཏེ། དེའི་རྣམ་པས་འཇུག་པའོ། །དེའི་སྒྲུབ་པ་ཐབས་ཞེས་པ་ནི་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་དང་སྙིང་རྗེ་གཉིས་ཀ་དབྱེར་མེད་པའི་ཕྱིར་བྱང་ཆུབ་སེམས་རྡོ་རྗེ་དང་ཆོས་མཐུན་པ་མི་ཕྱེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱི་དང་ནང་གི་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་ཞེས་པ་སྔོན་དུ་གསུང་པའི་རྩ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོའོ། །དེའི་རབ་ཏུ་སྒྲུབ་པ་ནི་ཆོ་གའོ། །སྦྱོར་བ་ཞེས་པ་འཆད་བཞིན་པའི་ཚུལ་གྱིས་རང་བཞིན་གྱི་དུས་རྣམས་ལ་རང་རང་གི་ལྷའི་གཟུགས་དམིགས་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ལས་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་ཅེས་པའོ། །ལྷ་ནི་གང་ཡང་རུང་ཞེས་པ་ནི་མདོར་བསྡུས་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་པ་རྣམས་སུ་དུས་ལས་བྱུང་བའི་ལྷ་དེ་རྣམ་པར་རང་རང་གི་གནས་སུ་རང་གི་འཁོར་ལོའི་དབུས་སུ་དེའི་སྐད་ཅིག་ལ་དེའི་ནང་དུ་བསྒོམ་པའི་ཕྱིར་མཆོད་པའི་ལས་བླ་ན་མེད་པར་འགྱུར་རོ། །དེ་བཞིན་དུ་དེའི་ཞེས་པ་ནི་ཕྱི་རུ་


DTG006_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལས་གང་གི་ཕྱིར་འབྱུང་བའི་དུས་སུ་འགྱུར་ཏེ། དེའི་ཕྱིར་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་རྡོ་རྗེ་ལས་རྡོ་རྗེ་སེམས་དཔའ་འབྱུང་པའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་བསམ་དུ་མེད་པ་ལས་བསམ་པའི་ཕྱིར། སངས་རྒྱས་ཀྱིས་གསུངས་ཞེས་པ་ནི་སྔགས་ཞེས་སྦྱར་རོ། །དེས་ན་ཞི་བ་ལ་སོགས་པའི་ལས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་འདོད་པའི་དབང་གིས་སྦྱར་ཞེས་སྦྱོར་རོ། །རང་རང་གི་དུས་གྲུབ་པས་ཞེས་པར་བྱའོ། །དེས་ན་བདག་པོ་ཞེས་བྱ་བ་ལ་སོགས་པ་ནི་ལས་རེ་རེའི་དུས་སུ་རང་རང་གི་འཁོར་ལོའི་གཙོ་བོའི་གནང་བ་བླང་བར་བྱའོ། །དེ་གནང་བ་ཐོབ་པས་དེའི་ཕྱིར་ལས་བྱ་ཞེས་སྦྱར་རོ། །ད་ནི་རང་རང་གི་ལས་འདི་རྣམས་བྱུང་བའི་དུས་སུ་གཙོ་བོ་བསྒོམས་པ་གསུངས་པ། དེ་ལ་དང་པོ་སྒྲོལ་མ་བརྗོད་དེ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་བྷ་གའི་དབུས་སུ་ཞེས་པ་ནི་ནང་དུ་རྩ་བྷ་གའི་ཕྱིར་དེའི་ཚེ་ཕྱི་རུ་ཡང་དེའི་རང་བཞིན་ཉིད་ཀྱིས་བསྒོམ་པར་བྱའོ། །ཟླ་བའི་དཀྱིལ་འཁོར་ཞེས་པ་ནི། དང་པོ་སེམས་ཀྱི་རང་བཞིན་འབྱུང་བའི་སྐད་ཅིག་ལ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པར་བྱའོ། །དེ་ལྟར་འབྱུང་བའི་དུས་སུ་ཡང་སྐད་ཅིག་གི་རྣམ་པར་དམིགས་པར་བྱའོ། །དེས་ན་ཏཱཾ་གི་ཡེ་ཤེས་པ་ནི་རང་གི་སེམས་ཀྱི་ཡེ་ཤེས་འཆང་བ་ལ་སྒྲོལ་མའི་ས་བོན་ཏཱཾ་བསྒོམ་པར་བྱའོ། །དེ་ཡང་སེམས་ཀྱི་ཟླ་བའི་སྟེང་དུ་དེ་ལས་བྱུང་བ་ཞེས་པ་སྒྲུབ་པའི་ལྷ་མོ་སྒྲོལ་མའི་བསྒོམ་པར་བྱའོ། །དེ་བཞིན་དུ་སྒེག་པའི་ཉམས་དང་ལྡན་ཞེས་པ་ནི་ཧེ་རུ་ཀའི་ཐབས་དང་ལྡན་པའོ། །ལྷག་མ་ནི་གོ་སླའོ། །འོན་ཀྱང་ཧེ་རུ་ཀའི་རིག་བྱེད་མ་ཞེས་པ་ནི་དེ་བཞིན་དུ་སྒྲོལ་མ་རྗེ་བཙུན་མ་ཨ་ཝ་དྷཱུ་ཏཱིའི་ནང་ཧེ་རུ་ཀའི་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་གསུངས་པ་འདིར་ཨ་ཝ་དྷཱུ་ཏཱིའི་དཀྱིལ་འཁོར་རྒྱུ་བའི་རྒྱུ་བའི་ཕྱིར་རང་གི་དུས་འགོག་པ་བརྗོད་དེ། དེ་ཅི་ཞེ་ན་རང་གི་སྐད་ཅིག་ལ་འགོག་པ་ཡང་ཞལ་བརྒྱད་བཅོས་པ་ཐུན་བརྒྱད་འགོག་པའོ། །དེ་བཞིན་དུ་སྤྱན་གསུམ་གསུམ་ཉི་ཤུ་རྩ་བཞིར་འགྱུར་ཏེ། དེས་ན་ཁམས་ཉི་ཤུ་བཞི་རྣམས་འགོག་པའོ། །བཅུ་དྲུག་ཕྱག་ཅེས་པ་ནི་འཕོ་བ་བཅུ་དྲུག་འགོག་པའོ། །བཞད་པ་ཞེས་པ་ནི་དབང་པོ་ཐམས་ཅད་སྡུད་པའི་ཕྱིར་རོ། །ཀུན་ནས་དམར་འདྲ་ཞེས་པ་ནི་ཁ་དོག་ཐམས་ཅད་ནི་སྙིང་རྗེའི་ཆགས་པས་བཅོས་པའོ། །དེ་


DTG006_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདག་གིར་བྱེད་པའི་ཕྱིར་རྣམ་པར་རྟོག་པ་འགོད་དོ། །ལང་ཚོ་གཞོན་པས་ཞེས་པ་ནི་ལོ་བཅུ་གཉིས་ལོན་པའི་ཕྱིར་ཡང་ལག་བཅུ་གཉིས་འགོག་པའོ། །སྣ་ཚོགས་པའི་ཞེས་པ་ནི་སྣ་ཚོགས་སུ་བསྒྱུར་པའི་མདོག་སངས་རྒྱས་ཀྱི་ན་བཟའ་སྐུ་ལ་བསྣམས་པའོ། །དོ་ཤལ་ཞེས་པ་ནི་གཉིས་མེད་པའི་ཐར་པའི་ས་ལ་བཞུགས་པའོ། །རྐང་རྒྱན་ཞེས་པ་ནི་རྐང་པ་ལ་བཏགས་པའི་ཚིགས་ཀྱི་དོར་ཐབས་སྤང་བར་འགྱུར་རོ། །མགུལ་དོ་ཞེས་པ་ནི་མགུལ་དུ་རིན་པོ་ཆེའི་ཕྲེང་བ་བཏགས་པའི་དགྲའི་རྒྱུད་ཐམས་ཅད་ཀྱི་སྐེ་བཅིངས་པའོ། །རྣ་རྒྱན་ཞེས་པ་ནི་རྣ་བ་གཉིས་ལ་རྣ་ཆ་བཏགས་པས་དབུ་མ་ལས་བདུད་རྩིའི་རྒྱུན་འཛག་པའོ། །དཔུང་རྒྱན་ཞེས་པ་ནི་དཔུང་པ་གཉིས་སུ་བཏགས་པས་བདག་གི་འགོག་པའི་ཕྱིར་དབང་དུ་བྱེད་པའོ། །སྐེ་རགས་ཞེས་པ་ནི་སྐེ་རགས་བཅིངས་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་འགོག་པར་བྱེད་པའོ། །སྲད་བུ་ཞེས་པ་ནི་ཚངས་པའི་སྐུད་པས་ལས་ཀྱི་ཚོགས་ཐམས་ཅད་ཨ་ཝ་དྷཱུ་ཏཱིའི་ཁྱབ་པར་པའོ། །སོགས་པའི་སྒྲས་ནི་སྤྱིར་བོར་འཁོར་ལོས་བརྒྱན་པ་བསྡུས་ཏེ། དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པའི་ཕྱིར། །དེ་རྣམས་ལ་ཆོས་བསྟན་མི་ནུས་པ་འགོག་པའི་མཚན་ཉིད་ཀྱིས་སོ། །སྣ་ཚོགས་རྒྱན་ཞེས་པ་ནི་བདེ་བ་སྣ་ཚོགས་པའི་རང་བཞིན་བྱང་ཆུབ་སེམས་བག་ཆགས་དང་བྲལ་བའི་ཕྱིར་ཡིད་ཀྱིས་གཟུང་པའི་དོན་ཏོ། །ཨུཏྤལ་ཞེས་པ་ནི་ཤིན་ཏུ་བརྩོན་པའི་བརྩོན་འགྲུས་ཀྱིས་བརྒྱན་པའི་སེམས་སོ། །ཛི་བ་ཀའི་མེ་ཏོག་ཅེས་པ་ནི་བནྡུ་ཀའི་མེ་ཏོག་དམར་པོ་བཅིངས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྙིང་རྗེས་བརྩོན་པའི་ཕྱིར་རོ། །གཡས་བརྐྱང་བ་ཞེས་པ་ནི་ཏིང་ངེ་འཛིན་འདི་སྤངས་ནས་དུས་ཐམས་ཅད་དུ་ཡིད་རོལ་པ་ཡིན་པའོ། །སུམ་ཅུ་གསུམ་པ་ཞེས་པ་ནི་སུམ་ཅུ་རྩ་གསུམ་པའི་གནས་རྣམས་ཀྱི་དབང་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ལུས་དང་ངག་དང་སེམས་འགོག་པའོ། །འགྱེལ་ཞེས་པ་ནི་དྲེགས་པ་དང་བྲལ་བའི་བློ་མི་ཤིགས་པ་ལས་རྟག་ཏུ་བཞུགས་པའོ། །གཞན་ཡང་དག་གི་སྒྱུ་མས་སྐྲག་པ་དང༌། དེའི་བརྫུན་པ་ནི་ཐལ་མི་སྦྱར་བས་སྲིད་པ་དང་མྱ་ངན་ལས་འདས་པ་འགོག་པར་བྱེད་པའོ། །འོད་ཟེར་དམར་པོ་འབར་བ་ཞེས་ནི་


DTG006_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་སྙིང་རྗེ་ཉིད་ཀྱི་འོད་དོ། །གཟི་བརྗིད་ཅེས་པ་ནི་སྙིང་རྗེ་ཆེན་པོ་ཉིད་ཀྱི་ཚིག་གོ །དེས་ན་འབར་བ་ནི་དགའ་བའི་ཡིད་ཉིད་གཉིས་མེད་པའི་བློའི་ཕྱིར་རོ། །དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་སྤྲུལ་པས་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་སྤྲོས་ཞེས་པ་ལ་སོགས་པ་ཇི་སྐད་གསུངས་པ་བཞིན་ནོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སྐྱེད་བྱེད་མ་ཞེས་པ་ཏིང་ངེ་འཛིན་ཏེ་སྒྲོལ་མ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །སེམས་ཅན་ཞེས་པ་ནི་རྡོ་རྗེ་སྨེས་དཔའ་རྟེན་ཏེ། དེ་བཞིན་དུ་ཡིད་འོང་ཞེས་པ་ནི་སྡུག་པ་སྟོང་པ་ཉིད་དང་སྙིང་རྗེའོ། །བསྒོམས་ན་ཞེས་པ་ནི་མངོན་དུ་བྱ་ཞེས་པའོ། །དེ་བཞིན་དུ་དང་པོ་ཞེས་བྱ་བ་ལ་སོགས་པ་ཕྱག་བཅུ་དྲུག་གི་ཕྱག་མཚན་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་འདི་ལྟ་སྟེ། རལ་གྲི་ཡིས་ནི་རྒྱུ་མ་གཅོད། །རལ་གྲི་ཡི་ནི་གསལ་སྣང་བཞིན། །མཐོང་ཡང་དེ་ནི་གནས་པ་མེད། །རལ་གྲི་ཡིས་ནི་ལས་གཅོད་དོ། །འདིར་ནི་ཨུཏྤལ་གཉིས་པ། །བརྩོན་པས་ཡིད་ཀྱི་རྒྱ་མཚོ་ལས། །དེ་ཡི་སད་པའི་མཚན་ཉིད་ནི། །འཁོར་བའི་རྒྱ་མཚོ་ཕ་རོལ་འགྲོ། །མདའ་ནི་བདུད་རྣམས་བཟློག་པ་སྟེ། །མཚོན་ཆ་བས་བསམ་དུ་མེད་པ་འབིགས། །རྣལ་འབྱོར་མ་ནི་མདའ་བཞིན་དུ། །ཕུག་ན་རྟག་ཏུ་འོང་བར་བྱད། །རྡོ་རྗེ་ཕུང་པོ་གསད་པར་བྱ། །སེམས་ཀྱི་རྡོ་རྗེ་དང་འདྲེས་ཕྱིར། །དེ་ཡིས་ཐམས་ཅད་རྒྱས་གདབ་ཉིད། །རྡོ་རྗེ་གཉིས་ནི་གཉིས་མེད་སྤྱོད། །ལྕགས་ཀྱུ་ཡིས་ནི་ལམ་བཀུག་སྟེ། །སྲོག་གི་ལྕགས་ཀྱུ་རྟག་ཏུ་ཤེས། །སྐུ་སོགས་རྡོ་རྗེ་སྤྲོས་པའི་ཕྱིར། །དེ་ཡི་ལས་ནི་རབ་ཏུ་ཕྱུག །དབྱུག་པ་ཡང་ནི་ལྔར་པར་བཟུང༌། །བག་ཆགས་རྣམས་ནི་འཇོམས་པའི་ཕྱིར། །ལས་ཀྱི་དབྱུགས་པ་ཞེས་བརྗོད་པ། །སྲོག་གི་རླུང་གིས་གཟུང་བར་བྱ། །གྲི་གུག་ཏུ་ནི་གང་བརྗོད་པ། །ཡན་ལག་བཅུ་གཉིས་གཅོད་པའི་ཕྱིར། །ལས་གཅོད་པ་ནི་རྣམས་གཟུང་པས། །བདུད་ཀྱི་སྟེ་རྣམས་བསྡིགས་པར་བྱེད། །ལག་པའི་སོར་མོ་བརྐྱང་བའི་ཕྱིར། །སེམས་ཅན་ཀུན་ལ་མི་འཇིགས་ཏེ། །སེམས་ཅན་དེ་བཞིན་གཤེགས་ལྔའི་དངོས། །མི་འཇིགས་པ་ནི་རྟག་ཏུ་བསྟན། །གཡོན་དུ་ཐོད་པ་གདུག་པ་ནི། །བདུད་ཀྱི་ཁྲག་བཀང་འཛིན་


DTG006_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །ཚངས་པ་ཡི་ནི་གནས་སུ་གང༌། །དེ་ཉིད་དུ་ནི་ཐིམ་སྟེ་གནས། །གང་ཕྱིར་སྡིགས་མཛུབ་འཛིན་པ་ནི། །ལམ་གཅིག་གིས་ནི་མཛེས་པའི་ཕྱིར། །སེམས་ཅན་རྣམས་ལས་བསྟན་པ་ཉིད། །ཏིང་འཛིན་རྫོགས་པར་བསྒོམས་པའི་ཕྱིར། །འགྲོ་བ་ཐམས་ཅད་གཞུ་རྣམ་པ། །ཡོན་པོ་ཉིད་དུ་རྟག་ཏུ་གནས། །དེ་ཉིད་དུ་དབྱུང་པ་དགུག་པ་ཉིད། །མཚོན་བྱ་མཚོན་བྱེད་ཀྱིས་ནི་འབིགས། །ཁ་ཊཱ་སྟོང་པའི་རྣམ་པ་སྟེ། །དྲི་ཟའི་སེམས་ཅན་ལྟ་བུ་ཉིད། །བག་ཆགས་དྲ་བ་སོང་བས་ན། །ཉེ་བར་དམིགས་པའི་དངོས་པོ་སྤངས། །ཞགས་པ་རྣམ་རྟོག་འཆིང་བ་སྟེ། །མིག་ལ་སོགས་པ་བརྒྱད་ཀྱི་ནི། །རྣམ་པར་ཤེས་པ་རྨོངས་པར་འགྱུར། །བཅིངས་པའི་ཕྱིར་ན་དེ་ནི་སྤངས། །གང་གིས་མགོ་བོ་གསུམ་འཛིན་པ། །དུས་གསུམ་པོ་ནི་གཅོད་པའི་ཕྱིར། །ཡང་ན་དེ་ཉིད་གསུམ་གྱི་རིགས། །ཡི་གེ་རྣམས་ནི་གཅོད་པ་ཡིན། །འགྲོ་བ་བློ་ལྡན་རིན་ཆེན་མཚུངས། །སངས་རྒྱས་རིན་ཆེན་དེ་རྟག་ཏུ། །སེམས་ཅན་གང་དག་རྨོངས་པ་ལ། །གྲོལ་བ་ཉིད་ཀྱི་ཕྱིར་ནི་བཟུང༌། །བུམ་པ་བདུད་རྩིས་རབ་གང་བ། །སྤྲུལ་པ་ལ་སོགས་རོ་རྣམས་ཏེ། །སྐུ་བཞིན་ཡི་ནི་ཆོས་ཀྱིས་ནི། །ཁམས་གསུམ་པ་ནི་ཚིམ་པར་བྱེད། །ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་གཡས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི། གཡས་དང་གཡོན་དུ་ཞལ་དྲུག་གོ །སྟེང་གི་ཞལ་ནི་བདུན་པའོ། །རྩ་བའི་ཞལ་ནི་བརྒྱད་པའོ། །ཞལ་བདུན་པོ་རྣམས་ཀྱི་མདོག་གང་དག་ཡིན་པ་དེ་དག་ནི་ཨ་ཝ་དྷཱུ་ཏཱིའི་ནང་དུ་པགས་པ་ལ་སོགས་པའི་ཁམས་བདུན་གྱི་མདོག་འགོག་པའི་ཕྱིར། བུང་བའི་རྣམ་པ་ཞེས་པ་ནི་སྐྱེ་བ་བདུན་པ་བཞིན་སྣ་ཚོགས་འཛིན་པའི་ཕྱིར་རོ། །ཞབས་བཞི་ཞེས་པ་ནི་སྦྱིན་པ་ལ་སོགས་པ་རྣམ་པ་བཞིས་ཁམས་གསུམ་རྣམས་ལ་སྤྲུལ་པ་ཉིད་རྣམ་པར་སྤྱོད་པའོ། །མདུང་རྩེ་གསུམ་ཞེས་པ་ནི་དུས་ཐམས་ཅད་དུ་དེ་ལྟར་རྩ་གསུམ་གྱི་སྦྱོར་བ་འཛིན་པའོ། །སྤྲུལ་ཞེས་པ་ནི་དེ་ལ་སྲོག་བརྟེན་པ་ཉིད་དེ། སར་པ་རོའི་སྒྲས་རྒྱས་པ་སྟེ་སྲོག་དེ་ལ་བྲལ་བ་ནི་སེམས་ཅན་མ་ཡིན་ཞེས་པའི་དོན་ཏོ། །དེ་ཡང་སྒྱུར་མ་བཞིན་ཉེ་བར་མཚོན་པའི་ཕྱིར་རོ། །དེ་ལྟར་རྣམ་པར་དག་པའི་ཐབས་སྣ་ཚོགས་པ།


DTG006_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཐབས་ཐམས་ཅད་ལས་བླ་མའི་མན་ངག་གིས་རྟོགས་པར་བྱ་སྟེ། ངག་གིས་བརྗོད་པ་ཞེས་དགོངས་ཏེ་དང་པོའོ།། །།ད་ནི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བསྒོམ་པའི་རིམ་པ་གསུངས་པ། བྷ་གའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྟོགས་པ། འདི་རྫོགས་པའི་མཐར་ཐུག་པའི་སྒྲུབ་ཐབས་ཐམས་ཅད་ནི་གོ་སླའོ། །དེས་ན་རྒྱ་ཆེར་འགྲེལ་པ་འདིར་རྒྱས་པར་མ་བརྗོད་དོ། །དེ་ལྟ་མོད་ཀྱི་གནས་སྐབས་ཁ་ཅིག་ཏུ་ཚིག་རྟོགས་པའི་ཕྱིར་བཤད་པར་བྱའོ། །འདིར་ཡང་སྔོན་དུ་གསུངས་པའི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱི་ལས་ཀྱི་ཚོགས་བསྟན་པ་དེ་རྣམས་ལ་ལས་ཀྱི་སྒྲུབ་ཐབས་འདི་རྣམས་སྦྱར་བར་བྱའོ། །འོན་ཀྱང་སླར་བཤད་པའི་འདི་ལས་བསྒྲུབ་པར་བྱའོ། །དེས་ན་མན་ངག་གིས་གསུངས་སོ། །དེ་བཞིན་དུ་སྔོན་གྱི་འཁོར་ལོའི་རྗེས་སུ་འབྲངས་པ་ཉིད་དབང་ལ་སོགས་པའི་ཚིགས་ལས་ཤེས་པར་བྱའོ། །དེ་བཞིན་དུ་དེར་གསུངས་པའི་དབང་ལ་སོགས་པ་དང་འདིར་བརྗོད་པའི་དབང་ལ་སོགས་པ་གཉིས་ཀ་འདུས་པ་ལས་སོགས་པར་བྱའོ། །མ་ཡིན་ན་གཉིས་ཀ་དང་བྲལ་བའི་ཕྱིར། །བརྗོད་པ་དོན་མེད་པར་འགྱུར་ཞེས་པ་སྟེ་ངེས་པའོ།། །།དེ་ལྟར་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ནི་གོ་སླའོ། །གཉིས་པའོ།། །།དེ་བཞིན་དུ་འོད་ཟེར་ཅན་བརྗོད་དོ། །དེ་ནས་མང་ཞེས་བྱ་བ་ལ་སོགས་པ་ལ། མེ་ཏོག་བརྩེགས་མ་ཞེས་པ་ནི་རིན་པོ་ཆེ་བཞིན་མེ་ཏོག་གི་ཅོད་པ་ན་ནོ། །གསུངས་ཞེས་པ་ནི་སྡུད་པ་པོ་རང་ཉིད་ཀྱི་ཉེས་པ་སེལ་བའོ། །གཞན་ནི་ཇི་བཞིན་ཉིད་དོ། །གསུམ་པའོ།། །།དེ་བཞིན་དུ་བརྞ་ཤ་བ་རིའི་སྒྲུབ་ཐབས་བརྗོད་དེ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུའོ། །ལང་ཚོ་ཞེས་པ་ནི་ལོ་བཅུ་གཉིས་ཀྱི་ཆ་བྱད་དོ། །ཐོར་གཙུག་ཅེས་པ་ནི་སྤྱི་བོའི་སྐྲའོ། །དེ་དེ་བཞིན་དུ་མེ་ཏོག་གི་ཕྲེང་བས་བཅིངས་པའོ། །སྔ་མ་བཞིན་ཞེས་པ་ནི་འོད་ཞེས་ཅན་བཞིན་ནོ། །བཞི་པའོ།། །།དེ་བཞིན་དུ་རྡོ་རྗེ་ཁྲོ་བོ་རྣམས་ཀྱི་སྒོམ་པ་གསུངས་པ། རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁྲོ་བོ་ཞེས་པ་ནི་དེའི་བརྗོད་པའོ། །འདིར་ནི་པདྨ་འདབ་བརྒྱད་པ། །དུར་ཁྲོད་བརྒྱད་པོ་རྣམས་དབུས་སུ། །བདུད་རྩི་བྱེད་པའི་ཧེ་རུ་ཀ །ཁྲོ་བོ་འདི་ལྟ་བུ་བསྒོམ་བྱ། །མཐུན་པའི་སྟབས་སོགས་


DTG006_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ནས་ནི། །གར་གྱི་ཚུལ་ལ་སྦྱོར་བ་ཉིད། །ཁ་དོག་དམར་པོ་འོད་མཉམ་པ། །ཁྲོ་བོའི་རྒྱལ་པོ་བསམ་པར་བྱ། །ཞལ་བཞི་པ་ལ་ཕྱག་བཞི་པ། །རལ་པའི་ཅོད་པ་ན་གྱིས་ནི་མཛེས། །ཞལ་གྱི་མཆེ་བ་ཅུང་གི་ཟད་གཙིགས། །ཡི་དགས་ཆེན་པོ་གདན་དུ་བྱས། །ཕྱག་བཞི་རྣམས་ལ་མཚན་མ་རྣམས། །དབྱུག་པ་གཡས་ཀྱི་དང་པོ་ལ། །གཉིས་པ་ན་ནི་ལྕགས་ཀྱུ་ཉིད། །གཡོན་ན་སྡིགས་མཛུབ་ལྕགས་ཀྱུའོ། །དེ་ལྟར་ཁྲོ་བོ་མཆོག་ཐམས་ཅད། །གཅིག་ལ་སོགས་པ་མཐའ་ཡས་པའོ། །ཁ་ཅིག་ཤེས་རབ་ལྡན་པར་འདོད། །ཁ་ཅིག་དེ་ཡི་དངོས་སྒོམ་བྱེད། །དངོས་གྲུབ་ཀུན་གྱི་གཞི་བྱེད་པ། །རྡོ་རྗེ་ཕག་མོ་རུ་ནི་འདོད། །དེ་ཡི་མདོག་དང་མཚོན་ཆ་སོགས། །གོ་སླ་གཞན་དུ་རྒྱས་པའི་ཕྱིར། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །འོན་ཀྱང་གཞན་ཡང་བརྗོད་པ་སྟེ། རྡོ་རྗེ་ཁྲོ་བོ་ཞེས་པ་ནི་རྡོ་རྗེ་ཤུགས་ལ་སོགས་པའི་ཇི་ལྟར་འཐད་པའི་ཁྲོ་བོ་ཐམས་ཅད་བསྒོམ་པར་བྱའོ། །རྡོ་རྗེ་ཕག་མོ་ཞེས་པ་ནི་འཁྱུད་པའི་ཤེས་རབ་མའོ། །དེ་ཡང་དེའི་མདོག་ཅེས་པ་ནི་བཅོམ་ལྡན་འདས་བཞིན་ནོ། །རྟའི་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ནི་ཅེ་སྦྱང་གི་གདོང་ལ་སོགས་པ་བསྡུའོ། །དེས་ནི་དེ་རྣམས་ཀྱི་ལས་བཞི་བསྒྲུབ་བོ། །ཡི་གེ་དང་ནི་ཡི་གེར་ལྡན། །ཞེས་པ་ནི་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་ལྷར་བཞེངས་པས་ས་བོན་དེ་ཉིད་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་ཡ་ར་ཞེས་བྱ་བ་ལ་སོགས་པ་ནི་ས་བོན་བཞི་ལས་བཞི་བསྒྲུབ་པའོ། །དེས་ན་སྒྲུབ་པ་ཞེས་བྱ་བ་ལ། དུད་ཀ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་བྱེ་བྲག་གིས་ཁ་དོག་གི་ཁྱད་པར་བསྒོམ་པའོ། །དེ་བཞིན་དུ་རླུང་ལ་སོགས་པའི་ཞེས་པ་ནི། རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ལ་ཞོན་པ་དེ་ཡང་རླུང་ལ་སོགས་པའི་ཕྱོགས་སུ་སོང་བར་བསམ་པར་བྱའོ། །དེ་ལྟར་ཡང་གི་ཆོ་ག་སྟེ་ལྔ་པའོ།། །།དེ་བཞིན་དུ་རའི་ལས་གསུངས་པ། ཡི་གེ་ར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ་དྲུག་པའོ།། །།དེ་བཞིན་དུ་མ་ཧེའི་གདོང་ཅན་གྱི་ལས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མ་ལུས་དེ་ཉིད་ཅེས་པ་ནི་ཧཱུཾ་ངོ༌། །སྲུང་མ་ཞེས་པ་ནི་རྣལ་འབྱོར་མ་གཞན་རྣམས་ཀྱིས་སྔགས་ཀྱི་སྲུང་བས་སྲུང་བ་


DTG006_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་སྒྲ་ཇི་བཞིན་ཏེ་བདུན་པའོ།། །།དེ་བཞིན་དུ་གཞན་ཁྱིའི་གདོང་ཅན་གྱིས་ལས་གསུངས་པ། །དེ་ནས་ཁྱིའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྲིན་པོ་ཞེས་པ་ནི་སྔོན་དུ་གསུངས་པའི་མ་ཧེའི་གཟུགས་ཅན་ཏེ། དེ་ལྟར་མ་ཧའི་གཟུགས་སྤངས་པའི་ཕྱིར་ཁྱིའི་གདོང་བར་འགྱུར་རོ། །རྡོ་རྗེ་མཆུ་ཅན་ཞེས་པ་ནི་ཕག་གི་གདོང་ཅན་དེའི་རྐང་པར་ཞུགས་པའོ། །བརྒྱད་པའོ།། །།དེ་བཞིན་དུ་རྡོ་རྗེ་ཁྲོ་བོའི་ལས་གསུངས་པ། འུག་པའི་ཞེས་བྱ་བ་ལ་སོགས་པ་ལ། ས་ལ་འགོག་ཅེས་པ་ནི་སའི་ནང་དུ་གཞུག་པའོ། །ལྷག་མ་ནི་སྔོན་བཞིན་དེ་དགུ་པའོ།། །།དེ་བཞིན་དུ་ཆང་དགུག་པ་གསུངས་པ། ཙེ་ཞེས་བྱ་བ་ལ་སོགས་པ་ནི་ཆང་འཚོང་པའི་ཁྱིམ་ནས་ཆང་བླངས་ཏེ། དེའི་ཚེ་སྣོད་དེའི་སྟེང་འོག་ཏུ་རྟའི་རྣམ་པའི་གདོང་ཅན་བཞག་ནས་ཆང་ཐམས་ཅད་དགུག་པར་བྱ་སྟེ་བཅུ་པའོ།། །།དེ་བཞིན་དུ་མུ་སྟེགས་དང་ཉན་ཐོས་ལ་སོགས་པ་ཐོ་འཚམས་པ་རྣམས་ཀྱི་ཆང་སྐྱུག་པའི་ཆོ་ག་གསུངས་པ། སྐུ་མདོག་ལྗང་ཁུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་གོ་སྟེ་བཅུ་གཅིག་པའོ།། །།དེ་བཞིན་དུ་རེངས་པ་གསུངས་པ། རླུང་གི་ཞེས་བྱ་བ་ལ་སོགས་པ་ལ། འདི་རླུང་ཞེས་པ་ནི་རླུང་ལྷའི་མཚམས་སུའོ། །ཁམ་ཕོར་ཞེས་པ་ནི་སྔོན་དུ་གསུངས་པའི་རེངས་པའི་འཁོར་ལོ་བྱའོ། །དེ་ཉིད་ཀྱི་ནི་རི་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་རབ་རྩེ་མོ་བརྒྱད་པ་ནི་བདུན་དང་བཅས་པས་མནན་པའོ། །དེ་ཡང་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྦྱིན་པའོ། །དབུགས་ནི་ནང་དུ་བསྡམས་ཏེ་ཞེས་བྱ་བ་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ། །དེ་ཡང་ལས་ཀྱི་དུས་སུ་བྱ་ཞེས་པ་ནི་འདིར་ནི་ཡཾ་དང་ལྡན་པའི་སྲོག་འགོག་པར་བྱ་སྟེ། དེའི་སྟེང་དུ་ལཾ་གྱིས་མཚན་པ་ཞེས་པ་ནི་ས་བསྒོམ་པའོ། །དེ་ཡང་ལཾ་ཡོངས་སུ་གྱུར་པའོ། །དེ་ལྟར་བྱས་པས་ནི་རླུང་འཆིང་བར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །བཅུ་གཉིས་པའོ།། །།ད་ནི་སྤྲིན་རྣམས་ཀྱི་ཆར་དབབ་པའི་ཆོག་གསུངས་པ། པདྨ་འདབ་བརྒྱད་ཅེས་བྱ་བ་ལ་སོགས་པ་འདིར་སྔོན་བཞིན་དུ་སྐད་ཅིག་རྣལ་འབྱོར་པའི་སྦྱོར་བས་པདྨ་འདབ་མ་བརྒྱད་པ་བྲིའོ། །དེ་ལྟར་འདབ་མ་བརྒྱད་ལ་མཐའ་ཡས་ལ་སོགས་པ་ཀླུ་བརྒྱད་རྣམ་པར་


DTG006_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་ཀླུ་ཐམས་ཅད་ཀྱི་མགོ་བོ་ནི་འདབ་མའི་རྩེ་མོ་རྣམས་ལ་དགོད་དོ། །མཇུག་མ་ནི་ལྟེ་བའི་གནས་སུའོ། །དེ་ལ་ལྟེ་བའི་དབུས་སུ་མཇུག་ཨཾ་རྣམས་ཀྱི་སྟེག་དུ་རྡོ་རྗེ་ཁྲོ་བོ་ཞེས་པ་སྔོན་བཞིན་ཕྱག་འབུམ་ལ་སོགས་པ་དེའི་སྐུས་གཟིར་བར་བྱ་ཞེས་སྦྱར་རོ། །ཀླུའི་ས་བོན་ཞེས་པ་ནི། ཀླུ་རྣམས་ཀྱི་རང་རང་གི་མིང་དང་ལྡན་པའི་ཕུཿ་ཞེས་པ་དང་སྤྲེལ་བ་དགོད་པའོ། །དེ་བཞིན་དུ་ཀླུ་དེ་རྣམས་རྟིང་པའི་མཐིལ་ཞེས་པ་ནི་ཐམས་ཅད་ཀྱི་མཇུག་མའི་རྩེ་མོར་ཞབས་སྦྱིན་པ་སྟེ། རྐང་པའི་རྩེ་མོའི་ཆས་མནན་པ་དེའི་ཚེ་ཇི་སྐད་གསུངས་པ་བཞིན་བྱེད་དོ། །རྣལ་འབྱོར་པ་དེའི་ལས་ཐམས་ཅད་བྱེད་དོ། །དེ་བཞིན་དུ་ཡང་འདི་སྦྱོར་བ་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་རང་གི་ཕྱག་རྒྱ་ཞེས་པ་ནི་ཀླུ་བརྒྱད་པོ་རྣམས་ཀྱི་ཀླུའི་བུ་མོ་བརྒྱད་གཞུག་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་དང་སྟག་གདོང་མ་ལ་སོགས་པའི་རྣལ་འབྱོར་མའི་ཚོགས་གཞུག་པར་བྱ་ཞེས་པ་ནི་བསྒོམ་པར་བྱ་ཞེས་པའི་ཁྱད་པར་རོ། །དེས་ན་གཏུ་བ་ཅེས་པ་ནི་སྤྲིན་དྲལ་བའི་དོན་ཏོ། །དེའི་སྔགས་སུ་འགྱུར་བ་ནི། དེའི་ལས་གསུངས་པ། ཨོཾ་པ་པཱ་ཊ་ཡ་ཧཱུཾ་ཙྪིནྡ་ཡ་ཧཱུཾ་ཞེས་པའོ། །སྐད་ཅིག་གིས་ནི་ཞེས་པ་ནི་དེ་བཞིན་རྣམས་དུ་སྔགས་ཀྱི་ཚིག་རྣམས་ལ་གཉིས་སུ་བཟླས་ཏེ་བརྗོད་པའོ། །སྒོམ་པ་ཡང་སྟོན་ཀའི་དུས་ཀྱི་ནམ་མཁའི་བཞིན་དྲི་མ་མེད་པའོ། །མེ་རུ་ཞེས་པ་ནི་མེའི་མཚམས་སུའོ། །དཀྱིལ་འཁོར་ལ་ཞེས་པ་ནི་དཀྱིལ་འཁོར་བྲིས་ནས་དེར་གནས་ཏེ། རྡོ་རྗེ་ཆེན་པོ་གཏུམ་པོའི་ཏིང་ངེ་འཛིན་གྱིས་འདི་སྤོར་བར་བྱའོ། །དཔྲལ་བ་ཞེས་བྱ་བ་ལ་སོགས་པ་ལ། མི་གཡོ་བ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་མི་གཡོ་བའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་སྡུག་ཅེས་པ་ནི་རྣམ་པར་སྣང་མཛད་ཀི་བཙུན་མོ་རྡོ་རྗེ་རྣམ་སྣང་མཛད་མ་སྟེ། དེས་སྤྲིན་ཐམས་ཅད་བཟློག་པར་བྱའོ། །བཅུ་བཞི་པའོ།། །།དེ་བཞིན་དུ་ཏིང་ངེ་འཛིན་འདི་ལས་གཞན་གསུངས་པ། བགེགས་ཞེས་བྱ་བ་ལ་སོགས་པ་ལས། མིག་ཅེས་པ་ནི་འཆད་བཞིན་པའི་གཟུགས་དེ་ལ་བསྔགས་པར་བྱའོ། །དེ་ཡང་གླང་པོ་ཆེ་ཞེས་པའི་མིག་ལ་ཞེས་དགོངས་སོ། །དེ་ལྟར་ལྷག་མ་ཨོཾ་བཛྲ་ནཱ་ར་ཡཱ་ཎ། ཞེས་པ་


DTG006_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པ་ནི་གོ་སླའོ། །འདིར་ནི་མདོར་བསྡུས་པའོ། །འོན་ཀྱང་གཞན་དུ་རྡོ་རྗེ་མཁའ་འགྲོ་དང་འདུས་པ་ལ་སོགས་པ་རྣམས་སུ་རྙེད་སླ་བའི་དོན་ཏོ། །ད་ནི་རང་བྱིན་གྱིས་བརླབས་པས་ལྷའི་དབང་པོ་རྣམས་པར་དག་པ་དང༌། སངས་རྒྱས་ཉིད་ལ་སོགས་པའི་དངོས་སྒྲུབ་སྣ་ཚོགས་བསྒྲུབ་པའི་ཕྱིར་སྒྲོལ་མའི་སྒྲུབ་ཐབས་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་གཞལ་ཡས་ཁང་གི་ནང་དུ་པདྨ་ཆེན་པོ་བསམ་མོ། །དེའི་ལྟེ་བར་ཨཱ་ལི་ཀཱ་ལིའི་སྟེང་དུ་ཡི་གེ་ཧཾ་ངམ་ཡི་གེ་བཅུ་ཧྲཱིཿ་དང་སྤེལ་བར་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྒྲོལ་མའི་གཟུགས་སུ་སྐད་ཅིག་གིས་བསམ་པར་བྱའོ། །དེ་བཞིན་དུ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི། ཞལ་གསུམ་པ་ཕྱག་བཅུ་པ་ཞབས་གཉིས་ཀྱིས་དབང་ཕྱུག་ཆེན་པོ་དང་ཁྱབ་འཇུག་གནོན་པའི་ལྷ་མོར་དེ་བཞིན་དུ་བྱའོ། །ལྷག་མ་ནི་གོ་སླའོ། །ནང་དུ་རྩ་སུམ་ཅུ་རྩ་གཉིས་ཀྱི་མཚམས་སུ་རང་བྱིན་གྱིས་བརླབས་པས་ནན་མཁའི་དབྱིངས་ཞེས་བྱའོ། །དེའི་དབུས་སུ་ཞེས་པ་ནི། རྩ་གཉིས་སུ་འཕོ་བའི་སྦྱོར་བས་སོ། །ཞལ་གསུམ་ཞེས་པ་ནི་སྤྲོ་བ་དང་བསྡུ་བ་དང་གནས་པའོ། །དེ་བཞིན་དུ་ཐིམ་པ་དང༌། ལོངས་སྤྱོད་པ་དང༌། དབང་དུ་བྱེད་པའི་རིམ་པས་སོ། །དེ་ཡང་རྩ་གཅིག་དོར་བ་ནི་ཐིམ་པའོ། །གཅིག་ལ་འཇུག་པ་ནི་ལོངས་སྤྱོར་པའོ། །གཉིས་ཀའི་མཚམས་དུ་བྱེད་པ་ནི་དབང་དུ་བྱེད་པའོ། །དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི་ཞལ་གསུམ་ལ་སྤྱན་དགུའོ། །དེ་ལ་སྔོན་དུ་གསུངས་པའི་ནང་གི་བཅུད་ཀྱིས་ལེན་གྱི་རྫས་དགུ་དགུན་སྟོད་ལ་སོགས་པ་དུས་དྲུག་ལས་བྱུང་བའི་འཇུག་པའི་ཕྱིར་རྩ་དགུ་ཨ་ཝ་དྷཱུ་ཏཱིའི་ནང་དུ་གཟུང༌། །དེ་བཞིན་དུ་རྒྱན་ཀུན་ཞེས་པ་ནི་དེ་ལྟར་བྱས་ནས་རྣལ་འབྱོར་བའི་ལང་ཚེ་གཞོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་མཚན་གྱིས་བརྒྱན་པ་རྟག་ཏུ་གོམས་པའི་ཕྱིར། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་པའི་དོན་ཏོ། །དེ་ཡང་སྟག་གི་ཞེས་བྱ་བ་ལ་སོགས་པ་ནི། སྲོག་ལ་སོགས་པའི་རླུང་མན་ངག་གིས་འགོག་པ་ལ་གོམས་པའི་ཕྱིར། །གཏུམ་མོ་སྤར་བར་བྱའོ། །དེའི་པགས་པ་ཞེས་པ་ནི་རང་རིག་པའི་མཚན་ཉིད་ཅན་རེག་པའི་བདེ་བའོ། །དེ་དག་གི་ན་བཟའ་ཞེས་པ་ནི་གནས་དེར་དུས་ཐམས་ཅད་


DTG006_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའོ། །དེ་ལ་སྐུ་མདོག་དམར་བོ་ཞེས་པ་ནི་ཁམས་གསུམ་པ་དབང་དུ་བྱ་བའི་ཕྱིར་སྐུ་དང༌། གསུང་དང་ཐུགས་ལས་བྱུང་བ་ཉིད་དེ། གང་གི་ཕྱིར་ཤིན་ཏུ་ཆགས་བ་རྒྱུན་དུ་འབབ་པའི་ཕྱིར་རོ། །གཟི་བརྗིད་ཆེ་ཞེས་པ་ནི་འབད་པ་དང་བཅས་པའི་བརྩོན་འགྲུས་སོ། ཉི་མ་འཆར་ཀ་ཞེས་པ་ནི་སེམས་ཅན་ཐམས་ཅད་གཉིད་དང་ལེ་ལོ་དང་རྨོངས་པ་དང་བརྩོན་འགྲུས་དམན་པ་དང་ལྡན་ལ་བདག་ཉིད་ནི། ཐོ་རངས་སྣང་བས་ཁ་དོག་དམར་པོའི་འོད་དོ། །རྣལ་འབྱོར་པ་ཡང་སྤྲོ་བ་དེ་ཉིད་ཀྱིས་ན། དུས་ཐམས་ཅད་དུ་དེའི་རང་བཞིན་གྱི་སྦྱོར་བས་དམར་པོར་སྣང་ངོ༌། །དེ་ཉིད་ཀྱིས་ན། གང་གི་རྨོངས་པ་འཆི་འགྱུར་པ། །དེ་ཡིས་མཁས་པ་གྲོལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཕྱག་བཅུ་ཡང་དེ་རྣམས་ཀྱི་གཡོན་དང་གཡས་རྣམས་ཀྱི་རིམ་པ་བཞིན་མཚན་བརྗོད་དོ། རལ་གྲི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གཡས་ཀྱི་ཕྱག་ལྔ་རྣམས་ལ་རལ་གྲི་མདའ་དང་ཤ་ཆེན་པོ། དེ་བཞིན་ཅང་ཏེའུ་ལྕགས་ཀྱུའོ། །གཡོན་པ་ཁ་ཊྭའཾ་ག་དང་གཞུ། །ཐོད་པ་ཞགས་པ་དེ་བཞིན་འདིར། །ལྔ་པ་ཉིད་ནི་ཨུཏྤལ། །ལྷ་མོ་དེ་ཉིད་རྣམ་པར་སྦས། །འདི་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། རལ་གྲི་འཛིན་པས་སེམས་ཅན་རྣམས། །འདུལ་ཞིང་ཤེས་རབ་འཕེལ་བའི་ཕྱིར། །མདའ་ཡིས་སེམས་ནི་འབུགས་པས་ན། །ཤ་ཆེན་པོ་ཡིས་རྒྱ་ཡིས་གདབ། །ཅང་ཏེའུ་ཐབས་ནི་ཉིད་ཡིན་ཏེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ལྕགས་ཀྱུས་བདེ་བ་ཆེན་པོ་ནི། །རྟག་ཏུ་འགུགས་པའི་བྱ་བ་བྱེད། །སེམས་ནི་ཁ་ཊྭའཾ་ག་བཞིན་དུ། །ཆོས་རྣམས་ཉིད་ནི་མི་དམིགས་སོ། །གཞུ་ནི་རྟག་ཏུ་སྒྲར་ཤེས་བྱ། །ཐོད་པའི་ཐིག་ལེ་ཡིན་གདན། །ཞགས་པས་སེམས་ཅན་རྣམས་ཀྱི་ནི། །ཡན་ལག་བཅུ་གཉིས་ཀུན་ནས་འཆིང༌། །ཨུཏྤལ་ཡིས་ཡང་དག་པའོ། །ཡེ་ཤེས་སྤྲོས་མེད་བརྗོད་མེད་པའོ། །ཁ་དོག་སྔོན་པོ་དམར་རྣམ་པ། །སྙིང་རྗེ་ཡི་ནི་གཟུགས་བརྙན་ཉིད། །དེ་བཞིན་དུ་གཡོན་བརྐྱང་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ། །བཅུ་དྲུག་པའོ།། །།དེ་བཞིན་དུ་གསུངས་པའི་མཚན་ཉིད་ཀྱིས་ཀྱིས་རྣམ་པ་དང་བཅས་པའི་བསྒོམ་


DTG006_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྒྲོལ་མས་སླར་ཡང་དབང་དུ་བྱེད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཞེས་པ་ནི་ཡི་གེ་བཅུའོ། །ཞལ་གསུམ་པ་ཞེས་པ་ནི་སྔོན་དུ་གསུངས་པའི་སྒྲོལ་མའི་གཟུགས་སོ། །ལྷག་མ་ནི་གོ་སླའོ། །བཅུ་བདུན་པའོ།། །།དེ་བཞིན་དུ་རྡོ་རྗེ་ཐོག་མ་ཀ་སོགས་པ་བཟློག་བའི་ཕྱིར་སྦྱོར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་པ་དང་པོ་ཞེས་པ་ནི་རྡོ་རྗེ་སེམས་དཔའི་གཟུགས་ཏེ། དེ་ལྟ་བུར་གྱུར་པ་འདབ་མ་བརྒྱད་པའི་དབུས་སུ་ལྷ་མོ་བཞིས་ཡོངས་སུ་བཅོམ་ལྡན་འདས་བསྒོམ་པར་བྱའོ། །དེ་ལ་བསྒྱིངས་པ་མ་ཞེས་བྱ་བ་ལ་སོགས་པ་ནི་ཤར་གྱིས་འདབ་མ་ལ་རྡོ་རྗེ་མཚོན་ཆ་མའོ། །ལྷོའི་འདབ་མ་ལ་རྡོ་རྗེ་ཀཱི་ལི་ཀཱི་ལའོ། །ནུབ་ཀྱི་འདབ་མ་ལ་རྡོ་རྗེ་རྩེ་མོའོ། །བྱང་གི་འདབ་མ་ལ་རྡོ་རྗེ་སྙིང་པོ་མའོ། །དེ་ལྟར་ཐམས་ཅད་ཕྱག་བཞི་མ་སྟེ། དེ་རྣམས་ཀྱི་མཚོན་ཆ་རྡོ་རྗེ་གཏོད་པ་ཞེས་པ་ནི་ཕྱག་ན་རྡོ་རྗེ་གསོར་བའོ། །དེ་ལྟ་བུར་གྱུར་པ་ནམ་མཁར་བསྒོམ་པར་བྱའོ། །ལྷག་མ་ནི་གོ་སླའོ། །བཅོ་བརྒྱད་པའོ།། །།དེ་བཞིན་དུ་གསད་པ་ལས་གཤིན་རྗེའི་འཁྲུལ་འཁོར་གསུངས་པ། དེ་ནས་གསད་པ་ཞེས་བྱ་བལ་སོགས་པ་ནི་འདིར་སྒྱུར་མ་གསུངས་མོད། དེ་བཞིན་དུ་ཞི་བ་ལ་སོགས་པའི་འབྲས་བུ་གནས་པར་ཤེས་པར་བྱའོ། །ཇི་ལྟར་འབྲས་བུ་རྒྱུ་རྒྱས་བཏབ་པ་དེ་བཞིན་དུ་འདིར་ཤེས་པར་བྱའོ། །གཤིན་རྗེའི་འཁོར་ལོ་རིམ་པ་གསུམ་པ་བྱ་སྟེ། དེ་ལ་ནང་གི་རིམ་པས་རེའུ་མིག་བརྒྱད་དོ། །དེའི་ཕྱི་རུ་རྩིབས་བཅུ་གཉིས་ཏེ། །དེ་ལས་རེའུ་མིག་བཅུ་བདུན་ཡ་ལ་སོགས་པ་ཡི་གེ་བཅུ་བདུན་དགོད་པར་འགྱུར་ཏེ། ནང་གི་འཁོར་ལོའི་ཤར་ལ་སོགས་པའི་གནས་བཞི་རུ། །ཡི་གེ་བཞི་དགོད་དེ། དེ་ལ་ཀྵེ་མ་མེ་དའོ། །དེའི་དུབས་སུ་ཡའོ། །མཚམས་ཀྱི་ཆ་བཞིར་བསྒྲུབ་བྱའི་མིང་སྤེལ་བའི་སྔགས་ཧྲཱིཿ་ཥྚྀཿ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱི་རོལ་རྩིབས་བཅུ་གཉིས་ལ་ཤར་ལ་སོགས་པ་གཡས་སྐོར་དུ་དགོད་དེ། དེ་ཡང་ཡཙྩ་ནི་རཱ་ཙ་ས་དོ་རུ་ཎ་ཡོ་ནི་ར་ཞེས་པའི་ཡི་གེ་བཅུ་གཉིས་སུ་འགྱུར་རོ། །དེའི་ཕྱི་རོལ་དུ་རེ་མིག་བཅུ་དྲུག་བྱའོ། །དེ་རྣམས་ལ་ཤར་ལ་སོགས་པའི་རེའུ་མིག་རེ་རེའི་བརྡུ་ཨོཾ་ཧྲཱི་ཥྚྀཿ་ཞེས་བྱ་བ་ལ་སོགས་པ་ཡི་གེ་རེ་རེ་བྲི་བར་བྱའོ། །ལྷག་མ་བརྒྱད་ལ་སྒྲུབ་


DTG006_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མིང་དང་སྤེལ་བའི་སྔགས་བྲིའོ། །དེའི་ཕྱི་རོལ་དུ་སྔགས་ཀྱི་ཡི་གེ་ཕྱིན་ཅི་ལོག་ཏུ་བྲི་བ་ནི་མན་ངག་གོ །དེ་ལྟར་འཁོར་ལོ་གཉིས་བྱ་སྟེ། གཅིག་ནི་གཡས་སྐོར་དུ་བྲིའོ། །གཉིས་པ་ནི་གཡོན་སྐོར་དུ་བྲི་བ་ནི་ཐམས་ཅད་དུ་དེས་པ་ཉིད་དོ། །ལྷག་མ་ནི་སྔོན་དུ་གསུངས་པའི་མཆོག་ཉིད་ཀྱིས་རྟོགས་པར་བྱའོ། །གཞན་ཡང་ཞི་བ་ལ་སོགས་པའི་ལས་རྣམས་ལ་ཞི་བ་ལ་མཐའི་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་གོ་སླའོ། །བཅུ་དགུ་པའོ།། །།དེ་བཞིན་དུ་ཀུ་རུ་ཀུ་ལླེའི་སྦྱོར་བས་དབང་དུ་བྱེད་པ་གསུངས་པ། བུད་མེད་ཅེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་པ་ནི། སྔོན་དུ་གསུངས་པའི་སྒྲོལ་མ་བཞིན་དུ་བསྒོམ་པའོ། །འོན་ཀྱང་རྣལ་འབྱོར་པ་ཀུ་རུ་ཀུ་ལླེའི་ང་རྒྱལ་དུ་བྱེད་པའོ། །ལྷག་མ་ནི་སྔོན་བཞིན་ནོ། །ཉི་ཤུ་པའོ།། །།ད་ནི་དུས་སུ་ཟིན་པ་བསླང་པའི་སྦྱོར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མིག་དག་གི་ཞེས་པ་ནི་མཛོད་སྤུ་ལས་སོ། །ལྷག་མ་ནི་གོ་སླའོ། །ཉི་ཤུ་གཅིག་པའོ།། །།དེ་བཞིན་དུ་ཟླ་བ་དང་ཉི་མ་གཟུང་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་ལས་བྱ་བ་གསུངས་པ་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་ནང་དུ་སྲོག་དང་ཐུར་སེལ་འགོག་པ་ཁུ་བ་དང་རྡུལ་དག་གཟུང་བར་བྱའོ། །དེ་ནས། ལྟ་སྟངས་ཕྱི་རུ་སྦྱར་བར་བྱ། །ཞེས་པ་སྟེ་ངེས་པའོ། །ཉི་ཤུ་གཉིས་པའོ།། །།དེ་བཞིན་དུ་གཞན་གྱི་དབུང་ཞེ་བྱ་བ་ལ་སོགས་པ་ནི་ནང་དུ་དགྲ་རྣམས་ནི་ཡི་གེ་ལྔ་བཅུ་རྣམས་སོ། །དེ་རྣམས་ཀྱི་མགོ་བོ་བཅད་པས་ཕྱིར་འདི་བསྒྲུབ་པར་བྱའོ། །རྡོ་རྒྱུས་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ནང་གི་བྱང་ཆུབ་སེམས་སོ། །དེ་ཕྱི་མ་ཞེས་པ་ནི་དེ་ཐིམ་པར་བྱས་པའོ། །བདུད་རྩི་ལྔ་ཞེས་པ་ནི་དྲི་ཆེན་ལ་སོགས་པ་དེ་ཉིད་དུ་ཐིམ་པར་བྱའོ། །ཀུ་ཐར་ཚིནྡྷ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ཁོང་སྟོང་ངོ༌། །དེ་དང་བསྲེས་ལ་ཞེས་པ་ནི་རིན་པོ་གཅིག་ཏུ་གྱུར་པ་རི་ལུ་ཞེས་བྱའོ། །དེ་བཞིན་དུ་རིལ་བ་སྤྱི་བླུགས་ཞེས་པ་ནི་མི་ཤུགས་པ་བདུད་རྩིས་གང་བའོ། །དེའི་སྐྱེ་བ་ནི་ཐུར་དུ་བལྟས་པའི་མགོའམ་བུ་གའི་གནས་སུའོ། །དེ་ལ་རི་མོ་བསྐོར་ན་ཞེས་པ་ནི་མི་འཛག་པར་འགྱུར་བའོ། །དེའི་ཕྱིར་ཡི་གེ་བརྗོད་དུ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱི་


DTG006_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཡང་དེ་ཉིད་ཀྱི་ལྟ་བས་ཐམས་ཅད་བྱ་ཞེས་པ་སྟེ་ངེས་པའོ། །ཉི་ཤུ་གསུམ་པའོ།། །།དེ་བཞིན་དུ་ལྷ་རྣམས་དག་པར་འདོད་པས་ཐིག་ལེའི་བསྒྲུབ་པ་གསུངས་པ། །ལྷ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བཅིངས་བཞེས་པ་ནི་སྔོན་དུ་གསུངས་པའི་མན་ངག་ཉིད་དོ། །རྟོག་པ་དང་པོའི་རབ་ཏུ་བྱེད་པར་ཡང་གསུངས་པའོ། །དེ་བཞིན་དུ་རྟོག་པ་བཅུ་གཉིས་པ་ལས་ཀྱང་བསྟན་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་མེ་ཏོག་ཅེས་པ་ནི་མཆོག་ཏུ་མོ་འཇགས་པའི་བྱང་ཆུབ་ཀྱི་མེ་ཏོག་གོ །དེ་ཉིད་ཀྱིས་ན་སྒྲུབ་པ་པོ་དེ་ཡང༌། ཀུ་ཐར་ཚིནྡྷ་དང་བསྲེས། །ཞེས་པ་ནི་མི་རྒྱུའོ། །ཉི་མ་གཟས་ཟིན་པ་ཞེས་པ་ནི་སྡུད་པའི་དུས་སུ་སྒྲ་གཅན་གྱི་རྩལ་འཇུག་པའོ། །མི་བསྐྱོད་པ་དང་སྟ་རེ་ཞེས་པ་ནི་གང་གི་ཕྱིར་མི་འཁྲུགས་པས་ནི་མི་བསྐྱོད་པ་སྟེ་མི་གཡོ་བའི་ཏིང་ངེ་འཛིན་ཞེས་པའི་དོན་ཏོ། །སྟ་རེ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ་རེ་རྣོན་པོ་བཞིན་དུ་གྱུར་པ་དེ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད་པའོ། །རྐང་པས་མནན་ཏེ་ཞེས་པ་ནི་རྐང་པའི་སྒྲས་ནི་དགའ་བ་བཞིའི་ལྷག་མ་ལྷན་ཅིག་སྐྱེས་པའི་དགའ་བའི་བཟུང་སྟེ། དེས་མནན་པ་ནི་སྟོང་པའི་སྟ་རེའོ། །དེའི་ཕྱིར་སྔགས་བཟླས་པ་ཞེས་པ་ནི་ཨོཾ་ལ་སོགས་པ་དུས་ཀྱི་ཡི་གེ་རྣམས་སོ། །དེས་ན་བརྗོད་པའི་དུས་ཀྱི་ཞེས་པ་སྟེ་ངེས་པའོ། །ཐིག་ལེ་ཞེས་པ་ནི་སྦྱོར་བ་འདིས་སྟོང་པ་ཉིད་ལ་ཞུགས་པའོ། །གང་ལ་ཕྱག་བྱས་པ་ཞེས་པ་ནི་དངོས་པོ་གང་དང་གང་བྱུང་བ་དེ་དང་དེ་ཐམས་ཅད་དེ་བཞིན་ཉིད་དུ་ཞུགས་པས་ན་དེ་རྣམས་འཇིག་པའོ། །ཕྱི་རུ་ཡང་ལྷ་རྣམས་དག་པས་ནི་དེ་ལ་བརྟེན་པའི་ཕྱིར་ཞེས་དགོངས་སོ། །ཉི་ཤུ་བཞི་པའོ།། །།ད་ནི་སྤྲིན་རྣམས་ལས་ཆར་དབབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་བཞིན་ཞེས་པ་ནི། དུར་ཁྲོད་ཀྱི་ས་དང་སོལ་བ་དང་དུག་དང༌། སྐྱེ་ཚེ་ལ་སོགས་པ་དང་ལྡན་པས་བྱ་བའོ། །དཀྱིལ་འཁོར་བྲིས་ལ་ཞེས་པ་ནི་སྔོན་དུ་གསུངས་པའི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་ཏེ། དེར་བདག་པོ་ནས་བརྩམས་ཏེ་དཀྱིལ་འཁོར་བ་ཡང་ངོ༌། །དེ་བཞིན་དུ་མཐའ་ཡས་མནན་པའི་དགྱེས་པའི་རྡོ་རྗེའི་གཟུགས་བྲི་ཞེས་པ་ནི་སྒྲུབ་ཐབས་ཀྱི་རིམ་པས་བསྒོམ་པར་བྱའོ། །ཨརྫ་ཀ་ཞེས་པ་ནི་པ་ན་སའོ། །ལྷག་མ་ནི་གོ་སླའོ། །ཉི་ཤུ་ལྔ་པའོ།། །།


DTG006_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རླུང་ཆེན་པོ་དང་ཆར་ཆོས་པ་བཅད་པའི་ཕྱིར་སྤྲིན་རྣམས་དྲང་བའི་ཆོག་གསུངས་པ། སྤྲིན་རྣམས་དྲལ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉི་ཤུ་དྲུག་པའོ།། །།དེ་ལྟར་ལས་ཚོགས་ཉི་ཤུ་རྩ་བདུན་གྱི་སྒྲུབ་ཐབས་གསུངས་ཏེ། ལྷག་མ་དྲུག་ནི་སྔོན་དུ་གསུངས་པའི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱི་སྐབས་སུ་ལྷ་རྣམས་ཀྱི་མཚན་གྱིས་བསྟན་ཏེ། དེས་ན་འདིར་མ་གསུངས་སོ། །དེ་ལྟར་སུམ་ཅུ་རྩ་གཉིས་སུ་གྱུར་ཞེས་པ་ནི་མདོར་བསྡུར་པར་འགྱུར་རོ། །རྒྱས་པའི་གཞུང་སྣ་ཚོགས་པའི་དགོངས་པ་རྣམས་བླ་མའི་ཁ་ལས་རྙེད་པར་འགྱུར་རོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བདུན་པའི་མདོར་བསྟན་པ་གསུམ་གྱི་མཐར་སྣ་ཚོགས་སླར་བཤད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ལ་སོགས་པའི་རྟོག་པ་སྟེ། བཞི་པ་བསྟན་པའོ།། །།


previousརྟོག་པ་བདུན་པའི་བསྡུས་དོན།next