Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བདུན་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
སྙེ་མ་བཅུ་བདུན་པ། བརྡ་ཤེས་པ་རྗེས་སུ་གཟུང་བའི་དོན་དུ་གནས་ལ་སོགས་པ་འདུ་བའི་གནས་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙེ་མ་བཅུ་བདུན་པ། བརྡ་ཤེས་པ་རྗེས་སུ་གཟུང་བའི་དོན་དུ་གནས་ལ་སོགས་པ་འདུ་བའི་གནས་བཤད་པ།next

སྙེ་མ་བཅུ་བདུན་པ། བརྡ་ཤེས་པ་རྗེས་སུ་གཟུང་བའི་དོན་དུ་གནས་ལ་སོགས་པ་འདུ་བའི་གནས་བཤད་པ།


DTG007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བརྡ་ཤེས་པ་གང་དུ་འདུ་བར་བྱ་བ་དེ་བརྗོད་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དམ་པ་ཀུན་རྣམས་ནི་བདེན་པ་གཉིས་ཡོངས་སུ་ཤེས་པ་ལས་བསམ་པ་དག་པ་རྣམས་སོ། །དམ་ཚིག་རྗེས་སུ་སྒྲུབ་པ་ལ་སོགས་པ་ལ་དད་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་སྐྱེ་བོ་ནི་དམ་པའི་སྐྱེ་བོ་རྣམས་ཏེ་དེ་རྣམས་འདུ་བའོ། འདུ་བ་དེར་ཙཱ་རུའི་བཟའ་བ་ནི་བདུད་རྩིར་བྱས་པའོ། །ཤེས་རབ་དང་ཐབས་དག་གི་སྣོད་གཉིས་སུ་སོན་པ་ལྷག་མ་བཟའ་བར་བྱ་སྟེ། བརྩོན་པར་ཇི་ལྟར་འགྱུར་བའོ། །གནས་ཞེས་པ་ལ་སོགས་པ་མདོར་བསྟན་པའོ། །འདི་རྣམས་ཞེས་པ་གནས་ལ་སོགས་པ་རྣམས་རབ་ཏུ་དགའ་བ་ལ་སོགས་པ་མོས་པས་སྤྱོད་པའི་ས་དང་བཅས་པ་བཅུ་གཉིས་རྣམས་སོ། །འདི་རྣམས་སུ་འབྱུང་ངོ་ཞེས་པས་རྣམས་ཏེ། སུ་རྣམས་ཤེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའོ། །མགོན་པོ་ཞེས་པ་སངས་རྒྱས་སོ། །དེ་ལ་མོས་པའི་མཚན་ཉིད་ཅན་སོ་སོའི་སྐྱེ་བོའི་ས་དང་སངས་རྒྱས་ཀྱིས་མ་གཏོགས་པ་ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ས་ཐམས་ཅད་ཀྱི་དབང་ཕྱུག་གོ །འདི་རྣམས་ཀྱིས་ནི་གནས་ལ་སོགས་པ་རྣམས་སོ། །གཞན་གྱིས་མིན་ཞེས་པ་གནས་ལ་སོགས་པ་ལས་གཞན་པ་རྣམས་ཀྱིས་ཏེ། འདི་རྣམས་སུ་བདག་པོ་མེད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་པ་དགོངས་པའོ། །རྒྱ་ཆེན་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྟེ། ཡངས་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་འབྱུང་བ་དེ་རྣམས་ནི་ཆེ་ཞིང་ཡངས་པ་


DTG007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རྣམས་སོ། །ཐུང་དུ་ཉིད་ནི་ལུང་ངོ༌། །གནས་ནི་ཛཱ་ལ་ནྡྷ་ར་དང༌། ཨོ་ཌི་ཡ་ན་དང་པུ་ལླཱི་ར་མ་ལ་ཡ་དང་ཨ་རྦུ་དའོ། །བོལླ་གི་རི་དང་ཀོ་ལླ་གི་རི་དང་པུ་ལླཱི་ར་མ་ལ་ཡ་དང་རྡོ་རྗེའི་གནས་ཞེས་པ་རྣམ་གྲངས་སོ། །ཉེ་བའི་གནས་ནི་གོ་དཱ་བ་རཱི་དང་རཱ་མེ་ཤྭ་རི་དང་དེ་ཝཱི་ཀོ་ཊ་དང་མཱ་ལ་ཝ་ཡང་ངོ༌། །ཞིང་ནི་ཀཱ་མ་རཱུ་པ་དང་ཨོ་ཏྲེའོ། །ཉེ་བའི་ཞིང་ནི་ཏྲི་ཤ་ཀུ་ནེ་དང་ཀོ་ཤ་ལའོ། །ཙནྡོ་ཧ་ནི་ཀ་ལི་ངྐ་དང་ལ་མྦཱ་ཀའོ། །ཉེ་བའི་ཚནྡོ་དོ་ཧ་ནི་ཀཱ་ཉྩི་དང་ཁ་བའི་ཁོར་ཡུག་ཅན་ནོ། །འདུ་བ་ནི་པྲེ་ཏ་པུ་རི་དང་གྲྀ་ཧ་དེ་ཝ་ཏའོ། །ཉེ་བའི་འདུ་བ་ནི་སཽ་རཱ་ཥྚ་དང་གསེར་གླིང་ངོ༌། །དུར་ཁྲོད་ནི་གྲོང་ཁྱེར་ཕཊ་ལི་པུ་ཏྲ་དང་སི་ནྡྷུ་ཞེས་པ་གཉིས་སོ། །ཉེ་བའི་དུར་ཁྲོད་ནི་མ་རུ་དང་ཀུ་ལུ་ཏཱའོ། །འཐུང་གཅོད་ནི་ཀཱ་ར་ཎྱ་པཱ་ཊ་ཀ་དང་ཀར་མ་པཱ་ཊ་ཀ་དང༌། ཧ་རི་ཀེ་ལ་དང་འབིགས་བྱེད་ཀྱི་ནགས་དང་གཞོན་ནུའི་གྲོང་ཁྱེར་པ་ལྔ་དང་ཙ་རི་ཏྲ་དང་གྲོང་དང་གྲོང་ཁྱེར་གྱི་མཐའི་ས་ཞེས་པ་གཉིས་ཀྱང་རྒྱུད་གཞན་དུ་གསུངས་པ་འདིར་མན་ངག་ལས་ཤེས་པར་བྱའོ་ཞེས་པ་བདུན་ནོ། །ལན་ཚྭའི་རྒྱ་མཚོའི་དབུས་སོན་པ། །ཞེས་པ་ཧ་རི་ཀེ་ལའི་ཁྱད་པར་རོ། །ཉེ་བའི་འཐུང་གཅོད་དེ་དང་ཉེ། །ཞེས་པ་འཐུང་གཅོད་དར་ཉེ་བ་སྟེ་ཐག་ཉེ་བའི་ས་གཞི་བདུན་གྱི་བདག་ཉིད་དོ། །དུར་ཁྲོད་ནི་རོ་འདུས་པ་དུར་ཁྲོད་ཀྱིས་གཞི་དང་རྒྱ་མཚོའི་འགྲམ་ཞེས་པ་གཉིས་སོ། །སྐྱེད་ཚལ་དང་རྫིང་བུའི་འགྲམ་ནི་ཉེ་བའི་དུར་ཁྲོད་དོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་འདི་དག་ཏུ་རེས་འགའ་རྣལ་འབྱོར་མ་རྣམས་སུ་འདུའོ་ཞེས་ཕྱིས་རྒྱས་པར་སྟོན་ཅིང༌། གཙོ་བོའི་གནས་པུ་ལླཱི་ར་མ་ལ་ཡ་ལ་སོགས་པ་ཉི་ཤུ་རྩ་བཞི་རྣམས་ནང་དུ་འདུས་པར་ཡང་ངོ༌། །པུ་ལླཱི་ར་མ་ལ་ཡ་ལ་སོགས་པའི་ཡུལ་རྣམས་སུ་དཀྱིལ་འཁོར་བའི་ལྷ་མོ་རྣམས་བྲམ་ཟེ་མོ་ལ་སོགས་པའི་སྐྱེ་གནས་རྣམས་སུ་སྐྱེའོ། །དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས་པ། མཁའ་འགྲོ་མ་ཞེས་ཡང་དག་གྲགས། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་དེ། ཡེ་ཤེས་ལྡན་རྣམས་ཡུལ་ཡུལ་དུ། །རང་ཉིད་སྐྱེ་གནས་རྣམས་སུ་སྐྱེ། །ཞེས་སོ། །འོ་ན་བརྟག་པ་གཉིས་པའི་རྒྱུད་དུ། གནས་དང་ཉེ་བའི་གནས་དང་ནི། །


DTG007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དང་ཉེ་བའི་ཞིང་ཉིད་དང༌། འདུན་རྟོག་ཉེ་བའི་འདུན་རྟོག་དང༌། །འདུ་བ་ཉེ་བའི་འདུ་བ་དང༌། །འཐུང་གཅོད་ཉེ་བའི་འཐུང་གཅོད་དང༌། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འདི་རྣམས་ས་ནི་བཅུ་གཉིས་སོ། །ཞེས་མདོར་བསྟན་ཅིང༌། གནས་ནི་ཛཱ་ལ་ནྡྷ་ར་དང༌། ཨོ་ཌི་ཡ་ན་དང་པཱུ་རྞ་གི་རི་དང་ཀཱ་མ་རཱུ་པའོ། །ཉེ་བའི་གནས་ནི་མཱ་ལ་ཝ་དང་སི་ནྡྷུ་དང་ནཱ་ག་རའོ། །ཞིང་ནི་མུ་མྨུ་ཎི་དང་ཀ་རཱ་ཎྱ་པཱ་ཊ་ཀ་དང་དེ་ཝཱི་ཀོ་ཊཱ་དང་ཀ་ར་མཱ་ར་པཱ་ཊ་ཀའོ། །ཉེ་བའི་ཞིང་ནི་ཀུ་ལུ་ཏཱ་དང་ཨ་རྦུ་ད་དང་གོ་དཱ་བ་རཱི་དང་ཁ་བའི་རིའོ། །ཚནྡོ་ཧ་ནི་ཧ་རི་ཀེ་ལ་དང༌། ལ་མྤཱ་ཀ་དང་ཀཱ་ཉྩི་དང་སཽ་རཱ་ཥྚའོ། །ཉེ་བའི་ཚནྡོ་ཧ་ནི་ཀ་ལི་ངྐ་དང་གསེར་གླིང་དང་ཀོ་ངྐ་ཎའོ། །འཐུང་གཅོད་ནི་གྲོང་དང་གྲོང་ཁྱེར་གྱི་མཐའི་ས་གཞི་དང་ཙ་རི་ཏྲ་དང་ཀོ་ཤ་ལ་དང་འབིགས་བྱེད་དང་གཞོན་ནུའི་གྲོང་ཁྱེར་ཞེས་པ་ལྔའོ། །ཉེ་བའི་འཐུང་གཅོད་ནི་འཐུང་གཅོད་དང་ཉེ་བ་ལྔའོ། །དུར་ཁྲོད་ནི་དུར་ཁྲོད་ཀྱིས་གཞི་དང་རྒྱ་མཚོའི་འགྲམ་ཞེས་པ་གཉིས་སོ། །ཉེ་བའི་དུར་ཁྲོད་ནི་སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ་མོ་ཞེས་རྒྱས་པར་བཤད་ལ་འདུ་བ་དང་ཉེ་བའི་འདུ་བ་དག་ནི་རྒྱས་པར་མ་བསྟན་པ་དང༌། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་དུ་ནི་གནས་ནི་ཛཱ་ལ་ནྡྷ་ར་དང་ཨོ་ཌི་ཡ་ན་དང༌། པཱུ་རྞ་གི་རི་དང་ཀཱ་མ་རཱུ་པའོ། །ཉེ་བའི་གནས་ནི་མཱ་ལ་ཝ་དང་ནཱ་ག་ར་དང་སི་ནྡྷུ་དང་སིང་ཧ་ལའོ། །ཞིང་ནི་མུ་མྨུ་ཎི་དང་དེ་ཝཱི་ཀོ་ཊའོ། །ཉེ་བའི་ཞིང་ནི་ཀུ་ལུ་ཏཱ་དང་ཨ་རྦུ་དའོ། །ཚནྡོ་ཧ་ནི་གོ་དཱ་ཝ་རཱི་དང་ཧ་རི་ཀེ་ལའོ། །ཉེ་བའི་ཚནྡོ་ཧ་ནི་ཀཱ་ཉྩི་དང་ལ་མྤཱ་ཀའོ། །འདུ་བ་ནི་ཀ་རྨཱ་ར་པ་ཊ་ཀ་དང་གསེར་གླིང་ངོ༌། །ཉེ་བའི་འདུ་བ་ནི་ཀོ་ངྐ་ཎ་དང་འབིགས་བྱེད་དོ། །དུར་ཁྲོད་ནི་རབ་སོང་གིས་གཞི་དང་རྒྱ་མཚོའི་ངོགས་སོ། །ཉེ་བའི་དུར་ཁྲོད་ནི་ཙ་རི་ཏྲ་དང་གཞོན་ནུའི་གྲོང་ཁྱེར་རོ། །འཐུང་གཅོད་ནི་ཁ་ཆེ་དང་ཀི་རཱ་ཏའི་དཀྱིལ་འཁོར་རོ། །ཉེ་བའི་འཐུང་གཅོད་ནི་བལ་པོ་དང་ཀཱ་ནྱ་ཀུ་བ་ཛའོ་ཞེས་གསལ་པོར་མཛད་པ་དང༌། རི་གཱི་ཨ་ར་ལིའི་རྒྱུད་དུ། ཤར་ལུས་འཕགས་པོ་དང་ལྷོ་འཛམ་བུ་གླིང་དང་ནུབ་པ་གླང་སྤྱོད་དང་བྱང་སྒྲ་མི་སྙན་ནི་གནས་ཏེ། གནས་བཞིས་ནི་ལྷ་


DTG007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཞི་རྣམས་དང་རི་རབ་ཀྱི་རྩེ་མོ་ལ་རི་གཱི་གནས་སོ་ཞེས་གསུངས་པ་དང༌། རྒྱུད་གཞན་རྣམས་སུ་ཡང་གནས་ལ་སོགས་པ་ཕྱི་དང་ནང་དུ་ཡང་རྣམ་པ་གཞན་དུ་རྣམ་པར་གཞག་སྟེ། ཅི་ཙམ་བྲི་བར་བྱ། དེའི་ཕྱིར་ཐམས་ཅད་དུ་ཕན་ཚུན་འགལ་བར་འགྱུར་རོ་ཞེན་མི་འགྱུར་ཏེ། གང་ཕྱིར་ཨ་རྦུ་ད་ལ་གནས་དང་ཉེ་བའི་ཞིང་ཉིད་དག་གྲང་བ་དང་དྲོ་བ་བཞིན་ནམ་དངོས་པོ་དང་དངོས་མེད་དག་བཞིན་དུ་ཕན་ཚུན་འགལ་བ་སྲིད་པ་མ་ཡིན་པས་སོ། །གཅིག་ལ་མིང་སྣ་ཚོགས་པ་ཇི་ལྟར་ཡང་མི་འགལ་བས་སོ། །དེ་བཞིན་དུ་གོ་དཱ་བ་རཱི་ལ་ཉེ་བའི་གནས་ཉིད་དང་ཉེ་བའི་ཞིང་ཉིད་དང་ཚནྡོ་ཧ་རྣམས་སོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་མི་འགལ་བ་ཤེས་པར་བྱའོ། །གཞན་ཡང་གདུལ་བྱའི་བསམ་པའི་རྗེས་སུ་འཇུག་པ་ལས་ཐུགས་རྗེའི་རང་བཞིན་གྱི་སྐུ་ཅན་རྣམས་ཀྱི་བསྟན་པ་སྣ་ཚོགས་པ་ཉིད་དོ། །གདུལ་བྱའི་སེམས་ཅན་རྣམས་ཀྱང་རྣམ་པ་ལྔ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོའི་དབྱེ་བ་ལས་སོ། །དེ་ལ་ཆུང་ངུའི་དབང་དུ་བྱས་ནས་ཕྱི་རོལ་གྱི་གནས་ལ་སོགས་པའི་ཡུལ་བསྟན་ཏོ། །དེ་སྐད་དུ་ཡང་དྲི་མ་མེད་པའི་འོད་དུ་གསུངས་པ། འདིར་ཐུན་མོང་དུ་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ་ཛཱ་ལ་ནྡྷ་ར་ལ་སོགས་པས་གནས་ལ་སོགས་པར་གསུངས་ཤིང༌། དེ་ཡང་ཐམས་ཅད་ལ་ཁྱབ་པར་བྱེད་པར་མི་འགྱུར་རོ། །བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་མཐའི་རིགས་རྣམས་སུ་སྐྱེས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ནི་གྲོང་ཁྱེར་གཅིག་ན་ཡང་གནས་པའི་ཕྱིར་ན། བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་པ་ལ་སོགས་པ་རྣམས་ཡོད་དོ། །དེ་རྣམས་ནི་བསྡུས་པའི་རྒྱུད་གཞན་དུ་མ་བསྟན་པ་རྣམས་སོ། །རྒྱས་པའི་རྒྱུད་གཞན་དུ་ནི་ཡུལ་ཐམས་ཅད་དང་གྲོང་ཁྱེར་ཐམས་ཅད་དུ་གནས་ལ་སོགས་པ་རྣམས་སུ་གསུངས་སོ་ཞེས་སོ། །འབྲིང་གི་དབང་དུ་བྱས་ནས་ཁང་པ་བརྩེགས་པའི་ས་གཞི་ལ་དཀྱིལ་འཁོར་བའི་ལྷ་མོ་རྣམས་ཀྱི་གནས་ལ་སོགས་པ་རྣམ་པར་


DTG007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པའོ། །ཆེན་པོའི་ཆུང་ངུའི་དབང་དུ་བྱས་ནས་པུཾ་ཡིག་ལ་སོགས་པ་ཡོངས་སུ་གྱུར་པའི་བྱིས་པའི་འཁོར་ལོའི་ཚུལ་གྱིས་གནས་ལ་སོགས་པ་རྣམས་ལུས་ལ་མགོ་བོ་ལ་སོགས་པ་རྣམས་ལ་བསྟན་ཅིང༌། དེ་དང་དེར་སོན་པའི་རྩ་རྣམས་ཀྱང་ལྷ་མོ་རྣམས་ཞེས་པར་རོ། །ཆེན་པོའི་འབྲིང་པོའི་དབང་དུ་བྱས་པ་ལས་རྫོགས་པའི་རིམ་པས་ས་བོན་གྱི་ཡི་གེ་ལ་སོགས་པ་མེད་པར་ཡང་ལུས་ལ་ཇི་ལྟར་གནས་པའི་སྤྱི་བོ་ལ་སོགས་པ་རྣམས་གནས་ལ་སོགས་པ་རྣམས་སུ་དང༌། དེ་དང་དེར་སོན་པའི་རྩའི་རང་བཞིན་ངོ་བོ་རྣམས་སུ་རྡོ་རྗེ་ལྷ་མོ་རྣམས་ཞེས་པར་ལྷག་པར་མོས་པའི་དོན་དུ་རྣམ་པར་གཞག་གོ །ཆེན་པོའི་ཆེན་པོ་རྫོགས་པའི་རིམ་པ་ལ་གནས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལུས་ལ་སོགས་པ་མིག་ཡོར་གྱི་ངོ་བོའི་རང་བཞིན་གནས་ལ་སོགས་པས་ས་དང་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཀུན་ནས་སྒྱུ་རྩལ་དུ་བྱེད་དོ། །དེའི་དབང་དུ་བྱས་ནས་སྔར་གསུངས་ཏེ། ཡེ་ཤེས་ཆེན་པོ་རང་ལུས་གནས། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་ལ་སོགས་པའོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །འདིས་ཏེ་གཞན་གྱིས་བརྗོད་མི་བྱ། །ཞེས་པ་ནི་གཙོ་བོར་རོ། །དཔལ་ལྡན་མངོན་པར་བརྗོད་པ་བླ་མའི་རྒྱུད་དུ་ཡང་གསུངས་པ། མཁའ་འགྲོ་མ་ཀུན་འདི་ཉིད་དུ། །ཐུགས་རྗེ་ལྡན་རྣམས་རྣམ་པར་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །འགྲོ་བ་གསུམ་པོའང་དེ་ཉིད་དུའོ། །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་སོགས་འདི་ཁོ་ན་ལ་གནས། །དེ་བས་དེ་རུ་བསྐོར་བ་ཡི། །སྐྱོབ་བྱ་དེ་ཉིད་ཅན་གྱིས་མིན། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་རྣམས་བསྐོར་བས་ཅུང་ཟད་མིན། །གལ་ཏེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་བས་ཅི་ཞིག་དགོས། །ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །རྣམ་དག་ཡེ་ཤེས་སྤྱན་རྣམས་ཀྱིས། །རྡོ་རྗེ་རྣལ་འབྱོར་ཅན་རྣམས་


DTG007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །ཐུགས་རྗེས་ཁྱབ་པའི་ཐུགས་ཀྱིས་ནི། །དེ་རྣམས་དགེས་པས་དངོས་གྲུབ་མཆོག །ཇི་ལྟར་འདོད་བཞིན་སྩོལ་བར་མཛད། །དེ་ཡིས་རྗེ་བཙུན་ཡེ་ཤེས་ནི། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །སྣ་ཚོགས་འབད་པ་ཡང་དག་ལྡན། །སྤྱོད་དང་བརྟུལ་ཞུགས་བརྟན་པ་ཡི། །དེ་ཉིད་བརྟུལ་ཞུགས་ལ་དགར་བྱ། །སྤྱོད་དང་བརྟུལ་ཞུགས་འདི་སྤོངས་ལ། །གྱི་ནའི་རྣམ་པས་བཟའ་བར་བྱ། །གནས་པ་བྱས་ནས་བརྟུལ་ཞུགས་ཅན། །བསམ་གཏན་བཟའ་བ་ལྷུར་ལེན་ནས། །སྨྱོན་པའི་སྤྱོད་པས་གནས་པར་བྱ། །གཅེར་བུའམ་ཡང་ན་གཅེར་བུ་མིན། །གང་དེར་ཇི་ལྟ་དེ་ལྟ་བུར། །རང་གི་ལྷག་པའི་ལྷ་དམིགས་ཏེ། །དེ་ཁོ་ན་ཉིད་གཅིག་པུ་བསམ། །ལྐུགས་པའི་དངོས་པོར་རབ་གྱུར་པའི། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་མ་ཡིས་ཉེར་བསྟན་པའི། །རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཡེ་ཤེས་འོད་ཟེར་མཆོག་མཐོང་ནས། །རྣལ་འབྱོར་མ་རྣམས་ལེགས་འདུ་སྟེ། །པདྨའི་འབྱུང་གནས་ཉམས་དགའ་བར། །དང་པའི་ཚོགས་འདུ་ཇི་བཞིན་ནོ། །དཔལ་ལྡན་རྡོ་རྗེ་འཛིན་དངོས་སུ། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །མིག་འཕྲུལ་མཁན་བཞིན་འཇིག་རྟེན་དུ། །སེམས་ཅན་ཀུན་གྱི་དོན་བྱེད་རྣམས། །སེམས་ནི་དག་པར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །སྤྱོད་པ་བྱེད་པ་འདི་ལས་ནི། ངེས་པར་གང་བཤད་དེ་འགྱུར་རོ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་ཆུང་ངུ་ལ་སོགས་པ་བཞི་རྣམས་ཀྱི་གནས་ལ་སོགས་པ་བསྟན་པ་ནི་ལྔ་པ་ལ་ལྟོས་ནས་དྲང་བའི་དོན་ཏོ། །ལྔ་པ་ལ་ནི་རབ་ཏུ་དགའ་བ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་སའི་རང་བཞིན་ཁོ་ན་གནས་ལ་སོགས་པ་སྟེ། ངེས་པའི་དོན་ཏོ། །གང་ཡང་ཕྱི་རོལ་དུ་དང་དཀྱིལ་འཁོར་གྱི་འཁོར་ལོར་དང་ལུས་ལ་ཡང་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམ་པར་གཞག་པ་དེ་ཡང་དྲང་བའི་དོན་ཏེ། གང་ཕྱིར་དེ་དང་དེའི་སར་ལྷག་པར་མོས་པ་ལས་འཇིག་རྟེན་ལས་འདས་པའི་ས་དེ་དང་དེ་གསལ་བར་གྱུར་པའི་ཆེད་དུ་འབད་པར་


DTG007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན་ཅི་མ་རུང་ཞེས་པས་སོ། །སྤྲོས་པས་ཆོག་གོ །རྣལ་འབྱོར་མ་རྣམས་ཕལ་ཆེར་འདུ་བའི་གནས་ཀྱི་ཤིང་རྣམས་བརྗོད་པའི་དོན་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །འདིར་ལྷག་པར་གནས་པར་བྱེད་དོ་ཞེས་པ་ལྷག་པར་གནས་ཏེ། ཤིང་ལ་སོགས་པའོ། །ཙུ་ཏ་ནི་ཤིང་ཨ་མྲ་སྟེ་གང་དུ་ལྷ་མོ་ཨ་མ་བི་ཀ་དང་ཞིང་སྐྱོང་མེ་ཡོད་པའོ། །ཀ་ར་ཉྫ་ལ་གནས་པའི་ལྷ་མོ་ཀ་ར་ཉྫ་ལ་གནས་པ་མོ་དང་ཞིང་སྐྱོང་དྲིལ་བུ་ཆེན་པོའོ། །ཤིང་ཀ་དམ་པ་ལ་ལྷ་མོ་བཞིན་བཟངས་མ་དང་ཞིང་སྐྱོང་རྒྱུ་ཅན་ནོ། །ཤིང་ཝ་ཊ་པ་ལ་གནས་པའི་ལྷ་མོ་རྣ་བ་ཆེན་པོ་དང་ཞིང་སྐྱོང་རྒྱུའི་དབང་ཕྱུག་གོ །ཧ་རི་ནི་ཨ་རུ་རའི་ཤིང་ངོ༌། །ཤིང་མྱ་ངན་མེད་ལ་གནས་པའི་ལྷ་མོ་གསང་བ་མ་དང་ཞིང་སྐྱོང་སྟོབས་པོ་ཆེའོ། །གསེར་ཤིང་ནི་གསེར་གྱི་སེ་ཕཱ་ལཱི་ལ་སྟེ། གང་དུ་ལྷ་མོ་གཏུམ་མོ་དང༌། ཞིང་སྐྱོང་སྐྱེ་བ་འདྲེན་ཡོད་པའོ། །རྡུལ་བྲལ་ལ་སོགས་པས་ནི་རྒྱུད་གཞན་དུ་གསུངས་པའི་གནས་རྣམས་ཉེ་བར་མཚོན་པ་སྟེ། དེ་པཱུ་རྞཾ་གི་རི་རུ་རའི་རྩེ་མོ་ནི་འདུ་བའི་གནས་ཏེ། གང་ན་ལྷ་མོ་ཕུན་ཚོགས་ཆེན་མོ་དང་ཞིང་སྐྱོང་མེའི་གདོང་ཅན་ཡོད་པའོ། །འཛིན་མར་ཤིང་ཏ་ལ་སྟེ་གང་ན་ལྷ་མོ་བདེ་བྱེད་མ་དང་ཞིང་སྐྱོང་སྐྲ་གྱེན་དུ་བརྫེས་པ་ཅན་ནོ། །ཨེ་རུ་ཌཱ་ནི་ཤིང་ཀྵཾ་ཙ་ན་སྟེ། གང་དུ་ལྷ་མོ་མེ་ལྕེའི་གདོང་པ་ཅན་དང་ཞིང་སྐྱོང་དྲིལ་བུའི་སྒྲ་ཅན་ནོ། །དམར་སེར་པྲེ་ཏའི་གྲོང་དུ་ཤིང་ཛ་ཌཱ་སྟེ་གང་དུ་ལྷ་མོ་དམར་སེར་མོ་དང་ཞིང་སྐྱོང་བྱིན་པ་ཆེན་པོ་ཅན་ནོ། །ཨེ་ལའི་གྲོང་དུ་ཤིང་ཨཱ་ལ་ཏ་ན་སྟེ་གང་དུ་ལྷ་མོ་བོང་བུ་ལ་གནས་མ་དང་ཞིང་སྐྱོང་གླང་པོའི་རྣ་བ་ཅན་ནོ། །ཁ་ཆེར་རིའི་རྩེ་མོ་སྟེ་གང་དུ་ལྷ་མོ་བ་ལང་སྣ་མ་དང་ཞིང་སྐྱོང་རྩའི་བྱིན་པ་ཅན་ནོ། །མ་རུ་རུ་ཐང་ཆེན་པོ་སྟེ་གང་དུ་ལྷ་མོ་རིམ་པ་མོ་དང་ཞིང་སྐྱོང་གཙིགས་པ་ཅན་ནོ། །པ་ཊ་ལི་པུ་ཏྲ་རུ་ཝེ་ནུ་གར་ཏ་སྟེ། གང་དུ་ལྷ་མོ་རོ་ལངས་མ་དང་ཞིང་སྐྱོང་སྤུའི་བྱིན་པ་ཅན་ནོ། །པོ་ཎ་ཌ་བ་རྡྷ་ན་རུ་སྐྱེ་མཆེད་ཀྱི་བྱེ་བྲག་སྟེ་གང་དུ་ལྷ་མོ་རྒན་བྱད་མ་དང་ཞིང་སྐྱོང་བུམ་པ་ཅན་ནོ། །རྒྱལ་བ་ཅན་དུ་ཁང་པ་བརྩེགས་པ་སྟེ་གང་དུ་ལྷ་མོ་བཞིན་རས་དང་བ་དང་ཞིང་སྐྱོང་རལ་པ་གསུམ་པའོ། །རྒྱབ་ཀྱི་གྲོང་


DTG007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཨཱ་ཡ་ཏ་ནའི་བྱེ་བྲག་སྟེ། གང་དུ་ལྷ་མོ་གློག་གི་ཞལ་ཅན་དང་ཞིང་སྐྱོང་དྲིལ་བུའི་སྒྲ་ཅན་ནོ། །སུ་པཱ་ར་རུ་ཤིང་ཤལ་མ་ལཱི་སྟེ། གང་དུ་ལྷ་མོ་མེའི་ཁ་དང་ཞིང་སྐྱོང་ལྷ་ཆེན་པོའོ། །འོ་མ་ཅན་དུ་ཤིང་ཤྭ་ལ་སྟེ། གང་ལ་ལྷ་མོ་འཇིག་རྟེན་གྱི་མ་དང་ཞིང་སྐྱོང་རི་རབ་ཆེན་པོའོ། །སྒྱུ་མའི་གྲོང་དུ་ཤཱ་ཁོ་ཊ་སྟེ་གང་ལྷ་མོ་འོད་ལྡན་མ་དང༌། ཞིང་སྐྱོང་འཇིགས་པ་ཅན་ནོ། །ཨ་མྲ་གཅིག་པར་ཨཱ་མྲ་སྟེ་གང་དུ་ལྷ་མོ་ལུས་སྲུལ་མ་དང་ཞིང་སྐྱོང་བརྟུལ་ཞུགས་ཆེན་པོའོ། །རྒྱལ་པོའི་ཁབ་ཏུ་ཨཱ་ཡ་ཏ་ན་ནའི་བྱེ་བྲག་སྟེ་གང་དུ་ལྷ་མོ་རྒུད་པ་འཇིགས་མ་དང་ཞིང་སྐྱོང་ཛྷི་ལ་ལཱའི་སྒྲ་ཅན་ནོ། །བོད་དུ་བྲག་བརྩིགས་པ་སྟེ་གང་དུ་ལྷ་མོ་ལྷན་ཅིག་སྐྱེས་མ་དང་ཞིང་སྐྱོང་ལོངས་སྤྱོད་ཅན་ནོ། །མཱ་ལ་ཝ་རུ་ཤིང་མ་དྷུ་སྟེ་གང་དུ་ལྷ་མོ་དབང་བསྐུར་མ་དང་ཞིང་སྐྱོང་སྐྱེས་བུ་དབང་ཕྱུག་གོ །གནས་དེ་དང་དེ་རུ་འདུས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་འདུས་པའི་རྣལ་འབྱོར་པ་རྗེས་སུ་འཛིན་ཏེ། དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས་པ། ཞིང་འདི་རྣམས་སུ་བུ་མོ་གང༌། །དཔའ་བོ་རྣམས་ལ་གྲུབ་སྟེར་མ། །མཚན་མོ་འདུ་བར་རབ་ཏུ་བྱེད། །རྟག་ཏུ་ཡོངས་སུ་རྒྱུ་བར་བྱེད། །མཁའ་སྤྱོད་རྣམས་སུ་རྙེད་དཀའ་བའི། །དངོས་གྲུབ་རྒྱ་ཆེན་སྟེར་བར་བྱེད། །སྒྲུབ་པ་པོ་ཡི་ལས་རྣམས་ཀུན། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་སོ། །ཡོངས་སུ་རྒྱུ་སྟེ་སྒྲུབ་པ་པོའི་ཆེད་དུའོ། །མཁའ་སྤྱོད་རྣམས་སུ་ནི་ལྷ་རྣམས་སུའོ། །འཇིག་རྟེན་ལས་འདས་པའི་གནས་ལ་སོགས་པ་རྣམ་པར་གཞག་པ་གསུངས་པ། གནས་ཞེས་པ་ལ་སོགས་པ་སྟེ། གནས་ཏེ་གཞི་ནི་རབ་ཏུ་དགའ་བའི་ས་སྟེ། ཐོག་མ་མེད་པའི་འཁོར་བ་བརྒྱུད་པ་རྣམས་སུ་མ་མཐོང་བའི་དེ་ཁོ་ན་ཉིད་མཐོང་བ་ལས་འདིའི་རབ་ཏུ་དགའ་བ་མང་བ་སྟེ། ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་ལས་ཀྱང་ངོ༌། །གནས་དང་ཉེ་བ་ནི་ཉེ་བའི་གནས་དྲི་མ་མེད་པའི་ས་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པ་ལས་དགེ་བ་བཅུ་


DTG007_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པའི་ཕྱིར་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་གྱི་གཞི་ཉིད་ཀྱི་ཕྱིར་རོ། །གནས་དང་ཉེ་བའི་གནས་དག་གི་ཉེ་བ་ཉིད་ནི་ཕན་ཚུན་ཕན་གདགས་པར་བྱ་བ་དང་ཕན་འདོགས་པ་པོའི་དོན་གྱི་འབྲེལ་པའི་སྒོ་ནས་ཡིན་གྱི། ཡུལ་དང་དུས་ཉེ་བ་ཉིད་ཀྱིས་ནི་མ་ཡིན་ནོ། །རྒྱུ་ཡང་འབྲས་བུས་ཕན་གདགས་པར་བྱ་བ་སྟེ། །འབྲས་བུ་བསྐྱེད་པའི་ནུས་པ་ཉིད་ཀྱི་ཐ་སྙད་ཀྱི་སྤྱོད་ཡུལ་ཉིད་དུ་བྱེད་པའི་ཕྱིར་རོ། །ཕྱི་རོལ་གྱི་གནས་དང་ཉེ་བའི་གནས་དག་གི་ཕན་ཚུན་དུ་ཕན་འདོགས་པ་ནི་བརྟེན་པ་རྣལ་འབྱོར་མ་རྣམས་ཕན་ཚུན་ཕན་འདོགས་པའི་ཕྱིར་ཉེ་བར་བཏགས་པ་ཁོ་ནའོ། །དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་རྣམས་ལ་ཡང་རྟོགས་པར་བྱའོ། །འོད་བྱེད་པའི་ས་ནི་ཞིང་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པ་ལས་མ་ཉམས་པའི་ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་ཀྱི་སྣང་བ་ཆེན་པོ་དང༌། མངོན་པར་ཤེས་པ་ལ་སོགས་པ་ཕུལ་དུ་བྱུང་བ་བསྐྱེད་པའི་ཕྱིར་རོ། །ཉེ་བའི་ཞིང་ནི་འོད་འཕྲོ་བ་ཅན་གྱིས་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པའི་ཕྱིར་སྔ་མ་ལས་ཡོན་ཏན་ཕུལ་དུ་ཕྱིན་པ་སྐྱེ་བའི་ཕྱིར་རོ། །འདུན་རྟོག་ཤིན་ཏུ་སྦྱང་དཀའ་བ། །ཞེས་འབྲེལ་ཏེ། འདུན་པ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དོན་དུ་གཉེར་བ་སྟེ་རྟོག་པ་ནི་འདི་ལྟ་འདི་ལྟར་བདག་གིས་བྱའོ་ཞེས་རྟོག་བྱེད་དོ། །ཤིན་ཏུ་སྦྱང་དཀའ་བའི་ས་ལ་ནི་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ལས་རྫུ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པས་མངོན་པར་སྒྲུབ་པའི་ཐབས་སྣ་ཚོགས་པའི་སྦྱོར་བ་རྣམས་ཀྱིས་ཀྱང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་ནི་དེ་ལྟར་སེམས་ཅན་སྨིན་པར་བྱེད་པ་ལས་མངོན་པར་སྦྱོར་བ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བའི་སེམས་ཀྱི་རྒྱུད་ཅན་མི་ལྡོག་པར་དགེ་བའི་རྩ་བ་ལ་རབ་ཏུ་སྦྱོར་བ་ནི་ཁྱད་པར་འཕགས་པའི་ཆོས་ཚོལ་བ་ལ་མངོན་པར་སྦྱོར་བས་སོ། །མངོན་གྱུར་གྱིས་ནི་ཉེ་བའི་འདུན་རྟོག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་ཕྱོགས་པར་གྱུར་པས་འདུན་རྟོག་


DTG007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཚོལ་བ་ལ་ཕུལ་དུ་བྱུང་བ་དང་བཅས་པར་མངོན་པར་སྦྱོར་བའི་ཕྱིར་རོ། །འདུ་བ་རིང་དུ་སོང་བའི་ས་སྟེ། འདུ་བའི་ངོ་བོ་ནི་འདུ་བ་དང་དེ་ཐོབ་པ་སྟེ་དེ་བྱེད་དོ་ཞེས་བྱས་ནས་སོ། །འདིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་རབ་ཏུ་གྱུར་པ་ལས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང༌། བཏང་སྙོམས་ཀྱི་མཚན་ཉིད་ཅན་ཚད་མེད་པ་དང་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་མཚན་མ་མེད་པར་རྩོལ་བས་འདུ་བའི་ཕྱིར་རོ། །ཉེ་བའི་འདུ་ཐོབ་མི་གཡོ་བའི་ས་སྟེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཕུན་སུམ་ཚོགས་པ་ལས་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་བྱམས་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་རྣམས་དང་སྣོད་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །དུར་ཁྲོད་ལེགས་པའི་བློ་གྲོས་ཀྱིས་སྟེ་བདག་མེད་པ་ཉིད་ཀྱིས་དུར་ཁྲོད་དང་མཚུངས་པ་ཉིད་ཀྱི་ཕྱིར་ཏེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བདག་མེད་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱང་རྟོགས་ནས་དེ་ཉིད་སེམས་ཅན་རྣམས་ཀྱིས་རྟོགས་པའི་ཆེད་དུ་སྟོན་པ་ལ་འབད་ཅིང་འཁོར་བ་ཇི་སྲིད་པར་ལྷུན་གྱིས་གྲུབ་པས་སེམས་ཅན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པར་བྱེད་པའི་ཕྱིར་རོ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན་གྱིས་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཆོས་རྟོགས་པ་དང་སྟོན་པ་དང་ཕུལ་དུ་དབྱུང་དུ་མེད་ཅིང་རབ་ཀྱི་མཐར་ཐུག་པ་རྟོགས་པ་དག་རྫོགས་པར་བྱེད་པའི་ཕྱིར་རོ། །ས་འདི་རྣམས་ཀྱང་བྱང་ཆུབ་སེམས་ཀྱི་རབ་ཏུ་དབྱེ་བ་རྣམས་སོ། །ས་བཅུ་གཉིས་ཀྱི་རང་བཞིན་དེའི་དང་པོ་དང་ཐ་མའི་ས་དག་ནི་ས་བར་པ་བཅུའི་རྒྱུ་དང་འབྲས་བུ་ཉིད་ཀྱིས་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ཉིད་དུ་རྣམ་པར་གཞག་པ་ཤུགས་ཀྱིས་རྟོགས་པར་བྱའོ་ཞེས་པས་མ་གསུངས་པའོ། །དེ་ལ་པཱིང་འཐུང་པ་ལའོ། །བཏུང་བར་བྱ་བའོ་ཞེས་ལས་ལ་ཀྭི་བ་བྱས་པས་ན་འཐུང་བའོ། །གཅོད་ཅིང་གཅོད་པར་བྱེད་དོ་བ་དགེ་བ་རྗེས་སུ་སྒྲུབ་པ་དང་དགེ་བའོ་ཞེས་པ་


DTG007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའོ། །འཐུང་བ་སྟེ་ཉོན་མོངས་པའི་ཕུང་པོ་འདིས་གཅོད་པའོ་ཞེས་པ་འཐུང་གཅོད་མོས་པས་སྤྱོད་པའི་སའོ། །འདིས་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་སྐྱེད་པར་བྱེད་པའི་རིམ་པས་ཉོན་མོངས་པ་རྣམས་སྤང་བར་བྱ་བའོ། །དེ་ལྟར་བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པ་སྤངས་པར་གྱུར་པ་ནས་བཅུ་གཉིས་པ་ཀུན་དུ་འོད་ནི་ཉེ་བའི་འཐུང་གཅོད་དོ། །དེ་ལྟར་རྒྱུ་དང་འབྲས་བུ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ས་བཅུ་གཉིས་པོ་རྣམས་ལ་དེའི་བདག་ཉིད་ཀྱི་ཇི་ལྟར་རིགས་པར་རྣལ་འབྱོར་མ་རྣམས་རྟེན་དང་བཅས་པ་རྣམ་པར་གཞག་པར་བྱའོ། །ཀླ་ཀློའི་སྐད་ཅེས་པ་བརྡའི་སྐད་ཀྱིས་སོ། །ཕལ་ཆེར་ཕྱི་རོལ་གྱི་འཐུང་གཅོད་དང་གནས་ལ་སོགས་པ་ཉེ་བའི་འཐུང་གཅོད་ཀྱི་མཐར་ཐུག་པ་རྣམས་ལ་རིམ་པ་ཇི་ལྟ་བར་མོས་པས་སྤྱོད་པ་ལ་སོགས་པའི་སའི་དབང་ཕྱུག་པ་རྣལ་འབྱོར་མ་རྣམས་སྐྱེ་བར་འགྱུར་རོ། །ས་བཅུའི་དབང་ཕྱུག་མ་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་དེ་རྣམས་སུ་སྐྱེས་པ་ནི་ཤིན་ཏུ་ཉུང་བའོ། །དེའི་ཕྱིར་དེའི་རྟེན་ཀཱ་རཱ་ཎྱ་པཱ་ཊ་ལེ་སོགས་པ་དང་པུ་ལླཱི་ར་མ་ལ་ཡ་ལ་སོགས་པ་རྣམས་དང་ཀཱ་རཱ་ཎྱ་པཱ་ཊ་ཀ་ལ་སོགས་པ་དང་ཉེ་བའི་ས་གཞི་རྣམས་ཀྱང་མོས་པས་སྤྱོད་པ་ལ་སོགས་པའི་ས་ཉིད་དུ་ལྷག་པར་མོས་པར་བྱེད་དེ། ཕྱི་རོལ་དུ་འཛིན་པས་སླུ་བ་ཕྲ་མོ་ལས་ཀྱང་གྲོལ་བའི་ཆེད་དུའོ། །ཇི་ལྟར་རྟུལ་པོ་ལ་སོགས་པའི་སེམས་ཅན་རྣམས་ཀྱི་ཕྱིའི་ཡུལ་དུ་འཛིན་པ་རགས་པ་བསལ་བའི་ཆེད་དུ་ཕྱིའི་འཐུང་གཅོད་དང་གནས་ལ་སོགས་པ་རྣམས་ལ་མོས་པས་སྤྱོད་པ་ལ་སོགས་པའི་སར་ལྷག་པར་མོས་པ་བཞིན་ནོ། །དེས་ན་འདི་ཐམས་ཅད་ལ་མངོན་པར་དགོངས་ནས་གསུངས་པ། པུཾ་ཡིག་ཅེས་པ་ལ་སོགས་པ་སྟེ། པུཾ་ཡིག་ལ་སོགས་པའི་ཡུལ་པུ་ལླཱི་ར་མ་ལ་ཡ་ལ་སོགས་པ་ཕྱི་རོལ་པ་ནི་རབ་ཏུ་གྲགས་པའི་གནས་དང་གཞལ་ཡས་ཁང་ངོ༌། །ནང་དུ་ནི་ལུས་དང་བྱང་ཆུབ་ཀྱི་སེམས་སོ། །གལ་ཏེ་ཡང་ཁ་ཅིག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་དང་བྱང་ཆུབ་ཀྱི་སེམས་ཀྱང་ལྷུར་ལེན་པ་གསུངས་མོད། །དེ་ལྟ་ན་ཡང་འདིར་དེ་ལྟར་རྣམ་པར་གཞག་པ་མ་


DTG007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ལུས་ལ་པུ་ལླཱི་ར་ལ་སོགས་པ་རྣམས་འཆད་པར་འགྱུར་རོ། །ཕྱི་རོལ་དུ་འདུ་བའི་དུས་གསུངས་པ་ཉིན་པར་ཞེས་པ་ལ་སོགས་པ་སྟེ། ཡི་དགས་ཀྱི་ཕྱོགས་ནི་ནག་པོའི་ཕྱོགས་སོ། །རྒྱལ་མཚན་ནི་དབྱངས་པའོ། །རང་ཉིད་ཤ་དང་རུས་པ་དང་རྐང་ལ་སོགས་པ་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་བདག་གིས་བྱའོ་ཞེས་སྨོན་ལམ་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་བར་མ་ཆད་པར་མིའི་སྐྱེ་བ་བདུན་རྣམས་ཀྱི་མཐར་འཇུག་པའི་ཕྱིར་ན་སྐྱེ་བ་བདུན་པའོ། །གང་གི་གྲིབ་མ་བདུན་རྣམས་སུ་འགྱུར་ཏེ། དེ་ནི་དེ་རྣམས་ཀྱིས་མཚོན་པར་བྱའོ། །དེ་གང་གི་ཚེ་རང་ཉིད་ཤི་བ་དེའི་ཚེ་ཁྱད་པར་དུ་བཟའ་བར་བྱའོ་ཞེས་པ་ལྷག་མའོ། །གསོད་དུ་གཞུག་པར་བྱ་བ་ནི་མ་ཡིན་པ་ཁོ་ནའོ་ཞེས་མགོ་བོ་སྐྲ་ལྟ་བུས་གསུངས་པ། སྙིང་རྗེ་བསྐྱེད་ནས་འབད་པས་ནི། །གསང་བར་བྱའོ་ཞེས་པ་སྟེ། འོན་ཀྱང་མ་ཡིན་པ་ཁོ་ནའོ་ཞེས་པ་དགོངས་པའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བསླང་བར་བྱ་བ་ངེས་རང་གི་ཤ་ལ་སོགས་པ་སྟེར་བ་དེའི་ཚེ་སློང་བ་པོ་རྣམས་ལ་སེམས་ཅན་གདུང་བ་བྱས་པའི་ཁ་ན་མ་ཐོ་བ་མེད་དོ། །གཞན་དུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་ཏེ། སློང་བ་པོའི་སྐྱེ་བོ་ལ་སྡིག་པར་དོགས་པས་ན། སྦྱིན་པ་མེད་པའི་ཕྱིར་རོ། །གདུག་པའི་བསམ་པ་ཅན་རྣམས་ལས་གཞན་དུ་སློང་བ་པོ་དམྱལ་བར་འགྲོ་བ་ནི་གང་དུ་ཡང་མ་ཐོས་སོ། །ཡང་ན་དམྱལ་བའི་ལས་ལ་མངོན་དུ་ཕྱོགས་པའི་གདུག་པ་ཅན་རྣམས་ཀྱི་དབང་དུ་བྱས་ནས་གསུངས་པ། སྙིང་རྗེ་བསྐྱེད་ནས་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་བརྟག་པ་གཉིས་པར་གསུངས་པ། གདུག་པ་གཞུག་པ་ཆོ་ག་ནི། །ཐམས་ཅད་གཙོ་བོ་ལས་འགྲུབ་འགྱུར། །ཞེས་སོ། །གདུག་པ་ཅན་རྣམས་དམ་པའི་ལམ་ལ་འཇུག་པའི་རྒྱུ་མཚན་དུ་སྟེ། ཐམས་ཅད་ཅེས་པ་མངོན་སྤྱོད་འབའ་ཞིག་ཏུ་མ་ཟད་ཀྱི་དབྱེ་བ་ལ་སོགས་པ་རྣམས་ཀྱང་གདུག་ཅན་རྣམས་གཞུག་པའི་དོན་ཁོ་ནའོ། །གཙོ་བོ་ལས་ཏེ་གཙོ་བོར་འཇུག་པས་ནི་འདི་ཐམས་ཅད་འགྲུབ་


DTG007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་དེ་ལྟར་བྱེད་པའི་རྣལ་འབྱོར་བས་གལ་ཏེ་དེ་ཡང་དག་པའི་ལམ་ལ་གཞུག་པར་ནུས་པ་དེའི་ཚེ་འདི་བྱ་སྟེ། གཞན་དུ་ན་འདི་ལ་འདིའི་སྙིང་རྗེ་ཉིད་དུ་མི་འགྱུར་རོ་ཞེས་གསུངས་པ་སྙིང་རྗེ་དམན་པས་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་ཚར་གཅད་པ་དང་རྗེས་སུ་འཛིན་པའི་ནུས་པ་མ་ཐོབ་པ་རྣམས་ལ་གསོད་པ་རྒྱུད་རྣམས་ཐམས་ཅད་དུ་བཀག་གོ །དེ་ལ་དཔལ་འདུས་པར་གསུངས་པ། ཁམས་གསུམ་པོ་ནི་མ་ལུས་ནས། །གསོད་པ་དང་ནི་གསོ་བ་ཉིད། །སྐད་ཅིག་ཙམ་གྱིས་བྱེད་པ་ནི། །གསལ་བར་ནུས་པར་ཐེ་ཚོམ་མེད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་ཡང་མི་བསྐྱོད་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སུ་དེའི་རྣམ་པར་ཤེས་པ་དྲངས་ནས་དེ་ལྟར་རྗེས་སུ་བསྒྲུབ་པར་བྱའོ་ཞེས་གསུངས་པའོ། །གང་ཡང་ཁ་ཅིག་ཏུ་ཤིག་ཤིག་བཞིན་པའི་སྲོག་ཆགས་དང་བཅས་པའི་རྣམ་པར་སྣང་མཛད་ལ་སོགས་པ་བཟའ་བར་གསུངས་པ་དེ་ལ་ཡང་ཤི་བ་ནའོ་ཞེས་གོ་བར་བྱའོ། །དེ་གདན་བཞི་པར་གསུངས་པ། དང་པོར་སྐྱེ་བོར་མི་འཚེ་བ། །སྙིང་རྗེས་བསྐྱེད་པའི་སེམས་ལྡན་པས། །སྲོག་ཆགས་གསད་པར་བྱ་བ་མིན། །དེ་བས་འཆི་བ་འོངས་པ་མཆོག །ཅེས་སོ། །སྙིང་རྗེ་སྟོན་ཏེ་ཇི་ལྟར་བདག་ཉིད་ལ་ངའོ་ཞེས་མོས་པ་དེ་ལྟར་སེམས་ཅན་ཡང་ངོ་ཞེས་མོས་པར་བྱའོ་ཞེས་པ་སྟེ། གཞན་ཡང་བདག་མཉམ་པ་ཉིད་དུ་འདིར་བསྟན་པའོ། །སྙིང་རྗེ་འབའ་ཞིག་གིས་འདི་ལྟར་བྱ་བ་མ་ཡིན་གྱི། འོན་ཀྱང་ཤེས་རབ་ཀྱིས་ཀྱང་ངོ་ཞེས་གསུངས་པ། འདི་ལྟར་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་བདག་ཉིད་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རྡོ་རྗེ་འཛིན་པ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་བཅུ་བདུན་པའོ།། །།


previousསྙེ་མ་བཅུ་བདུན་པ། བརྡ་ཤེས་པ་རྗེས་སུ་གཟུང་བའི་དོན་དུ་གནས་ལ་སོགས་པ་འདུ་བའི་གནས་བཤད་པ།next