Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  expand section
   
  collapse section
དཔལ་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ།  རྡོ་རྗེ་གསང་བས་མཛད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
   
   
   
   
   
   
   
   
   
   


 
previousདཔལ་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ། རྡོ་རྗེ་གསང་བས་མཛད།next

དཔལ་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ།
རྡོ་རྗེ་གསང་བས་མཛད།

ལེའུ་དང་པོའི་དཀའ་བ་བཀྲལ་བ།


DTG008_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་ཨཱ་ནན་ད་པྲ་དཱི་པཾ་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ། དཔལ་ཡེ་ཤེས་ཐིག་ལེ་ལ་ཕྱག་འཚལ་ལོ། །ཤེས་རབ་མྱ་ངན་འདས་པ་ཁྱད་དགའ་མཁའ། །ཡེ་ཤེས་འཁོར་བ་མཆོག་དགའ་འགྲོ་བ་སྟེ། །གཉིས་མེད་རིན་ཆེན་ཕྲོག་མའི་དབང་ཕྱུག་འདི། །རང་གིས་དྲན་དང་སློབ་མའི་དོན་སོགས་བརྩམ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་དོན་ནི་ཡིག་འབྲུ་བཞིའི་དོན་དུ་རྒྱ་ཆེར་སྦྱར་ཏེ་དྲང་དོན་ངེས་དོན་དུ་དབྱེའོ། །དེ་ཡང་འདི་སྐད་དུ་སྟོན་ཏེ། སངས་རྒྱས་མཁའ་འགྲོ་ལ་སོགས་ལྔའི། །བདག་པོ་གང་ཡིན་ངོ་བོ་དེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། དེ་ནི་ངོ་བོ་ཡིན་པར་འདོད། །རྒྱུད་འདི་དབུ་ནས་ཞབས་ཀྱི་བར། །དོན་དང་ཡོན་ཏན་བརྗོད་པ་ནི། །དེ་ཕྱིར་རྡོ་རྗེ་སེམས་དཔའ་ཡིན། །དེ་ཡང་འབྲེལ་བའི་ཕྱིར་ན་རྒྱུད། །ཨ་ཡི་རིགས་ནི་གཅིག་ཉིད་ལས། །རིགས་ཀྱི་ཡི་གེ་མང་པོར་དགྱེས། །དེ་བཞིན་སླར་ལ་གཅིག་ཏུ་འདུས། །འདི་ནི་རྒྱུད་ཀྱི་མཐུན་པའི་དཔེ། །དོན་གྱི་རང་བཞིན་རོ་གཅིག་ལ། །ཤེས་རབ་ཐབས་ནི་གཉིས་སུ་དབྱེ། །དེ་ཡང་གཉིས་གཉིས་ཕྱེ་བ་ལས། །གཅིག་ལའང་ལྔ་ལྔར་ཕྱེ་བས་དབྱེ། །དོན་དང་ཚད་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །འདི་སྐད་ལ་སོགས་པ་ལ། ཨེ་ཝཾ་ཞེས་པའོ། །ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཤེས་རབ་ཀྱི་རང་བཞིན་ནོ། །ཝཾ་ཟླུམ་པོ་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་རྒྱ་ཆེར་སྦྱར་རོ། །དེ་ཡང༌། ཨེ་ཡི་ཆ་བྱད་བཟང་པོ་ལ། དབུས་སུ་ཝཾ་གྱིས་རྣམ་པར་བརྒྱ་ན། །ཅེས་གསུངས་སོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་རྒྱུད་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་ཏེ། རྒྱུད་དང་སྡུད་པ་པོ་ལྷའི་དབང་ཕྱུག་དང་འདས་པའི་དུས་ལ་སོགས་པ་དང་བྲལ་བ་སྟེ་དམིགས་སུ་མེད་པའི་དུས་དང༌། སྟོན་པ་བཅོམ་ལྡན་འདས་ཉིད་དང༌། འཁོར་དཔའ་བོ་དང་དཔའ་མོ་ལ་སོགས་པ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་དང༌། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཁའ་དབྱིངས་ཆོས་ཀྱི་


DTG008_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཀྱི་གནས་ལ་སོགས་པས་བསྟན་ཏོ། །ཡང་ན་འདི་སྐད་བདག་གིས་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་དང༌། ལོངས་སྤྱོད་ཀྱི་འཁོར་ལོ་དང༌། ཆོས་ཀྱི་འཁོར་ལོ་དང༌། སྤྲུལ་པའི་འཁོར་ལོ་ལ་སོགས་པ་འམ། སངས་རྒྱས་སྤྱན་ལ་སོགས་པའི་འབྱུང་བ་བཞིའི་ལྷ་མོ་ལ་སོགས་པར་བཤད་དོ། །ཐོས་པ་ནི་བདག་རང་གིས་ཐོས་པ་སྟེ། གཅིག་ནས་གཅིག་ཏུ་བརྒྱད་པ་ལྟ་བུ་མ་ཡིན་པའོ། །དུས་གཅིག་ནས་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་མཐའ་རྡོ་རྗེ་སེམས་དཔའི་གནས་སུ་ཐམས་ཅད་དེར་གཅིག་པ་ལ་ནི་ཤིན་ཏུའི་དུས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཞེས་པ་ནི་འཁོར་ལོ་བཞི་ལ་སོགས་པའི་བདུད་བཅོམ་པ་སྟེ་བརླག་པ་ལ་སོགས་པའི་དགའ་བ་དྲུག་གི་ཡེ་ཤེས་ཡོན་ཏན་དང་ལྡན་པའི་ངོ་བོའོ། །དེ་བཞིན་གཤེགས་པ་ནི་སྔར་གཤེགས་པ་ལྟར་རྩ་རྣམས་རྣམ་པར་དག་ནས་གཤེགས་པས་ལྷ་དང་ལྷ་མོ་རུ་གནས་པའོ། ཐམས་ཅད་ནི་རྩ་ལ་སོགས་པའི་སྔར་གྱི་རྣམ་པ་མ་ལུས་པའོ། །སྐུ་དང་གསུང་དང་ཐུགས་ནི་བདེ་བ་ཆེན་པོའི་འཁོར་ལ་སོགས་པ་གསུམ་སྟེ་རིགས་གསུམ་གྱི་འཁོར་ལོའོ། །རྡོ་རྗེ་ནི་སྤྲུལ་པའི་འཁོར་ལོ་སྟེ་ལྟེ་བའམ་སྙིང་གའོ། །དཔའ་བོ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་གཡས་ཀྱི་རྩ་བཅུ་དྲུག་གམ་ཡང་ན་ཐབས་ཀྱི་རྩ་རྣམས་སོ། །དཔའ་མོ་རྣམས་ནི་བདེ་ཆེན་གྱི་གཡོན་གྱི་རྩ་རྣམས་དང༌། ལོངས་སྤྱོད་འཁོར་ལོའི་རྣམ་པར་དག་པ་འམ། ཡང་ན་གཡོན་གྱི་ཤེས་རབ་ཀྱི་རྩ་རྣམས་སོ། །རྣམ་པར་བསྐོར་བ་ནི་དེ་རྣམས་ཐམས་ཅད་ཀྱིས་བསྐོར་བ་མཁའ་འགྲོ་མ་ལ་སོགས་པའོ། །བཙུན་མོ་ནི་བུད་མེད་དེ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཤེས་རབ་མའོ། །དེའི་གནས་ན་དུས་རྟག་ཏུ་བཞུགས་སོ། །ཡང་ན་དཔའ་བོ་ལ་སོགས་པ་རྣམས་ནི་བྱང་ཆུབ་ཀྱི་སེམས་ཁུ་བ་དང་བདེ་བའི་དབྱེ་བས་ཤེས་པར་བྱའོ། །དེར་དཔལ་ནམ་མཁའ་དྲི་མེད་དག་དང་ཞེས་བྱ་བ་ནས་ནམ་མཁའི་ཞལ་ཞེས་བྱ་བའི་པར་གྱིས་ནི་དཔའ་བོ་བཅུ་དྲུག་གི་མཚན་བསྟན་ནས་ཡང་ནི་དཔའ་མོའི་དབང་ཕྱུག་མ་ལཱ་མ་ཞེས་བྱ་བ་ནས་ཡུམ་མོ་ཞེས་བྱ་བའི་བར་དང༌། ཡང་ནི་མ་ར་ཏའི་ཞེས་བྱ་བ་ནས་འདོད་གཟུགས་མའོ་ཞེས་པའི་བར་གྱིས་དཔའ་མོ་རྣམས་ཀྱི་


DTG008_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བསྟན་ཏོ། །དེ་ལྟ་བུའི་རབ་ཞལ་ལ་སོགས་པ་ཞེས་པ་ནི་སྐུ་མདོག་ལ་སོགས་པའི་དབྱིབས་དང་ཁ་དོག་བསྟན་པ་སྟེ། འོག་ནས་སྟོན་པས་འདིར་མ་བསྟན་ནོ། །མ་མོའི་བཙུན་མོ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཞེས་པ་ཡང་སྔར་བཤད་པ་བཞིན་ཤེས་པར་བྱའོ།། །དབུས་སུ་ཞེས་པ་ནི་འཁོར་ལོ་དེ་རྣམས་ཐམས་ཅད་ཀྱི་དབུས་སུའོ། །ལེགས་དགྱེས་ཆེན་མོའི་སྦྱོར་བ་ཞེས་པ་ནི་ཤེས་རབ་དང་ཐབས་གཉིས་སུ་སྦྱོར་བའི་རོལ་པ་ལས་བྱུང་བའི་བདེ་བའོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ནི་ཉིད་ཀྱིས་སྡུད་པ་པོ་བོས་ནས་གསུངས་པའོ། །ཅིའི་ཕྱིར་ཞེ་ན་དཔལ་ཡེ་ཤེས་ཐིག་ལེའི་དོན་ལྷའི་དབང་ཕྱུག་གིས་མ་རྟོགས་པས་པོས་ནས་གསུངས་པ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པའི་དོན་ལྷའི་དབང་ཕྱུག་གིས་ཁོང་དུ་མ་ཆུད་པ་དེ་ཆུད་ཅིང་རྟོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བོས་ཏེ། ཀྱེ་ཞེས་བྱ་བ་ནས་ལྷའི་དབང་ཕྱུག་དེ་ཁོ་ན་ལ་སོགས་པ་གསུམ་དུ་ཕྱེ་ནས་གསུངས་ཏེ། དེ་ཡང་བྱང་ཆུབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་སེམས་རྩེ་གཅིག་ཏུ་བསམ་དཔའོ། །དེ་བདག་ཉིད་ལྷུན་གྱིས་གྲུབ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་ཡང་སེམས་དཔའོ། །ཆེན་པོ་ནི་སེམས་ཅན་གྱི་དོན་སྤྱོད་ནུས་པའོ། །དེ་ཡང་འདི་སྐད་དུ། གཟུང་འཛིན་སྤངས་པའི་ཡེ་ཤེས་གང༌། །འདི་ནི་བྱང་ཆུབ་སེམས་དཔའ་སྟེ། །ཕྱག་ན་རྡོ་ཡེ་ཤེས་གང༌། །འདི་ནི་བྱང་ཆུབ་སེམས་དཔའ་སྟེ། །ཕྱག་ན་རྡོ་རྗེ་ལ་སོགས་པའོ། །དེ་ནི་སེམས་དཔའ་ཆེན་པོ་ཡིན། །ཞེས་སོ། །དེ་ལྟར་ལྷའི་དབང་ཕྱུག་ཀྱང་ཡིན་ནོ། །དེ་སྐད་གསུངས་པའི་བཅོམ་ལྡན་འདས་ལ་ཞེས་པ་ནི་སྟོན་པ་ཉིད་དཔལ་ཡེ་ཤེས་ཐིག་ལེའོ། །ལྷའི་དབང་ཕྱུག་ཅེས་པ་ནི་མཚན་ཡིན་ཏེ། ལྷ་ཐམས་ཅད་ཀྱི་མངའ་བདག་བཅོམ་ལྡན་འདས་དང་མཚུངས་པའོ། །འཁོར་ཐམས་ཅད་ཅེས་པ་ནི་བྱེ་བྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་མཁའ་འགྲོའོ། །ལྷན་ཅིག་ཏུ་ཞེས་པ་ནི་ལྷའི་དབང་ཕྱུག་དང་འཁོར་ཐམས་ཅད་དུས་གཅིག་ཏུ་བསྐོར་བ་བྱ་བ་དང་དེའི་རྗེས་སུ་ཕྱག་འཚལ་བ་ལ་སོགས་པ་བྱས་པའོ། །ཡང་ན་བཅོམ་ལྡན་འདས་ནི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སོ། །ལྷའི་དབང་ཕྱུག་ལ་སོགས་པ་ནི་


DTG008_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བའོ། །ལན་གསུམ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ལན་གསུམ་དུ་གཡས་ཕྱོགས་སུ་བསྐོར་བའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཞེས་པ་ནི་བདེ་ཆེན་འཁོར་ལོའི་བྱང་ཆུབ་སེམས་རྡོ་རྗེ་ཞབས་ཀྱི་གདན། རིན་པོའི་ཆེའི་ཕོ་བྲང་ན་གནས་ཙམ་ན་འཁོར་ཐམས་ཅད་ཀྱིས་ཕྱག་བྱས་པའོ། །དེ་ཡང་ལུང་ལས། ཡེ་ཤེས་ཟབ་མོ་རང་གིས་རྟོགས། །རྡོ་རྗེ་དེ་ནི་རིན་ཆེན་དབུས། །རྣམ་རྟོག་མེད་པའི་བདེ་ཆེན་མཐའ། །གསལ་ཞིང་རྟོགས་པས་ཕྱག་ཡིན་ནོ། །ཞེས་གསུངས་སོ། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་པ་ལྔ་པ་ལས་ཀྱང༌། རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་གསུངས་སོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་གདན་ལ་བཞུགས་ཙམ་ན་ཕྱག་འཚལ་བར་དོན་གྱིས་ཤེས་པར་བྱའོ། །ས་ལ་ལྟ་བ་ནི་ལན་གླན་པས་མི་ཐེགས་པའི་ཕྱིར་ས་ལ་ལྟ་ཞིག་གནས་པའོ། །ཅང་མི་སྨྲ་བར་ཞེས་པ་ནི་དོན་དམ་པའི་རང་བཞིན་དགའ་བ་ལ་བརྗོད་པ་ལ་སོགས་པའི་ཆོས་ཐམས་ཅད་ལས་འདས་པའི་ཕྱིར་མི་སྨྲ་བར་འདུག་པའོ། །དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་འཚལ་བའི་དུས་སོ། །ནམ་མཁའ་ལ་ནི་པར་སྣང་སྟོང་པ་ལ་ཞེས་པ་བཤད་དོ། །མནྡཱ་ར་བ་ཞེས་བྱ་བ་ནི་མེ་ཏོག་སྣ་ཚོགས་དང་རིན་པོ་ཆེ་ལ་སོགས་མང་བོ་སྤྲུལ་པའི་མཆོད་པའོ། །ཡང་ན་ནམ་མཁའ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པའི་རྩའི་མཁའོ། །མནད་ར་བ་དང་མནྡྷཱ་བ་ཆན་པོ་ཞེས་པ་ལ་སོགས་པ་ནི་རྩའི་མཁའ་སྟོང་པའི་གནས་ན་རླུང་བཅུ་ལ་སོགས་པའི་རིམ་པ་བཞིན་སྦྱར་རོ། །དྲི་ཆེན་པོ་མེ་ཏོག་དང་ལྡན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བའི་དྲི་དང་རླུང་དེ་རྣམས་དང་ལྡན་ནས་ནམ་མཁའ་ནས་འབབ་པའོ། །དེ་ཡང་ཞབས་ཀྱི་རྩ་བར་བ་པོ་ཞེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ཞེས་གོ་བར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བོས་ཏེ་ཞེས་པ་ལ་སོགས་པ་ནི་སྔར་ལན་མེད་པས་དེ་ལ་ཡང་མཚན་སྐྱེས་ནས་ཕྱི་ནས་ཡང་བསྐྱར་ནས་ལྷའི་དབང་ཕྱུག་ལ་བོས་པའོ། །ལྷའི་དབང་ཕྱུག་གིས་གསོལ་པ་ཞེས་པ་ནི་བཅོམ་ལྡན་འདས་ལ་གསོལ་པའོ། །དེ་ཡང་འདི་སྐད་བསྟན་ཏོ། །


DTG008_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་ཁོ་ན་ཉིད་གསུམ་ཞེས་པ་ལ་སོགས་པ་ནི་མཚན་མངའ་དངོས་པོ་ལ་སོགས་པའི་བརྗོད་པ་ཡང་མེད་དམ་ཅི་ཞེས་སོ། །དེ་ལ་བདག་ཡ་མཚན་དུ་གྱུར་ཏོ་ཞེས་པ་ནི་མཚན་མ་དང་དངོས་པོ་ལ་སོགས་པ་མེད་པ་ལ་ནི་མཚན་ལ་སོགས་པའི་དངོས་པོར་གསུངས་པ་ལ་ནི་ཡ་མཚན་སྐྱེས་པའོ། །ཨེ་མའོ་ནི་ཡ་མཚན་སྐྱེས་པའོ། །ཨེ་མའོ་ནི་ངོ་མཚར་རྨད་དུ་བྱུང་བའོ། །དཔའ་བོ་ནི་གདུག་པ་ཐམས་ཅད་ལ་སོགས་པ་འཇོམས་པའི་བདག་ཉིད་དོ་ཞེས་པའོ། །ཆེན་པོ་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པ་དང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་བརྒྱན་པ་ལ་བྱའོ། །ལྷའི་དབང་ཕྱུག་ནི་སྔར་གྱིས་དོན་དེ་རྣམས་ལྡན་པ་མཚན་ནས་བཅོམ་ལྡན་འདས་ཀྱིས་བོས་པའོ། །མཆོག་གི་རྡོ་རྗེ་འཛིན་པས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཆོག་ཏུ་གྱུར་པ་དབྱེར་མི་ཕྱེད་པའི་སྐུ་རྡོ་རྗེ་དེའི་ངང་མ་གཡེངས་པར་འཛིན་པས་ནི་བྱེད་པ་པོར་བརྗོད་དོ། །འདི་གསུངས་སོ་ཞེས་པ་ནི་འོག་ན་མར་འབྱུང་བ་འདིའི་ཞེས་བཤད་དོ། །དེ་ཡང་འདི་སྐད་དུ་བསྟན་ཏེ། དེ་ཁོ་ན་ཉིད་གསུམ་ཞེས་པ་ནི་ཨེ་དང་ཝཾ་དང་མཱ་དན་གསུམ་ཞེས་པར་དགོངས་སོ། །བདག་ཉིད་ཀྱི་ཞེས་པ་ལ་སོགས་པ་ནས་ཚད་ཅེས་པའི་བར་ནི་མེད་དམ་ཅི་ཞེས་པ་ནི་ཡ་ལ་སོགས་པར་བཤད་པའོ། །དེ་ཡང་འདི་སྐད་ཅེས་པ་ནས་བཅོམ་ལྡན་འདས་ཞེས་པའི་བར་གྱིས་ཤེས་པར་བྱ། །འོ་ན་དེ་བཞིན་གཤེགས་པ་ལ་སོགས་པ་མི་གསུངས་བ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་སོགས་པའི་འཁོར་རྣམས་ནི་དེར་འདུས་པ་དང༌། དེ་ཁོ་ན་ལ་སོགས་པའི་དོན་རྟོགས་པས་ཐམས་ཅད་རྟོགས་པར་འགྱུར་རོ། །དེ་ལྟར་ཡང་ནི་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ཁྱོད་བདེན་དེ་བྱའོ། །ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཏེ་ཕྱི་ནང་གིས་བསྡུས་པའི་ཆོས་སོ། །ཀྱི་ཞེས་པ་ནི་ཟླས་དགར་བའོ། །ངོ་བོ་སྟོང་པ་ཉིད་ཀྱི་ཞེས་པ་ནི་འདུས་བྱས་ལ་སོགས་པའི་ཆོས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་དོན་དམ་པའི་བདེན་པའོ། །འདི་ག་ལས་ཤེས་ཞེས་པ་ནི་ཐ་སྙད་དང་བྲལ་བའི་དོན་ནི་བརྗོད་པ་དང་རྟོགས་པ་ཞེས་ཤེས་སུ་མི་རུང་སྟེ་དེ་བས་ན་ག་ལས་ཤེས་མིག་ཡོར་ཙམ་གྱི་རྒྱུ་རྟེན་ནི་ཀུན་རྫོབ་ཀྱི་བདེན་བ་སྒྱུ་མའམ་མིག་ཡོར་ཙམ་དུ་སྣང་བ་ལ་བརྟེན་ནས་ཤེས་


DTG008_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཆོས་ཐམས་ཅད་ཅེས་པ་སྔར་གྱི་ཆོས་ཏེ། རྟེན་དང་རྟེན་ཅན་ནོ། །ཇི་ལྟར་ཞེས་པ་ནི་མཐུན་པའི་དཔེ་ཡིས་དོན་ཤེས་པར་སྟོན་ནོ། །གླ་རྩི་ལ་བརྟེན་ནས་དྲི་ལ་གླ་རྩི་དངོས་པོ་མེད་ན། དྲི་རྙིད་པར་ཇི་ལྟར་འགྱུར་ཞེས་གསུངས་ཏེ། དེ་ནི་དཔེ་གླ་རྩི་དངོས་པོ་སྲ་བ་ལ་མ་བརྟེན་པར་དངོས་པོ་མེད་པའི་དྲི་སྟོང་པ་མི་རྙེད་དོ་ཞེས་སོ། །དེ་བཞིན་དུ་ཀུན་རྫོབ་སྒྱུར་མ་ཙམ་གྱི་བདེན་པ་ལམ་བརྟེན་པར་དོན་དམ་པའི་བདེན་པ་མི་རྙེད་དོ་ཞེས་པའི་དོ་ཏོ། །དེ་ཡང་ལུང་ལས། བསྐྱེད་པའི་སྐུལ་བརྟེན་ནས་ནི། །ཐ་མལ་པ་ཡི་བག་ཆགས་སྦྱོང༌། །དེ་ཡང་བདག་གི་དེ་ཉིད་དེ། །བདག་ཤེས་པ་ནི་བདེ་ཆེན་སྐུ། །ཞེས་གསུངས་སོ། །དེ་བཞིན་དུ་ཞེས་པ་ནི་གླ་རྩི་ལ་སོགས་པ་བཞིན་དུ་ཀུན་རྫོབ་ལ་བརྟེན་དགོས་པར་བསྟན་ཏོ། །རང་གི་ངོ་པོས་ས་དང་ཚད་ཀྱིས་དང་རྣམ་པའི་ཞེས་པ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ལ་མ་བརྟེན་པར་ནི་དོན་དམ་པའི་བྱང་ཆུབ་སེམས་མི་རྙེད་ཅེས་སོ། །དཔེར་ན་ཆུ་མེད་པར་ཉ་ཚོལ་བ་བཞིན་ནོ། །དེ་ཁོ་ན་ཉིད་གསུམ་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་གསུམ་མོ། །བདག་ཉིད་ཅེས་པ་གསུམ་པོའི་དོན་མ་ནོར་བར་རྟོགས་པའོ། །ཟླ་བ་དེ་མཆོག་ཅེས་པ་ནི་སྔར་ཐོས་པ་བཤད་པ་དེ་ཕུང་པོ་ལྔ་དང་སྐྱེ་མཆེད་དང་ཁམས་ལ་སོགས་པའི་རང་བཞིན་སངས་རྒྱས་ལ་སོགས་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོའི་སྐུ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་རང་བཞིན་བདག་ལ་རང་ཆས་སུ་གནས་པའི་རྡོ་རྗེ་སྙིང་པོའི་ངོ་བོ་ཡིན་ནོ། །ཡང་ན་དེ་ཁོ་ན་ཉིད་གསུམ་ནི་རླུང་གི་འཁོར་ལོ་དང༌། མེའི་དང༌། སྤྲུལ་པའི་འཁོར་ལོ་དང་གསུམ་མོ། །ཟླ་བ་བདེ་མཆོག་ནི་ལོངས་སྤྱོད་འཁོར་ལོའི་ཕྱག་རྒྱ་ཆེན་པོའི་འཁོར་ལོ་སྟེ། ཆོས་ཀྱི་འཁོར་ལོ་ལ་ནི་སྤྱི་ཐམས་ཅད་ལ་སྦྱར་རོ། །ཡང་དེ་ཀོ་ན་ཉིད་ཅེས་པ་ལ་སོགས་པ་ནི་ཆར་ཡང་ལ་སོགས་པར་བསྟན་ཏེ། དེ་རྣམས་ལ་བརྟེན་ནས་དོན་དམ་རྙེད་པར་འགྱུར་རོ། །སྟོང་བས་ནི་དེ་ལྟ་མ་ཡིན་ནོ། །དེ་ཡང་རྒྱུ་བྱེད་པ་དང་འབྱུང་བ་དང༌། བརྟེན་པ་དང་གནས་པས་ནི་དགའ་བ་ལ་སོགས་པའི་དོན་འབྱུང་བའོ། །ཡང་ན་དེ་ཁོ་ན་ཉིད་གསུམ་ཞེས་པ་ལ་སོགས་པ་ནི་ཐབས་དང་ཤེས་རབ་སྦྱོར་པའི་དུས་སུ་བྱ་གདོང་གི་གནས་བཙལ་ནས་རིན་པོ་ཆེའི་ཁ་ལ་རི་བོང་ཅན་ཐིགས་པ་གཅིག་གིས་རིན་ཆེན་


DTG008_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་གནས་པ་དང༌། བྱ་གདོང་ལ་ཐལ་བ་དང༌། གཉིས་སུ་མེད་པའི་བར་ན་གསལ་བའོ་ཞེས་བཛྲ་བོ་དྷིའི་མན་ངག་གོ །དེ་གསུམ་ནི་སེམས་དང་སེམས་ལས་བྱུང་བ་དང་མ་རིག་པར་བཤད་དོ། །དེ་བས་ན་ཞེས་པ་ནི་དེ་དང་དེ་ལས་ད་བྱུང་ཞེས་པའི་དོན་བསྟན་པའོ། །དེ་ཡང་འདི་སྐད་བཤད་དོ། །ཁྱབ་དང་ཁྱབ་བྱེད་བྱེ་བྲག་ཏུ། །གཉིས་སུ་མེད་པའི་བདེ་བ་ཆེ། །ཞེས་གསུངས་སོ། །དོན་དམ་པའི་བྱང་ཆུབ་སེམས་དང་ཀུན་རྫོབ་བྱང་ཆུབ་སེམས་གཉིས་ལས་རང་བཞིན་གྱིས་བདེ་བ་ཆེན་པོ་འབྱུང་བར་བསྟན་ཏོ། །ཐམས་ཅད་ཅེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ། །གཉིས་སུ་ནི་སོ་སོར་གནས་པ་ལ་དབྱེ་བར་བཤད་དོ། །མེད་པའི་ཞེས་པ་ནི་གཉིས་སུ་སྣང་བའི་ཆོས་རྣམས་དབྱེར་མི་ཕྱེད་པའི་ངང་དུ་གཅིག་པའོ། །དངོས་ཞེས་པ་ནི་དབྱེར་མི་ཕྱེད་པ་ལ་དངོས་ཞེས་བྱའོ། །དེ་ཡང་ཐབས་དང་ཤེས་རབ་ཐ་དད་པ། །རྟེན་དང་བརྟེན་པའི་ངོ་བོ་རུ། །དེ་གཉིས་གཅིག་གི་དོན་དུ་མཉམ། །གང་གིས་རྟོགས་པ་གཉིས་མེད་དངོས། །ཞེས་གསུངས་སོ། །གཞན་ཡང༌། དབྱེར་མེད་བརྟག་པའི་དངོས་གྲུབ་ནི། ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོའི་རང་བཞིན་ནི་མི་འགལ་ཏེ་རང་བཞིན་དགའ་བ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །གཞན་ནི་དེ་ལྟ་མ་ཡིན་ནོ། །དེ་ཡང་རང་བཞིན་དགའ་བ་ནི་དགའ་བ་གང་གི་ཀྱང་རེག་པར་མི་ནུས་སོ། །དེ་ཡང་དགྱེས་པའི་རྡོ་རྗེའི་རྒྱུད་ལས། །གཞན་གྱིས་མ་རེག་ལྷན་ཅིག་སྐྱེས། །གསུམ་པོས་སྤངས་པའི་གང་རྙེད་དེ། །གསུམ་གྱི་རང་བཞིན་གསུམ་དང་བྲལ། །དེ་ལ་མ་རེག་ལྷན་ཅིག་སྐྱེས། །ཞེས་གསུངས་སེ། །དེ་བས་ན་རང་བཞིན་དགའ་བ་དང་ཕྱག་རྒྱ་ཆེན་པོ་ཐ་དད་དུ་མི་དབྱེའོ། །དྲུག་གི་བདེ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་དྲུག་ཤེས་རབ་དང་བཅས་པའོ། །ཡེ་ཤེས་མཆོག་ནི་ཡབ་ཡུམ་གཉིས་སྦྱོར་བ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །བདེ་བ་སྐུ་ནི་གཉིས་ལས་བྱུང༌། །ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་སྐུ་ཐབས་དང་ཤེས་རབ་གཉིས་ཐབས་ལས་ཡང་དག་པའི་ཡེ་ཤེས་འབྱུང་བའོ། །འཁོར་ལོ་ཡི་ནི་དྲུག་དབུས་བཞུགས། །ཞེས་པ་ནི་དཀྱིལ་


DTG008_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཆེན་པོ་དྲུག་གི་བདག་པོ་རྡོ་རྗེ་སེམས་དཔའ་བྱེད་པའོ། །དེ་ཁོ་ན་ཉིད་གསུམ་ཞེས་པ་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རིགས་གསུམ་དུ་བཤད་དོ། །ཡང་ན་འཁོར་ལོ་དྲུག་པ་པདྨའི་ཁ་སྟོང་པའི་ནང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་ལ་སོགས་པ་ལ་ནི། དྲུག་གི་བདེ་བ་ཡེ་ཤེས་མཆོག །ཅེས་པ་ལ་སོགས་པའི་དོན་སྦྱར་རོ། །ཡང་ན་དྲུག་ཅེས་བྱ་བ་ནས་རྒྱུ་རུ་གྲངས་ཞེས་བྱའི་བར་གྱིས་ནི་ཆར་ཡང་དང༌། ཐིག་ལེ་དང༌། ཚུལ་དང༌། ཚུལ་ཙམ་དང༌། མཆོག་དང༌། གཞན་མཆོག་རྣམས་ལ་བདེ་བའི་ཡེ་ཤེས་རེ་རེ་སྦྱར་བ་ལ་ནི་དེ་སྐད་ཅེས་བྱའོ། །གཉིས་སུ་མེད་པའི་འབྲས་བུའོ། །གཉིས་པོ་ནི་རྒྱུ་ཡིན་པས་རྒྱུར་རུ་གྲགས་ཞེས་བསྟན་ཏོ། །ལུས་རྟེན་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་ཡེ་ཤེས་བཞུགས། །ཞེས་བྱ་བ་ལ་སོགས་པ་ནི་སྔར་གྱི་ཆར་ཡང་ལ་སོགས་པའི་སྦྱོར་བ་དྲུག་ཡེ་ཤེས་དང་བཅས་པའི་གནས་སྲོག་གི་དབྱུག་པའོ། །ཡང་ན་ལུས་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་སོ། །རྟེན་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །སྲོག་གི་དབྱུག་པ་ནི་སྲོག་རླུང་དང་ལྡན་པའི་བྱང་ཆུབ་སེམས་དང་རྩོལ་བའི་རླུང་ལ་སོགས་པའོ། །སྦྱོར་བ་དྲུག་གིས་ཡེ་ཤེས་བཞུགས། །ཞེས་པ་ལ་སོགས་པ་ནི་དོན་དུ་དམ་པ་དང་ཀུན་རྫོབ་ལས་ཡེ་ཤེས་ཀྱི་རིམ་པར་སྦྱོར་ཏེ། དེ་ཡང་སྲོག་ལ་སོགས་པའི་རླུང་འགགས་པས་སྟེང་དང་འོག་ཏུ་དགའ་བའི་ཡེ་ཤེས་སྦྱོར་བ་ནི་བཅུ་དྲུག་དང་དྲུག་དང་བཞི་ལ་སོགས་པའོ། །དེ་ཡང་སླར་གསུམ་རྫོགས་པ་གསུམ་པོ་དེ་ལ་རང་བཞིན་གསུམ་རྫོགས་པའོ། །འཁོར་ལོ་དྲུག་གི་ལྟེ་བའི་གནས། །ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་དྲུག་གི་ལྟེ་བ་ནི་སྲོག་གི་དབྱུག་པའི་ངོ་བོའོ། །དེའི་ནང་ལ་དབུས་ཞེས་བྱའོ། །ཕྲ་མོ་ལུས་ལྡན་རབ་ནི་དྲུག །ཅེས་པའི་རྩ་མདུད་པ་དྲུག་སྟེ། །ལས་དང་པོ་པས་མི་རྟོགས་པས་ཕྲ་ལ། ཡང་དང་ཡང་དུ་གོམས་པས་རྟོགས་པ་དེ་ནི་ལྷའི་ངོ་བོར་ཤེས་ལ་དོན་དུ་ཡང་སྣང་པའོ། །རྩ་དེ་དྲུག་གི་ལུས་ནི་བྱང་ཆུབ་སེམས་དང་ལྡན་པའོ། །ཐིགས་པ་དང་བཅད་ཏེ་རྣལ་འབྱོར་ཞེས་པ་ནི་ཡེ་ཤེས་ཀྱི་དངོས་པོའི་ཐིག་ལེ་ལ་ནི་དེ་སྐད་ཅེས་བྱའོ། །ཇི་ལྟ་ཞེ་ན། ཡུངས་ཀར་ལ་མར་གྱིས་ཁྱབ་པ་བཞིན་ནོ། །དེ་ཡང་རྩ་དང་ཐིག་ལེ་དང་རླུང་ལ་སོགས་པ་དེ་རྣམས་ལ་ནི་བྱང་


DTG008_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ཀྱི་རང་བཞིན་དེ་དགའ་བའི་རིམ་པར་སྦྱར་རོ། །སྲོག་གི་དབྱུག་པ་ནི་ནང་དུའོ་ཞེས་པ་ནི་སྲོག་གི་རྩའི་ནང་ན་དེ་རྣམས་གནས་བདེ་བར་བཞུགས་ཀྱི་ཕྱིའི་འདབ་མ་ལ་སོགས་པའི་ནང་དུ་ནི་མ་ཡིན་ནོ། །བདེ་ཆེན་འཁོར་ལོའི་སྟེ་བ་ལ་ནི་བདེ་བའི་གནས་ན་བཅོམ་ལྡན་འདས་ཆུ་ཟླ་ལྟར་ཀུན་རྫོབ་ཏུ་བཞུགས་པས་སོ། །ཡལ་ག་དང་ཀུ་མུ་ཏ་ལ་སོགས་པ་ལ་བཞུགས་པ་མ་ཡིན་ཏེ་རྩའི་ལྟེ་བ་ཁོ་ནའོ། །ཟླ་མོ་ཚེ་དང་ལྡན་པ་སྟེ། །ཞེས་པ་ནི་རྩ་དང་ཐིག་ལེ་དང༌། སྲོག་རླུང་ལ་སོགས་པ་ལྡན་པའི་ཡེ་ཤེས་སོ། །དེ་ནི་ཞེས་པ་ནི་དེ་དག་རྣམས་ཀྱི་དོན་སྟོན་ཏེ། དེ་ཡང་སྲོག་ཡང་དག་པར་དབང་ཕྱུག་སྦྱིན་པར་མཛད་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཟུར་གསུམ་ནི་དབྱིབས་དེ་ལྟ་བུའི་དངོས་པོར་གནས་ནས་ཚངས་བུག་ཏུ་གནས་པ་ལ་རྣམ་པའི་ཚུལ་ཞེས་པའོ། །ལོངས་སྦྱོར་རྫོགས་པའི་ལྟེ་བའི་ཞེས་པ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་པདྨའི་ལྟེ་བ་དེར་གནས་པའི་བདག་ཉིད་དོ། །ལྕེ་མ་ནི་རྩའི་མིང་དུ་བཏགས་པའོ། །དེ་ནི་བདེ་བའི་ཐིག་ལེར་བཅས་པའི་གྱེན་དུ་རྒྱུ་བ་ལ་སོགས་པའི་རླུང་དང་ལྡན་པའོ། །རིགས་ཀྱི་མེ་ཏོག་དང་འདྲ་བ་ཞེས་པ་ནི་རྩའི་མདུད་པའི་དབྱིབས་ཏེ་བུ་མོ་ལང་ཚོས་ར་པའི་ནུ་མའི་དབྱིབས་བཞིན་ནོ། །དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་གཞན་དང་རྩ་དང་ཐིག་ལེ་དང་རླུང་ལ་སོགས་པ་ཡང་བླ་མ་རྗེ་བཙུན་ཆེན་པོའི་ཞལ་ལས་ཤེས་པར་བྱའོ། །རྟོག་མེད་མས་ནི་འཁྱུད་ཡིན་ཕྱིར། །ཞེས་པ་ནི་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་ལ་གཉིས་སུ་མེད་པའི་དབྱེར་མི་ཕྱེད་པར་རོལ་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཚེ་ཚངས་པའི་དབྱུག་པ་ཡིན་ན་ནི་གཟུགས་ཀྱི་སྐུ་གཉིས་ལས་ཆོས་ཀྱི་སྐུ་རང་བཞིན་དགའ་བའི་ཡེ་ཤེས་སུ་གྱུར་པ་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་རྟོག་མེད་མས་ཞེས་པ་ལ་སོགས་པ་ནི་སོ་ཤོ་མནའ་ཡིས་རྩ་གསུམ་ལ་འཁྱུད་པའི་རང་བཞིན་དུ་བཞུགས་པ་ལ་བྱའོ། །ཡང་ན་རྟོག་མེད་མ་ནི་ཡེ་ཤེས་བདེ་བའི་རང་བཞིན་ནོ། །འཁྱུད་པ་ནི་ཐིག་ལེའི་དངོས་པོ་ལ་ནི་ཡང་དག་པ་དེས་ཁྱབ་ནས་དབྱེར་མི་ཕྱེད་པར་འཁྱུད་པའོ། །དེའི་ཆེ་ནི་ཀུན་རྫོབ་དང་


DTG008_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་དངོས་པོ་མཆོག་གི་དགའ་བ་དང་ཆད་པའི་དགའ་བ་གཉིས་ཀྱི་བྱེ་བྲག་པའོ། །ཚངས་པ་ཞེས་གསུངས་ཏེ་རང་བཞིན་དགའ་བ་དེའི་ཚེ་ཉོན་མོངས་པའི་རྟོག་པ་ལ་སོགས་པ་ཀུན་འཇོམས་པའི་ཚངས་པའི་དབྱུག་པའི་ཞེས་བཤད་དོ། །དེ་ཡི་དུས་ནི་བདག་གིས་བཤད། །ཅེས་པ་ནི་སྔར་གྱི་དུས་འདི་ནས་མར་ཤར་བ་དང་ནུབ་པ་ལ་སོགས་པ་བཤད་པར་དམ་བཅའོ། །ཤར་བ་དང་ནི་ནུབ་གཉིས་སོ། །ཞེས་པ་ནི་རླག་པ་དང་ལོངས་སྤྱོད་ལ་སོགས་པའི་དུས་ནི་ཐབས་དང་ཤེས་རབ་གཉིས་ཀྱིས་བསྡུ་བར་བྱའོ། །གང་ཞིག་ཚངས་པའི་དབྱུག་པ་ཞེས་པ་ནི་སྔར་བཤད་པས་འདིར་མ་བསྟན་ནོ། །མདུད་པ་ཞེས་པ་ནི་པདྨའི་མདུད་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་གནས་པདྨའོ། །སུམ་ཅུ་རྩ་གཉིས་ཡོད་པ་ཞེས་པ་ནི་པདྨའི་འདབ་མའི་གྲངས་བསྟན་པའོ། །དེ་ལ་ལྟེ་བའི་འོག་ཏུ་འཕོ་བ་བཅུ་དྲུག་ཅེས་པ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ལྟེ་བའི་དབུས་བྱས་སྒོ་ཡན་ཆད་དུ་བཅུ་དྲུག་པ་གཉིས་ཀྱི་གནས་ན་དཔའ་བོ་དང༌། དཔའ་མོ་རྣམས་ཀྱིས་བསྐོར་བ་ནི་འཕར་མ་གཉིས་ལ་འཕོ་བ་ཞེས་བྱའོ། །ཡང་ན་ཤར་བ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོར་ཉི་མ་ཤར་བའོ། །ནུབ་པ་ནི་བདེ་བ་ཆེན་པོའི་འཁོར་ལོར་ཉི་མ་ནུབ་པའོ། །མདུད་པ་ལ་སོགས་པ་ནི་གོ་སླའོ། །ཡང་ན། ཤར་བ་དང་ནི་ནུབ་གཉིས་སོ། །ཞེས་པ་ལ་སོགས་པ་ནི་མཆོག་གི་དགའ་བའི་ཕོ་བྲང་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་ཙམ་ན་ཤར་ཞེས་བྱའོ། །དེ་ལས་འཕོས་པས་ཆད་པ་སྟེ། ནུབ་པའི་དངོས་པོ་སྟེ། དེ་ཡང་འདི་སྐད་དུ་སྟོན་ཏོ། །ཐབས་ཀྱི་ནོར་བུའི་ཁ་ན་བྱང་ཆུབ་ཀྱི་སེམས་གནས་པའི་གཅིག་ནི་ལོངས་སྤྱོད་པའོ། །ཤེས་རབ་ཀྱི་སངས་རྒྱས་རིན་པོ་ཆེའི་ཁར་ཐལ་པ་ནི་རླག་པའོ། །སླར་ལ་བཀུག་པས་ནི་གཉིས་ཀ་ཡེ་ཤེས་བདེ་བ་ཆེན་པོའི་ངོ་བོར་གྱུར་ཏེ་དེ་ཁོ་ན་གཉིས་སུ་མེད་པའི་དབང་ངོ༌། །གང་གིས་ཚངས་པའི་དྲུག་པ་ཞེས་པ་ནི་རིན་པོ་ཆེ་དང་སངས་རྒྱས་ཀྱི་སྣོད་གཉིས་བདེ་བའི་ཡེ་ཤེས་ཀྱིས་རྒྱས་པའོ། །མདུད་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མདུད་པའོ། །སུམ་ཅུ་རྩ་གཉིས་ཡོད་པ་ནི་ཆར་ཡང་བཅུ་དྲུག་དང༌། དགའ་བ་བཅུ་དྲུག་གནས་པའོ། །དེ་ལ་ལྟེ་པའི་འོག་ཏུ་འཕོ་བ་བཅུ་དྲུག་ནི་སྔར་བསྟན་པ་དེ་


DTG008_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ལྟ་བའི་འོག་ནས་ནི་ཤེས་རབ་ཀྱི་ལྟེ་བར་འཕོ་བའོ། །སྟེང་གི་འཕོ་བ་བཅུ་དྲུག་ནི། །ཞེས་པ་ནི་སླར་ལ་ཐབས་ཀྱི་གནས་སུ་འཕོ་པའི་བྱང་ཆུབ་ཀྱི་སེམས་ཐིག་ལེ་དང་དགའ་བ་ལ་སོགས་པ་དང་བཅས་པ་དེ་ཇི་སྲིད་གནས་གྱི་བར་དུ་ནི་དུས་ཞེས་བྱའོ། །དེ་ཡང་འདི་སྐད་བཤད་དེ། བྱང་ཆུབ་ཀྱི་སེམས་དང་རླུང་གཉིས་ཕྲད་པའི་ཕྱིར་རོ་ཞེས་པ་ནི་ཐུར་དུ་འབྱུང་བའི་རླུང་གཉིས་དང་བཅས་པ་ཕྲད་པས་ནི་རླུང་དེ་ཡང་དག་དྲི་མེད་སྤྲོས་བྲལ་འདོར་རབ་རང་བཞིན་དགའ་བར་གྱུར་ཏོ། །དེ་ལྟ་བུའི་དོན་དམ་པའི་རང་བཞིན་ལ་ནི་འཕོ་བ་སྟེ་སྟེང་འོག་གཅིག་པུའི་ཞེས་གསུངས་སོ། །སྟེང་དང་འོག་ལ་སོགས་པའི་འཕོ་བ་ནི་དེ་གཅིག་པུ་ཧོ་ན་ཞེས་པའི་དོན་ཏོ། དང་པོའི་སྦྱོར་བའི་ཞེས་པ་ནི་དེ་རྣམས་ལ་དེ་སྦྱོར་བའོ། །ཅིའི་ཕྱིར་དེ་ལ་དེ་སྦྱོར་ཞེ་ན། ཐབས་དང་ཤེས་རབ་ཅེས་པ་ལ་སོགས་པས་བསྟན་ཏོ། །དོན་དམ་པའི་ཤེས་རབ་སྐྱེ་བ་མེད་པ་ལ་ཀུན་རྫོབ་སྒྱུ་མའི་ཐབས་ཁྱད་པར་ཅན་གྱིས་སྦྱོར་བ་ལས་མཆོག་གི་ཡེ་ཤེས་དང༌། ཆད་པའི་རང་བཞིན་གཉིས་སུ་མེད་པའི་སྦྱོར་བ་ཞེས་བཤད་དོ། །རྩ་སུམ་ཅུ་རྩ་གཉིས་ནི་གོ་སླ་བས་འདིར་མ་བཤད་དོ། །སྐུ་དང་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་གསུམ་འཁོར་ལོ་དང་སྦྱར་རོ། །གཅིག་པུ་རྟོག་མེད་མ་ཞེས་པ་ནི་སྤྲུལ་པའི་འཁོར་ལོའོ། །ཡང་སྲོག་གི་དབྱུག་པ་ནི་སྐུའོ། །ལ་ན་ནཱ་ནི་གསུང་ངོ༌། །ར་ས་ནཱ་ནི་ཐུགས་སོ། །གཅིག་པུ་རྟོག་མེད་པ་ནི་སྐུ་གསུང་ཐུགས་གསུམ་དང་བྲལ་བ་ཨ་ཝ་དྷཱུཾ་ཏཱིའི་རང་བཞིན་དགའ་བ་ཞེས་བྱའོ། །སོ་ཤོ་མནའ་ཚངས་པའི་དབྱུག་པ་འཁྱུད་ནས་ཞེས་པ་ནི་སྲོག་གི་རྩ་བྱང་ཆུབ་ཀྱི་སེམས་ཀྱིས་གང་ན་གནས་ཙམ་ན་ཚངས་པ་ལ་སོགས་པའོ། །མི་གནས་ཙམ་ན་ནི་དེ་ལྟ་མ་ཡིན་ཏེ་སྲོག་གི་དབྱུག་པའོ། །བདེ་བ་ཆེན་པོའི་གཙུག་ཏོར་ནས་ཞེས་པ་ནི་སྤྱི་བོ་གཙུག་གི་འཁོར་ལོ་བདེ་ཆེན་གྱི་ཐུགས་གནས་སོ། །བདེ་བ་ཆེན་པོའི་གཙུག་ཏོར་ནོར་བུའི་ཕོར་ཡོ་པའོ། །དེ་ཡང་ཤེས་རབ་མའི་དངོས་པོའི་ཁ་རླུང་འཁོར་ལོ་ཡན་ཆད་ཅེས་པ་ནི་བདེ་བ་ཆེན་པོས་སྟོང་གི་མཐའ་མཚོན་པའོ། །རླུང་གིས་འོག་གི་མཐའ་མཚོན་པ་ནི་བཟུང་བའི་བར་ཡང་དོན་གྱིས་ཤེས་པར་བྱ་བ་ཡིན་ནོ། །ཇི་ལྟར་ཙནྡན་གོ་ཤིཪྵའི་ཤིང་ལ་སྤྲུལ་ཆེན་པོ་ཡོད་


DTG008_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་པ་ནི་ཙནྡན་ལ་ནི་ཤིང་ཡང་ཡོད་དེ་དེ་གཉིས་དབྱེར་མི་ཕྱེད་པའི་ཚུལ་དུ་ཡོད་པ་ནི་སྤྲུལ་གྱིས་ཤིང་ལ་འཁྱུད་པ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཁུ་བ་དང་བདེ་བ་གཉིས་ཀྱང་བྱེ་བྲག་ཏུ་མི་ཕྱེད་པར་འཕོ་བའི་དུས་སུ་བདེ་བའི་ངོ་བོ་རོ་གཅིག་པར་ཡོད་པ་ནི་རང་བཞིན་གྱིས་ཡེ་ཤེས་ཞེས་བཤད་པའོ། །ཚངས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ལ་སོགས་པ་ཚངས་པར་བྱེད་པའོ། །དབྱུག་པའི་སྙིང་པོ་ནི་ཡང་དག་པའི་ཡེ་ཤེས་དེ་རྩའི་དབྱུག་པའི་དབུས་ན་དོན་དམ་པ་དང་ཀུན་རྫོབ་གཉིས་དང་ལྡན་ནས་སྙིང་པོ་བཞུགས་སོ། །དང་པོ་ཞེས་པ་ནི་རྩའི་མདུད་པ་དང་ཚེས་གྲངས་ལ་སོགས་པ་བཅུ་དྲུག་གི་དང་པོའོ། །ཟུར་གསུམ་གྱི་རྣམ་པའི་ཞེས་པ་ནི་རྩའི་དབྱི་བས་ཟུར་གསུམ་པ་ཚངས་པའི་བུ་གནས་པདྨའི་དངོས་པོར་ཡོད་པའོ། །དེ་ཡང་ཤེས་རབ་མའི་དངོས་པོའི་ལོངས་སྤྱོད་རྣམས་ཀྱི་དང་པོའི་དགའ་བར་བཤད་དོ། །འདོད་པ་འདར་བ་ཞེས་བྱ་བ་ནས་རང་བཞིན་དགའ་བ་ཞེས་བྱ་བའི་བར་གྱིས་གཉིས་པ་མཆོག་གི་དགའ་བར་བཤད་དོ། །ལྟེ་བའི་སྲོག་གི་རླུང་ཞེས་བྱ་བ་ནས་གསལ་བ་ཞེས་བྱ་བའི་བར་གྱིས་གསུམ་པ་ཆད་པའི་དགའ་བ་བསྟན་ཏོ། །འོད་ཀྱི་ཞེས་བྱ་བ་ནས་ཐོག་གི་ཞེས་བྱ་བའི་བར་གྱིས་བཞི་པ་རང་བཞིན་དགའ་བའི་རྣམ་གྲངས་བསྟན་ཏོ། །ཡང་ན་ཤེས་རབ་མའི་ལྟེ་བ་ལ་སོགས་པ་བཞིས་དགའ་བའི་དོན་བསྟན་ཏོ། །འདོད་པའི་དགའ་བ་ལ་སོགས་པ་བཞིན་མཆོག་གི་དགའ་བ་བསྟན་ཏོ། །སྲོག་དང་ཞེས་པ་ལ་སོགས་པ་བཞིས་ཆད་པའི་དགའ་པའི་དོན་བསྟན་ཏོ། །འོད་དང་བྱ་བ་ལ་སོགས་པ་བཞིས་རང་བཞིན་དགའ་བའི་དོན་བསྟན་ཏོ། །དེ་ལྟར་དབྱེ་བས་དྲུག་ཅུ་རྩ་བཞིར་དབྱེ་བར་བྱས་པས་ནི་སྤྲུལ་པའི་ཐམས་ཅད་དགའ་བ་ཞེས་སོ། །ཡང་འདོད་ཅེས་བྱ་བ་ལ་སོགས་པས་དགའ་བའི་རྣམ་གྲངས་སོ། །རྒྱས་པ་ཞེས་བྱ་བ་ལ་སོགས་པ་ནི་མཆོག་གི་དགའ་བའི་རྣམ་གྲངས་སོ། །འབར་བ་ཞེས་པ་ལ་སོགས་པ་ནི་ཆད་པའི་དགའ་བའི་རྣམ་གྲངས་སོ། །ཨུ་ཏ་ཞེས་པ་བཞི་ནི་རང་བཞིན་དགའ་བའི་མིང་གི་རྣམ་གྲངས་ཏེ། དེ་རྣམས་འདོད་པ་ཞེས་བྱ་བའི་དགའ་བའི་དགའ་བ་དང༌། འདར་བ་ཞེས་བྱ་བའི་


DTG008_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དགའ་བ་དང༌། འགྲོ་བ་ཞེས་བྱ་བའི་ཆད་དགའ་བ་དང༌། དགའ་བ་ཞེས་བྱ་བའི་དགའ་བ་ཡང་དགའ་བའོ། །གཞན་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་བཞིར་དབྱེ་བ་དང་རྣམ་གྲངས་ཀྱི་དབྱེ་བས་བཅུ་དྲུག་ཏུ་ཡང་དབྱེ་བའོ། །དབྱུ་གུ་དྲུག་ཅུ་རྩ་བཞི་དང༌། ཆུ་ཚོད་སུམ་ཅུ་རྩ་གཉིས་དང༌། འཕོ་བ་བཅུ་དྲུག་དང༌། ཐུན་ཆོད་བརྒྱད་དང༌། སྐད་ཅིག་མ་བཞི་ལ་སོགས་པའི་ཡང་དག་ཡང་འདི་རྣམས་སུ་བཤད་དོ། །དེ་ལྟར་བསྡུས་ནས་བསྟན་ནས། འདི་ནས་མར་ཕྱེད་ནས་བཤད་དོ། །ཟུར་གསུམ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པས་ཟུར་གསུམ་འདིར་མ་བཤད་དོ། །ཤེས་རབ་མའི་ཞེས་པ་ནི་སྦྱོར་ཐབས་རྣམ་པ་སྣ་ཚོགས་སུ་བསྟན་ཏོ། །ལྟ་བས་ནི་དེ་རྣམས་ལ་དགའ་བ་སྐྱེ་བས་རྒྱུ་ཡིན་པའོ། །འདོད་པ་ཤེས་པ་ནི་ཤེས་རབ་མ་ལ་འདོད་པ་སྟེ་དགའ་བའོ། །སྲོག་གི་རླུང་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་རླུང་དུ་བཤད་དོ། །ཟླ་བ་སྟོད་ཀྱི་ཞེས་པ་ནི་མར་ངོ་ལ་སོགས་དང་བྲལ་བ་ནི་ཚེས་དང་པོའི་ཟླ་བ་ཚེས་གཅིག་པའོ། །དེ་ཡང་ཟླ་བ་དང་མཚུངས་པའི་ཡེ་ཤེས་སུ་ཆུ་ཚོད་གཅིག་གི་བར་དུ་ནི་ཡེ་ཤེས་དེ་ནི་པར་དེ་ཙམ་དུ་གནས་པའི་བར་རོ། །བྱང་ཆུབ་ཀྱི་སེམས་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པར་ཁུ་བ་དེར་འབྲེལ་པ་སྟེ། དེ་ཡང་འོད་ཅེས་པའི་ཐིག་ལེ་ཕྱེ་ནས་བདེ་བའི་ཐིག་ལེ་རྟོག་པ་ལ་སོགས་པའི་དྲི་མ་ཐམས་ཅད་དང་བྲལ་བ་ནི་དགའ་བ་ཀུན་གྱི་འབྲས་བུའོ། །ཤར་བ་ཞེས་པ་མཆོག་གི་དགའ་བའོ། །ནུབ་པ་ནི་ཆད་པ་སྟེ་མུན་པ་ལྟ་བུའོ། །དེ་ནི་སྤོང་བའོ། །འཕོ་བ་ནི་མཆོག་གི་དགའ་བའི་གནས་ལ་སོགས་པ་ནི་ལོངས་མི་སྤྱོད་པར་རླག་པའོ། །དུས་ཞེས་པ་ནི་འདས་པའི་དུས་ཀྱང་མ་ཡིན། མ་འོངས་པའི་དུས་ཀྱང་མ་ཡིན། ད་ལྟར་ཞེས་ཀྱང་དམིགས་སུ་མེད་བའི་དུས་ཏེ། དེ་ལྟ་བུའི་དུས་སུ་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྒྱས་པའི་དུས་སོ། །དེ་ཡང་རླུང་ཕྱིར་རྒྱུ་བ་དང༌། ནང་དུ་རྒྱུ་བ་མེད་པའོ། །དེའང་རྒྱུད་ལས། ཤིན་ཏུ་རྒྱུ་བའི་དུས་དང་ནི། །ཤིན་ཏུ་མིན་པ་དུས་གཉིས་ཏེ། །སྣ་ཡི་བུ་ག་གཉིས་ཀ་ཡིའོ། །གཉིས་ཀ་མིན་པ་དེ་ཉིད་ནི། །ཞེས་པ་ལ་སོགས་པ་གསུངས་སོ། །པདྨའི་འབྲས་བུའི་འདོད་


DTG008_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རྩའི་དབྱིབས་པདྨའི་འབྲས་བུ་འདྲ་བ་ཡོད་པ་དེ་འདོད་པ་ནི་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྦྱོར་ཐབས་དང༌། དགའ་བ་སྐྱེ་བའི་རྒྱུའོ། །དེ་ཡང་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ལ་བརྟེན་པ་ལ་འབྱུང་ངོ༌། །ལུས་འདར་ཞས་པ་ནི་དེ་ལས་བྱུང་ནས་འདར་བའི་དགའ་བ་ལ་སོགས་པའི་ཤེས་རབ་མས་རྒྱུ་བྱས་ནས་འབྱུང་བ་དང་བརྟེན་པ་འདར་བར་བྱས་པའོ། །ཉེས་བ་ཞེས་བྱ་བའི་རླུང་དང་ལྡན་ནས། སྟོབས་ཞེས་བྱ་བའི་ཐིག་ལེར་གནས་པས་འབྲས་བུ་སྨིན་ནོ། །དྲག་པོའི་མིང་ནི་རྩའི་དབྱིབས་རུ་དྲཱཀྵ་བཞིན་གནས་པ་ལ་བྱའོ། །དེས་ནི་དྲག་པོའི་མིག་མཚོན་པའོ། །འགྲོ་བ། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་གནས་བ་སྟེ། དགའ་བའི་རྣམ་གྲངས་སོ། །མཉམ་པ་ཞེས་པ་ནི་མེ་དང་མཉམ་པའི་རླུང་གི་མིང་ངོ༌། །ལྡན་ཞེས་པ་ནི་དགའ་བ་དང་རླུང་དུ་ལྡན་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐམས་ཅད་དང་ལྡན་ནོ། །སྤྲིན་ཞེས་པ་ནི་བདེ་བའི་ཐིག་ལེའི་མཚན་གྱི་རྣམ་གྲངས་དེའི་དུས་སུ་ཐམས་ཅད་དང་ལྡན་ནོ། །རིགས་ཀྱི་མེ་ཏོག་ཅེས་པ་ལ་སོགས་པ་ནི་བླ་མ་ལས་རྟོགས་པར་འགྱུར་རོ། །ཐོག་ནི་སྔངས་འཇིགས་བྱེད་པ་སྟེ། །ཞེས་པ་ནི་ཐོག་བབས་སམ་བརྒྱབ་ཀྱང་བྲེད་པ་བཞིན། རང་བཞིན་དགའ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་དགའ་བ་ཐམས་ཅད་ཀྱི་ཐོག་ཏུ་གྱུར་པ་དང༌། གཞན་ཡང་ཐོག་ཅེས་པ་རང་བཞིན་དགའ་བའི་རྣམ་གྲངས་སུ་བརྟགས་པ་དེས་ཆད་པའི་དགའ་བ་ལ་སོགས་པ་རྣམས་འཇིགས་ཤིང་བྲེད་པར་བྱེད་པའོ། །འོ་ན་རང་བཞིན་དགའ་བ་དེ་ཇི་ལྟ་བུ་ཞེ་ན། དགའ་བ་ཀུན་དང་མི་མཉམ་པ་དངོས་པོ་མེད་པ་ཡིན་ནོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ཀྱང་གསུངས་ཏེ། རང་བཞིན་དགའ་བ་དངོས་པོ་མེན། །དངོས་བོ་མ་ཡིན་པ་ཡང་མིན། །སྲིད་དང་མྱ་ངན་འདས་པ་མིན། །ཆར་ཡར་ཐིག་ལེ་ཚུལ་མ་ཡིན། །ཞེས་པ་ལ་སོགས་པའོ། །སྙིང་པོའི་རྒྱུད་ལས་ཀྱང༌། རླག་དང་ལོངས་སྤྱོད་ལ་སོགས་བྲལ། །དགའ་བ་རྣམས་ཀྱིས་བརྗོད་མི་ནུས། །ཐིག་ལེ་ལ་སོགས་འཇོམས་པའི་ལྷ། །དེ་ཉིད་རང་བཞིན་ཡེ་ཤེས་སོ། །དེ་བས་ན་མཚན་མར་སྣང་བའི་ཡེ་ཤེས་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །དེ་ལ་ནུབ་པ་བཅུ་དྲུག་ཡིན། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་


DTG008_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ལ་ནི་བཅུ་དྲུག་ཡིན་བྱའོ། །ཤར་དང་ནུབ་པ་གང་ལ་ལར་ཞེས་པ་ནི་ལོངས་སྤྱོད་དང་རླག་པ་ལ་སོགས་པ་ནི་རང་བཞིན་དགའ་བ་ཞེས་མི་བྱའོ། །དེའི་ཕྱིར། རང་བཞིན་དགའ་བ་དེ་ཡོད་མིན། །ཞེས་གསུངས་ཏེ། རང་བཞིན་དགའ་བ་ལ་ནི་ཤར་དང་ནུབ་པའི་དངོས་པོ་ལོངས་སྤྱོད་ལ་སོགས་པའི་མཚན་མའི་ཡེ་ཤེས་མེད་པའོ། །ཡོན་པོའི་གདུང་བུ་ཞེས་པ་ནི་ལ་ལ་ནཱ་གཡོན་ཕྱོགས་ན་ལུ་གུ་རྒྱུད་བཞིན་གནས་པའོ། །རྩ་བའི་ལྟེ་བ་ཞེས་པ་ལ་སོགས་པ་ནི་སྲོག་མའི་ལྟེ་བའི་མདུད་པ་རེ་རེར་བྱང་ཆུབ་ཀྱི་སེམས་ཐིགས་པ་རེ་རེ་ལ་དགའ་བ་དང་ཆར་ཡང་ཚུལ་ལ་སོགས་པ་འཕོ་བ་དང་སྐྱེ་བ་དང་གནས་པའི་ཚེ་ཤར་དང་ནུབ་དང་དུས་ལ་སོགས་པར་སྦྱར་རོ། །དེ་ལྟའི་བདེ་ཆེན་རྣམས་ནི་ཞེས་བྱ་བ་ནི་སྔར་བསྟན་པའི་བདེ་བ་ཆེན་པོའི་རང་བཞིན་ཀུན་རྫོབ་ཏུ་དབྱེ་བ་ལ་ནི་རྣམ་པ་ཞེས་བྱའོ། །འཕོ་བྲུ་ནི་བདག་གིས་བཤད། །ཅེས་པ་ནི་འཕོ་བ་བཅུ་དྲུག་ཏུ་སྔར་བདག་གིས་བཤད་དེ། སྟོན་པས་བཤད་ཟིན་པའོ། །དེ་ལྟར་བཤད་ནས་བསྡུས་པ་འདི་ནས་མར་ཕྱེ་ནས་བསྟན་ཏོ། །དངོས་དང་རྟེན་དང་རྣམ་པར་འབྱེད། །ཅེས་པ་ལ་སོགས་པར་དངོས་ནི་ལས་ཀྱི་ཕྱག་རྒྱའི་ལྟ་བ་ལ་སོགས་པའི་སྦྱོར་ཐབས་སུམ་ཅུ་རྩ་གཉིས་ཏེ། དགའ་བ་དང་སྤྲུལ་པའི་འཁོར་ལོ་ལ་སོགས་པའོ། །ཡང་ན་དངོས་པོ་ནི་དམ་ཚིག་གི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་རྩ་དེ་རྣམས་མདུད་པར་བརྟེན་པ་དང་མཆོག་གི་དགའ་བ་དང་ཆོས་ཀྱི་འཁོར་ལོ་ལ་སོགས་པའོ། །ཡང་རྟེན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱས་རང་གི་བདེ་བའི་རྟེན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ལ་བརྟེན་པར་རྟོགས་པའོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་རང་གིས་རིག་ཅིང་རྟོགས་པ་སྟེ། ཡང་དག་པའི་བྱང་ཆུབ་ཀྱི་སེམས་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་ལས་བྱུང་བར་རིག་པའམ་ཆད་པའི་དགའ་བ་དང་ལོངས་སྤྱོད་འཁོར་ལོ་ལ་སོགས་པའོ། །ཡང་ན་ཡེ་ཤེས་ནི་ཆོས་ཀྱི་རང་བཞིན་གྱི་ཕྱག་རྒྱས་རིག་པའི་བྱང་ཆུབ་ཀྱི་སེམས་སུ་ཤེས་པའོ། །རྣམ་པར་འབྱེད་པ་ཞེས་པ་ནི་ཆོས་ཀྱི་རང་བཞིན་གྱི་ཕྱག་རྒྱས་བདེ་བ་ཆེན་པོའི་རང་བཞིན་རིག་པ་དང་བྲལ་བར་ཕྱེ་ནས་རྟོགས་པའམ། རང་བཞིན་དགའ་བ་དང༌། བདེ་ཆེན་འཁོར་ལོ་


DTG008_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའོ། །ཡང་ན་རྣམ་པར་འབྱེད་པ་ནི་ཕྱག་རྒྱ་ཐམས་ཅད་དང་བྲལ་བ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཕྱེ་ནས་ཡེ་ཤེས་ཀྱི་གཞི་དང་བཅས་པ་སྤངས་པའོ། །དེ་ལྟར་བསྡུས་པའི་ཕྱེ་བ་བསྟན་ནས་རྒྱས་པའི་ཕྱེ་བ་བཤད་པར་བྱའོ། །དངོས་པོ་རོ་མཉམ་ལྟ་བ་ཡིན། །ཞེས་བ་ནི་ཐབས་དང་ཤེས་རབ་སྲུབ་དང་བསྲུབས་པ་ལས་ནི་ཡེ་ཤེས་ཀྱི་རོའི་རྟགས་མཉམ་པར་འབྱུང་བའོ། །འདོད་ཆགས་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཆགས་ཤིང་ཞེན་པས་ནི་འཁོར་བའི་འབྲས་བུ་ཐོབ་སྟེ་བསྐྱེད་པའི་རིམ་པ་ལ་སོགས་པ་སྣ་ཚོགས་ཀྱིས་ནི་ཡོན་ཏན་དུ་འགྱུར་རོ། །དེས་འབྲས་བུ་གཟུགས་ཀྱི་སྐུ་འབྱུང་བས་ནི་ཐ་མལ་བའི་བག་ཆགས་དག་པར་བྱེད་དོ། །འདུས་པ་རེག་བྱ་བྱེད་པའི་ཞེས་པ་ནི་ཐབས་དང་ཤེས་རབ་འདུས་པས་རེག་བྱའི་བདེ་བ་ཉམས་སུ་མྱོང་བ་འདིས་རྟོགས་པ་ལ་སོགས་པ་དག་པར་བྱེད་དོ། །དངོས་ནི་སྲིད་པ་མེད་པར་བྱེད། །ཅེས་པ་ལ་སོགས་པ་ནི་ཁམས་གསུམ་གྱི་བག་ཆགས་བཟང་བ་དང་ངན་པ་ལ་སོགས་པ་ལས་དང་ཉོན་མོངས་པས་བསྐྱེད་པ་རྣམས་ནི་དངོས་ཀྱིས་མེད་པར་བྱེད་པའོ། །གཞན་ཡང་སྦྱོར་ཐབས་སྣ་ཚོགས་པའི་ལོངས་སྤྱོད་འོ་བྱ་བ་དང། སེན་མོས་གདབ་པ་དང༌། ནུ་མ་མཉེ་བ་དང༌། འཁྱུད་པ་ལ་སོགས་ལོངས་སྤྱོད་དོ། །དེ་ལྟར་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ནི་དངོས་ཀྱི་བར་དུ་གཅོད་པར་བྱེད་དོ། །པུཎྜ་རའི་ཀ་འབྱུང་བ་ཡིས། །ཞེས་པ་ནི་མེ་ཏོག་དཀར་པོའི་ཁ་དོག་གི་སེམས་དཀར་པོས་བྱང་ཆུབ་ཀྱི་སེམས་དཀར་པོའི་ཁ་དོག་དཔེས་མཚོན་ནས། རྩའི་མདུད་པར་འབྱུང་བ་ཡིན་ནོ། །ཟུར་གསུམ་ཞེས་པ་ལ་སོགས་པ་ནི་ཟུར་གསུམ་དང་པདྨའི་འབྲས་བུ་དང་དྲག་པོའི་མིག་འདྲ་བ་ལ་སོགས་པའི་མདུད་པ་སུམ་ཅུ་རྩ་གཉིས་ཡོད་པའི་རྟེན་བྱེད་པའོ། །བརྟེན་པ་ཡིན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་ནི་རྩ་རྣམས་ཀྱིས་བྱེད་པའོ། །བརྟེན་པ་ནི་བསམ་གཏན་མེད་པ་སྟེ་ཞེས་པ་ལ་སོགས་པ་ནི། དེ་ལ་སྒོམ་པ་པོ་མེད་རྣལ་འབྱོར་པ་དང་སྒོམ་རྒྱུ་གཉིས་དང་བྲལ་བ་སྟེ། དེ་བས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའོ། །སྟེང་དང་འོག་


DTG008_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཉམ་པའི་རྟེན་ཞེས་པ་ལ་སོགས་པ་ནི་གྱེན་དུ་རྒྱུ་བའི་རླུང་ལ་སོགས་པའི་རླུང་ཐམས་ཅད་གཅིག་ཏུ་འདུས་པ་དང༌། འདུས་པའི་དུས་ནས་ཡེ་ཤེས་ཙམ་དུ་ཡང་རྟོགས་པའམ་གནས་པ་མེད་དོ། །བདེ་བ་ཆེན་པོའི་བདུད་རྩིའི་རྟེན་ནི་ཤིན་ཏུ་བདེ་བའི་རང་བཞིན་དེ་ནི་ཉོན་མོངས་ལ་སོགས་པའི་རྩི་རུ་གྱུར་པའི་རྟེན་ནོ། །རིགས་ལྔའི་ནི་མཆོག་གི་གཞི་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔའི་གཞི་ནི་ནམ་མཁའ་རྡོ་རྗེ་སེམས་དཔའོ། །ཡང་ན་འཁོར་ལོ་ལྔ་ནི་རིགས་ལྔའོ། །དེ་རྣམས་ཀྱི་མཆོག་གི་གཞི་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡིན་ཏེ་རིགས་དྲུག་པའི་འོ། །དེ་བདེ་བ་དཀར་པོ་བསྲུབས་པ་ལས་ཞེས་པར་བཤད་དོ། །ཡེ་ཤེས་འདོད་པ་ལྷུན་གྱིས་གྲུབ། །ཅེས་པ་ནི་དགའ་བ་ཐམས་ཅད་ཆད་པའི་དགའ་བས་བསྡུའོ། །འོ་ན་རང་བཞིན་དགའ་བས་ཀྱང་བསྡུའམ་ཞེ་ན། རང་བཞིན་དགའ་བས་ནི་བསྡུས་ཀྱང་མི་འགལ་ཏེ། ཆད་པའི་དགའ་བ་ལ་མ་བརྟེན་པར་རང་བཞིན་དགའ་བ་མི་རྙེད་དོ། །རང་བཞིན་དགའ་བ་ནི་དགའ་བ་གསུམ་ལས་ལོགས་ན་མེད་པས་ཀྱང་མི་འགལ་ལོ། །དཔེར་ན་ལུས་མེད་པར་ཡང་སེམས་མི་རྙེད་པ་ལྟར་ཆད་པའི་དགའ་བ་ལ་མ་བརྟེན་པར་རང་བཞིན་དགའ་བ་མི་ཐོབ་བོ། །དེ་བཞིན་དུ་མ་ཡིན་ན་སྐྱོན་ཡོད་པས་འདི་སྐད་ཀྱང་གསུངས་ཏེ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་ཚོལ། །ཞེས་པ་དང༌། དཔེར་ན་མེ་ཏོག་དང་དྲི་བཞིན་ནོ་ཞེས་པའི་དཔེ་འདི་རྣམས་ཀྱིས་བསྟན་ཏོ། །འདར་བ་དགའ་བ་མཆོག་གི་དགའ། །ཞེས་པ་ལ་སོགས་པའི་མཆོག་གི་དགའ་བ་དེ་ནི་རྟོག་པ་དང་བཅས་པའི་སྒོ་ནས་ཡེ་ཤེས་ཉམས་སུ་མྱོང་ལ། དེ་ལྟར་མྱོང་བའི་དོན་ལ་བདེ་བར་གནས་ཙམ་ན་སེམས་རྩེ་གཅིག་ཏུ་མི་གཡེང་བར་གནས་པ་ལས་རང་བཞིན་དགའ་བ་འགྲུབ་པ་མ་རྙེད་པར་འགྱུར། དེའི་སྐབས་སུ་ཆགས་པ་ལ་སོགས་པའི་ཡེ་ཤེས་ཐམས་ཅད་དང་བྲལ་བའི་དོན་ནི་རང་བཞིན་དགའ་བའོ། །ཆགས་པ་དང་བཅས་པའི་ཆད་དགའ་སྟོན་ཏོ། །གཞི་མེད་པ་ཡི་རང་བཞིན་དགའ། །གཞི་དང་བཅས་པའི་ཆད་པའི་དགའ། །ཞེས་སོ། །ཡེ་ཤེས་ང་རྒྱལ་མེད་པར་བྱེད། །


DTG008_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནི་ཡང་དག་པའི་མཐའོ་སྙམ་པའི་ང་རྒྱལ་སྤངས་པས་འགྲུབ་པོ། །ཆོས་ཐམས་ཅད་ནི་རྣམ་པར་ཤེས། །ཞེས་པ་ནི་ཕྱིས་བསྡུས་པའི་ཆོས་དང་ནང་གིས་བསྡུས་པའི་ཆོས་མ་ལུས་པ་ཤེས་པའོ། །ཡེ་ཤེས་ཤེས་བྱ་དོན་གྲུབ་བྱེད། །ཅེས་པ་ནི་ཐུན་མོང་གི་དངོས་གྲུབ་ལ་སོགས་པ་ཀུན་གྱི་དོན་གྲུབ་པའོ། །རྣམ་པར་འབྱེད་པ་འོད་གཟུགས་གྲགས། །ཞེས་པ་ནི་བྱང་ཆུབ་སེམས་འབྱེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་རབ་དེ་ནི་བརྗོད་པས་མི་ཕོག་གོ །ཚུལ་དང་སྤྲིན་དང་སྟོབས་བདག་ཉིད། །ཅེས་པ་ནི་བདེ་བའི་ཐིག་ལེ་བཅུ་དྲུག་གི་བདག་ཉིད་ཡིན་པས་ན་རྣམ་པར་འབྱེད་ཅེས་བྱའོ། །དངོས་པོ་ཀུན་དུ་ནི་དངོས་པོར་སྣང་བ་ཐམས་ཅད་དོ། །རྣམ་པ་བཞི་དང་བཅས་པ་རླག་ནི་དེ་རྣམས་མ་ལུས་པ་དང༌། བག་ཆགས་དང་བཅས་པ་ཐམས་ཅད་རླག་པར་ཞེས་པའི་དོན་ཏོ། །སྐྱེ་དང་གནས་པ་རྫུ་འཕྲུལ་གྱི། །ཞེས་པ་ནི་སྐྱེ་བའི་ཆོ་འཕྲུལ་སྟོན་པ་དང༌། འགག་པ་དང༌། གནས་པ་ལ་སོགས་པ་ཡང་ཡོན་ཏན་ནོ། །རྣམ་པར་འབྱེད་པ་གཏི་མུག་སོད། །ཅེས་པ་ནི་ཉོན་མོངས་པ་འཇོམས་པ་ནི་དེ་རྣམས་དང་བྲལ་བའོ། །རྩིའི་སྙིང་པོ་ཐམས་ཅད་ནི་ཞེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། དེ་རྣམས་ཀྱི་སྙིང་པོ་འཁོར་ལོ་བྱང་ཆུབ་ཀྱི་སེམས་དང་བཅས་བ་རྩའོ། །འོད་འདི་ཡང་ཟད་དེ་མེད་པར་བྱེད་དོ། །འཁོར་ལོ་སྔགས་དང་བྱ་བ་ལ། །ཞེས་བ་ནི་དཀྱིལ་འཁོར་དང༌། འཁོར་ལོ་དང༌། ཤེས་རབ་དང༌། སྙིང་རྗེ་དང༌། ལས་ལ་སོགས་པའོ། །འཇོམས་བྱེད་དེ་ནི་རྣམ་པར་འབྱེད། །ཅེས་བ་ནི་དཀྱིལ་འཁོར་ལ་སོགས་པ་སྔར་བཤད་པའི་ཆོས་ཐམས་ཅད་དོ། །བཅོམ་པའི་ཕྱིར་ཞེས་པ་ལ་སོགས་པས་ནི་གོ་སླ་བས་མ་བཤད་དོ། །སངས་རྒྱས་བྱང་ཆུབ་སེམས་ཀུན་ལ། །ཞེས་པ་ནི་ས་བཅུ་གཅིག་གི་སངས་རྒྱས་ལ་སོགས་པར། ས་བཅུ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའོ། །སྙིང་གར་རྟག་ཏུ་བཞུགས་པའོ། །ཞེས་པ་ནི་རང་བཞིན་དགའ་བ་ཀུན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཡང་སངས་རྒྱས་ཞེས་པ་ལ་སོགས་པ་ནི་ཕུང་པོ་ལྔ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཀུན་ནི་དབང་པོ་ལ་སོགས་པའི་སྐྱེ་


DTG008_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་རྣམས་སོ། །སྙིང་གར་དེའི་སྙིང་གའི་པདྨའི་ལྟེ་བ་ལ་བྱང་ཆུབ་སེམས་ཀྱི་ས་བོན་ཟླ་བ་ལྟར་ཀུན་རྫོབ་ཀྱི་དངོས་པོར་བཞུགས་སོ། །རྣམ་པར་འབྱེད་བ་བསྒོམས་པ་མེད། །ཅེས་པ་ནི་ཆོས་ཉིད་ཡང་དག་པར་དེ་ཉིད་ཅིར་ཡང་བསྒོམ་དུ་མེད་དོ། །ཕུང་པོ་ཁམས་ལ་སོགས་དང་བྲལ། །ཞེས་པ་ནི་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་ལ་སོགས་པའི་འདུས་བྱས་ཐམས་ཅད་དང་བྲལ་བའོ། །སྒྲ་ལ་སོགས་པའི་ཆོས་ཀྱིས་སྟོང༌། །ཞེས་བ་ནི་སྒྲ་དང་ཚད་མ་ལ་སོགས་པའི་ཆོས་ཀུན་གྱིས་སྟོང་ངོ༌། །སྟོང་དང་སྙིང་རྗེའི་བདག་ཉིད་ཡིན། །ཞེས་པ་ནི་སྟོང་པ་ཤེས་རབ་སྐྱེ་བ་མེད་པ་དང༌། སྙིང་རྗེ་ཐབས་ཁྱད་བར་ཅན་གཉིས་ལས་རང་བཞིན་དགའ་བ་འབྱུང་ངོ༌། །ཚངས་པ་ལ་སོགས་པ་ལ་ཚངས་པ་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་ནི་ཡེ་ཤེས་ཡིན་ལ་ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་ནི་བྱ་བ་ནན་ཏན་ཡིན་ནོ། །འོ་ན་ཡེ་ཤེས་ལ་ཚངས་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན། རྟོག་པ་ཐམས་ཅད་དག་པ་གང་ཡིན་པ་དེ་ནི་ཚངས་པ་ཞེས་བྱའོ། །དེ་ཡང་འདི་སྐད་དུ་འབྱུང་སྟེ། དངོས་པོའི་བག་ཆགས་རང་བཞིན་ནི། །མ་སྤངས་དག་པས་ཡི་ཤེས་འདོད། །ཅེས་སོ། །འདི་སྐད་བསྟན་ཏེ། དོན་དམ་དང་ནི་ཀུན་རྫོབ་ཀྱི། །བདེན་གཉིས་གང་དུ་འདྲེས་པ་ཡིས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཁབ། །དེ་ཚེ་ཚངས་པ་ཡེ་ཤེས་འཛིན། །ཞེས་གསུངས་སོ། །ནམ་མཁའི་དབུས་ན་ཐིག་ལེ་བདེ། །བྱང་ཆུབ་སེམས་ཀྱི་དངོས་འདི་ཡིན། །གཅིག་བུའི་བདག་ཉིད་དངོས་པོ་བྲལ། །དེ་དུས་ཚངས་པའི་བདག་ཉིད་དོ། །ཞེས་པས་སོ། །དེས་ནི་ཚངས་པ་དོན་ཡོད་གྲུབ་པར་བསྟན་ཏོ། །ཁྱབ་འཇུག་ཅེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་བཞིན་སྣང་བ་མཐའ་ཡས་དྲག་པོ་ཡིན་ཏེ་དེས་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་ནས་སོ་སོར་རྟོག་པའི་ཡེ་ཤེས་སྦྱིན་པར་མཛད་དོ། །དབང་ཕྱུག་ནི་མི་བསྐྱོད་པའོ། །རྟག་ཏུ་ཞི་བ་ནི་རྣམ་པར་སྣང་མཛད་དོ། །རླུང་གི་འཁོར་ལོ་ལ་སོགས་པ་ལྔ་ལ་ཡང་སྦྱར་རོ། །དེ་རྣམས་ཀུན་ཞེས་པ་ནི་དེ་འདས་མ་ཐག་ལ། རྣམས་ཀུན་ནི་རིགས་ལྔ་པོ་ལ་བྱའོ། །ཡབ་ཡིན་ནོ་ཞེས་པ་ནི་དེ་ཁོ་ན་ཉིད་


DTG008_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་དང་བྲལ་བའི་ཡེ་ཤེས་བརྗོད་དུ་མེད་པའི་བདག་པོ་རྡོ་རྗེ་སེམས་དཔའི་བདག་པོ་དེ་ལ་བྱའོ། །སྤྲོས་པ་དང་བྲལ་བའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཡིན་ན་རྡོ་རྗེ་སེམས་དཔའ་གཟུགས་ཀྱི་སྐུ་ཡིན་པས་དེ་གཉིས་མི་འགལ་ལམ། མི་འགལ་ཏེ་རྡོ་རྗེ་ནི་ཡེ་ཤེས་ལྔའི་རང་བཞིན་དབྱེར་མི་ཕྱེད་པའོ། །སེམས་དཔའ་ནི་སྤྲུལ་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཡང་རང་བཞིན་དགའ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་ནི་རིམ་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་ཐམས་ཅད་རྫོགས་པ་དེ་ལས་སྤྲུལ་ནས་དོན་བྱེད་དོ། །བྱེད་པ་དེ་ནི་མཆོག་རྨད་བྱུང༌། །འདི་ཉིད་ཡེ་ཤེས་ཐིག་ལེ་འདིར། །ཞེས་པ་རང་བཞིན་དགའ་བ་བདེ་བའི་ཐིག་ལེ་ཀུན་གྱི་ངོ་བོ་བཅུ་དྲུག་པ་ཆད་པ་དང་མཆོག་དང་མི་མཉམ་མོ། །དེ་བས་ན། མཆོག་རྣམས་གྲུབ་པའི་མངའ་བདག་གོ །ཞེས་སྨོས་སོ། །འབྱུང་བ་ཀུན་གྱི་ནང་ཡོད་པ། །ཞེས་པ་ལ་སོགས་པ་སྟེ། ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་འབྱུང་བའི་ནང་ན་ཡོད་དོ། །སྐུ་ལྔའི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་དེ་རྣམས་ཀྱི་བདག་པོ་ཡིན་ནོ། །མཁའ་ལྔའི་བདག་ཉིད་སྐྱེ་མེད་དོ། །ཞེས་པ་ནི་ཤེས་པར་སླའོ། །ནམ་མཁའ་ལྔ་ཡི་ནང་དུ་ཐིམ། །ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་དང་ལྔའི་ནང་དུ་བསྡུའོ། །སངས་རྒྱས་ཀུན་གྱིས་ཕྱག་བྱེད་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་མ་ལུས་པས་བྱེད་པ་ཡིན་ནོ། །དེ་ལྟའི་གསང་ཆེན་ཡེ་ཤེས་ནི། །ཇི་ལྟར་ནོར་བརྐུས་མི་རྙེད་ལྟར། །འབད་པ་ཡིས་ནི་སྦ་བར་བྱ། །ཞེས་པ་ནི་རྣམ་པར་འབྱེད་པ་དེ་རྟོག་པ་དང༌། མི་མཐུན་པ་ཀུན་ཕྱེ་ནས་རང་བཞིན་དགའ་བ་ཤིན་ཏུ་རྙེད་པར་དཀའ་བ་དེ་དབང་ལ་སོགས་པས་ཐོབ་པར་བྱས་ལ་དེ་ནས་སེམས་ལ་བཅང་ངོ༌། །ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ལས་ལེའུ་དང་པོའི་དཀའ་བ་བཀྲལ་བའོ།། །།

ལེའུ་གཉིས་པའི་དཀའ་བ་བཀྲལ་བ།


DTG008_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདིར་ཞུས་སོ། །ལྷའི་དབང་ཕྱུག་གིས་གསོལ་བ་ཞེས་པ་ནི་སྡུད་པའི་ཚིག་གོ །ཀྱེ་བཅོམ་ལྡན་འདས་ཞེས་པ་ནི་སྙན་པས་བོད་པའོ། །དེ་ཉིད་གསུམ་ལ་སོགས་པ་གསུམ་པོ་ལ་


DTG008_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་ཕྱེ་ནས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལྷའི་དབང་ཕྱུག་ལ་སོགས་པའི་འཁོར་ཐམས་ཅད་ཀྱི་ནང་དུ་གསུངས་སོ། །དེ་ཉིད་གསུམ་ནི་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་ནི་ཡེ་ཤེས་མཆོག །ཅེས་ཕ་ནི་སྐུ་རྡོ་རྗེ་རྣམ་བར་སྣང་མཛད་དེ་མཆོག་གི་དགའ་བ་དང༌། སྣང་བ་མཐའ་ཡས་ཆད་བའི་དགའ་བ་རྡོ་རྗེ་གསུང་དང༌། རྡོ་རྗེ་སེམས་དཔའ་རང་བཞིན་དགའ་བའི་ཡེ་ཤེས་རྡོ་རྗེའོ། །ཟླ་བ་བདེ་བ་མཆོག་གི་ནང༌། །དེ་ནི་ཕུང་པོ་དབང་པོ་ཁམས། །ཞེས་པ་ནི་ཕུང་པོ་ལྔ་ལ་སོགས་པའི་རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པ་དང༌། དབང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང༌། ཁམས་ལ་སོགས་པའི་ལྷ་མོ་ལ་སོགས་པའི་དཀྱིལ་འཁོར་རོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་པ་ནི། ཡེ་ཤེས་སེམས་དཔའ་སྟེ་ཡེ་ནས་གནས་བའོ། །ཡང་ན་བདེ་བའི་ཡེ་ཤེས་སོ། །དེ་ཡི་མཐའ་ནི་བྷ་གར་དྲན། །ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་དོ། །ཡང་ན་གོང་མའི་དེ་རྣམས་ཤེས་རབ་ཀྱི་བྷ་ག་ལ་གནས་པའོ། །མཐའ་དང་སྣང་བ་རྣམ་པར་ཤེས། །ཆུ་ཡི་ཟླ་བ་བཞིན་དུ་མཐོང༌། །ཞེས་པ་ནི་དགའ་བ་གསུམ་གྱི་རང་བཞིན་དགའ་བའི་རྒྱུ་གཉིས་ཏེ། ཀུན་རྫོབ་ཀྱི་དངོས་པོར་ཆད་པའི་དགའ་བའི་གནས་ན་ཆུའི་ཟླ་བ་བཞིན་སྣང་ལ་དོན་དམ་པར་སྟོང་པ་ཁོ་ནའོ། །ཆོས་ཀུན་རང་བཞིན་དྲི་མ་མེད། །ཅེས་པའི་ཆོས་ནི་གཟུང་འཛིན་ནོ། །དེའི་དག་པ་ནི་དྲི་མ་མེད་པའི་དགའ་བའོ། །སྣང་བ་ལས་ནི་ཐམས་ཅད་འབྱུང༌། །ཞེས་པ་ནི་སྣང་བ་ཐོབ་བ་ལ་སོགས་པ་ལས་རང་བཞིན་འབྱུང་ངོ༌། །སྐྱེ་བ་དང་ནི་འགག་པ་མེད། །ཅེས་པ་ཡང་དག་དྲི་མེད་འདི་ཆོས་ཐམས་ཅད་ཀྱི་ངོ་བོས་སྟོང་ངོ༌། །ཡང་དག་འོད་ལས་ཐམས་ཅད་འབྱུང༌། །ཞེས་པ་ནི་འདི་ལས་ཆུད་པའི་དགའ་བ་དེ་ལས་མཆོག་གི་དགའ་བ་རིམ་པར་འབྱུང་ངོ༌། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅེས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་མ་ལུས་པ་ཀུན་འདི་ལས་འབྱུང་ངོ༌། །བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའོ་ཞེས་པ་ནི་སྐུ་བཞིའི་དངོས་པོའི་བདག་ཉིད་བདེ་བ་ཆེན་


DTG008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ་བཅོམ་ལྡན་འདས་སོ། །དེ་ལ་དང་པོ་རྣམ་པ་དང་བཅས་པའི་དང་བཅས་པའི་དཀྱིལ་འཁོར་ལོའི་བསྐྱེད་པ་བསྒོམས་པ་དང་ཞེས་པ་ནི་ལེའུ་བཞི་པ་དང་བཅུ་པ་དང་བཅུ་བདུན་པས་རྣམ་པ་དང་བཅས་པའི་དཀྱིལ་འཁོར་སྟོན་ཏོ། །བཅུ་གཅིག་པས་དཀྱིལ་འཁོར་བསྐྱེད་པ་སྟོན་ཏོ། །ལྔ་པས་སྔགས་སྟོན་ཏོ། །བཟླས་པ་ནི་བཅུ་གཅིག་པས་སོ། །སྦྱིན་སྲེག་ནི་བཅུ་བཞི་པས་སྟོན་ཏོ། །མཆོད་སྦྱིན་ནི་དྲུག་པ་དང་བཅུ་གཅིག་པས་སྟོན་ཏོ། །གཏོར་མ་ནི་དགུ་པ་དང་བཅོ་ལྔ་པས་སྟོན་ཏོ། །མཆོད་པ་ནི་བདུན་པ་དང་བཅུ་གཉིས་པས་སྟོན་ཏོ། །གནས་ནི་གཅིག་པས་སོ། །དབང་བསྐུར་བ་ནི་གསུམ་པ་དང་བཅུ་གསུམ་པས་སྟོན་ཏོ། །དེ་རྣམས་ལ་ནི་རིམ་པ་མེད་པ་དེ་དས་བཤད་དོ་ཞེས་བྱའོ། །དེ་ཡང་ལེའུ་དགུ་པ་ཡན་ཆད་དུ་ནི་དངོས་སུའོ། །གཞན་མ་རྣམས་ནི་སྦས་པ་སྟེ། འདིར་བདག་གིས་ཕྱེའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་གཉིས་བའི་དཀའ་བ་བཀྲལ་བའོ།། །།

ལེའུ་གསུམ་པའི་དཀའ་བ་བཀྲལ་བ།


DTG008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་དབང་ཕྱུག་གིས་གསོལ་པ་ཞེས་བྱ་བ་ནི་ཞུ་བ་པོའི་ཚིག་གོ །ཚངས་པའི་ཞེས་པ་ནས་གཞན་འདིར་མ་གསུངས་ཞེས་བྱ་བའི་བར་དུ་སྡུད་པ་པོ་ཕྱག་ན་རྡོ་རྗེས་ཞུས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་འཁོར་དཔའ་བོ་དང་དཔའ་མོར་བཅས་པ་ལ་གསུངས་སོ། །གཅིག་པུ་རྟོག་མེད་མ་སོ་ཤོ་མནའ་ཞེས་སྨོས་སོ། །དེ་ནི་གཞན་སྤངས་པའོ། །བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཞེས་པ་ལ་སོགས་པ་ནི་དེ་ཐམས་ཅད་ཀྱི་དོན་འདིས་བྱེད་ཅེས་བསྡུས་ནས་གསུངས་པའོ། །ལྷའི་དབང་ཕྱུག་གིས་གསོལ་བ་བྱིན་ཡང་ཞུས་པའོ། །དེ་ལྟར་ཡིན་ཡང་བྱ་བ་ནི་བསྡུས་པའི་དོན་ཡིན་མོད་ཀྱི་ཞེས་པས་སོ། །སུམ་ཅུ་རྩ་གཅིག་ལ་མཚན་དང་གྲངས་ཞེས་པ་ལ་སོགས་པ་ཞུ་པའོ། །དེས་ནི་བདེ་ཆེན་འཁོར་ལོ་རྩ་སུམ་ཅུ་རྩ་གཉིས་ཡོད་པ་ལ་ཨ་ཝ་དྷུ་ཏཱི་མ་གཏོགས་པའི་མིང་རེའི་སྒོ་ནས་གྲངས་ཙམ་དུ་ཞུས་པ་ཡིན་ནོ། །སུམ་ཅུ་རྩ་གཅིག་གི་རྩའི་མིང་ཉོན་ཅིག་ཅེས་པ་ནི་བདེ་བ་འབབ་པའི་རྩའོ། །དེ་ཡང་གསང་བ་ཞེས་པ་ལ་སོགས་པའོ། །གསང་བ་ལ་སོགས་པའི་རྩའི་མིང་ངེས་པ་ཁོ་ནའམ་དེས་ཉམས་སུ་


DTG008_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་སྟེ། ལས་དང་ངོ་བོ་ལ་སོགས་པའི་སྒོ་ནས་འདོགས་པའོ། །དེ་ཡང་དབྱེ་ན་མང་བས་འདིར་བསྡུས་པའི་དབྱེ་བ་བསྟན་ཏོ། །རྩའི་རྣམ་པའི་དབྱེ་བ་ནི་མདོར་བསྡུས་པ་ན་བཅུ་ཞེས་སོ། །བྱང་ཆུབ་སེམས་ཀྱི་ཐིགས་པ་གསུམ། །དང་པོ་མཁའ་ལ་སྣང་བ་ལས། །ཨི་དང་པི་ག་སོ་ཤོ་མནའ། །འབྱུང་བ་དེ་ནི་རྒྱུ་ཡིན་ནོ། །གཞན་རྣམས་དེ་ལས་བྱུང་བ་དང༌། སྔ་མའི་རིམ་ལས་ཕྱི་མ་འབྱུང༌། །དེ་ལྟའི་དབྱེ་བ་ཐམས་ཅད་ནི། །ཁྱད་པར་རྒྱུ་རུ་འདོད་པའོ། །རྩ་རེ་རྣམ་དག་དབྱེ་བ་ཡིས། །ལྷ་དང་ལྷ་མོ་འཁོར་ལོར་སྣང། །དཀྱིལ་འཁོར་མ་ལུས་རྫོགས་པ་འདི། །ཕྱི་ཡི་འབྲས་བུ་དམ་པ་འཕེལ། །སྔ་མ་རྣམས་ནི་རྒྱུར་འཐད་དེ། །ཕྱི་མ་དེ་བཞིན་འབྲས་བུ་ཡིན། །ཁྱད་པར་ཅན་གྱི་འབྲས་བུ་ཞེས། །འདི་ནི་ཡིན་པར་བདག་གིས་བཤད། །དབྱིབས་དང་ཁ་དོག་མཚན་མ་རྣམས། །སོ་སོར་གསལ་བ་གང་ཡིན་པ། །དེ་ནི་རང་གི་ངོ་བོར་སྣང༌། །དེ་ལྟར་རྟོགས་པས་ཁྱད་པར་ཡིན། །རྩ་ཡི་དྲ་བར་འབྲེལ་པས་ན། །འདི་ནི་ངེས་པའི་ཚིག་ཏུ་འདོད། །དེ་ཡང་ཁྱབ་པ་ཡི་ནི་ཕྱིར། །ཁྱད་པར་འདི་རུ་བདག་གིས་བསྟན། །བདེ་བ་ཆེན་པོའི་འཁོར་ལོ་ནི། །བྱང་ཆུབ་སེམས་ཀྱིས་གང་བའོ། །དེ་ཡང་རྩ་རྣམས་ཀུན་ནས་འབབ། །ལས་འདི་སྤྱི་ཞེས་བྱ་བའོ། །ཤ་ཁྲག་བཤང་གཅི་མིག་རྡུ་སྣབས། །སེན་མོ་སྐྲ་སྤུ་རུས་པ་རྒྱུས། །མཁལ་སྙིང་རུས་པ་ཀློ་བ་དང༌། །རྒྱུ་མ་དྲི་མ་ཚིལ་དང་རྣག །ཨ་ཁྲི་གཉེར་མ་ལྟོ་ཁ་སྤུ། །བད་ཀན་རྡུལ་དང་མཆི་མ་གླད། །རྐང་མར་ཁུ་བ་ཁྲག་ཤ་མ། །འདི་རྣམས་འབེབས་པར་ཁྱད་པར་ལས། །མདུད་པ་ལ་སོགས་རྟེན་བྱེད་པ། །གང་ཞིག་ཤེས་ཤིང་རིག་པ་འདི། །དེས་ན་ཡེ་ཤེས་ཉམས་མྱོང་སྟེ། །མྱོང་པའི་མཚན་མ་མཚན་ཉིད་དོ། །དེ་ཡང་ཡེ་ཤེས་སོ་སོར་གསལ། །ཁྱད་པར་ཞེས་ནི་བྱ་བར་བཤད། །མཚན་ནི་རྩ་རུ་བཏགས་པ་སྟེ། སྤྱི་ཡི་སྒོ་ནས་བོད་པའོ། །རེ་རེར་བཏགས་པ་གང་ཡིན་པ། །ཁྱད་པར་ཡིན་པས་དེ་བརྗོད་དོ། །རྩ་གསུམ་ནས་ནི་སྤུ་ཁུང་བར། །འདི་ནི་རྩ་ཡི་དབྱེ་བའོ། །འཁོར་ལོ་དྲུག་དང་བཞི་དང་གཅིག །ཨི་ད་ལ་སོགས་ཁྱད་པར་དབྱེ། །སྲོག་གི་དབྱུག་བ་དབུས་


DTG008_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ན་འགྲེང༌། །ཀུན་གྱི་རྟེན་དུ་ཤེས་པར་བྱའོ། །གཅིག་ལ་གཅིག་བརྟེན་ཀུན་གྱི་དང༌། །ཁྱད་པར་བརྟེན་པ་སོ་སོར་གསལ། །དཔེར་ན་ཤིང་ལ་སོགས་པ་བཞིན། །ཡལ་ག་ལོ་མ་འབྲས་བུས་བརྒྱན། །དེ་ལྟ་བུར་ནི་དབྱེ་བ་འདི། །དོན་གྱིས་ཤེས་པར་འབད་ལ་བྱ། །རྩ་རྣམས་མེད་ན་ཕུང་པོ་མེད། །ཕུང་པོ་མེད་ན་བདེ་མེད་པས། །མེ་ཏོག་མེད་ན་དྲི་མེད་ལྟར། །དེ་བས་འབྲས་མཆོག་ཐོབ་མི་འགྱུར། །ཐོས་པར་བྱ་བའི་དོན་དུ་ནི། །མདོ་རུ་བསྡུས་ན་བཅུ་པོ་འདི། །དོན་འདི་མ་ནོར་བླ་མ་ལ། །ཡང་ནས་ཡང་དུ་ཞུ་བར་བྱའོ། །དེའི་ཕྱིར་ཤེས་པར་དཀའ་བས་འོན་ཀྱང་བསྡུས་པའི་དོན་གྱིས་གསང་བ་དང་ཟབ་པ་ལ་སོགས་པའི་མཚན་ཅི་ལ་བརྟགས་པ་ཤེས་པར་བྱའོ། །དེ་ནི་རྩ་སུམ་ཅུ་རྩ་གཉིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཟླ་པ་ཉི་མ་གཟས་ཟིན་པའི་དུས་ཚིགས་སུ་རྒྱས་པའོ་ཞེས་པ་ནི་ཐབས་ཤེས་རབ་གཉིས་ཀའི་རིན་པོ་ཆེ་དང༌། སངས་རྒྱས་རིན་ཆེན་གྱི་སྣོད་གཉིས་ཀ་བདེ་བ་ཆེན་པོས་རྒྱས་པ་སྟེ། ཆད་པའི་དགའ་བ་དང་མཆོག་གི་དགའ་བའི་བར་རང་བཞིན་ཡེ་ཤེས་བརྟན་པ་ལ་གཟས་ཟིན་ཞེས་བཤད་དོ། །རྩའི་དོན་བསྟན་ནས་ད་དབང་གི་རིམ་པ་སྟོན་ཏོ། །དེ་ནས་ཞེས་པ་ན་འབྲེལ་མ་ཆད་པའི་ཚིག་ཡིན་ནོ། །དབང་གི་རིམ་པ་བཤད་དེ་ཞེས་ནི་བུམ་པ་དང་གསང་བ་དང༌། ཤེས་རབ་ཡེ་ཤེས་དང་བཞི་པའི་དབང་ལ་དེ་སྐད་ཅེས་བྱའོ། །ཇི་ལྟའི་ནི་གོ་རིམས་ཞེས་པ་ནི་སྔ་མ་རྒྱུ། །ཕྱི་མ་རྣམས་འབྲས་བུ་རིམ་པ་མ་ནོར་བར་བྱའོ། །དབང་བསྐུར་མཆོག་ནི་མཉེས་པ་གང༌། །ཞེས་བྱ་བ་ནི་རྒྱུ་དང༌། འབྲས་བུའི་རིམ་པས་བཞི་བ་རྙེད་ཀྱི་མངོན་སུམ་དུ་ནི་མི་རྙེད་དོ། །ཐམས་ཅད་དུ་ནི་ཕོད་པར་འགྱུར། །ཞེས་པ་ནི་བཞི་པ་ཐོབ་པའི་རྣལ་འབྱོར་བ་ནི་ཐུན་མོང་དང་མཆོག་ལ་སོགས་པ་དང༌། ཅི་བསམས་པ་ཡང་འགྲུབ་པར་བཤད་དོ། །དས་ནི་དབང་གི་ཡོན་ཏན་དང་འབྲས་བུ་བསྟན་ཏོ། །ཡོན་ཏན་ཚུལ་ཁྲིམས་ལྡན་པའི་བུ་ནི་སྣོད་དང་སྐལ་བར་ལྡན་པ་སྡོམ་པ་དང་དམ་ཚིག་བསྲུང་བའི་སློབ་མའོ། །བླ་མས་དང་པོར་དབང་བསྐུར་བྱ། །ཞེས་པ་ནི་ཀུན་གྱི་མཆོག་ཏུ་གྱུར་བའི་བླ་མས་སློབ་བུ་མཚན་ཐམས་ཅད་དང་ལྡན་པ་དེ་ལ་དབང་གི་རིམ་པ་


DTG008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བར་བྱའོ། །མཚན་དང་ལྡན་པ་གང་ལ་བྱ། །བཅོམ་ལྡན་འདས་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་དབྲི་བཀོལ་མ་མཛད་ན། །དེ་ལྟ་མོད་ཀྱི་འོན་ཀྱང་སྔོན་གྱི་དུས་སུ་དེ་བཞིན་གཤེགས་པ་ལ་བསྐུར་སྟི་རིམ་གྲོ་ལ་སོགས་པ་མ་བྱས་པ་རྣམས་ནི་ཚེ་འདི་དང་ཕྱི་མའི་དུས་ལ་སོགས་པར་བསོད་ནམས་ཞན་པས་བཅོམ་ལྡན་འདས་ཀྱི་བྱིན་རླབས་དང་ཕྲད་པར་མི་འགྱུར་རོ། །མི་ཕྲད་པའི་ཕྱིར་ན་སྣོད་དང་མཚན་ཉིད་དང་མི་ལྡན་ནོ། །དེ་ཡང་འདི་སྐད་དུ། །གང་འདི་དགེ་སློང་དངོས་གནས་དང༌། །གང་ཞིག་རྒན་པོར་གནས་པ་དང༌། །གང་ཡང་རྟོག་ལ་དགའ་བའི་མི། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་འབྱུང་ངོ༌། །གཞན་ཡང༌། །མུ་སྟེགས་པ་དང་ཉན་ཐོས་དངོས། །མ་ནིང་པས་ནི་དབང་མི་འཐོབ། །རྒྱུད་འདི་ལས་ཀྱང་གང་གི་དྲ་བ་ཞེས་པ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་སྣོད་དང་མི་ལྡན་པ་ལ་གསང་སྔགས་ཀྱི་དབང་མི་བསྐུར་རོ། །མཚན་ལ་སོགས་པ་ནི་འགལ་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་དགོངས་ནས་སོ། །ཁྲུས་བྱས་མིག་དགབ་རས་ཀྱིས་བཅིང༌། །མེ་ཏོག་གིས་དང་སྙིམ་པར་ལྡན། །ཡོན་དབུལ་ཟིན་ས་དགའ་དང་བཅས། །ལྷ་ཡིད་བང་ཕྱུག་དབང་བསྐུར་བྱ། །ཞེས་པར་སྔར་ས་དང་དཀྱིལ་འཁོར་གྱི་ཐིག་དང་སྟ་གོན་དང་རབ་གནས་དང་ཁྲུས་ཀྱི་ཆོ་ག་ལ་སོགས་པ་ཀུན་རྫོགས་ནས་མིག་དགབ་པའི་ཆོ་ག་བྱ་ནས་བླ་མ་ལ་མེ་ཏོག་གཏོར་བ་དང༌། དཀྱིལ་འཁོར་ལ་གཏོར་བ་དང༌། དམ་ཚིག་གི་ཆོ་ག་ནས་ཡོན་དབུས་བའི་རིམ་པ་ཀུན་དབང་ནོད་ཀར་བྱའོ། །དབང་བསྐུར་ལ་ནི་སངས་རྒྱས་ས། །ཞེས་པ་ནི་བཅུ་གཅིག་ནས་བཅུ་དྲུག་གི་བར་འཐོབ་བོ། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། །ཞེས་པ་ནི་བར་དེར་ཐོབ་པར་དེས་སམ་སོམ་ཉི་དང་ཡིད་གཉིས་མི་བྱའོ། །དེ་བས་ཐམས་ཅད་དུ་འབད་དེ། དཔལ་ལྡན་དབང་རྒྱལ་བླང་བར་བྱ། །ཞེས་པ་ནི་སློབ་མས་བཀུར་སྟི་ཡོན་ལ་སོགས་པས་བླ་མ་མཉེས་པར་བྱ། །བླ་མས་ཀྱང་རིམ་པ་དང་དོན་མ་ནོར་བར་དབང་གི་རྒྱལ་པོ་བཞི་པ་ཡན་ཆད་རྫོགས་པར་སྦྱིན་ནོ། །དབང་བསྐུར་བཞིན་དུ་དབྱེ་བ་ནི། །ཞེས་བ་ནི་དང་པོ་བུམ་པ་དང༌། གཉིས་པ་གསང་བ་དང༌། གསུམ་པ་


DTG008_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཡེ་ཤེས་དང༌། །བཞི་པ་དེ་ལྟར་དེ་བཞིན་ནོ། །སློབ་དཔོན་ལ་སོགས་དབྱེ་བ་ཡིན། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །བཞི་གཉིས་རབ་ཏུ་དབྱེ་བ་ནི། །ཞེས་པ་ནི་བཞི་གཉིས་ལ་བརྒྱད་དེ་བུམ་པའི་དབང་ནི་མི་བསྐྱོད་པའི་འབྲས་བུ་དང་ལྡན་པའོ། །དབུ་རྒྱན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་དང་དེ་བཞིན་ནོ། །རྡོ་རྗེ་བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། སྐྱབས་སྦྱིན་ལ་སོགས་པ་བརྒྱད་པོའི་དབང་བསྐུར་ནི་སློབ་དཔོན་གྱིའོ། །རྡོ་རྗེའི་དབང་ལ་གསུམ་དུ་དབྱེ། །ནམ་མཁའ་མཉམ་དུ་བདག་གིས་གསལ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ནི་ནམ་མཁའ་དང་མཉམ་དུ་ཁུངས་བསྟན་པ་སྟེ། དམ་ཚིག་གསུམ་གྱི་དབང་ངོ༌། །དབང་བསྐུར་དེ་ནི་རིན་པོ་ཆེ། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །ཞེས་པ་ནི་བུམ་པ་རུ་སྨན་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་དང་ལྡན་པའམ། །བདུད་རྩི་ལྔ་ལ་སོགས་པའི་དབང་བཅུ་གཅིག་པ་དང། ཀུན་རྫོགས་པ་ལ་འཇིག་རྟེན་གསུམ་གྱི་ཕྱག་དང་མཆོད་པའི་གནས་སོ། །ཡང་ན་ནང་གི་སློབ་དཔོན་གྱི་བུམ་པ་ལ་སོགས་པས་དབང་བསྐུར་བའམ།གསང་པའི་སློབ་མ་རང་གི་བུམ་པ་ལ་སོགས་པའི་དབང་རྫོགས་པར་བསྐུར་ན་དངོས་སུ་ཁམས་གསུམ་གྱིས་ཕྱག་བྱེད་པར་འགྱུར་རོ། །ཡང་ན་སངས་རྒྱས་རིན་པོ་ཆེའི་སྣོད་དང་རིན་པོ་ཆེ་སྣ་ལྔ་ལ་སོགས་པ་ཡོད་པ་ཐབས་ཀྱི་རྡོ་རྗེ་ལ་དབང་བསྐུར་བ་དང༌། ཕྱག་བྱ་བའི་ངོ་བོས་རྫོགས་པ་སྟེ། ཤེས་རབ་ལ་ཡང་དེ་བཞིན་ནོ། །ཡང་ན་དབང་གི་ཡོན་ཏན་གྱི་རིམ་པ་གསལ་བས་ཤེས་པར་འདོད་པས་དེ་རུ་བལྟའོ། །རྣལ་འབྱོར་རྒྱུད་ལ་མོས་རྣམས་ལ། །ཞེས་པ་ནི་ཡོ་ག་ཕྱི་ལ་དགའ་བའི་སློབ་མ་ལ་བྱའོ། །དབང་བརྒྱད་ཕྱེ་བ་སྦྱིན་པར་བྱ། །ཞེས་པ་ནི་ཆུ་དང༌། དབུ་རྒྱན་དང༌། རྡོ་རྗེ་དྲིལ་བུ་དང༌། མིང་དང་ལྔ་ནི་རིགས་ལྔའོ། །བརྟུལ་ཞུགས་དང༌། ལུང་བསྟན་དང༌། སྐྱབས་སྦྱིན་ཏེ་སྔར་བསྟན་པ་བཞིན་ནོ། །རྣལ་འབྱོར་བླ་མ་ལ་མོས་རྣམས། །ཞེས་པ་ནི་རྣལ་འབྱོར་ཆེན་པོ་ཐོབ་པའི་ཐབས་ཀྱིའོ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། །ཞེས་པ་ནི་སྔ་མའི་ཐོག་ཏུ་སྐུ་རྡོ་རྗེ་ལ་སོགས་པའི་དམ་ཚིག་གསུམ་སྟེ་བཅུ་གཅིག་གོ །རྣལ་འབྱོར་


DTG008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ལོས་པ་རྣམས། །ཞེས་པ་ནི་མ་རྒྱུད་དོ། །གསང་བའི་དབང་ནི་སྦྱིན་པའོ། །ཞེས་པ་ནི་བཅུ་གཉིས་པའི་མཆོག་གོ །གསང་བ་གཉིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ནི་གསང་བ་གསུམ་དུ་དབྱེ། །ཞེས་པ་ནི་འོག་ནས་གསུམ་དུ་སྟོན་ཏོ། །སྐྱེ་དང་ཞེས་པ་ནོར་བུའི་སྐྱེའི་མཆོག་གི་དགའ་བའི་གནས་སོ། །མདུད་དང་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་རྩེ་མོ་རང་བཞིན་གྱི་གནས་སོ། །དེ་བཞིན་དུ་ནི་པདྨའི་ཤེས་རབ་མའི་ཁ་ཆད་པའི་གནས་སོ། །ཤེས་རབ་གཉིས་སུ་དབྱེ་བར་བྱ། །བསྐྱེད་དང་རྫོགས་པའི་བྱེ་བྲག་གོ །ཞེས་པ་ནི་ཕྱི་ནི་ཤེས་རབ་མའི་པདྨ་ནས་འཐུང་པ་སྟེ་བསྐྱེད་པའོ། །གཏུམ་མོ་ལ་སོགས་པས་བདུད་རྩི་འཐུང་བ་ནི་རྫོགས་པའོ། །འདི་ན་མར་གསང་བའི་ཡུམ་གྱི་མཚན་ཉིད་སྟོན་ཏེ། ཤེས་རབ་བརྒྱད་གཉིས་ལོ་དང་ལྡན། །བུ་མོ་ལོ་གྲངས་བཅུ་དྲུག་པ་དང༌། མེད་ན་ཉི་ཤུ་པའོ། །སྤྱན་རིངས་ཞེས་པ་མིག་འཁྱུག་པ་སྨིན་མའི་བར་མ་ཆད་པར་གནས་པ་གནག་ལ་འཚེར་བའོ། །ལོངས་སྤྱོད་མཁས་པ་ཞེས་པ་ནི་སྦྱོར་ཐབས་དྲུག་ཅུ་ལ་སོགས་པའི་ལས་དང༌། དབང་གི་རིམ་པ་ལ་མཁས་པའོ། །ཡན་ལག་ཙནྡན་སར་པའི་དྲི། །ཞེས་པ་ནི་ལུས་དང་ཡན་ལག་ཀུན་ལས་ཤིན་ཏུ་ཞིམ་པའི་དྲི་མནམ་པའོ། །ཤིན་ཏུ་འཇམ་པའི་ཁུ་བས་ཚིམ། །ཞེས་གསུངས་ཏེ། ཡེ་ཤེས་ཀྱི་རྒྱུ་བདེ་ཞིང་ཚིམ་སྟེ། སི་ལ་ག་ཕུར་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འཇམ་པ་དང་ལྡན་པའོ། །གཟུགས་བཟང་སྔོ་ལ་སྐལ་ལྡན་པ། །ཞེས་པ་ནི་ལུས་སྦོམ་པ་མིན་པ། ཕྲ་ཡང་མི་ཕྲ། ཁ་དོག་སྔོ་ལྗང༌། སྣོད་བཟང་བ། ཤེས་རབ་ཆེ་བའོ། །ནུ་མ་ཞེས་པ་ལ་སོགས་པ་ནི་ནུ་མ་འབུར་བ། རྐེད་དབུས་ཕྲ་བ། དད་པ་ལ་སོགས་པའི་ཡོན་ཏན་ཚད་མེད་པ་དེ་འབད་ལ་སློབ་བུས་བཙལ་ཏེ་གསང་བའི་དབང་པའི་དོན་དུ་རིགས་དང་ལྡན་པ་ཕུལ་བ། བླ་མ་ལ་ཞུ་བའི་ཚིགས་བཅད་ལ་སོགས་པས་གསང་དབང་ཐོབ་པར་བྱའོ། །དབང་གི་མན་ངག་གསུམ་དུ་དབྱེ། །ནང་གི་ཡི་ནི་བརྡ་བྱེད་པ། །བཞི་པ་འབྲས་བུའི་ངོ་བོར་གྲགས། །གསུམ་དང་བྲལ་བ་གསུམ་བདག་ཉིད། །ཅེས་བ་ནི་བུམ་པ་དང༌། གསང་བ་དང༌།


DTG008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཡེ་ཤེས་དབྱེ་བ་བྱས་ནས་ཁ་ཁྭ་མུ་ཁ་དང་བོ་ལར་སྦྱོར་བ་ལ་སོགས་པའི་ཡེ་ཤེས་འཁོར་ལོ་རྣམས་ལ་རིམ་གྱིས་བབས་པ་དང་དེ་ཡང་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་གར་བབས་པའི་བསྐྱེད་པའི་རིམ་པ་དོན་དངོས་སོ། །རྫོགས་པ་དགའ་བ་དང་མཆོག་གི་དགའ་བ་དང་ཆད་པའི་དགའ་བ་ལ་སོགས་པ་དང་དབང་གསུམ་རིམ་པར་སྦྱར་བ་ལས་བཞི་པ་འབྱུང་བ་ནི་འབྲས་བུའོ། །དེ་ཡང༌། གསུམ་པོ་ལ་སོགས་ན་ཡང་མེད། །གསུམ་པོ་རང་ཡང་མ་ཡིན་ཏེ། །མར་མེའི་དཀྱིལ་འཁོར་འོད་བཞིན་ནོ། །དགའ་བ་ལ་སོགས་བྱེ་བྲག་ཏུ། །རྡོ་རྗེ་གཞོན་ནུ་མས་གསལ་བྱེད། །ཅེས་པ་ནི་དགའ་བ་དང་མཆོག་དགའ་བ་ལ་སོགས་པའི་ཡང་དག་པའི་ཡེ་ཤེས་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་གསལ་བར་འབྱུང་སྟེ། དེ་ཡང་ཤེས་རབ་མཚན་དང་ལྡན་པ་ལས་སྐྱེའོ། །དེ་ཡང་རྒྱུད་གསུམ་ཞེས་པ་ལ་སོགས་པ་བསྟན་ཏོ། །དབང་བསྐུར་གྱིས་ཞེས་པ་ལ་སོགས་པ་ནི་དབང་གི་ཡོན་ཏན་བསྟན་ཏོ། །གཅིག་ནས་གཅིག་གི་རིམ་པས་འབྱུང༌། །ཞེས་པ་ནི་སྔ་མ་ནི་རྒྱུ། །ཕྱི་མ་ནི་རིམ་པས་འབྲས་བུའོ། །བླ་མ་རབ་ཀྱི་ཞལ་ནས་བླང༌། །ཞེས་སྨོས་སོ། །དེ་ཡང་དབང་ཐམས་ཅད་ཐོབ་པ། །རྒྱུད་དང་མན་ངག་དང་དབང་ལ་སོགས་པ་ལ་མཁས་པ་གྲུབ་པ་ཐོབ་པ་དང་ལྡན་པའོ། །དེ་ནི་མནར་མེད་པར་ནི་འགྲོ་།ཞེས་པ་ནི་བླ་མ་མཉེས་པར་མ་བྱས་ན་དེའི་སྐྱོན་གྱིས་དམྱལ་བར་འགྲོའོ་ཞེས་སྐྱོན་བསྟན་པའོ། །དེ་བས་ན་སྐྱོན་སྤོངས་ལ་བླ་མ་ལ་འབད་པས་མཆོད་པ་དང་ཡོན་ལ་སོགས་པས་དགྱེས་པར་བྱའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་གསུམ་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བཞི་པའི་དཀའ་བ་བཀྲལ་བ།


DTG008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས་སྣོད་དུ་རུང་བར་བྱས་ནས་བསྒོམ་པའི་རིམ་པ་སྟོན་ཏོ། །དེ་ནས་གཞན་ཡང་བཤད་ཉོན་ཅིག། ཅེས་པ་ནི་དབང་བཤད་མ་ཐག་ཏུ་གནས་ཀྱི་དོན་བསྟན་པའོ། །ཀ་བ་གཅིག་དང་སྒོ་དགུར་ལྡན། །ཞེས་པ་ནི་སྲོག་གི་དབྱུག་པས་ཀ་བ་བྱས་པའི་སྒོ་དགུ་དབང་བའོ། །རྡོ་རྗེའི་རྩིག་པ་ནི་བ་སྤྲུའི་ངོ་བོ་རྩ་རེ་རེ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དེས་ལུས་ཀུན་རྩའི་དྲ་


DTG008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཁྱབ་པ་སྟེ། རྩ་ཐམས་ཅད་བདེ་བའི་རང་བཞིན་གྱིས་སངས་རྒྱས་པ་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ནོ། །ཡེ་ཤེས་དེ་རྣམས་དབྱེར་མི་ཕྱེད་པའི་རང་བཞིན་རྡོ་རྗེའི། །དེ་བས་ན་རྡོ་རྗེའི་རྩིག་པས་བརྒྱན་པའོ། །རྡོ་རྗེའི་ཐིག་ནི་རྩའི་དབྱེ་བས་ཕྱེ་བའོ། །བླ་རེ་ནི་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་སྟེ། དེས་ནི་ཁྱབ་པ་ཀུན་དུ་ཡོངས་སུ་བསྐོར་བ་ཡིན་ཞེས་སྨོས་སོ། །རླུང་ལ་སོགས་པའི་རིམ་པས་དབྱེ། །འབྱུང་བ་བཞི་དང་ལྡན་པ་ཡིན། །ཞེས་པ་ནི་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཞེས་བྱ་བ་ལ་སོགས་པས་གསང་བའི་གནས་དང། ལྟེ་བ་དང༌། སྤྲུལ་པ་དང༌། སྙིང་ག་དང་རིམ་པས་བསམ། །ཡང་ན་རླུང་གིས་མེ་སྦར་བ་ལས་རྩ་ཐམས་ཅད་ཁ་བྱེ་བ་ལས་བདེ་བ་ཆེན་པོའི་རང་བཞིན་འཁོར་ལོ་བཞི་ལ་ཁྱད་པར་ལྡན་ཞིང་འབྱུང་ངོ༌། །ནམ་མཁའ་ཐམས་ཅད་མཐའ་ཀུན་དུ། །ཐམས་ཅད་བདག་གཉིད་རྟག་ཏུ་བཞུགས། །ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ནམ་མཁའ་ཞེས་ཏེ་འཁོར་ལོ་གཞན་དང༌། མཐའ་མའི་རྩ་ཡམ་ཆད་ཁྱབ་ནས་རང་བཞིན་དགའ་བའི་བདག་ཉིད་དུ་ལུས་ཐམས་ཅད་བཞུགས་སོ། །ཡང་ན་ནམ་མཁའ་ནི་ཆོས་ཀྱི་འབྱུང་གནས་ཏེ། ཤིན་ཏུ་རྒྱ་ཆེ་བ་དེའི་ནང་ན་དབང་ཆེན་ལས་བསྐྱེད་པའི་གཞལ་ཡས་ཁང་ལ་སོགས་པའི་ཕྱིར་རོལ་དུ་བསྟན་པ་བཞིན་ནོ། །འདིའི་དོན་ནི་འདི་ཡིན་ནོ། །དཀྱིལ་འཁོར་སྐུ་རུ་བསྟན་པ་དང༌། དེ་བཞིན་གསུང་དུ་བསྟན་པ་དང༌། ཐུགས་སུ་བྱང་ཆུབ་སེམས་བཤད་དོ། །ཞེས་པས་ཕྱེ་ནང་གསང་བ་གསུམ་ཤེས་པར་བྱའོ། །ཡང་ན་གསང་བ་འདི་ལེའུ་བཅུ་པར་བལྟའོ། །བསྲུང་བའི་འཁོར་ལོ་འཁོར་བ་བཞིན། །ཞེས་པ་ནི་འདི་ནི་གཞན་གོ་སླ་བས་མ་བཤད་དོ། །དེ་ཁོ་ན་ཉིད་བསྡུས་པས་བསྟན་ཏེ། རྣལ་འབྱོར་ཆེན་པོའི་དུས་སུ་ནི། །སངས་རྒྱས་རིན་ཆེན་སྣོད་རྙེད་ནས། །བྱང་ཆུབ་ཀྱི་སེམས་ཉི་མ་བསྲུངས་ནས་སླར་འཁོར་ལོའི་ལྟེ་བའི་དཀྱིལ་འཁོར་དུ་གནས་པ་དེ་ནི་ཕྱིའི་རྟོགས་པ་རྒྱུ་རུ་མི་སྟེར་བར་ནང་གི་རེག་བྱ་ཤིན་ཏུ་འཇམ་པ་ཆུའི་ཟླ་བས་ཀུན་རྫོབ་ཏུ་སྣང་བ་ལྟ་བུ་དེ་དང་དབྱེར་མི་ཕྱེད་པ་བཞིན་སྣང་བ་ནི་ཡེ་ཤེས་ཆེན་པོ་ཞེས་མན་ངག་གོ །རྩིབས་བཅུ་པ་


DTG008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསེར་གྱི་མདོག །ཅེས་པ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །འདིར་ནི་འཁོར་ལོའི་ལྟེ་བ་གྲུ་གསུམ་གྱི་བྱད་གཟུགས་རི་བོང་ཅན་ཆོས་ཀྱི་འབྱུང་གནས་ཞེས་པའོ། །རྩིབས་བཅུ་པ་ལ་གསེར་གྱི་མདོག་སྟེ་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཅུ་དང་ལྡན་པའི་དབུས་ཀྱི་ལྟེ་བ་ལ། དར་མོ་ཏ་ཡ་ཁ་དོག་དཀར་མོ་བྱང་ཆུབ་སེམས་ཀྱི་ངོ་བོ་འདི་གཟུང་འཛིན་ལ་སོགས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་ཏེ། སྔར་བཤད་པ་བཞིན་རིམ་པས་དབྱེའོ། །དེའི་དབུས་སུ་ཞེས་པ་ནི་འཁོར་ལོའི་ལྟེ་བར་བྱའོ། །སྔར་བསྟན་པའི་ཞེས་པ་ནི་རླུང་ལ་སོགས་པའི་ཞེས་པར་བསྟན་པ་བཞིན་ནོ། །འབྱུང་བ་བའི་ནི་རླུང་དང་མེ་དང་ཆུ་དང་སའི་བཞི་སྟེ། ཆོས་ཐམས་ཅད་འདི་ལས་འབྱུང་བའོ། །ཇི་ལྟ་བུའི་རིམ་པས་ནི་ཡཾ་རཾ་བཾ་ལཾ་ལས་རླུང་ལ་སོགས་པ་བཞི་དེ་རྣམས་ཀྱི་སྟེང་དུ་བྷྲཱུཾ་ལས་འཁོར་ལོའོ། །ཐམས་ཅད་འོད་དུ་ཞུ་པ་ལས་རྣམ་པར་སྣང་མཛད་དོ། །རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་ཞེས་ཕ་ནི་འོད་དུ་ཞུ་ནས་ཕོ་བྲང་གྲུབ་བོ། །དུར་ཁྲོད་བརྒྱད་དང་ལྡན་པ་ཡི། །ཞེས་པ་ནི་དེ་ཡང་ཡི་དགས་དང་ལྡན་པའི་གནས་མི་བཟད་པ་ཞེས་བྱ་བའི་དུར་ཁྲོད་དང༌། མི་སྡུག་པ་དང་ཞེས་པས་སྟོན་ཏོ། །དེ་རྣམས་ལྡན་པའི་བཞུགས་གནས་སོ། །གཞལ་ཡས་ཞེས་པ་ནི་དཔག་པ་དང་གཞལ་པ་དང་ཚད་དང་བྲལ་བ་སྟེ། རྡོ་རྗེ་འཛིན་པའི་བཞུགས་གནས་ལ་དོག་པ་ལ་སོགས་པའི་དངོས་པོ་སྤངས་པས་ན་ཁང་པ་ཡངས་པ་ཆེན་པོའོ། །འཕར་མ་གཉིས་ནི་ཕྱི་ནང་ཕྱེ་བའོ། །ཉི་མའི་གདན་དུ་ཞེས་པ་ནི་ཉི་མའི་སྟེང་དུ་བདུད་ཕོ་མོའོ། །སྣ་ཚོགས་པ་ཞེས་པ་ནི་གོ་བར་སླའོ། །འདབ་མ་བརྒྱད་ཀྱི་ལྟེ་བར་ཞེས་པ་ནི་བཞི་པ་སྤངས་པའི་དབུས་སུ་ཉི་མ་ལ་སོགས་པ་སྔར་བཞིན་ནོ། །ཚུལ་དང་ཐིགས་པའི་རང་ངོ་བོའོ། །ཞེས་པ་ནི་བཀའི་དངོས་པོ་ཐིགས་པ་ཨ་ཁོང་ན་གནས་པའི་ཚུལ་ལོ། །དེ་གཉིས་ལས་ཨཱ་ལི་ཀཱ་ལིའོ། །ཨཱ་ལི་ནི་ཨ་ཨཱ་ཞེས་པ་ནས་ཨཾ་ཨཿ་ཞེས་པའི་བར་རོ། །ཀཱ་ལི་ནི་ཀ་ཁ་ཞེས་པ་ནས་ཧ་ཀྵཿ་ཞེས་པའི་བར་རོ། །དེ་ཡང་དམ་ཚིག་གི་ཨཱ་ལི་དང༌། ཡེ་ཤེས་ཀྱི་ཨཱ་ལིའོ། །ཀཱ་ལི་ལ་ཡང་དེ་ལྟར་དེ་བཞིན་ནོ། །གཉེས་ལས་བྱུང་བ་ནི་ཞེས་པ་


DTG008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཟླ་བ་དང་ཉི་མ་སྟེ། དེ་གཉིས་ལས་བྱུང་བའོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་མཾ་ཧཱུཾ་གཉིས་ལ་རྡོ་རྗེ་དང་གྲི་གུག་ས་བོན་དང་ལྡན་པ་འདི་རྣམས་ཐམས་ཅད་ལས་ཐབས་དང་ཤེས་རབ་ཀྱི་སྐུར་བཞེངས་པ་ལ་དཔལ་ཡེ་ཤེས་ཐིག་ལེ་ཞེས་བྱའོ། །ཕྱག་རྒྱ་ཆེན་པོས་འཁྱུད་ཅིང་ཞེས་པ་ནི་ཐབས་དང་ཤེས་རབ་ལ་བརྟེན་ཞེས་པ་སྟེ། དབྱེ་བས་ཕྱེ་ན་གོ་སླའོ། །ད་ནི་ཁ་དོག་དང་དབྱིབས་ལ་སོགས་པ་སྟོན་ཏེ། །ཞལ་བརྒྱད་ཕྱག་བརྒྱད་གཡས་བརྐྱང་བ། །ཞེས་པ་ནི་རྣམ་པར་ཐར་པ་བརྒྱད་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྟེ། ལེའུ་བཅུ་པར་སྦྱར་རོ། །ཞལ་བཞི་ནི་ཞེས་པ་ནི་བརྒྱད་ཀྱི་ཕྱེད་རྩ་བ་ནས་དྲངས་པའོ། །གནག་ཅེས་པ་ནི་སྐུ་དང་མཐུན་པ་དབུས་སུ་བསམ་མོ། །སེར་པོ་ནི་གཡས་དམར་པོ་གཡོན་དང་རྒྱབ་མ་ལྗང་གུའོ། །གཞན་པ་བཞི་སྔོན་པོའི་པདྨ་ལྟ་བུའོ་ཞེས་པ་ནི་སྔར་གྱི་མ་གཏོགས་པ་བཞི་ནི་ཨུཏྤལ་སྔོན་པོ་དང་འདྲའོ། །རྡོ་རྗེ་ལ་སོགས་པ་ནི་ཕྱག་བརྒྱད་ན་གཡས་དང་གཡོན་ནའོ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་སྤྱི་བོར་བརྒྱན་པའོ། །ཟླ་བ་ཞེས་པ་ལ་སོགས་པ་གོ་སླའོ། །ཕྱག་རྒྱ་དྲུག་གིས་སྐུ་བཅིངས་པ་ནི་འཁོར་ལོ་ལ་སོགས་པ་སྟེ། རིགས་དྲུག་གི་ངོ་བོ་ཡིན་ནོ། །གཞན་ཡང་དེ་ལྟར་ཤེས་པར་བྱའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཞི་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་ལྔ་པའི་དཀའ་བ་བཀྲལ་བ།


DTG008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྔགས་མཆོག་བཤད་བྱ་བ། །ཞེས་པ་ནི་སྐབས་འདིར་སྙིང་པོ་ཕྱེ་ལ་བཤད་པའོ། །སྒྲུབ་པ་པོ་ནི་གང་གིས་འགྲུབ། །ཅེས་པ་ལ་སོགས་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལ་སོགས་པ་བཤད་པར་བྱའོ། །སྒྲུབ་པ་པོ་ཞེས་པ་ནི་རྣལ་འབྱོར་པའོ། །གང་གིས་ནི་ཐབས་པར་ཅན་ནོ། །འགྲུབ་ཅེས་པ་ནི་སྔགས་དེས་འགྲུབ་པ་སྟེ། མཆོག་གི་དངོས་གྲུབ་ལ་སོགས་པའོ། །དེ་ཡང་སྔགས་ནི་མནྟྲ་ཞེས་སོ། །མན་ནི་སྟོང་པ་མཚན་མ་བྲལ། །ཁ་དོག་སོགས་བྲལ་ཆོས་ཉིད་བདག །རྡོ་རྗེ་འཛིན་པའི་དབུགས་འབྱུང་བ། །ཤེས་རབ་ཅེས་སུ་བཤད་པ་ཡིན། །ཏྲ་ནི་ཡེ་ཤེས་བདེ་བ་སྟེ། །ཚན་དང་དཔེ་བྱད་གཟུགས་སྐུར་གནས། །དེ་བཞིན་གཤེགས་པར་


DTG008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་འབྱུང་སྟེ། སྙིང་རྗེ་ཆེན་པོར་བདག་གིས་བཤད། །སྙིང་རྗེ་ཤེས་རབ་གཉིས་པོ་འདི། །གང་དུ་གཅིག་ཏུ་གནས་པ་ཡིས། །དངོས་པོ་མེད་པའི་དངོས་པོའི་ཚུལ། །དེ་ནི་སྔགས་སུ་བསྟན་པའོ། །དེ་ལྟ་བུ་ཡི་ཕྱག་རྒྱ་ཆེ། །ཤེས་ནས་བདག་ཉིད་མིང་མཆོག་པ། །མིང་ཡང་མ་ཡིན་མཚོན་པ་མིང༌། །སུས་རྟོགས་སྔགས་ཀྱི་དངོས་གྲུབ་པོ། །ཞེས་པ་ནི་ཤེས་རབ་དང་སྙིང་རྗེར་བཤད་དོ། །སྔགས་ཀྱི་ངེས་ཚིག་ལ་སོགས་པ་གཞན་མི་བསྟན་པ་ཅི། །གཞན་འདིར་མ་བསྟན་ཏེ་དེ་ཡང་དབང་གི་ཡོན་ཏན་གྱི་རིམ་པར་བལྟའོ། །པདྨ་འདབ་མ་བརྒྱད་པ་བྱ། །ཞེས་པ་ནི་འདབ་མ་དང་ལྟེ་བར་བཅས་པ་བྲིའོ། །རྡོ་རྗེ་ནི་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ་སྒོམ་མོ། །ཕུར་བུ་བཅུ་ནི་དྲངས་སོ། །ཁྲོ་བོའི་སྔགས་ནི་མཁས་པས་གདབ། །ཅེས་པ་ནི་རྡོ་རྗེ་གཞོན་ནུ་ཁྲོ་བོར་བསམས་ལ་ཨོཾ་བཛྲ་ཀཱི་ལི་ལ་སོགས་པ་རྣལ་འབྱོར་བས་ཕྱོགས་དང་མཚམས་བྱེ་བྲག་ཏུ་གདབ་བོ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་སྨོས་ཏེ། ཨཱ་ལི་ནི་ཤེས་རབ་ཀྱི་ཡི་གེ་བཅུ་དྲུག་གོ །ཀཱ་ལི་ནི་ཀཱ་ལ་སོགས་པ་ཐབས་ཀྱི་ཡི་གེ་སུམ་ཅུ་གསུམ་མོ། །མཉམ་བྱས་ནི་ཨཱ་ལི་བཅུ་དྲུག་པོ་དང༌། ཀཱ་ལི། སུམ་ཅུ་རྩ་གསུམ་པ་གཉིས་ལྡན་པའོ། །དེས་རྒྱུ་བསྟན་ཏོ། །འདབ་མ་ཀུན་གྱི་རིམ་པས་དགོད། །ཅེས་པ་ནི་རྟེན་དང་རྟེན་ཅན་བསྟན་ཏོ། །ཡང་ན་སྙིང་པོའོ་སྔགས་ཏེ། འདི་སྐད་བཤད་དེ། ཕུར་བུ་ནི་བཅུ་སྟེ། མིག་གི་དབང་པོའི་སྐྱེ་མཆེད་གཏི་མུག་མཁའ་འགྲོ་ལ་སོགས་པ་དོན་འདི་བླ་མ་རྗེ་བཙུན་རིམ་པས་བཤད་པར་འགྱུར་རོ། །ཨཱ་ལི་ནི་ལོངས་སྤྱོད་ཀྱི་བཅུ་དྲུག་གོ །ཀཱ་ལི་ནི་བདེ་བ་ཆེན་པོའི་རྩ་སུམ་ཅུ་རྩ་གཉིས་དང་སྲོག་གི་དབྱུག་པའོ། །མཉམ་བྱས་ནས་ཞེས་པ་ནི་དེ་རྣམས་ཐམས་ཅད་ལ་བྱང་ཆུབ་སེམས་དང་ལྡན་པའོ། །འདབ་མ་ཀུན་གྱི་རིམ་པས་དགོད། །ཅེས་པ་ནི་ཐམས་ཅད་ལ་ཚང་བར་དགོད་དོ། །དེ་ལ་སྙིང་པོ་ལ་སོགས་པའི་སྔགས་རིམ་པ་བཞིན་བཏུས་པས་ཡབ་ཀྱི་སྙིང་པོ་ཐབས་ཀྱི་རྩ་ནས་སྙིང་པོ་བགྲང་ངོ༌། །ཡུམ་གྱི་སྙིང་པོ་ཤེས་རབ་ཀྱི་རྩ་ནས་སྙིང་པོ་བགྲང་བ་ལ་


DTG008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་སོ། །ཡང་ན་ཀཱ་ལི་ནི་ཟུར་གསུམ་ལ་སོགས་ནས་ཏིལ་གྱི་མེ་ཏོག་རྒྱས་པར་བར་དུ་ཚེས་བཅུ་དྲུག་འཕོ་བ་དེ་སླར་སྟེང་དུ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །ཨཱ་ལི་ནི་སུམ་ཅུ་གཉིས་ལས་བྱུང་བའི་བདེ་བ་བཅུ་དྲུག་གོ །མཉམ་བྱས་ནས་ཞེས་པ་ནི་ཁུ་བ་དང་བདེ་བ་མཉམ་པས་དགའ་བ་བཅུ་དྲུག་གི་བདག་ཉིད་དོ། །དེ་ནི་ཐབས་ཀྱི་སྙིང་པོའོ། །ཤེས་རབ་ཀྱི་རང་གིས་ཤེས་པར་བྱའོ། །ཡང་ན་དགའ་བ་བཅུ་དྲུག་ལ་རང་བཞིན་བཅུ་དྲུག་རྫོགས་པ་ནི་ཤེས་རབ་ཀྱིའོ། །འདབ་མ་ཀུན་གྱི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཡང་ན་ཨཱ་ལི་ནི་ཤེས་རབ་ཀྱི་པདྨ་འདབ་མ་བརྒྱད་པ་ཀུན་རྫོབ་ཟླ་བའི་དངོས་པོ་ཐིགས་པ་བརྒྱད་ལ་དོན་དམ་པའི་རང་བཞིན་བརྒྱད་རྫོགས་པའོ། །ཀཱ་ལི་ཐབས་ཀྱི་ལ་དེ་བཞིན་དགོད་པའོ། །མཉམ་བྱས་ནས་ཞེས་པ་ནི་ལྟེ་བའི་དཀྱིལ་དུ་མཉམ་པ་སྟེ། དེ་ནི་ནམ་མཁའ་སྟོང་པའི་ངོ་བོའོ། །འདབ་མ་ཀུན་གྱི་རིམ་པས་དགོད། །ཅེས་པ་ནི་རང་བཞིན་དགའ་བས་ཐམས་ཅད་ཀུན་ལ་ཁྱབ་པ་མེད་པའོ། །དེ་ཡང་ཚིག་དང་བྲལ། ཡི་གེ་མེད་པ། བལྟར་མེད་པ། དཔྱད་པས་རྙེད་པ་མ་ཡིན་པ། ཐོག་མ་དང༌། མཐའ་མ་དང་བྲལ་བ། མཐའ་མེད་པ། རྨད་དུ་བྱུང་བ་དེ་ནི་རང་བཞིན་གྱི་ཡེ་ཤེས་དེ་ཁོ་ན་ཉིད་ཅེས་བྱའོ། །དེས་ནི་སྔགས་བསྟན་ཏོ། །ཨཱ་ལི་ཡེ་ཤེས་འདབ་མར་གཅིག །ཅེས་པ་ནི་བཅུ་དྲུག་པ་ཀུན་འདབ་མ་གཅིག་ལ་དགོད་དོ། །ཀཱ་ལི་འདབ་མ་བདུན་དུ་ནི། །ཞེས་པ་ནི་བདུན་པའོ། །འདབ་མ་རེ་རེ་ཡི་གེ་ལྔ། །ཞེས་པ་ནི་བདུན་གྱི་གཉིས་མ་གཏོགས་པ་ལྔ་གདབ་བོ། །ལྔ་པའི་བར་དུ་ལྔ་ལྔ་པའོ། །ཞེས་བྱ་བ་ནི་འདབ་མ་རེ་རེ་ལྔ་ལྔ་སྟེ། ཀ་ཁ་ག་གྷ་ང་དེ་ནི་གཅིག་ལའོ། །རྩ་ལ་སོགས་པ་ལ་དེ་བཞིན་ནོ། །འདབ་མ་གཉིས་སུ་བཞི་གཉིས་ཏེ། གཅིག་ལ་ཡ་ར་ལ་ཝ་བཞིའོ། །གཉིས་པ་ལ་ཤ་ཥ་ས་ཧ་སྟེ་བཞིའོ། །ཀྵའི་ཡིག་འབྲུ་སྟེ་ནང་ངོ༌། །ཞེས་པ་ནི་འདབ་མ་བརྒྱད་པའི་ནང་དུ་ཀྵ་རྡོ་རྗེ་སེམས་དཔའི་རང་བཞིན་བསམ་མོ། །དབྱངས་ཡིག་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་ཞེས་སོ། །གསལ་ཡིག་ནི་ཀ་ཁ་ག་གྷ་ང༌། ཙ་ཚ་


DTG008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧའོ། །དེ་གཉིས་ལ་ཨཱ་ལི་ལཱིའི་འདུ་ཤེས་ཡིན་ཞེས་པས་བྱེ་བྲག་ཀྱང་བསྟན་ཏོ། །གཉིས་ཀྱི་ཡི་གེ་འདབ་མ་ཡིས། །ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་ཡི་གེའོ། །སྔགས་ཀྱི་རྒྱལ་པོ་དེ་ཉིད་དྲང༌། །ཞེས་པ་ནི་ཡབ་ཀྱི་སྙིང་པོ་དང༌། ཉེ་བའི་སྙིང་པོ་དང༌། ཡུམ་གྱི་སྙིང་པོ་དང༌། ཉེ་བའི་སྙིང་པོའོ། །དང་པོ་གཟུགས་ཀྱི་རྒྱལ་པོ་དབང༌། །ཞེས་པ་ནི་དང་པོ་ཁོ་ན་རྣམ་པར་སྣང་མཛད་ཀྱི་ས་བོན་ཡི་གེ་ཨོཾ་མོ། །དེ་ནས་འདབ་མ་གཉིས་ཀྱི་དང་པོར་ཞེས་པ་ནི་དེ་མ་ཐག་གཉིས་ཀྱི་དང་པོ་ཤའོ། །བཞི་པའི་དབྱངས་ཡིག་ནི་ཨཱི་དང་བཅས་པ་ནི་ཤ་དང་ཨི་རུ་ལྡན་པ། འོག་ཏུ་ནི་ཤིའི་འོག་ཏུའོ། །རེ་ཕ་ནི་རའི་མིང་གི་རྣམ་གྲངས་སོ། །དེས་བརྒྱན་ཏེ། དེ་རྣམས་ཀྱིས་ཤྲི་རི་གྲུབ་བོ། །ཉི་ཤུ་རྩ་ལྔ་ཡོད་པ་ཡི། །ཞེས་པས་མ་བསྟན་ཏོ། །འདབ་མ་གཉིས་པའི་བཞི་པའོ། །ཞེས་པ་ནི་བཞི་པ་ཧའོ། །དབྱངས་ཡིག་གཉིས་པ་དང་ལྡན་པ། །ཞེས་པ་ནི་ཨཱ་སྟེ། ཧ་དང་ཨཱ་དང་ལྡན་པས་ཧཱ་ཞེས་སོ། །འཁོར་བའི་ངན་འགྲོ་དག་བྱེད་པ། །ཞེས་པ་ནི་དཔལ་ཆེན་པོས་བདུད་ལ་སོགས་པ་ཐམས་ཅད་བསྒྲལ་ནས་ཡེ་ཤེས་ཀྱི་བདག་ཉིད་དུ་བྱེད་དོ། །འདབ་གཉིས་དང་པོ་བཞི་པ་ཡིས། །ཞེས་པ་ནི་སྐབས་འདི་ན་མར་མན་ངག་གིས་བསྟན་ཏེ། དང་པོའི་བཞི་པ་ནི་བའོ། །དེ་ནས་གསལ་བྱེད་པའི་བརྒྱད་ནི་ཛའོ། །འདབ་གཉིས་དང་པོའི་གཉིས་པ་ཡིས། །ཞེས་པ་ནི་རའོ། །ལྡན་པ་ཐམས་ཅད་རིམ་འཕྲོག་བྱེད། །ཅེས་པ་ནི་ཛར་ལྡན་ནས་གནས་པ་ལ་བཛྲ་ཞེས་སོ། །རྡོ་རྗེས་ཐམས་ཅད་གཅོད་པ་དང༌། འབིགས་པ་ལ་སོགས་པ་བྱེད་དོ། །གསལ་བྱེད་པ་གསུམ་པ་སྟེ་ནི་གའོ། །བཅུ་པས་ཡང་དག་ལྡན་པའོ། །ཞེས་པ་ནི་ལེ་སྟེ་ག་རུ་ལྡན་པའོ། །དབྱངས་ཀྱི་ཡི་གེ་ཞེས་པ་ལ་སོགས་པ་ནི་བསྟན་པའོ། བཞི་པའི་ལྔ་པ་ནི་ན་ཡིན་ནོ། །དེ་ནས་དེའི་དང་པོའི་ཏའོ། །བཅུ་དྲུག་པ་ནི་གསུམ་པས་ལྡན་ནི་ཨི་སྟེ་ཏི་རུ་ལྡན་ནོ། །ཐམས་ཅད་སྔགས་ཀྱི་ཚིག་གི་གཞི་ནི་འདི་རྩ་བའམ་གཞི་ཡིན་ནོ། །དེ་ནས་ནི་དག་པ་


DTG008_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལའོ། །དེ་བཞིན་གསལ་བྱེད་དང་པོའོ། །ཞེས་པ་ནི་ཀའོ། །ཡན་ལག་གསལ་བྱེད་སུམ་ཅུ་གསུམ། །ཞེས་པ་ཧའོ། །དབྱངས་ཡིག་དྲུག་པ་ཡང་དག་ལྡན། །ཞེས་པ་ནི་ཨཱུ་སྟེ་ཧ་ལ་ཨཱུ་ལྡན་ཧཱུའོ། །དེ་ནས་ཆོས་ཐམས་ཅད་འབྱུང་བ་སྟེ། དབྱེ་བ་ནི་ཞལ་ལས་ཤེས་པར་བྱའོ། །ཟླ་ཚེས་ནི་ངའོ། །ཐིག་ལེ་ནི་གོ་སླའོ། །དེ་ནི་ཞེས་པ་ནི་དེ་རྣམས་ལས་ཧཱུཾ་གྲུབ་བོ། །ཧཱུཾ་དེ་དང་ཉེ་བར་གནས་པ་ནི་ཡང་ཧཱུཾ་སྟེ། དོན་དུ་ནི་གཉིས་གྲུབ་བོ། །སེམས་ཀྱི་དབང་ཕྱུག་ཡི་གེ་མཆོག །ཅེས་པ་ནི་བཅོམ་ལྡན་འདས་ཀྱི་བསྐྱེད་པའི་རྒྱུ་འདི་ཡི་གེ་ཐམས་ཅད་ཀྱི་མཆོག་གོ །གང་ཞིག་ལྔ་པའི་གཉིས་པ་ཞེས་པ་ནི་ཕའོ། །གསུམ་པའི་དང་པོ་ཊ་དང་ལྡན་པའི་ཕཊ་དོ། །མཐར་ནི་སྭཱ་ཧཱ་ལྡན་པའོ། །སྟེ་ཞེས་པ་ནི་དེ་ཐམས་ཅད་ཀྱི་ཞབས་སུའོ། །སྙིང་པོའི་སྔགས་ནི་ཡང་དག་མཆོག །ཅེས་པ་ནི་ཡབ་ཀྱི་སྙིང་པོའོ། །དང་པོ་རུ་ནི་གཟུགས་ཀྱི་མཆོག །ཅེས་པ་ནི་གཟུགས་ཀྱི་ས་བོན་ཨོཾ་མོ། །འདབ་གཉིས་ཀྱི་བཞི་པ་ནི་ཧའོ། །འོག་ཏུ་རེ་ཕས་ཡང་དག་ལྡན། །ཞེས་པ་ནི་རའོ། །དབྱངས་ཀྱི་ཡི་གེ་བཞི་པས་སྦྱར། །ཞེས་པ་ནི་ཨཱི་སྟེ། ཧ་དང་ར་དང་ཨཱི་དང་གསུམ་སྦྱར་བས་ཧྲཱིའོ། །རིག་པའི་རྒྱལ་པོའི་ཡི་གེ་མཆོག །ཅེས་པ་ནི་རིག་པའི་སྙིང་པོའོ། །ཐིག་ལེ་ཡིས་ནི་མགོ་བོ་མནན། །ཞེས་པ་ནི་ཧྲཱིཾ་ཞེས་པའོ། །དེ་རང་དུ་ནི་ཉེ་བར་གནས། །ཞེས་སྨོས་པས་ཡང་ཧྲཱི་བཏུའོ། །ཐམས་ཅད་ཞི་བ་ཞི་མ་མཆོག །ཅེས་པ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཐིག་ལེས་མནན་པའི་སུམ་ཅུ་གསུམ། །ཞེས་པ་ནི་ཧཾ་ངོ༌། །བཅུ་དྲུག་པའི་གཉིས་པ་ནི་ཨཱའོ། །ལྡན་པ་ནི་ཧཾ་དང་ཨཱར་ལྡན་པའི་ཧཱཾ་ངོ༌། །ཡང་ན་དེ་ཉིད་ཡི་གེ་མཆོག །ཅེས་པ་ནི་ཧཾ་ངོ༌། །ཁམས་གསུམ་མུན་ནག་འབྱེད་པར་བྱེད། །ཅེས་པ་ནི་ཡོན་ཏན་གྱིས་སོ། །ཧཱུཾ་ཕཊ་དེ་ནི་གཉིས་ཀར་སྦྱར། །ཞེས་པ་ནི་རེ་རེ་ཡང་གཉིས་གཉིས་སུ་སྦྱར་རོ། །ཐ་མར་སྭཱ་དང་ཧཱས་ལྡན་ནོ། །ཉེ་བའི་སྙིང་པོའི་སྔགས་ཞེས་བྱ། །ཞེས་པ་ནི་དེ་ཡན་ཆད་དོ། །བཅོམ་ལྡན་ཡེ་ཤེས་ཐིག་ལེའོ། །ཞེས་པ་ནི་བཅོམ་ལྡན་འདས་ཁོ་ནའོ་ཞེས་


DTG008_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དང་པོར་རྣམ་པར་སྣང་མཛད་ཅེས་པ་ནི། དག་པའི་དངོས་པོ་ཨོཾ་མོ། །ཉི་ཤུ་རྩ་དགུ་དེ་རྣམས་སོ། །ཞེས་པ་ཝའོ། །གསལ་བྱེད་པ་ཡི་བརྒྱད་པའི་ཡིག །ཅེས་བྱ་བ་ནི་ཡི་གེ་ཛའོ། །ཉི་ཤུ་རྩ་བདུན་པས་ནི་ཞེས་པ་ནི་རའོ། །ཛ་དང་ར་དང་ལྡན་པས་བཛྲའོ། །ཉི་ཤུ་རྩ་ལྔ་པའི་གཞན་ཞེས་པས་མའོ། །དབྱངས་ཀྱི་ཡི་གེ་བདུན་ནི་རྀའོ། །མ་དང་ལྡན་པས་མྲྀའོ། །བཞི་པ་ལས་ནི་གསུམ་པའོ། །ཞེས་པས་ནི་ད་སྟོན་ཏོ། །དེ་ནང་ཉེ་བ་རླུང་ཡིན་ནོ། །ཞེས་པས་ནི་རླུང་གི་ས་བོན་ཡའོ། །དབྱངས་ཡིག་བཅུ་གཅིག་ནི་ཨེ་སྟེ་ཡའོ། ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་མའོ། །ཧ་ནི་རྟོགས་པར་སླའོ། །ལྔ་པ་ཡི་ནི་གསུམ་པ་དང༌། །ཞེས་པས་བ་བསྟན་ཏོ། །ཉི་ཤུ་རྩ་བརྒྱད་དེ་ནས་སོ། །ཞེས་པས་ལ་བསྟན་ནོ། །ལྔ་པ་ཡི་ནི་དང་པོ་དང༌། །ཞེས་པས་ནི་པའོ། །ཉི་ཤུ་རྩ་བདུན་དེ་ནས་སོ། །ཞེས་པ་ནིར་སྟོན་ནོ། །དབྱངས་ཡིག་གཉིས་པས་ཞེས་པ་ནི་ཨཱའོ། །ལྡན་པས་བྱ་བས་རཱ་ཞེས་བཤད་དོ། །གསལ་བྱེད་ཀྱི་ནི་དང་པོ་ཞེས་པ་ནི་ཀ་བཏུའོ། །སུམ་ཅུ་རྩ་གཅིག་པ་ནི་ཥའོ། །ལྡན་པ་ནི་དེ་གཉིས་ཀྵ་རུ་ལྡན་ནོ། །ཉི་ཤུ་རྩ་ལྔ་དག་པ་ཞེས་པ་ནི་མའོ། །དབྱངས་ཡིག་གཉིས་པ་ཞེས་པ་ནི་ཨཱའོ། །འདཾ་གཉིས་མཱའི་དངོས་པོ་ལ་ལྡན་ཞེས་བྱའོ། །ཉི་ཤུ་དྲུག་གི་ཡི་གེ་མཆོག །ཅེས་པ་ནི་ཡའོ། །དབྱངས་ཀྱི་ཡི་གེ་བཅུ་གཅིག་ཅེས་པ་ནི་ཡི་གེ་ཨེ་སྟེ། ཡེ་རུ་ལྡན་པའི་སྭཱ་ཧཱ་ཞེས་པ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །དང་པོ་ཡི་གེ་ཕྲ་ནན་པ། །ཞེས་པས་ཨོཾ་མཚོན་པའོ། །འདབ་གཉིས་པའི་གསུམ་ཕྲི་ཞེས་བསྟན་པས་སོ། །ཡའི་སྡེ་ཚན་གཉིས་པ་ནི་ར་ཞེས་སྨོས་སོ། །ཉི་ཤུ་རྩ་དགུ་དེ་ནས་སོ། །ཞེས་པ་ནི་ཝ་རུ་བཤད་དོ། །དབྱངས་ཀྱི་ཡི་གེ་གསུམ་པ་ཡིས། །ཞེས་པ་ནི་གུ་གུ་སྟེ་ཝཾ་ཞེས་སྨོས་སོ། །དྲུག་ཅུ་རྩ་བཞི་ཕྱེད་དག་པ། །ཞེས་པ་ནི་སུམ་ཅུ་གཉིས་སོ། །དེ་སས་བསྟན་ཏོ། །རའི་ཡིག་འབྲུ་ནི་རའོ། །ཐ་མར་སྭཱ་ཧཱ་དང་ལྡན་པ་ནི་ཀུན་གྱི་མཐར་སྦྱར་རོ། །ཧཱུཾ་ཧཱུཾ་ཕཊ་ནི་སྤེལ་བ་ཡིན། །ཞེས་པ་ནི་བར་དུ་བཞུགས་པའོ། །ཉེ་བའི་སྙིང་པོའི་


DTG008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཡིན་ནོ། །ཞེས་པ་ནི་བཅོམ་ལྡན་མོ་ཕྱག་རྒྱ་ཆེན་པོའི་ཉེ་བའི་སྙིང་པོའོ། །བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེའི་ཕྲེང་བའི་སྔགས་ཀྱི་བསྙེན་པ་འབུམ་བྱས་ནས་ལས་ལ་སྦྱར་བར་བྱའོ། །བཅོམ་ལྡན་མོའི་ཡང་ལས་ལ་སྦྱར་བ་ལ་སོགས་པ་སྔ་མ་བཞིན་ནོ། །འཁོར་རྣམས་ཀྱི་ནི་ནམ་མཁའ་དྲི་མེད་དང༌། ཟླ་བའི་སྙིང་པོ་ནི་ཨོཾ་དྷཱུཾ་དྷཱུཾ་ཧཱུཾ་ཕཊ། ཤིན་ཏུ་རྩལ་ཆེན་དང༌། གཡོན་པ་མ་ལ་སོགས་པ་གཞན་རྣམས་ཀྱང་དེ་ལྟར་རོ། །དེ་བཞིན་དུ་དཔའ་མོ་རྣམས་ཀྱི་ཡང་ཡིན་ནོ། །སྐྱེས་མའེ་ཨོཾ་ཨཱཿ་ཧཱུཾ་ཕཊ། འཇིགས་མའི་ཨོཾ་ཨཱཿ་ཧཱུཾ་ཕཊ། འོད་མའི་ཨོཾ་མི་ཧཱུཾ་ཕཊ། གཞན་རྣམས་ཀྱང་དེ་ཁོ་ན་བཞིན་ནོ། །གཞན་འཁོར་ལོ་དྲུག་གི་སྔགས་དང་དབྱངས་ཡིག །གསལ་བྱེད་ཀྱི་ཡི་གེ་དང༌། གཏོར་མའི་སྔགས་དང༌། ཁྲོ་བོའི་སྔགས་དང༌། སྐུ་རྡོ་རྗེ་ལ་སོགས་པ་གསུམ་དང༌། འདི་རྣམས་ནི་གོ་སླ་བས་མ་བཤད་དོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ལྔ་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་དྲུག་པའི་དཀའ་བ་བཀྲལ་བ།


DTG008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་རིམ་པ་བཤད་ནས་མཆོད་སྦྱིན་གྱི་རིམ་པ་སྟོན་པ་ལ་ནི། དེ་ནས་མཆོད་སྦྱིན་རབ་བདག་བཤད། ཅེས་བྱའོ། །གནས་ལ་སོགས་པའི་རིམ་པ་སྦྱོར། །ཞེས་པ་ནི་གནས་དང༌། ཉེ་བར་གནས་ལ་སོགས་པའི་མཆོད་སྦྱིན་དང་པོར་སྦྱོར་རོ། །བསྐྱེད་པའི་བྱེ་བྲག་ཐིགས་པ་གསུམ། །ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་དང༌། ལོངས་སྤྱོད་ཀྱི་འཁོར་ལོ་དང༌། ཆོས་ཀྱི་འཁོར་ལོ་དང་གསུམ་དུ་རླག་པ། ལོངས་སྤྱོད་པ། དབང་གི་ཐིགས་པ་གསུམ་མོ། །རྫོགས་པའི་རིམ་གསུམ་དེ་ལྟར་རོ། །ཞེས་པ་ནི་དགའ་བ་དང༌། མངོན་པར་དགའ་བ་དང༌། ཆད་པའི་དགའ་བ་དང་གསུམ་མོ། །ཡང་ན་ཡར་རྫོགས་པ་ལ་རྫོགས་ཞེས་བྱའོ། །རྣམ་ཤེས་ལ་སོགས་བྱེ་བྲག་ཏུ། །ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་བཞི་དང། དངོས་པོ་ལ་སོགས་པའི་བྱེ་བྲག་གོ །མཆོད་སྦྱིན་ཚངས་པའི་ཡུལ་ས་ཆེ། །ཞེས་པ་ནི་འཁོར་ལོ་བཞིའི་སྤྲུལ་པ་ལ་ཐུག་པས་སོ། །རྣམ་པར་ཤེས་པ་ཞེས་པ་ནི་ཆོས་ཀྱི་འཁོར་ལོ་སྟེ་གནས་སོ། །སྣང་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ་སྐྱེའོ། །ནམ་མཁའ་ཞེས་


DTG008_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །ཡེ་ཤེས་ཞེས་པ་ནི་དགའ་བ་གསུམ་པོ་ཡང་འཁོར་ལོ་བཞིན་སྦྱར་རོ། །སྐུ་བརྒྱད་ཀྱི་ནི་བྱེ་བྲག་ཏུ། །ཞེས་པ་ནི་ཕྱི་ནང་ལ་སོགས་པའི་རིམ་པ་དབྱེ་བ་ནི་སྐུ་བརྒྱད་གནས་ཀྱིས་འབྱེད་དོ། །དངོས་པོ་རྟེན་དང་རྣམ་པར་འབྱེད། །ཅེས་པ་ནི་དགའ་བ་དང། མངོན་པར་དགའ་བ་དང༌། སྔར་གྱི་ཆད་པའི་དགའ་བ་དང༌། འཁོར་ལོ་ལ་སོགས་པའི་དབྱེ་བ་ཀུན་རང་བཞིན་པས་འབྱེད་དོ། །དཔེར་ན་ཆུ་དང་རྙོག་མ་བཞིན་ནོ། །ཇི་བཞིན་འདོད་པ་སྡུད་པ་ནི། །ཞེས་པ་ནི་མཆོད་སྦྱིན་ཐམས་ཅད་ནི་སངས་རྒྱས་རིན་ཆེན་དུ་སྡུད་པ་སྟེ། དེ་ཡང་ཕྱི་ལ་སོགས་པ་ཐམས་ཅད་ཀྱང་ངོ༌། །མཆོད་སྦྱིན་རྣལ་འབྱོར་མ་དཀྱིལ་འཁོར། །ཞེས་པ་ནི་རྣལ་འབྱོར་མ་འདུས་པའོ། །ཨུ་རྒྱན་ལ་སོགས་པ་གནས་སུ་ནི། །ཞེས་བྱ་བ་ནི་ཨུ་རྒྱན་གནས་དང༌། ཛཱ་ལནྡྷ་ར་དང༌། པུ་ལི་ར་དང༌། ཀཱ་མ་རུ་ལ་སོགས་པའི་གནས་དང༌། ཉེ་པའི་གནས་ལ་སོགས་པར་རོ། །ལེགས་དགྱེས་མ་སོགས་ལྷ་མོ་རྣམས། །ཞེས་པ་ནི་ལྷ་མོ་རྣམས་ཀྱང་དེ་ལྟར་གནས་པ་བཞིན་དུ་དབྱེ་བར་བྱའོ། །ཀཱ་ལི་ཡེ་ཤེས་ཡིག་མཆོག་སྦྱིན། །ཞེས་པ་ནི་ཡི་གེ་སུམ་ཅུ་རྩ་གཉིས་ལ་སོགས་པས་མཆོད་དོ། །ཕྱི་དང་ནང་དུ་བྱ་བའི་ཐབས། །ཞེས་བྱ་བ་ནི་ལུས་དང་རྩ་དང་རིམ་པ་སྔར་བཞིན་ནོ། །མཆོད་སྦྱིན་བྱས་ན་སྦྱིན་པ་ཆེ། །ཞེས་པ་ནི་དེ་རྒྱས་ན་བདེ་བ་ཆེན་པོ་ཐོབ་བོ། །འབྲས་བུ་བཀྲ་ཤིས་ལྡན་པ་སྐྱེ། །ཞེས་པ་ནི་ཡོན་ཏན་གྱིས་སངས་རྒྱས་པའི་འབྲས་བུ་ལ་སོགས་པའོ། །སེམས་དང་སེམས་ཀྱི་བྱེ་བྲག་ཅེས་པ་ནི་སེམས་བཟང་བ་དང་ངན་པ་ལ་སོགས་པ་བྱེ་བྲག་གིས་སྟོན་པས་ཐབས་སྣ་ཚོགས་གསུངས་པའོ། །ཁ་ཅིག་རྣམས་ལ་འདུལ་བའི་ཐབས། །ཞེས་པ་ལ་སོགས་པས་བློ་ཚོད་དང་སྦྱར་བའི་ཆོས་ཀྱི་བྱེ་བྲག་མང་དུ་གསུངས་སོ། །ཚེ་འདི་ལ་ནི་སངས་རྒྱས་སོ། །ཞེས་པ་ནི་ཚེ་འདི་ལས་ཚེ་གཞན་མི་འཕོ་བ་ཕུང་པོ་ལྷག་མ་མེད་པའི་བདེ་བ་ཆེན་པོའི་སྐུའོ། །དཔེར་ན་རྒྱལ་པོ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཨིནྡྲ་བྷཱུ་ཏཱི་མགོན་པོ་ལྟ་བུའོ། །ཡང་ན་རྡོ་རྗེ་འཛིན་པའོ། །ཞེས་པ་ནི་སངས་རྒྱས་པའི་རང་བཞིན་ནོ། །ཡང་ན་ཕུང་པོ་སྤངས་པ་


DTG008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །ཞེས་པ་ནི་ཡེ་ཤེས་ཀྱི་བག་ཆགས་དང་བཅས་ནས་གནས་པའོ། །བླ་ན་མེད་པའི་ཡེ་ཤེས་སྐུ་ནི་ས་བཅུ་དྲུག་ལྟ་བུའོ། །བརྩོན་པར་མི་ལྡན་པ་ཡིས་རྙེད། །ཅེས་པ་ནི་བསམ་གཏན་གཡེལ་བས་ཀྱང་ཐོབ་པ་རྙེད་ནས་བསལ་བ་ལ་བརྩོན་འགྲུས་རྒྱུན་མ་ཆད་ན་སྨོས་ཅི་དགོས་ཏེ། ཅི་བསམས་པ་ཐམས་ཅད་འགྲུབ་བོ་ཞེས་སོ། །དེ་ལྟར་ཡེ་ཤེས་ཀྱི་སྐུ་ལ་སོགས་པའི་འབྲས་བུ་ཡང་རྙེད་ན་གཞན་གྱིས་དངོས་གྲུབ་ལྟ་སྨོས་སུ་ཅི་ཡོད། དེ་ལྟ་བས་ན། བརྟན་པའི་བརྩོན་པས་དོན་ཐམས་ཅད། །འབད་མིན་ཆེན་པོས་གྲུབ་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་དྲུག་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བདུན་པའི་དཀའ་བ་བཀྲལ་བ།


DTG008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱ་བ་ནི་མཆོད་སྦྱིན་བཤད་ནས་བྱ་བའོ། །མཆོད་པའི་ཆོ་ག་ནི་ཞེས་པ་ནི་མཆོད་ཅེས་པའོ། །དེ་ཡང་ཡན་ལག་ཐམས་ཅད་དང་ལྡན་པའི་མཆོད་པ་ལ་ཆོ་ག་ཞེས་སོ། །སྡིག་པ་ཐམས་ཅད་འཇིག་བྱེད་པ། །ཞེས་པ་ནི་སྡིག་པ་དང་ཉོན་མོངས་པ་ལ་སོགས་པ་ཀུན་འདིའི་ཡོན་ཏན་གྱིས་མེད་པར་བྱེད་དོ། །ཡིད་འཕྲོག་ལྷའི་ཞེས་པ་ནི་ལྷ་ཐམས་ཅད་ཡིད་འཇུག་པའོ། །གང་ལ་འཇུག་ཅེ་ན་མེ་ཏོག་ཅེས་སྨོས་ཏེ་དེ་ལ་འཇུག་གོ །དེའི་ཕྱིར་མེ་ཏོག་གིས་ཞེས་གསུངས་སོ། །ཟླ་བ་ཉི་མའི་འོད་དང་ལྡན། །མེ་དང་སྒྲོན་མ་རྨད་དུ་བྱུང༌། །མཆོད་སྦྱིན་དཀྱིལ་འཁོར་ལ་མཆོད་བྱ། །ཞེས་པ་ནི་ཀུ་མུ་ཏ་དང་པདྨ་ལ་སོགས་པའི་མཆོད་པ་སྣ་ཚོགས་པ་དང༌། བདུད་རྩི་ལྔ་ལ་སོགས་པའི་མཆོད་པས་སྔར་གྱི་དཀྱིལ་འཁོར་ལ་མཆོད་དོ། །མར་ངོའི་དང་པོ་ཡི་ནི་དབང༌། །བཅུ་དྲུག་པ་ཡི་དང་པོ་ཡིས། །ཞེས་པ་ལ་སོགས་པ་སྟོན་ཏེ་མར་ངོའི་ཚེས་བཅུ་དྲུག་གོ །དབང་ཞེས་པ་ནི་རླག་པ་དང་ལོངས་སྤྱོད་པ་དང་དབང་གསུམ་ནི་མཆོད་པའི་དུས་སོ། །བཅུ་དྲུག་པ་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་འདི་སྔགས་རེ་རེར་སྦྱར་བའོ། །ཀུན་གྱི་རིམ་པ་ཡང་དེ་བཞིན་ནོ། །ཡང་ན་ཟླ་བ་ནི་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ཉི་མ་ནི་ཡུམ་གྱི་ཁྲག་གོ །དེ་གཉིས་ལས་རང་བཞིན་བདེ་བའི་འོད་དང་ལྡན་ནོ། །མེ་ནི་དྲི་ཆུ་སྟེ་རང་བཞིན་གྱི་དོན་ལ་སྦྱར་བའོ། །སྒྲོན་མ་ནི་ཤ་ཆེན་ཏེ་བདེ་བའི་བདག་ཉིད་དོ། །རྨད་དུ་བྱུང་ནི་དྲི་སྟེ་བདེ་བ་དང་


DTG008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ངོ་བོའོ། །མཆོད་སྤྱིན་དཀྱིལ་འཁོར་ལ་མཆོད་བྱ། །ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་མཆོད་པས་མཆོད་པའོ། །མར་ངོའི་དང་པོའི་ཞེས་པ་ནི་ཚེས་བཅུ་དྲུག་པ་སྔར་བཞིན་ནོ། །དབང་ཞེས་པས་མཆོད་དེ་དེ་ཡང་བདེ་བའི་ཨཱ་ལིས་མཆོད་དེ་དེའི་ཕྱིར། བྱང་ཆུབ་སེམས་བྱུང་མཆོད་པ་ཡིས། །ཞེས་སོ། །ཡར་ངོ་མར་ངོའི་བྱེ་བྲག་ཏུ། །ཞེས་པ་ནི་ཨཱ་ལི་དང་ཀཱ་ལི་ཡེ་ཤེས་ཀྱི་ཁྱད་པར་རོ། །ཤེས་རབ་ཐབས་ནི་རབ་ཏུ་སྦྱོར་ནི་དེ་གཉིས་དབྱེར་མེད་པར་སྦྱར་བ་ལས་འདི་ལྟ་བུའི་འཁོར་ལོ་འབྱུང་ངོ༌། །སྐུ་གསུམ་ནི་བདེ་བ་ཆེན་པོ་རུ་རླག་པས་ཆོས་ཀྱི་སྐུའོ། །ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྙིང་གར་དབང་བྱས་པས་སྤྲུལ་པའི་སྐུའོ། །ཡང་ན་རེ་རེ་ལ་ཡང་གསུམ་གསུམ་མོ། །ཡེ་ཤེས་ནི་སྐུ་གསུམ་དབྱེར་མེད་པའམ། དགའ་བའི་གནས་ལ་སོགས་པར་སྐུ་གནས་པ་ལའོ། །དེ་ལྟ་བུའི་དངོས་པོ་ལ་དཀྱིལ་འཁོར་ཞེས་བྱའོ། །ཚེས་དང་ཡི་གེ་སྔགས་ཀྱིས་སུ། །ཞེས་པ་ནི་ཆོས་ཞེས་པ་ནི་ཡེ་ཤེས་ཀྱི་རིམ་པ་དང་ཡི་གེའི་ངོ་བོ་ཐིག་ལེ་དང་སྔགས་ཀྱི་ངོ་བོ་ཐབས་དང་ཤེས་རབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་བསྲུང་བའི་ཕྱིར་སྔགས་ཞེས་བྱའོ། །རི་བོང་ཅན་ནི་འཕེལ་བར་འགྱུར། །ཞེས་པ་ནི་ཡེ་ཤེས་རྒྱས་པར་མཛད་དོ། །ཐིག་ལེ་དང་མཁའ་འགོག་པ་ཡིས། །རང་བཞིན་དེ་ནི་འབྱུང་བར་འགྱུར། །ཞེས་པ་ལ་སོགས་པ་སྨོས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཐིག་ལེ་ལ་གནས་པ་དེ་ཡེ་ཤེས་རླུང་འགག་པ་དང་ཧཱུཾ་ཕཊ་བཀོད་ལ་སྤྲོ་བསྡུས་རང་བཞིན་དགའ་བར་འབྱུང་ངོ། །དེ་ལྟར་མ་ཡིན་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མ་རྙེད་དོ། །བླ་མའི་ཞལ་ལ་ལྟོས་ནས་འོད་རབ་འཐོབ་བོ། །དེ་ཐོབ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་བདག་ཉིད་ཡིན་ནོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བདུན་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བརྒྱད་པའི་དཀའ་བ་བཀྲལ་བ།


DTG008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་མར་ནི་སྦྱིན་སྲེག་གི་ཆོ་ག་སྟོན་པ་ལ་ནི། དེ་ནས་ཡང་ནི་བཤད་བྱ་བ། །ཞེས་པས་བཤད་པར་དམ་བཅའ་བའོ། །སྦྱིན་སྲེག་སྡིག་ནི་འཇིག་བྱེད་པ། །ཞེས་པ་ནི་འདིས་སྡིག་པ་ཐམས་ཅད་སྲེག་པ་ནི་ལས་དང་ཉོན་མོངས་པས་བསྐྱེད་པའི་


DTG008_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལྔ་དང༌། སྐྱེ་མཆེད་དང༌། ཁམས་ལ་སོགས་པའི་རྟོག་པ་དང༌། མཚན་མའི་དངོས་པོའི་སྡིག་པ་འཇིག་པར་བྱེད་པའོ། །དེ་ཡང་ཞི་བ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱས་པ་དང་དབང་དང་དྲག་པོའི་རིམ་པ་ནི་ལས་ཀྱི་སྒོ་ནས་མིང་དང་རིམ་པས་དབྱེའོ། །ཞི་བའི་ཧོམ་ཁུང་ཞེས་པ་ནས། །གྲུ་གསུམ་མོ་ཞེས་པའི་བར་གྱིས་དབྱིབས་བསྟན་ཏོ། །དཀར་པོ་ཞེས་པ་ནས་རིམ་པས་སོ་ཞེས་པའི་བར་གྱིས་ཁ་དོག་བསྟན་ཏོ། །རྒྱ་མཚོ་ཞེས་པ་ནས་ཚད་ཡིན་ནོ་ཞེས་པའི་བར་གྱིས་མེ་ལྷའི་བརྡའི་སྒོ་ནས་ཚད་དུ་བཤད་དོ། །གཞན་མ་བྱ་བ་ནས་གཞན་མ་གྲུབ་བྱ་བའི་ཚིག་གཉིས་ཀྱིས་དགུག་པ་ལ་སོགས་པ་ཡང་སྔ་མས་འགྲུབ་པར་བསྟན་ཏོ། །ཧོམ་ཁུང་རེ་རེར་སྙིང་གར་པད། །རིགས་ཀྱི་ལས་ཀྱི་གོ་རིམས་སོ། །ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་པདྨའི་ཁ་དོག་ཕྱེ་ལ་རང་རང་གི་རིགས་གཞག་གོ །དེ་སྟེ་སྣ་ཚོགས་རྡོ་རྗེ་སྟེ། །ཞེས་པ་ལ་སོགས་པ་ནི་ཕྱག་མཚན་དང་སྣ་ཚོགས་རྡོ་རྗེ་ཧཱུཾ་གི་འོད་འཕྲོ་བ་དང་རླུང་དང་ཉི་མ་དང་དེ་ཉིད་གསུམ་གྱི་ས་བོན་དང་བཅས་པ་ལས་དམ་ཚིག་སེམས་དཔའ་བསྒོམ་པ་དང༌། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ལ་མཆོད་ཡོན་ལ་སོགས་པ་དབུལ་བ་དང་གཉིས་སུ་མེད་པར་བསྟིམ་པ་དང༌། དེ་ལ་མཆོད་པ་ལ་སོགས་པ་རྫས་ཐམས་ཅད་དབུལ་བ་རྫོགས་པར་བྱའོ། །ཕྱི་ནང་ལ་སོགས་པའི་དབྱེ་བ་དང༌། གནས་ཀྱི་རིམ་པ་བསྟན་པ་དང༌། དགང་གཟར་ལ་སོགས་པའི་མཚན་ཉིད་ནི་སྐབས་དང་སྦྱར་ལ་ཤེས་པར་བྱའོ། །སྒྲུབ་པའི་དབང་པོ་ཡོན་ཏན་ལྡན། །སྔགས་དང་རྒྱུད་ཀྱི་ཐོས་པ་ཆེ། །སྔགས་ཀྱི་བཟླས་ལ་གཅིག་ཏུ་མོས། །ཡིད་མི་འཕྲོགས་པ་གསལ་བའོ། །ཞེས་བྱ་བའི་རྣལ་འབྱོར་བ་དབང་གི་རིམ་པ་དང༌། དམ་ཚིག་ལ་གནས་པ། སྐྱོན་གྱིས་མ་གོས་པ། ཤེས་རབ་དང༌། སྙིང་རྗེ་ཆེ་བ། རྒྱུད་ཐམས་ཅད་ཀྱི་ཐོས་པའི་དོན་ལ་བརྩོན་པ། བསམ་གཏན་དང༌། བཟླས་པ་ལ་བརྩོན་པ་འདི་ལྟ་བུའི་སྒྲུབ་པ་པོ་གཞན་གྱི་བསམ་པ་ལ་མི་འཕྲོགས་པ་ཞེས་བྱ་བ་སྟེ། ཆེ་བའི་ཡོན་ཏན་གྱིས་བརྒྱན་པ་ལ། འདི་ནི་རྣལ་འབྱོར་ཤེས་རབ་ཅན། །ཞེས་གསུངས་སོ། །


DTG008_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་འདིའི་དོན་རིན་པོ་ཆེ་ལྟ་བུར་ཡང་བསྟན་ཏེ། ཐིག་ལེའི་ཚུལ་ནི་ཡེ་ཤེས་ཆེ། །བྱེ་བྲག་ཤེས་པ་རིན་ཆེན་རིགས། །ཞེས་གསུངས་སོ། །དེ་ཡང་ཐིག་ལེ་ལ་སོགས་པའི་དབྱེ་བས་དགའ་བ་ལ་སོགས་པའི་ཡེ་ཤེས་ཀྱི་ཁྱད་པར་ཤེས་པའི་བདག་ཉིད་ནི་རིན་པོ་ཆེའི་རིགས་སོ། །རིགས་སྔའི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་སོ། །གཞོན་ནུ་མ་ནི་ལྔ་ཞེས་པས་ནི་ལོ་བརྒྱད་གཉིས་གྲངས་ལྔ་སྟེ། ཤེས་རབ་མ་མཚན་ལྡན་ཞེས་པའོ། །ཡིད་དགའ་ཁུ་བ་ཡིས་ནི་ཚིམ། །སྤྱན་རིངས་མ་དང་དག་པ་མ། །ཞེས་པ་ལ་སོགས་པ་གསུངས་སོ། །ཤེས་རབ་མ་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རོས་བདེ་བ། མིག་འཁྱུག་ལ་རིང་བ། རྟོག་པ་ཆུང་བ། ནུ་མ་འབུར་བ། སྲ་བ། འཇམ་པ་དང་ལྡན་པ། ཡན་ལག་ལ་སོགས་པ་མཛེས་པའོ། །དེ་རིགས་ཀྱི་ཡུམ་དུ་བྱིན་གྱིས་བརླབས་པ་ལས་བསྒྲུབ་པའི་དོན་དུ་གཞུག་པར་བྱའོ། །སྦྱིན་སྲེག་ལ་གཞན་བཅུག་པས་ཆོག་མོད་ཅེ་ན། མི་བཏུབ་པར་གསུངས་ཏེ། སྦྱིན་སྲེག་ལས་སུ་དོན་བསྒྲུབ་ཕྱིར། །རིགས་ལྔ་མོ་ནི་གཞུག་པར་བྱ། །ཞེས་གསུངས་སོ། །འོ་ན་རིགས་ལྡན་མོ་དངོས་ཁོ་ན་གཞུག་གམ་ཞེ་ན་མ་ཡིན་ཏེ། རིགས་ཀྱི་མཚན་ཉིད་སོགས་པ་དང་ལྡན་པའོ། །དེ་ཡང་འདི་སྐད་དུ་འབྱུང་སྟེ། སྲིང་མོ་དང་ནི་མནའ་འམ་དང༌། །བུ་མོ་ཆུང་མ་སྒྱུག་མོ་རྣམས། །རིགས་ལྔའི་ཡུམ་དུ་བཤད་པ་ཡང༌། །ཇི་བཞིན་མ་ཡིན་བདག་གིས་ཕྱེ། །ཞེས་གསུངས་སོ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །བླ་མ་ཉིད་ཀྱིས་དང་པོར་མཆོད། །ཅེས་པ་ནི་བླ་མ་དང་ལྷན་ཅིག་བསྲུབ་པ་དང་སྲུབ་ཐབས་ཀྱི་སྦྱོར་བས་དགའ་བའི་རིམ་པས་མཆོད་པ་དང༌། སངས་རྒྱས་རིན་པོ་ཆེའི་དགྱེས་པའི་མཆོད་པ་ནི་ཧཱུཾ་གི་བླུགས་གཟར་གྱིས་བདུན་བླུགས་པས། དགང་གཟར་གྱིས་གཅིག་མཆོད་པ་ནི་དང་པོ་བླ་མས་སོ། །བརྟགས་པ་དང་ནི་མ་བརྟགས་པའི། །འཛིན་པ་འདིར་ནི་མི་བགྱིད་དོ། །ཞེས་བྱ་བ་ནི་སྦྱིན་སྲེག་གི་མཆོད་པ་འདི་ཡང་དག་པའི་མཆོད་པ་ལ་ངོ་བོ་དང་བྲལ་བ་སྟེ། གནས་དང་དགང་གཟར་དང་བླུགས་གཟར་ལ་སོགས་པ་ཀུན་མི་འཛིན་ཞེས་རྒྱ་ཆེར་སྦྱར་རོ། །རང་


DTG008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འབྱུང་པོས་ཟོས་པ་ཀུན། །སྣ་ཚོགས་ཐབས་ནི་བདག་གིས་བསྟན། །ཞེས་པ་ནི་བྱང་ཆུབ་སེམས་མི་གནས་པར་འབྱུང་ཞིང་རྟོག་པ་དང༌། མཚན་མ་ལ་རྒྱུ་བའི་ཐབས་ཀྱི་བྱེ་བྲག་གིས་གཟུང་བར་གསུངས་སོ། །དོན་དམ་དུ་ནི་ཕྱི་དོན་མི། །ནང་གི་མ་ཡིན་ཕྱི་མ་ཡིན། །ཞེས་གསུངས་ཏེ་དོན་དམ་པ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ནི་ཕྱི་ཡང་མ་ཡིན། ནང་གི་ཟས་ལ་སོགས་པ་ཡང་མ་ཡིན་ཏེ། དེ་བས་ན་དོན་དམ་དུ་གསང་བའི་སྦྱིན་སྲེག་ཀྱང་མ་ཡིན་པ་འདི་ནི་རང་བཞིན་དགའ་བའི་བདག་ཉིད་དོ། །རྡུལ་མེད་རྣམ་པར་རྡུལ་མེད་དག །ཅེས་པ་ནི་རྟོག་པ་ལ་སོགས་པའི་རྡུལ་དང་བྲལ་བའི་རྣམ་པའི་བག་ཆགས་ཀྱི་རྡུལ་ཐམས་ཅད་མེད་པར་བྱས་ནས་རང་བཞིན་གྱི་གནས་སུ་དག་པའོ། །སྟོང་བ་ཉིད་ནི་སྟོང་མིན་བྲལ། །ཞེས་པ་ནི་རྫོགས་པའི་དོན་གྱིས་སྤྲོས་པ་ཐབས་དང་བྲལ་པ་སྟེ། དེ་ཡང་རང་བཞིན་གྱིས་སྦྱིན་སྲེག་འདི་ནི་གཟུགས་ཀྱང་མ་ཡིན། ཚོར་བ་ལ་སོགས་པ་མ་ཡིན། དབང་པོ་ཡང་མ་ཡིན། ཁམས་ཀྱང་མ་ཡིན། སྐྱེ་མཆེད་ཀྱང་མ་ཡིན། ཁམས་རྣམས་ཀྱང་མ་ཡིན། ཤིན་ཏུ་སྟོང་པ་ཡང་མ་ཡིན། སྟོང་པ་ཆེན་པོ་ཡང་མ་ཡིན། མི་སྟོང་བ་ཡང་མ་ཡིན། བརྗོད་དུ་མེད་པ་ལྐོག་ཏུ་གྱུར་པ་རང་རིག་པའི་དངོས་དང་བྲལ་བ་སྟེ། རང་རིག་པ་ལས་གཞན་དུ་འདའ་བ་མ་ཡིན་པ་འདི་ནི་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ཅེས་བཤད་དོ། །དེའི་ཕྱིར། ཕུང་པོ་ཁམས་ནི་རྣམ་པར་རྟོག །ལྷ་ཡི་དབང་ཕྱུག་གང་ཞིག་བསྲེག །དེ་ནི་མེ་ཡི་དོན་དམ་པར། །ཞེས་པ་ལ་སོགས་པ་གསུངས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ནི་རྣམ་པར་རྟོག་པའི་དངོས་མ་ཡིན་ཏེ་སྔར་བསྟན་པ་བཞིན་ནོ། །རྟ་དང་གླང་པོ་ལ་སོགས་པ་ནི་སློབ་དཔོན་ལ་སོགས་པའི་ཡོན་གནས་ལ་ཡོན་གྱི་རིམ་པ་ཕུལ་བས་བསོད་ནམས་ཀྱི་ཚོགས་ཀྱིས་དོན་འགྲུབ་པར་བསྟན་ཏོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བརྒྱད་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་དགུ་པའི་དཀའ་བ་བཀྲལ་བ།


DTG008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་ནི་བཤད་བྱ་བ། །ཞེས་པ་ནི། བར་མཆད་པར་གཞན་བསྣན་ཏེ་བཤད། །ཅེས་པའོ། །ཚོགས་ཀྱི་འཁོར་ལོ་གཏོར་མ་ཆེ། །ཞེས་པ་ལ་སོགས་པ་བཤད་དོ། །


DTG008_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་དཀྱིལ་འཁོར་ཞེས་པ་ནི། །ཚོགས་ཀྱང་ཡིན་ཏེ་ཐམས་ཅད་ཚོགས་པས་སོ། །འཁོར་ཡང་ཡིན་ཏེ་ལྷ་དང་ལྷ་མོ་དང་བདུད་རྩི་ལ་སོགས་པས་འཁོར་ཞིང་ཁྱབ་པའི། །གཏོར་མ་ཆེན་པོ་ཡིན་ཏེ་ཕྱི་ནང་གི་དབྱེ་བས་ནི་གཏོར་མ་བྱའོ། །དེ་ཡང་ཚོགས་ནི་བཞིར་དབྱེ་སྟེ། ཕྱིར་བསྟན་པ་ནི་དངོས་སུ་བླ་མ་ལ་སོགས་པའི་དཀྱིལ་འཁོར་བདུད་རྩི་ལྔ་ལ་སོགས་པའི་ཞལ་ཟས་ལ་སོགས་པའི་རིམ་པའོ། །ནང་དུ་ནི་རྩ་རྣམས་ཀྱི་རིམ་པ་ལ་མཁའ་འགྲོ་ལ་སོགས་པའི་དཀྱིལ་འཁོར་དང༌། བདུད་རྩི་ལྔ་ལ་སོགས་པ་ཡང་དེ་བཞིན་ནོ། །གསང་བར་ནི་ཡེ་ཤེས་ཀྱི་ཚོགས་བཟའ་བའི་བདུད་རྩི་དང་སྲུང་བའི་བདུད་རྩིའི་ཚོགས་ཏེ། དེ་ཡང་རྒྱུའི་རིམ་པས་འབྲས་བུ་བཟའ་བ་དང༌། བསྲུང་བ་འགྲུབ་པ་དེ་བཞིན་གཤེགས་པ་ལ་སོགས་པའི་རང་བཞིན་མཆོད་པའོ། །དེ་ཁོ་ན་ཉིད་ནི་བཟའ་བའི་ཚོགས་དང༌། བསྲུང་བ་གཉིས་ནི་བཟའ་བའི་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་རྟོག་པ་དང་བྲལ་བའམ། དེ་བྲལ་པའི་དབང་གིས་ཤེས་རབ་ཀྱིས་སྲུང་རྒྱུ་མེད་པ་འདི་ནི་རིག་པ་དང་བྲལ་བའི་དངོས་པོ་གཉིས་སུ་མེད་པའི་ཚོགས་སྤྲོས་པ་ཐམས་ཅད་དང་རང་བཞིན་གྱིས་བྲལ་བ་སྟེ། ཕྱི་དང་ནང་དང་གསང་བ་དང༌། །དེ་ཁོ་ན་ཉིད་འདུས་པའོ། །དེ་ནི་བདེ་བའི་ཚོགས་ཏེ་ཡེ་ཤེས་ཀྱི་རང་བཞིན་གྱི་ཚོགས་སོ། །ཚོགས་ཀྱི་དབྱེ་བ་བྱས་ནས། ཁྱིམ་ནི་སུམ་ཐོག་གི་གནས་ཞེས་བྱ་བ་ནི་བདག་ཉིད་ཉམས་དགའ་བ་ལ་སོགས་པའི་རྒྱལ་པོ་དང༌། མུ་སྟེགས་དང་ཆོམ་རྐུན་ལ་སོགས་པ་སྐྱོན་སྤངས་པ་བཙལ་ལོ། །ཚོམ་རྐུན་ཀུན་དང་ལྡན་པ་ཡི། །ཕྱི་རོལ་ཡུལ་མིན་ནང་གི་མིན། །ཞེས་གསུངས་སོ། །སློབ་དཔོན་འདུས་པས་བརྒྱན་པ་དང༌། ཞེས་པ་ནི་ཕྱག་རྒྱ་དྲུག་ལ་སོགས་པའི་རུས་པའི་རྒྱན་དང་ལྡན་པས་གནས་པའོ། །རྡོ་རྗེ་མདའ་ནི་རྣམ་པར་གཟུགས། །ཞེས་པས་མངའ་བྱིན་གྱིས་བརླབས་པ་བཞི་གཟུགས་སོ། །རྡོ་རྗེ་སྐུལ་སོགས་པས་བསྐོར། །ཞེས་པ་ནི། ཚོན་སྣ་ལྔའི་སྐུད་པས་བསྐོར་དང༌། ཆོགས་དགྲམ་བ་བྱ་བ་དང༌། ཀུན་སྔགས་དང༌། ཏིང་ངེ་འཛིན་དང་ལྡན་པ་ལ་རྡོ་རྗེའི་སྒྲ་རུ་བཤད་དོ། །དེ་ལྟ་བུ་ཡི་ཁང་མཆོག་ནི། །ཞེས་པ་ནི་གོ་སླའོ། །


DTG008_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ལ་སོགས་དཀྱིལ་འཁོར་བྱ། །ཞེས་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་མེ་ཏོག་གིའམ་ཡང་ན་ཏིང་ངེ་འཛིན་གྱི་རིམ་པས་བྱའོ། །སྣ་ཚོགས་དང་ནི་ཐམས་ཅད་རྫོགས། །ཞེས་པ་ནི་དཀྱིལ་འཁོར་གང་ལ་ཡང་རྒྱལ་དང༌། མཆོད་པ་དང༌། སྒོ་དང༌། རྡོ་རྗེ་ར་བ་ཡན་ལག་རྫོགས་པར་བྱའོ། །སི་ལ་ག་བུར་གྱིས་ནི་མཛེས། །ཞེས་བྱ་བ་ནི་ཕྱིའི་མེ་ཏོག་ལ་སོགས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ་དཀྱིལ་འཁོར་གྱི་མཆོད་པའོ། །དེས་ནི་ཕྱི་དང་ནང་ལ་སོགས་པའི་དབྱེ་བའོ། །དེ་རུ་མ་ཆོད་སྦྱིན་དོན་དུ་ནི། །ཞེས་པས་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་དགོད་པ་ལ་བྱའོ། །བྱོལ་སོང་གི་ནི་རབ་གཟུགས་བླང༌། །ཞེས་པ་ནི་གཏི་མུག་བྱོལ་སོང་གི་ངོ་བོ་དང་བྲལ་བའི་རོ་བླང་བར་བྱའོ། །སྐྱེ་བ་གཅིག་པ་ཞེས་པ་ལ་སོགས་པ་ནི་བར་མ་ཆད་པར་སྐྱེས་པ་ན་ཆོད་ལ་བབ་པའི་རོ་བླང་ཞེས་སོ། །ནད་ཀུན་མེད་པ་བདེ་གྲུབ་པ། །ཞེས་པ་ནི་དང་མི་བདེ་བ་དང་བྲལ་བའི་དངོས་གྲུབ་གྲུབ་པའི་རྒྱུར་འགྱུར་བ་དེའོ། །དྲི་ཞིམ་རྡུལ་ནི་འབྱུང་བ་ཅན། །ཞེས་པ་ནི་དྲི་ལ་སོགས་པའི་ཡོན་ཏན་གྱིས་གང་བ། ཡང་དག་པའི་བདུད་རྩི་རྒྱུ་སྟེ་བདེ་བའི་ངོ་བོའོ། །གང་ཞིག་མིག་ནི་ཡུན་རིངས་འཛུམས། །ཞེས་བྱ་བ་ནི་བདུད་རྩི་ཡེ་ཤེས་ཀྱི་རང་བཞིན་བྱ་པའི་དོན་དུ་མཁས་པས་བླངས་ཞེས་གསུངས་སོ། །སྣ་ཚོགས་པ་ཡི་མཆོད་སྦྱིན་གྱིས། །ཞེས་པ་ནི་ཚོགས་ལ་མཆོད་པ་མང་པོའི་ཚོགས་པས་སོ། །གྲི་གུག་རུང་བས་བརྟག་པར་བྱ། །ཞེས་པ་ནི་ཤེས་རབ་ཀྱི་རང་བཞིན་ཤིན་ཏུ་རྣོ་བའི་གྲི་གུག་གིས་བཅད་པའི་ལས་བྱའོ། །ཡན་ལག་རབ་ཀྱི་པདྨོའི་སྣོད། །བཏུང་བའི་དོན་དུ་བླ་མའི་མདུན། །ཞེས་པ་ནི་རྐང་པ་དང༌། ལག་པ་ལ་སོགས་པའི་རབ་ནི་མགོ་བོའི་པདྨའི་སྣོད་དོ། །དེ་ལ་ནི་ཀ་པཱ་ལ་བྱས་ལ་ལྷའི་ཆང་ཡང་དག་པས་བཀང་བ་ལས་ཡང་དག་པའི་ཚོགས་སུ་འགྱུར་རོ་ཞེས་གསུངས་སོ། །ཡང་ན་ཀ་པཱ་ལ་ནི་ཚོགས་ཀྱི་རྩ་བ་ཡིན་ནོ། །ཕྱེད་ནི་འཁོར་ལ་བྲིམ་པ་སྟེ། །ཕྱེད་ནི་གཏོར་མར་དབུལ་བར་བྱ། །ཞེས་པ་ནི་ཕྱེད་མར་ཤ་དང་ཆང་ལ་སོགས་པ་བགོ་བའོ། །གཞན་ཡང་དེ་ལྟར་སྦྱར་རོ། །ཁྲག་ཆེན་ནི་མི་ཡི་ཁྲག་གོ །ཤ་ཆེན་ནི་ཤ་ཆེན་ཏེ་མིའི་ཤའོ། །


DTG008_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་པ་ནི་བརྟག་པ་ཡིན། །ཞེས་པ་ནི་ཚོགས་ཆང་བཤམས་ལ་མཆོད་པའི་རྫས་གཞན་ནི་སྣ་ཚོགས་མཆོད་པ་བྱེ་བྲག་ཅས་པ་ནི་ཟས་ཀྱི་རྣམ་པ་མི་འདྲ་བས་ཀྱང་མཆོད་པའི་བྱེ་བྲག་གོ །ཉ་དང་ཤ་ལ་སོགས་པར་ལྡན། །ཞེས་པ་ནི་འདི་རྣམས་ཐམས་ཅད་ཚོགས་པ་ལ་ལྡན་ཞེས་བྱའོ། །མི་འཚེ་བ་ནི་གཞན་ལ་གནོད་པ་མ་བྱས་པའོ། །སྐྱོན་ཀུན་བྲལ་ཞེས་པ་ལ་སོགས་པ་ནི་གོ་བར་ཟད་དོ། །དེ་རུ་དམ་ཚིག་དག་པ་ནི། །ཞེས་པ་ལ་སོགས་པ་བཟའ་བའི་དམ་ཚིག་དང་སྲུང་བའི་དམ་ཚིག་ལ་སོགས་པ་སྔར་བཤད་པའོ། །འཁོར་ལོ་དང་བཅས་རིགས་རབ་ཚིམ། །ཞེས་པ་ནི་འཁོར་ལོ་ལ་སོགས་པའི་ཚོགས་དང༌། བླ་མར་བཅས་པས་མཆོད་པས་ཚིམ་པར་བྱས་ལ་ཕྱེད་གཏོར་མའི་ནང་དུ་དབུལ་ལོ། །ནམ་ཕྱེད་ལམ་གྱི་བཞི་མདོར་རོ། །ཡང་ན་སུམ་མདོ་གྱེས་པ་རུ། །ཞེས་པ་ནི་མཁའ་འགྲོ་མའི་རྒྱུ་སྲང་བཞི་མདོར་གཏོར་མ་ཆེན་པོ་གཏང་བའམ། །སུམ་མདོ་རུ་གཏང་བའོ།།དུར་ཁྲོད་ཀྱི་ནི་ཆུ་ངོས་སམ། །ཞེས་པས་ནི་གནས་བསྟན་ཏེ། རྒྱ་ཆེན་པོར་སྦྱར་རོ། །ལྷག་མ་མ་ཡིན་ཡང་ན་ཕུད། །ཅེས་པ་ནི་ཚོགས་ཀྱི་ལྷག་མ་ལ་སོགས་པས་ཡི་དགས་རྣམས་ཚིམ་པར་བྱ་བའི་ཕྱིར་ཆུས་བསྲེས་ལ་བྱའོ། །གཞན་མ་ཀུན་ནི་སོ་སོར་གཞག །ཅེས་བྱ་བ་ནི་ཕྱོགས་སྐྱོང་བཅུ་ལ་གཏོར་མ་བཅུ་སོ་སོར་གཞག་གོ །རྩ་བ་ཅི་བཞིན་རིམ་པས་གཞག །ཅེས་བྱ་བ་ནི་རྩ་བའི་གཏོར་མ་ཆེན་པོ་མདུན་ལ་གཞག །ཕྱི་མ་ཡང་རིམ་པ་བཞིན་དུ་གཞག་གོ །རང་གནས་ཕྱིན་པ་ཙམ་གྱིས་ནི། །ཞེས་པ་ནི་དུར་ཁྲོད་ཆེན་པོའི་གནས་སམ། ཡང་ན་ཆུ་དོགས་ཆེན་པོར་ཕྱིན་པ་ཙམ་ནི་མན་ངག་གོ །འཁོར་ལོ་ལ་ནི་སྣོད་གཅིག་བརྟག །ཅེས་བྱ་བ་ནི་འཁོར་གྱི་ཚོགས་ཐམས་ཅད་ནི་གཅིག་ཏུ་བཏུད་པར་བརྟག་གོ །སློབ་དཔོན་ལ་ནི་དུམ་བུ་གཅིག །འབད་པ་ཡིས་ནི་བསྲུང་བར་བྱ། །རང་གི་ཚོགས་ལའང་མི་སྦྱིན་བྱ། །རང་དབང་བསྐུར་བའང་དེ་བཞིན་ནོ། །ཞེས་པ་ནི་བླ་མ་ཀ་པཱ་ལ་གླིང་གཅིག་པའི་འཛག་བུག་མེད་པ་དེར་བདུད་རྩིས་བཀང་ལ་བོར་མི་གཞུག་པར་བསྲུང་ངོ༌། །དེ་ཡང་རང་གི་དམ་ཚིག་གིས་བསྡུས་པའི་ཡུམ་ལ་སོགས་པ་དང་ཡང་མི་བསྲེ་བར་


DTG008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་ངོ༌། །རང་གི་དབང་ལ་སོགས་པའི་རིམ་པ་བྱས་པ་དང་ཡང་བསྲེ་བ་མ་ཡིན་ནོ། །གཞན་དག་ན་རེ་དེ་ནི་རང་གི་རང་ལ་དབང་བ་ཞེས་བྱ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དགོངས་པས་བཤད་པའོ། །དེའི་དུས་སུ་གལ་ཏེ། དེར་ནི་ཚོགས་ཀྱི་འཁོར་ལོ་ཆེན་པོའི་དུས་སུ་རྣལ་འབྱོར་མ་འོངས་པ་སྲིད་པས་བྱ་བའི་དོན་ཏོ། །འོངས་ན་ལ་སོགས་པ་གོ་སླའོ། །ཧ་ཧར་དགོད་པ་དེ་ཡི་ཚེ། །ཞེས་པ་ནི་ངག་གི་བརྡ་བརྗོད་པའི་མཁའ་འགྲོ་མ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྦྱིན་ཞེས་པ་ནི། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་བའི་རྣམ་པ་གུང་མོ་དང་སྲིན་ལག་མཐེ་བོང་གིས་མནན་ལ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་རྣལ་འབྱོར་པས་བྱས་ལ། དེའི་དུས་སུ་ཧ་ཧ་ཧ་ཧ་ཞེས་ཁམས་གསུམ་དུ་ཐོས་པའི་སྒྲ་བྱའོ། །ཆུང་ཟད་ལ་སོགས་པའི་ངག་གིས་གསང་བ་དང་ལུས་ཀྱི་གསང་བ་དེ་བཞིན་དུ་གསང་བ་ལ་སོགས་པ་ནི་གོ་སླའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་གདུ་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བཅུ་པའི་དཀའ་བ་བཀྲལ་བ།


DTG008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཡེ་ཤེས་རྒྱལ་དབང་པོ། །དཀྱིལ་འཁོར་མདོ་འདི་བསྟན་པ་གསུངས། །འདི་རུ་ངེས་བསྟན་ཇི་ལྟར་ལགས། །མངའ་བདག་ཆེན་པོ་ཉིད་བཀའ་སྩོལ། །ཞེས་བྱ་བ་ནི་ལྷའི་དབང་ཕྱུག་གིས་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་ལ་བོས་ནས་དཀྱིལ་འཁོར་གྱི་དོན་ངེས་པ་ཁོ་ནར་ཞུས་པ་ནི་ཞེས་དང་གུས་པའི་ཚུལ་གྱིས་དྲིས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་འཁོར་རྣམས་དང་བཅས་པ་ལ་གསུངས་པ་སྟེ། འདིས་ཐམས་ཅད་གོ་བར་འགྱུར་བའོ། །དཀྱིལ་འཁོར་གྱི་ནི་ངེས་བསྟན་པ། །ཇི་བཞིན་དེ་ནི་དཔའ་པོ་ཉོན། །ཞེས་པ་ནི་སྔར་ཞུས་པའི་དཀྱིལ་འཁོར་གྱི་དོན་གེས་པར་བསྟན་གྱིས་བསྟན་པ་དེ་མ་ནོར་བར་སེམས་ལ་ཡང་དག་པར་ཟུང་ཤིག །ཤེས་པར་དཔའ་བོས་གྱིས་ཤིག་པའོ། །སྔར་གསུངས་པ་ཡི་རྒྱུད་དོན་ལས། །ཞེས་པ་ནི་གོང་དུ་གསུངས་པའི་དོན་འདི་རུ་བསྡུས་ནས་བསྟན་པར་བྱའོ། །ཨཱ་ལོ་ཀཱ་ལི་བདེ་བ་ཆེ། །ཞེས་པ་ནི་བདེ་བའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་ངོ་བོ་ཟླ་བ་དང་ཉི་མའོ། །མཾ་ཧཱུཾ་གཉིས་ལས་ཐིག་ཚུལ་གྲངས། །ཞེས་བྱ་བ་ནི་མཾ་ལས་ཚུལ་གྱི་དངོས་པོ་ཧཱུཾ་ལས་


DTG008_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དེ་གཉིས་ལས་ཕྱག་མཚན་གཉིས་སུ་གྱུར་པ་ནི། དེ་གཉིས་ལས་གྲི་གུག་དང་ཞེས་གསུངས་ཏེ། ཕྱག་མཚན་གཉིས་ཀྱང་ས་བོན་དང་ལྡན་པའོ། །ས་བོན་གཉིས་ལས་འོད་ཕྱོགས་ཐམས་ཅད་དུ་སྤྲོ་བ་དང༌། བསྡུ་བ་བྱས་པ་ལས་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་ཡབ་ཡུམ་བཞེངས་པ་ནི། ཡེ་ཤེས་མེ་ལོང་ལས་ཡེ་ཤེས། །སྙིང་བོ་བདག་ཉིད་ཞུ་ལས་བྱུང༌། །ཞེས་སོ། །སར་པ་སྤྲིན་དང་མཉམ་པའི་མདོག །ཅེས་བ་ནི། སྐུ་མདོག་སྤྲིན་བཞིན་གནག་པར་གནས། །ཞེས་སོ། །ཕྱག་ནི་བརྒྱད་གཉིས་པ་ཡིས་བརྒྱན། །ཞེས་བྱ་བ་ནི་བརྒྱད་གཉིས་ལས་བཅུ་དྲུག་སྟེ། གཡས་པ་བརྒྱད་དང་གཡོན་པ་བརྒྱད་དོ། །བཅུ་དྲུག་ཕྱེད་ཀྱི་ཞལ་འཇིགས་པ། །ཞེས་པ་ནི་ཞལ་བརྒྱད་མངའ་བའོ། །ཞབས་བཞི་ཡིས་ནི་རབ་ཏུ་མཛེས། །ཞེས་པ་ནི་ཞབས་བཞིས་བརྒྱན་པ་ལ་ནི་མཛེས་ཞེས་པའོ། །ཉི་ཤུ་རྩ་བཞིའི་སྤྱན་གྱིས་ཕྱུག །ཅེས་བྱ་བ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་ནོ། །གཏི་མུག་གསུམ་གྱི་མུན་ནག་འཇོམས། །ཞེས་བྱ་བ་ནི་ཉོན་མོངས་པ་གསུམ་བསལ་བའི་བདག་ཉིད་ཡེ་ཤེས་དང་སྟོབས་གསུམ་མོ། །དཀར་པོ་ཞེས་པ་ལ་སོགས་པ་ལ་དབུས་ཀུ་གནག་པ་དང་གཡས་སེར་པོ་གཡོན་དཀར་པོ་ལྷག་མ་དམར་པོའོ། །གཞན་ནི་སྔོན་པོའོ། །སྟེང་གི་ཤིན་ཏུ་འཇིགས་པ་བོང་བུའི་ཞལ་བུང་བའི་མདོག་གོ །གཡོན་བརྐྱང་གཡས་བརྐྱང་ཞབས་ནི་ཞེས་པ་ལ་ཞབས་བཞི་བརྐྱང་ཞེས་བྱ་སྟེ། དོར་སྟབས་སུ་བཞུགས་ནས་གཡས་བརྐྱང་བས་འཇིགས་བྱེད་མནན་པ། གཡོན་གྱིས་ཉི་ཟླ་བ་རྫིས་པའོ། །དེའི་ཕྱིར་འཇིགས་བྱེད་ཉི་ཟླ་གནོན་ཞེས་བྱའོ། །འཇིགས་བྱེད་མ་ལྡན་ཀ་པཱ་ལ། །ཁྲག་གིས་བཀང་བ་ཕྱག་ན་བསྣམས། །ཞི་བའི་པགས་པ་ན་བཟའ་མཆོག །ཕྱག་གཉིས་དེ་ནི་གྱེན་དུ་བརྐྱང༌། །ཞེས་པ་ནི་མ་ཧཱ་དེ་བའི་པགས་པ་རློན་པ་བཤུས་མ་ཐག་ཕྱག་གཉིས་ཀྱིས་གྱེན་ལ་དབྱངས་པའི་ཕྱག་དང་གཞན་ལྷག་མ་རྣམས་ཀྱིས་འཇིགས་བྱེད་མའི་ཁྱག་ཁ་ལ་སོགས་པ་ནས་འཛག་པས་ཀ་པཱ་ལ་བཀང་བས་བདག་ཉིད་བཏུང་པའི་རོལ་པ་མཛད་པའོ། །ཚངས་པའི་པགས་པ་རྐེད་ཤམ་ཐབས། །ཞེས་པ་གོ་སླའོ། །ཕྱག་རྒྱ་དྲུག་གིས་སྐུ་ལ་བཅིངས། །


DTG008_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་འཁོར་ལོ་ལ་སོགས་པ་དྲུག་སྟེ། དངོས་སུ་རིགས་དྲུག་གོ །ཕྱག་རྒྱ་ཆེ་དང་གཉིས་མེད་སྦྱོར། །ཞེས་པ་ནི་ཡུམ་གྱི་མཚན་ཡིན་ཏེ། ཡབ་ཡུམ་གཉིས་སུ་དབྱེར་མི་ཕྱེད་པར་སྦྱོར་པའི་ཚུལ་དུ་བཞུགས་པའོ། །གར་དང་ལྡན་པའི་ཚངས་སྤྱོད་བཞུགས། །ཞེས་བྱ་བ་ནི་གར་མཁན་ནས་སྤྲུལ་པའི་བདག་ཉིད་དུ་བཞུགས་པའོ། །ཚངས་པའི་ཡུལ་ས་བྱེ་བ་ཁང༌། །ཚངས་པའི་ཡུལ་ས་ཞལ་གྱིས་བརྒྱན། །ཞེས་བྱ་བ་ནི་ཤ་ཆེན་ལ་སོགས་པ་གསོལ་བ་དང་མི་མགོ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའོ། །ཕྱག་རྒྱ་ཆེན་པོ་ནམ་མཁའ་སྔོ། །ཞེས་བ་ནི་བཅོམ་ལྡན་མོའི་སྐུ་མདོག་སྔོ་བའོ། །ཚངས་པའི་ཕྱག་གཉིས་ན་བཟའ་གྲོལ། །ཞེས་བ་ནི་གཅེར་བུ་གོས་མི་མངའ་བ་ཞལ་གཅིག་ཕྱག་གཉིས་པའོ། །གྲི་གུག་སྣོད་བསྣམས་ཞི་བའི་ཞལ། །ཞེས་པ་ནི་ཕྱག་གཡས་གྲི་གུག་གཡོན་པ་པདྨའི་སྣོད་བསྣམས་པ་དགྱེས་པའི་ཚུལ་དུ་མཛད་པའོ། །སྤྱན་གསུམ་པ་དང་སྐྲ་གྲོལ་བ། མགྲིན་པར་འཁྱུད་པ་གསང་བ་མཆོག །ཅེས་པ་ནི་སྤྱན་གསུམ་པ། སྐྲ་ཁམ་པ་གྱེན་དུ་གཡེངས་པ། ཡབ་ཀྱི་མགྲིན་པར་ཡུམ་འཁྱུད་ནས་གནས་པ། ཡུམ་ལ་ཡང་ཡབ་ཀྱིས་འཁྱུད་པའོ། །དེ་ཡང་འདི་སྐད་སྟོན་ཏེ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཡི། །ར་བ་གུར་དུ་བསམ་པར་བྱ། །དེ་དབུས་བྷཱུཾ་ལས་རྩིབས་བཅུ་སེར། །ཕྱོགས་སྐྱོང་བཅུ་དང་ཁྲོ་བོར་བཅས། །གཤིན་རྗེ་མདོག་གནག་ཤར་དུ་བསམ། །ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་པ། །རྡོ་རྗེ་རལ་གྲི་རྩེ་གསུམ་གཡས། །པདྨ་ཐོ་བ་དབྱུག་པ་གཡོན། །དང་པོའི་ཕྱག་གཉིས་རང་འོད་འཁྱུད། །ཞལ་གཡས་སེར་ལ་གཡོན་པ་དམར། །ཧཱུཾ་ལས་འཕྲོ་བ་བསྒོམ་པར་བྱའོ། །ཤེས་རབ་མཐར་ཕྱིན་ལྷོ་ཡི་རྩིབས། །དཀར་བོ་དམར་པོ་སྔོན་པོའི་ཞལ། །དབྱུག་པ་རླག་རི་གཡས་པས་བསྣམས། །མཚོན་རྩེ་མགོ་བོ་གཡོན་དུའོ། །པདྨ་མཐར་ཕྱིན་ནུབ་ཀྱི་རྩིབས། །དམར་པོ་དཀར་པོ་སྔོན་པོའི་ཞལ། །རལ་གྲི་འཁོར་ལོ་ཕྱག་གཡས་སུ། །ཟླ་ཕྱེད་དང་ནི་རི་རབ་གཡོན། །བདུད་རྩི་འཁྱིལ་པ་བྱང་གི་རྩིབས། །སྔོན་པོའི་དཀར་པོ་དམར་པོའི་ཞལ། །གཡས་ན་རལ་གྲི་རྡོར་རྒྱ་གྲམ། །མདུད་ཐུང་


DTG008_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དུང་གཉིས་གཡོན་ན་བསྣམས། །འདོད་རྒྱལ་སྔོན་པོ་དཀར་དམར་ཞལ་།རལ་གྲི་རིན་ཆེན་སྟ་རེ་མདུང༌། །དབྱུག་སྔོན་སེར་པོ་ལྗང་དམར་ཞལ། །རྩེ་གསུམ་རལ་གྲི་གསལ་ཤིང་མེའོ། །སྟོབས་ཆེན་དུང་མདོག་སེར་དང་དམར། །རལ་གྲི་དུད་ཞགས་རྟ་རྔ་ཡབ། །མི་གཡོ་དཀར་ནག་དམར་པོ་སྔོ། །རལ་གྲི་ལྕགས་ཀྱུ་པི་ཝང་བྱེའུ། །དྲང་སྲོང་ལ་སོགས་མཚམས་སུའོ། །གཙུག་ཏོར་འཁོར་སེར་སྔོ་དཀར། །འཁོར་ལོ་རལ་གྲི་ཀ་པཱ་ལ། །ཁ་ཊྭཱཾ་བཞི་ཕྱག་རྣམས་ན། །བསྣམས་པ་ཤར་མཚམས་རྩིབས་ལའོ། །སུམ་རྒྱལ་སྔོན་པོ་ཞལ་གསུམ་པ། །སྔོན་པོ་ཉི་མའི་འོད་འདྲའི་ཞལ། །རལ་གྲི་ལྕགས་ཀྱུ་གྲི་གུག་དང༌། །ཐོད་པ་བསྣམས་པ་ནུབ་མཚམས་སོ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །དང་པོ་གཉིས་ནི་ཡུམ་ལ་འཁྱུད། །གཡས་བརྐྱང་པ་ལ་བཞིན་ཡང་འཇིགས། །གསུས་རློ་ལྗགས་འདྲིལ་མཆེ་བ་གཙིགས། །སྤྲུལ་གྱི་རྒྱན་གྱིས་ཐམས་ཅད་བརྒྱན། །ཨག་ཚོམ་དང་ནི་སྨིན་མ་མཉམ། །དབུ་སྐྲ་སེར་བ་གྱེན་འགྲེང་བའི། །ཁྲོ་བོ་བཅུ་ནི་བསྒོམ་པར་བྱ། །ཀུན་ཀྱང་འཇིག་རྟེན་སྐྱོང་བ་སྟེ། །གར་དགུ་དང་ནི་ལྡན་པའོ། །ཨོཾ་ཛྲིམྦྷ་ཛྲིམྦྷཱ་སྦྷཱ་ཧཱུཾ་ཕཊ། ཨོཾ་གུ་གུ་རོ་ཧཱུཾ་ཕཊ། ཨོཾ་དྷ་ར་དྷ་ར་ཧཱུཾ་ཕཊ། ཨོཾ་བི་དྷ་ར་བི་དྷ་ར་ཧཱུཾ་ཕཊ། ཨོཾ་ཏ་གྷེ་ཊ་ཏ་གྷེ་ཊ་ཧཱུཾ་ཕཊ། ཨོཾ་སྭ་ལིང་ཧཱུཾ་ཕཊ། ཨོཾ་ཨ་ཊ་ཧ་ས་ཧཱུཾ་ཕཊ། ཨོཾ་ཨ་ཌྷ་ཧ་ས་ཧཱུཾ་ཕཊ། ཨོཾ་ལུ་ཧུ་ལུ་ཧུ་ཧཱུཾ་ཕཊ། ཨོཾ་བི་ཀྲ་མ་བི་ཀྲ་མ་ཧཱུཾ་ཕཊ། ཞེས་པ་སྔགས་ཀྱིས་བསྲུང་པའོ། དེ་ཡི་ལྟེ་བའི་དབུས་སུ་ནི། །དྷརྨ་ཏ་ཡ་ཀུནྜ་མཚུངས། །ཨེ་ལས་བྱུང་བ་བསམ་པར་བྱའོ། །རླུང་ལ་སོགས་པའི་འཁོར་ལོ་བཞི། །མཾ་རཾ་བཾ་ལཾ་ལས་བྱུང་བའོ། །བྷྲཱུཾ་ལས་འཁོར་ལོའི་སྟེང་དུ་བདག །རྣམ་པར་སྣང་མཛད་ངོ་བོར་གནས། །དཀྱིལ་འཁོར་དང་བཅས་ཡོངས་གྱུར་པ། །གཞལ་ཡས་ཁང་པ་རིམ་གཉིས་སོ། །གྲུ་བཞི་པ་ལ་སྒོ་སོགས་ལྡན། །ཤིང་དང་དུར་ཁྲོད་རྣམས་ཀྱིས་བསྒོར། །མི་བཟད་མི་སྡུག་ཅེ་སྤྱང་སོགས། །འཇིགས་སུ་རུང་ཡང་ཤ་ཟའི་ཁ། །ཧ་ཧར་དགོད་དང་ནག་པོའི་མེ། །འཇིགས་བྱེད་བརྒྱད་པོས་རྣམ་པར་བརྒྱན། །དཔལ་གྱི་མེ་ཏོག་མིག་རྫི་ཤིང༌། །ནཱ་ག་གེ་སར་ཝ་


DTG008_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངང༌། །པ་ལ་དང་ནི་ཤ་ར་དང༌། ཁར་བ་ཤིང་དང་ཤ་མི་བརྒྱད། །བྱི་ལ་བྱ་རྒོད་ཉི་མ་འཇིགས། །སྟག་དང་གླང་ཆེན་ཅེ་སྦྱང་དང༌། །ཁྱི་དང་རྟ་ལ་སོགས་པ་བརྒྱད། །དུར་ཁྲོད་ཤིང་ལ་དབང་བྱེད་པའོ། །ཡང་ན་ཁྭ་ལ་སོགས་པ་བརྒྱད། །རིགས་པས་དུར་ཁྲོད་དུ་བཤད་པའོ། །འདོད་མ་ལ་སོགས་རྩ་བརྒྱད་ནི། །འབྲས་བུ་མེ་ཏོག་ཡོད་པས་ཤིང༌། །ཤིང་ལ་དབང་བྱེད་དཔའ་བོ་རྣམས། །རང་རང་ངོ་བོར་གནས་པའོ། །དེ་ལྟའི་རྒྱན་གྱིས་བརྒྱན་པའོ། །དབུས་ན་འདབ་བརྒྱད་ཁ་དོག་དམར། །ཟླ་བ་ཁ་དོག་ཉི་མ་མཛེས་པའི་གདན། །དབྱངས་ཡིག་དཔེ་བྱད་ལས་བྱུང་བའི། །ཟླ་བ་ཉི་མ་གཉིས་སུ་གསལ། །དབུས་སུ་ས་བོན་གཉིས་གྱུར་པ། །པད་སྣོད་གྲི་གུག་མཾ་ཧཱུཾ་ལྡན། །ཐམས་ཅད་འདི་རུ་གཅིག་པ་ལ། །བཅོམ་ལྡན་ཡེ་ཤེས་ཐིག་ལེ་བཞེངས། །སྐུ་མདོག་གནག་ལ་ཁྲོས་པའི་ཞལ། །ཞལ་བརྒྱད་དང་ནི་སྤྱན་གསུམ་པ། །དབུས་མ་གནག་ལ་སྐུ་དང་འདྲ། །སེར་པོ་དམར་པོ་ལྗང་དུའི་མདོག །གཡོན་ནས་བསྐོར་བའི་རིམ་པའོ། །གཞན་ནི་ཨུཏྤལ་སྔོན་པོ་མཚུངས། །རྡོ་རྗེ་དྲིལ་བུ་རྔེའུ་ཆུང་དང༌། །ཀ་པཱ་ལ་དང་ཁྭ་ཊྭཱཾ་ག །རལ་གྲི་དང་ནི་མདའ་གཞུ་རྣམས། །ཕྱག་ནི་བཞི་གཉིས་ན་ནི་བསྣམས། །སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། །ཟླ་ཕྱེད་དབུ་ལ་བརྒྱན་པ་ལ། །མི་བསྐྱོད་པ་ཡི་ཅོད་པན་ཅན། །མགོ་བོ་རློན་པས་དོ་ཤལ་བྱས། །གཤིན་རྗེའི་པགས་པའི་ཤམ་ཐབས་ལ། །ཐོད་པའི་དུམ་བུའི་སྐ་རགས་བཅིངས། །སྐུ་ནི་ཕྱག་རྒྱ་དྲུག་གིས་བརྒྱན། །བཞེངས་ཏེ་གར་དགུའི་སྒྲ་ཆེན་སྒྲོགས། །ཞབས་ཀྱིས་འཇིག་རྟེན་མནན་ནས་སོ། །ཕྱག་རྒྱ་ཆེ་དང་གཉིས་མེད་སྦྱོར། །བདེ་བ་ཆགས་ཆེན་རང་བཞིན་ལས། །འཕྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཀྱེ་རབ་སྐུ་མཆོག་གི་ངོ་བོ་ཡི་མཚན་ཉིད། །གང་ན་བཞུགས་པ་མྱ་ངན་འདས་མཚན་ཉིད། །དེ་ཁོ་ན་ཉིད་དང་བྲལ་བའི་སྟོང་དེ་ཆད། །གཉིས་མེད་པ་ཡི་བདེ་བས་མི་ཚོར་རམ་ཅི། །མཚོ་སྐྱེས་མ་དང་གསུང་རྡོ་རྗེར་སྦྱོར་ཡོངས་སུ་གཟིགས། །གང་ཞིག་དངོས་བོ་དངོས་མེད་དེ་ནི་སྤྱོད། །གླུ་ཡིས་མཆོད་ཅིང་བསྐུལ་བ་ལས། །རང་བཞིན་ལས་ནི་མཾ་ཧཱུཾ་ངོ༌། །


DTG008_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་པད་སྣོད་དེ་ལས་བྱུང༌། །ལྟེ་བའི་ནང་དུ་ས་བོན་གནས། །སྙིང་པོ་ཞུ་ལས་བཅོམ་ལྡན་འདས། །འཇིགས་བྱེད་ཟླ་ཉི་སྟེང་ན་བཞེངས། །དཔའ་བོ་དཔའ་མོ་རྣམས་ཀྱིས་བསྐོར། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་སྟེ། །ཞབས་བཞི་གཡས་བརྐྱང་གཡོན་ཀྱང་བརྐྱང། །སྤྱན་གསུམ་པ་ནི་སྐུ་མདོག་གནག །ཞལ་གསུམ་དཀར་དང་དམར་དང་སེར། །གཞན་རྣམས་ཞལ་ནི་བུང་བ་མཚུངས། །སྟེང་མ་འཇིགས་པ་བོང་བུའི་བྱད། །ཁྱོད་སྐུ་མཆེ་བ་འཇིགས་པ་གཙིགས། །སྐུ་ལ་བསྐལ་བའི་མེ་རི་འབར། །བཞེངས་ནས་དྲེགས་པ་འཇོམས་པར་མཛད། །ཐོད་རློན་རྒྱུ་མས་བརྒྱུས་པས་བརྒྱན། །སྐྲ་སེར་སྨིན་མ་གྱེན་དུ་འགྲེང༌། །ཞི་བའི་འཕགས་པ་རློན་པ་ནི། །ཕྱག་གཉིས་ཀྱིས་ནི་གྱེན་དུ་དཔྱངས། །ལྷག་མའི་ཕྱག་རྣམས་འཇིགས་བྱེད་མའི། །ཁ་ནས་ཁྲག་འཛག་ཀ་པཱ་ལར། །བཏུང་བཟའི་ཕྱིར་ནི་ཕྱག་ན་བསྣམས། །ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། །ཚངས་པའི་པགས་པས་ཤམ་ཐབས་བྱས། །སྐྱེ་རགས་བཅིངས་ཤིང་གར་དུ་སྒྲོགས། །ཧ་ཧ་བཞད་པ་ཁྲོ་བོའི་འཇིགས། །ཕྱག་རྒྱ་ཆེ་དང་མཉམ་སྦྱོར་ཞིང༌། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །སྤྱན་གསུམ་སྐྲ་གྲོལ་གཉིས་ཀ་འཁྱུད། །རུས་པའི་རྒྱན་དང་ཐོད་པས་བརྒྱན། །མི་བསྐྱོད་ཅོད་པན་ཡབ་དང་མཉམ། །གཅེར་བུ་ཁམ་དུ་ཐམས་ཅད་གསོལ། །ཕྱག་གཉིས་གྲི་གུག་སྣོད་འཛིན་པ། །རྒྱན་རྣམས་ཡབ་དང་མཚུངས་པའོ། །སྣ་ཚོགས་པདྨའི་ཤར་ཕྱོགས་སུ། །དཔའ་བོ་ལ་སོགས་བཞུགས་པ་རྣམས། །ཤར་དུ་ཨུ་རྒྱན་གནས་སུ་ནི། །ནམ་མཁའ་དྲི་མེད་བསམ་པར་བྱ། །ཛཱ་ལནྡྷ་ར་བྱང་དུ་སྟེ། །ཤིན་ཏུ་རྩལ་ཆེན་བསྒོམ་པའོ། །པུ་ལི་ར་མ་ནུབ་ཏུ་སྟེ། །ལྷ་ཡི་དབང་ཕྱུག་བསམ་པའོ། །ཀཱ་མ་རཱུ་པ་ལྷོ་ཡི་ཕྱོགས། །གསང་བའི་བདག་པོ་དེ་ལྟར་རོ། །མ་ལ་པ་རུ་འོད་བྲག་སྟེ། །སིནྡྷུའི་ཡུལ་དུ་ཉི་འགྲོའོ། །ན་ག་རུ་ནི་མཆོག་དགའ་སྟེ། །སིང་གར་ཐམས་ཅད་བྱེད་པའོ། །གནས་དང་ཉེ་གནས་བྱ་བའོ། །མ་རུར་ཨུཏྤལ་སྙིང་པོ་སྟེ། །དེ་བའི་ཀོ་ཊའིར་ཞིང་ཆེན་བདག །ཀཽ་ལུ་ཏ་རུ་ནག་པོ་འདུལ། །


DTG008_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་འབྱུང་དཔའ་བོ་ཨརྦུ་དར། །ཞིང་དང་ཉེ་ཞིང་ཞེས་འདིར་བཤད། །ཧ་ལི་ཀ་ལིར་གྲགས་ཆེན་ཏེ། །ཀུ་ཏ་པར་ནི་དྲེགས་འཇོམས་སོ། །རི་རབ་རྟ་ནི་ལམ་པ་ཀ །ཀཱཉྩི་ཀར་ནི་ནམ་མཁའི་ཞལ། །ཚན་དོ་དང་ནི་ཉེ་ཚན་དོ། །ཤར་དང་བྱང་ལ་སོགས་པ་རུ། །དཔའ་མོ་རྣམས་ནི་སྔོན་དང་མཚུངས། །ལས་ཀྱི་ཡུལ་དུ་ཟླ་མ་སྟེ། །གཡོན་པ་མ་ནི་གསེར་གླིང་དུ། །ཉི་མ་མ་ནི་ཀུ་ལུ་ཏར། །རླུང་ཟ་མ་ནི་ཙིནད་རོ། །འདུས་པ་དང་ནི་ཉེ་བའི་འདུས། །ཡི་དགས་འདུས་པར་བསིལ་སྦྱིན་མ། །སྙིང་པོའི་འདབ་མའི་ཆུ་ཡི་ངོས། །བག་ཡོད་ཐོར་ཅོག་ཙ་རི་ཏར། །ཉི་འདུལ་གཞོན་ནུའི་གྲོང་ཁྱེར་དུ། །དེ་ནི་དུར་ཁྲོད་ཉེ་དུར་ཁྲོད། །ཞི་ཚོར་ཕོ་ཉ་ཀ་སྨི་རར། །ལྗང་བརྩོན་མ་ནི་ཀེ་ཏ་རར། །ནེ་པ་ལེར་ནི་འོད་བདུན་མ། །ཚངས་པའི་མ་ནི་ཀ་རུ་ཛར། །བྱི་ལ་ཉེ་བའི་བྱི་ལའོ། །འཆི་མེད་གྲོང་ཁྱེར་ཁྱབ་འཇུག་མ། །ཐོག་ཁ་མ་ནི་མི་ཡི་ཡུལ། །ཐམས་ཅད་སྐྱེད་བྱེད་ས་འོག་ཏུ། །དཔའ་བོའི་ཡུལ་ནི་རི་རབ་རྩེར། །དེ་ནི་སྦྱོར་དང་ཉེ་བའི་སྦྱོར། །དཔའ་བོ་རྣམས་དང་ལྷན་ཅིག་སྦྱོར། །སྐུ་མདོག་བཞུགས་ཐམས་ཡབ་དང་འདྲ། །ནག་པོ་དཀར་པོ་དམར་པོ་སྔོ། །ལྗང་གུ་པད་སྔོན་ཟླ་དཀར་དང༌། །དམར་ཆེན་ཨུཏྤལ་སྔོན་པོ་མཚུངས། །གསེར་ཞོགས་མིག་སྨན་དུ་བའི་མདོག །སྤྲིན་མདོག་གསེར་འོད་དམར་ནག་དང༌། །སེར་པོ་ལ་སོགས་རིམ་པ་བཞིན། །ཞལ་བཞི་ཕྱག་བཞི་དཔའ་བོ་ཀུན། །ཁ་ཊྲཱཾ་ག་དང་ཀ་པཱ་ལ། །རྩ་བར་བསྣམས་ནས་ཤེས་རབ་འཁྱུད། །དྲིལ་བུ་རྔེའུ་ཆུང་འོག་གཉིས་བསྣམས། །འཇིགས་བྱེད་ཟླ་ཉི་ཞབས་ཀྱིས་མནན། །རྒྱལ་པོའི་བཞུགས་ཐབས་བཞིན་དུ་བཞུགས། །ཕྱག་རྒྱ་རྣམ་པ་ལྔ་ཡིས་བརྒྱན། །སྣ་ཚོགས་པ་ཡིས་རྣམ་པར་བརྒྱན། །ཞལ་གཅིག་ཕྱག་གཉིས་དཔའ་བོ་རྣམས། །ཐམས་ཅད་པད་སྣོད་གྲི་གུག་ཐོགས། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །རིམ་གཉིས་སྣ་ཚོགས་འདབ་རྒྱས་ལ། །ཤར་དུ་སྐམ་མ་སྤྲིན་མདོག་སྟེ། །བྱང་དུ་འཇིགས་མ་གསེར་གྱི་མདོག །ནུབ་ཏུ་རྒྱུན་འོད་ཁ་དོག་དམར། །ལྷོ་རུ་མཆུ་འཕྱངས་མ་ནི་ལྗང༌། །


DTG008_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཚམས་རི་རབ་སོ་མ་ཟླ། །གནོད་སྦྱིན་མཚམས་སུ་བདེ་མ་སེར། །རླུང་མཚམས་དམིགས་སྟོང་ཤེལ་གྱི་མདོག །བྱང་མཚམས་སྟག་མ་བཻཪྻ་མཚུངས། །ནུབ་མཚམས་གཏུམ་མོ་རིན་ཆེན་མདོག །ལྷོ་མཚམས་འདོད་གཟུགས་སྣ་ཚོགས་མདོག །ལུས་འཕགས་བོ་དང་སྒྲ་མི་སྙན། །བ་ལང་སྤྱོད་དང་འཛམ་བུའི་གླིང༌། །ལམ་དང་ཉེ་བའི་ལམ་ཡིན་ཏེ། །རྣལ་འབྱོར་མ་རྣམས་གནས་པའོ། །ཞལ་ནི་ཉི་མིག་ཨུཏྤལ་མདོག །དབང་ལྡན་མཚམས་སུ་མེ་ཞལ་སེར། །འོད་མ་སེར་མོ་ཤར་གྱི་སྒོར། །ལྕེ་རིངས་དཀར་མོ་བྱང་གི་སྒོར། །ཆོས་དཀར་ཟླ་མདོག་ནུབ་ཀྱི་སྒོར། །བདེན་མ་ལྗང་གུ་ལྷོ་ཡི་སྒོར། །ཤར་མཚམས་ཕྱག་བཞི་སྣ་ཚོགས་གཟུགས། །སྐྲ་དང་ན་བཟའ་གྲོལ་བ་ཡིས། །སྤྱན་གསུམ་པ་ལ་རུས་པའི་རྒྱན། །ཕྱག་རྒྱ་ལྔ་ཡིས་ཤིན་ཏུ་མཛེས། །རལ་གྲི་དང་ནི་ཀ་པཱ་ལ། །ཁྲག་གིས་བཀང་བ་ཕྱག་ན་བསྣམས། །གཞན་ན་ཁ་ཊྭཱཾ་རྔེའུ་ཆུང་ངོ༌། །རོ་སྟེང་གཡོན་བརྐྱང་རྣལ་འབྱོར་མ། །དེ་ལྟ་བུར་ནི་ཐམས་ཅད་གནས། །རང་འོད་ཐབས་དང་ལྡན་པའོ། །སྤྱི་བོ་དང་ནི་སྤྱི་གཙུག་དང༌། །མཚོག་མ་དང་ནི་སྨིན་དབུས་དང༌། །སྣ་ཡི་རྩེ་མོ་མིག་གཉིས་དང༌། །རྣ་བ་གཉིས་དང་ཁ་པད་དང༌། །ཀོ་སྐོ་དང་ནི་མགྲིན་གླིང་དང༌། །རྒྱབ་གླིང་དེ་བཞིན་འོ་མའི་སྣོད། །སྙིང་ག་དང་ནི་ལྟེ་བ་དང༌། །གསང་བའི་པདྨ་མཚན་གྱི་དབུས། །མཚན་རྩ་དང་ནི་གཞང་ཁ་དང༌། །བརླ་གཉིས་དེ་བཞིན་པུས་མོ་གཉིས། །རྗེ་ངར་གཉིས་དང་རྐང་པ་གཉིས། །མཐེ་བོང་དང་ནི་སོར་མོ་དང༌། །ལུས་ཐམས་ཅད་དང་རྐང་མཐིལ་གཉིས། །ལྟག་པ་དང་ནི་རྐེད་པ་དང༌། །ཆོས་འཁོར་དེ་བཞིན་ལྟེ་བ་དང༌། །མེ་འཁོར་དེ་བཞིན་གསང་སྣའོ། །སྤུ་མཚམས་དེ་ལྟར་དེ་ཡི་འོག །རིན་མགྲིན་རྡོ་རྗེའི་དཔྲལ་བའི་གནས། །དེ་ནི་གནས་དང་ཉེ་བའི་གནས། །ཞིང་དང་དེ་བཞིན་ཉེ་ཞིང་སྟེ། །ཚན་དོ་དང་ནི་ཉེ་ཚན་དོ། །འདུས་པ་ཉེ་འདུ་དེ་ལྟར་ནི། །དུར་ཁྲོད་ཉེ་བའི་དུར་ཁྲོད་རབ། །བྱི་ལ་ཉེ་བའི་བྱི་ལ་དང༌། །སྦྱོར་བ་དང་ནི་ཉེ་བའི་སྦྱོར། །ལམ་དང་ཉེ་ལམ་ལ་སོགས་གནས། །དེ་ནི་གནས་ནི་བརྒྱད་དུ་བསྟན། །ཉེ་བའི་


DTG008_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་དེ་བཞིན་ནོ།།རང་བཞིན་བདེ་ཆེན་ནམ་མཁར་གནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །སྔགས་དང་ལྡན་པའི་ཕྱག་རྒྱས་དགུག །མཐེའུ་ཆུང་ལུ་གུ་རྒྱུད་སྦྲེལ་ཏེ། །མཛུབ་རྩེ་གཉིས་ནི་ནམ་མཁར་བསྒྲེང༌། །མཐེ་བོང་མནན་པས་བརྟན་པར་བྱ། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རྣམས། །དམ་ཚིག་སེམས་དཔའ་ལ་བསྟིམས་ལ། །སྔགས་འདིས་རྟག་ཏུ་ང་རྒྱལ་བྱ། །ཨོཾ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་སཏྭ་ཨཱཏྨ་ཀོ྅ཧཾ། ཇི་ལྟར་ཆུ་ལ་ཆུ་ཐིམ་ལྟར། །ཡེ་ཤེས་སེམས་དཔའ་བསྟིམ་པའོ། །དེ་ནས་སྐུ་གསུང་ཐུགས་རྡོ་རྗེ། །སྤྱི་བོ་སྙིང་ག་མགྲིན་པར་བསྒོམ། །རིགས་སུ་དབྱེ་བས་འཁོར་ལོ་གསུམ། །གནས་གསུམ་དུ་ནི་བསྒོམ་པའོ། །ཨོཾ་ཨཱཿ་ཧཱུཾ་དང་ལྡན་པ་ཡིས། །རྡོ་རྗེ་གསུམ་གྱི་དམ་ཚིག་གོ །བདག་ཉིད་ཕྱག་རྒྱ་དྲུག་ལྡན་པས། །དེ་ཕྱིར་གོ་ཆ་མི་དགོས་སོ། །འཁོར་ལོ་རྣ་ཆ་མགུལ་གདུབ་དང༌། །གདུ་བུ་སྐེ་རགས་ཐལ་བ་དྲུག །གཏི་མུག་མཁའ་འགྲོ་ལ་སོགས་པའོ། །དྲུག་ཏུ་བདག་གིས་བཤད་པའོ། །ཕྱག་རྒྱ་ཆེན་པོ་ལས་ཀྱང་གསུངས། །ཕྱག་རྒྱ་དྲུག་ལ་བསྟན་པ་སྟེ། །སྐྱེ་མཆེད་དྲུག་ནི་དག་པ་སྟེ། །རིགས་དྲུག་རིམ་པར་ཤེས་པར་བྱ། །ལྷ་མོ་བདག་ཉིད་ཕྱག་རྒྱ་དྲུག །དེ་ཡི་ཕྱིར་ན་གོ་ཆ་རྫོགས། །དེ་ནས་དབང་བསྐུར་བདེ་བ་ནི། །བཅོམ་ལྡན་འདས་ལ་དབང་བསྐུར་དོན། །འོད་ཟེར་དང་ནི་བཅས་པས་བསྐུལ། །དེ་ནས་བདེ་ཆེན་ནམ་མཁའ་གནས། །བདུད་རྩི་དང་ལྡན་བུམ་པ་ཡིས། །རང་གི་སྤྱི་བོར་དབང་བསྐུར་བས། །དྲི་མ་དག་ནས་མི་བསྐྱོད་པའི། །རང་བཞིན་ཡེ་ཤེས་སུ་ནི་འགྱུར། །རླུང་མེའི་དཀྱིལ་འཁོར་ལ་སོགས་སྟེང༌། །བདེ་འཁོར་ཀ་པཱ་ལ་ཡི་དབུས། །གླ་རྩི་བཞི་མཉམ་སིཧླ་དང༌། །ག་བུར་དང་ནི་ཤ་ལི་དང༌། །ཡེ་ཤེས་གནས་པའི་རིགས་ཀྱི་ལྷ། །རླུང་མས་བསྐུལ་ནས་མེ་ནི་འབར། །རིགས་ལྔ་བདུད་རྩིའི་ངོ་བོར་ཞུ། །ཨོཾ་གྱི་འོད་ཀྱིས་ཡང་དག་འབར། །ཧཱུཾ་གིས་བདུད་རྩི་དཀར་པོར་སྦྱངས། །ཨ་ཡིས་གཉིས་མེད་རྟོགས་པར་བརླབས། །དེ་རྫས་བདུད་རྩི་བཟའ་བར་བྱ། །རང་


DTG008_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་པདྨའི་འདབ་མ་རུ། །ཧཱུཾ་བྱུང་རྡོ་རྗེ་དཀར་བཀོད་ལ། །ཕྱི་ནང་རབ་ཚིམ་འདི་ཡིས་སོ། །ཉི་ཟླ་ལ་སོགས་མཆོད་པ་ཡིས། །ཕྱི་དང་ནང་གཉིས་སྐུ་ལ་མཆོད། །རིམ་གཉིས་རྣལ་འབྱོར་མ་རྣམས་ཀྱིས། །སྔགས་འདུས་མཆོད་པ་རྟག་ཏུ་བྱ། །ཨོཾ་དང་ཧཱུཾ་ཕཊ་བར་དུ་ནི། །དབྱངས་ཡིག་རེ་རེ་སྤེལ་བ་ཡིས། །མར་ངོ་ཚེས་གཅིག་ནས་བཟུང་སྟེ། །བཅུ་དྲུག་བར་དུ་མཆོད་བྱའོ། །དཔྲལ་བ་ལ་སོགས་གནས་རྣམས་ན། །བདེ་ཆེན་སྐུ་ནི་བཞུགས་པ་ལ། །སྔགས་དང་མེ་ཏོག་ལྡན་པའི་དུས། །དུས་དང་ཚེས་གྲངས་མ་ནོར་བར། །རླག་དང་ལོངས་སྤྱོད་དབང་གིས་ནི། །སྐུ་བརྒྱད་པ་ནི་མཆོད་བྱས་པས། །སྐུ་གསུམ་བདག་ཉིད་རྡོ་རྗེ་འཛིན། །བཅུ་དྲུག་དགའ་བའི་ས་ཐོབ་བོ། །དེ་ནས་བསྟོད་པ་སྣ་ཚོགས་ཀྱིས། །འཁོར་ལོ་ལ་ནི་བསྟོད་པའོ། །དོན་ཐམས་ཅད་ནི་བསྒྲུབ་པའི་ཕྱིར། །སྔགས་རྣམས་བཟླས་པ་གསལ་བར་བྱ། །ཨོཾ་ཤྲཱི་མ་ཧཱ་བཛྲ་གེ་ན་ཏི་ལ་ཀ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་སྙིང་པོ་དང༌། །ཉེ་བའི་སྙིང་པོའི་འདི་གཉིས་ནི། །གྲང་མེད་པ་ཡི་ཡོན་ཏན་ཡོད། །ཨོཾ་བཛྲ་མྲེ་ཏ་ཡེ་མ་ཧཱ་བ་ལ་པ་རཀྵ་མ་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ས་ར་ཝི་ས་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བཅོམ་ལྡན་མོ་ཡི་སྙིང་པོ་དང༌། །ཉེ་བའི་སྙིང་པོ་འདི་གཉིས་ཀྱིས། །དོན་ཀུན་ཐམས་ཅད་འགྲུབ་པའི་མཆོག །ཡང་ན་ཕྲེང་བའི་སྔགས་ནི་མཆོག །བསྙེན་པ་རྫོགས་པར་བྱས་ནས་ནི། །དེ་ནས་ལས་ཀྱི་དབྱེ་བ་བྱ། །འདིས་ནི་ཐམས་ཅད་ལས་གྲུབ་བྱེད། །ཨོཾ་དྷཱུཾ་དྷཱུཾ་ཧཱུཾ་ཕཊ། ཨོཾ་ཀྲུཾ་ཀྲུཾ་ཧཱུཾ་ཕཊ། ཨོཾ་གྲོཾ་གྲོཾ་ཧཱུཾ་ཕཊ། ཨོཾ་ཛྲོཾ་ཛྲོཾ་ཧཱུཾ་ཕཊ། ཨོཾ་ཌྲོཾ་ཌྲོཾ་ཧཱུཾ་ཕཊ། ཨོཾ་པྲོཾ་ཕྲོཾ་ཧཱུཾ་ཕཊ། ཨོཾ་སྲོཾ་སྲོཾ་ཧཱུཾ་ཕཊ། ཨོཾ་ཏྲོཾ་ཏྲོཾ་ཧཱུཾ་ཕཊ། ཨོཾ་དྲོཾ་དྲོཾ་ཧཱུཾ་ཕཊ། ཨོཾ་ཕྲོཾ་ཕྲོཾ་ཧཱུཾ་ཕཊ། ཨོཾ་བྲོཾ་བྲོཾ་ཧཱུཾ་ཕཊ། ཨོཾ་ཡྲོཾ་ཡྲོཾ་ཧཱུཾ་ཕཊ། ཨོཾ་ཧྲོཾ་ཧྲོཾ་ཧཱུཾ་ཕཊ། ཨོཾ་ཁྲོཾ་ཁྲོཾ་ཧཱུཾ་ཕཊ། དཔའ་པོ་དཔའ་མོ་བཅུ་དྲུག་གཉིས། །སྙིང་པོ་མཆོག་ཏུ་བསྟན་པའོ། །འཕར་མ་གཉིས་པོའི་རྣལ་འབྱོར་མ། །སྙིང་པོ་སྔགས་ཀྱང་དེ་ལྟར་རོ། །ཨོཾ་ནི་དང་པོ་ཧཱུཾ་ཕཊ་མཐའ། །བར་དུ་མིང་ནི་སྦེལ་བའོ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ་


DTG008_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཨཱ་ལི་ཀཱ་ལི་སྔགས། །དཔའ་བོ་དཔལ་མོ་སྙིད་པོ་སྔགས། །དེ་ནས་གཏོར་མའི་ཆོ་ག་བསྟན། །ཛཿ་ཧཱུཾ་བཾ་ཧོཿ་ཕྱག་རྒྱར་ལྡན། མཁའ་འགྲོ་དང་ནི་ཕྱོགས་སྐྱོང་སོགས། །དགུག་གཞུག་བཅིངས་ལ་དགྱེས་པར་བྱ། །ཨ་དང་ཀ་སོགས་སྔགས་རྣམས་ཀྱིས། །དགྱེས་པའི་རྡོ་རྗེ་བརྟག་གཉིས་ལས། །འབྱུང་བའི་སྔགས་ཀྱིས་གཏོར་མ་སྦྱིན། །ཁྲོ་བོའི་ངོ་བོར་བདག་ཉིད་གནས། །སེམས་ཅན་བསྲུང་བའི་དོན་དུ་ནི། །རྡོ་རྗེ་སྙིམ་པ་ཁ་ཕྱེ་ལ། །མཚན་ཕྱེད་འཇིགས་པ་མེད་པས་སྦྱིན། །དུར་ཁྲོད་ལ་སོགས་གནས་སུ་གཏང༌། །དེ་ནས་བདག་གིས་རྣམ་དག་བསྟན། །རྒྱུད་འདི་རང་ན་གསལ་བས་ན། །འདི་རུ་དབྱེ་བ་བདག་གིས་ནི། །ངལ་བས་འཇིགས་པས་མ་བྲིས་སོ། །ཡང་ན་འདི་ལྟ་བུ་རུ་བསྟན། །རྡོ་རྗེ་གུར་སོགས་དབུས་སུ་ནི། །ཆོས་ཀྱི་འབྱུང་གནས་བསམ་པ་སྟེ། །བདེ་འཁོར་ཟུར་གསུམ་ཡོད་པ་ནི། །དེ་ནི་ཆོས་ཀྱི་ངོ་བོ་སྟེ། །ནང་ན་གནས་པའི་བྱང་ཆུབ་སེམས། །འབྱུང་བའི་གནས་ཞེས་དེ་ལ་བྱས། །ནམ་མཁའ་ཆོས་ནི་ཡིན་པ་སྟེ། །ས་བོན་འབྱུང་གནས་གཡོན་པའོ། །ཆོས་ནི་བྷ་ག་ཡིན་པར་བཤད། །བྷ་གའི་གནས་ནི་རིན་ཆེན་སྟེ། །དེ་བཞིན་གཤེགས་པ་བཞུགས་པའི་ཕྱིར། །འདི་ནི་ཆོས་ཀྱི་འབྱུང་གནས་སོ། །འབྱུང་བ་བཞི་ནི་བྱང་སེམས་ལས། །འཁོར་ལོ་ལས་བྱུང་ཐམས་ཅད་ཁྱབ། །ཞུ་བ་ཤེལ་གྱི་གཞལ་ཡས་ཁང༌། །ཆར་ཡང་ཐིག་ལེའི་ཚུལ་དགའ་བཞིའི། །གྲུ་བཞི་པ་ཡིས་རྣམ་པར་མཛེས། །སྟོང་པ་བཞི་དང་དགའ་བ་བཞིས། །སྒོ་བཞི་ཟུར་བཞི་པར་ནི་བྱས། །རྟ་བབས་ལ་སོགས་དབྱེ་བ་ཡིས། །འཁོར་ལོ་ལ་སོགས་དེ་ལྟར་ལྟར་སྦྱར། །ཡང་ན་བྱང་སེམས་ཐིག་ལེ་དེ། །སྟོང་པ་སྙིང་རྗེ་རོ་གཅིག་པས། །གྲུ་བཞི་སྒོ་བཞི་ཟུར་བཞི་སོགས། །ཚད་མེད་རྣམ་པར་དེ་བཞིན་སོགས། །དེ་ལྟར་ཆོས་རྣམས་ཡེ་ཤེས་སུ། །དབྱེར་མེད་ཤེས་པ་དེ་ཉིད་དོ། །དུར་ཁྲོད་ལ་སོགས་རྣམས་ཀྱིས་བརྒྱན། །རྣམ་པར་ཁྱབ་དང་ཤིང་ཚིག་དང༌། །ཕྱེད་ཚིག་སྭ་སྭ་ཙེག་ཙེག་དང༌། །དུམ་མགོ་རྣམ་བཅས་ཡི་དགས་ལྡན། །


DTG008_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པར་བྱེད་དང་མེ་འབར་ཕྲེང༌། །དེ་ནི་དུར་ཁྲོད་གསང་ཡིན་ནོ། །ཡང་ན་མཚན་རྟོགས་བག་ཆགས་གསང༌། །བདེ་བའི་ཡེ་ཤེས་འཛིན་པའི་རོ། །འཛིན་པ་ཆད་ནས་རང་འོད་ཐིམ། །སླར་ལ་རང་གི་རིན་ཆེན་ཁར། །ཧཱུཾ་གིས་བྱིན་བརླབས་ཤ་ཆེན་ཏེ། །ཤིང་དང་དུར་ཁྲོད་དབང་བྱེད་པའི། །དཔའ་པོ་རྣམས་ཀྱིས་ཟ་ཞིང་བཞད། །ཧ་ཧའི་སྒྲ་ནི་འཇམ་པ་སྒྲོགས། །དེ་ལྟ་བུ་ཡི་དུར་ཁྲོད་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །རིན་ཆེན་མ་དང་པདྨ་དང༌། །གཤེ་ཆེན་མ་དང་སྟོབས་ཆེན་མ། །མགོ་ཆེན་མ་དང་མྱོས་ཆེན་དང༌། །དགའ་ཆེན་མ་དང་དགའ་མེད་ཆེ། །འདི་ནི་ཤིང་གི་དངོས་པོ་སྟེ། །འབྲས་བུ་དང་ནི་མེ་ཏོག་དང༌། །ཡན་ལག་ཡོད་པའི་རྩྭ་ཡི་ཤིང༌། །གཞལ་ཡས་ཁང་ནི་རྣམ་པར་བརྒྱན། །དེ་ཡི་དབུས་ན་པདྨའི་གདན། །ཟུར་གསུམ་ལ་སོགས་རྣམ་པར་གནས། །གཟུང་འཛིན་སྟེང་དུ་ཉི་ཟླའི་གདན། །ཁུ་བདེ་དབྱངས་ཡིག་དཔེ་བྱད་ལས། །ཟླ་བ་ཉི་མས་བོན་གནས། །དེ་ལས་བདེ་ཆེན་རང་བཞིན་གསལ། །རྡོ་རྗེ་སེམས་དཔའ་ཉིད་ཅེས་བརྗོད། །འདི་ནི་གཙེ་བོའི་བཅོམ་ལྡན་འདས། །མཆོག་དང་ཆད་པའི་དབུས་ན་བཞུགས། །རླག་དང་ལོངས་སྤྱོད་དེ་བཞིན་ནོ། །ཤར་བ་དང་ནི་ནུབ་པ་མིན། །རྟག་ཏུ་ཤར་བ་བཅོམ་ལྡན་འདས། །ཨུ་ཌྱན་ཞེས་པ་ཟུར་གསུམ་མོ། །པདྨའི་འབྲས་བུ་ཛཱ་ལནྡྷར། །དྲག་པོའི་མིག་འདྲ་བུ་ལླིར། །རིགས་ཀྱི་མེ་ཏོག་ཀཱ་མ་རུ། །ཚངས་པའི་མིག་འདྲ་མ་ལ་བ། །དུང་གི་མིག་འདྲར་སིནྡྷཱུའི་ཡུལ། །རྣ་བའི་མིག་འདྲར་ན་གར་རོ། །བ་ཡི་མིག་འདྲར་སྲིད་ཀར་ཏེ། །དུང་གི་ལྟེ་འདྲར་མུ་མུང་རོ། །གླང་ཆེན་ལྟེ་འདྲར་དེ་ཀཽ་ཊར། །ཨུཏྤལ་ལྟེ་འདྲར་ཀོ་ལུ་ཏར། །པདྨའི་ལྟེ་འདྲར་ཨརྦུ་ཏར། །བུང་བའི་ཁ་འདྲར་ཧ་རི་ཀོལ། །རྨ་བྱའི་ཁ་འདྲར་གཽ་ཏ་བར། །རྡོ་རྗེའི་ཁ་འདྲར་ལཾ་པ་ཀར། །ཏིལ་གྱི་མེ་ཏོག་རྒྱས་འདྲར་དུ། །ཀཱཉྩི་ཀར་ཞེས་པ་ཡི་གནས། །དེ་ནི་དཔའ་བོ་རྣམས་ཀྱི་གནས། ཡན་ལག་མ་རྣམས་བསྟན་པར་བྱ། །ཏིལ་གྱི་མེ་ཏོག་རི་རབ་རྩེ། །ས་འོག་དེ་ནི་རྡོ་རྗེ་ཁར། །མི་ཡུལ་དེ་ནི་རྨ་བྱའི་ཁར། །འཆི་མེད་གྲོང་ནི་བུང་བའི་ཁར། །ཀར་ནུ་ཛར་ནི་


DTG008_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ལྟེར། །ནེ་པ་ལ་ནི་ཨུཏྤལ་ལྟེར། །ཀ་ར་ཏར་ཞེས་གླང་ཆེན་ལྟེར། །ཀར་མི་ར་ནི་དུང་གི་ལྟེར། །གཞོན་ནུ་གྲོང་ཁྱེར་པ་ཡི་ཚིག །ཚ་རི་ཏར་ཞེས་རྣ་བའི་མིག །ཆུ་དོགས་དེ་ནི་དུང་གི་མིག །ཡི་དགས་འདུས་པ་ཚངས་པའི་མིག །ཚིནྟར་ཞེས་པའི་རིགས་མེ་ཏོག །ཀོ་ལུ་ཏ་ནི་དྲག་པོའི་མིག །གསེར་གླིང་པདྨའི་འབྲས་བུའི་གནས། །ལས་ཀྱི་ཡུལ་གནས་ཟུར་གསུམ་ཡིན། །འདི་ནི་དོན་དུ་གསང་བའི་གནས། །ལུས་འཕགས་པོ་ནི་སྲོག་རྩ་མ། །སྒྲ་མི་སྙན་ནི་ལ་ལ་ནཱ། །བན་གླང་སྤྱོད་ནི་ར་ས་ནཱ། །འཛམ་བུའི་གླིང་ཞེས་པ་ཡི་གནས། །ཨ་ཝ་དྷཱུ་ཏཱི་ཞེས་པའོ། །འདི་ལས་གཞན་པའི་གནས་རྣམས་ནི། །རྙེད་པར་སླ་བར་ཡོད་མི་འགྱུར། །གནས་བརྒྱད་རང་གི་ངོ་བོ་རུ། །སྐུ་བརྒྱད་པོ་ནི་བསྒོམ་པའོ། །གནས་ནི་གསང་ཆེན་པདྨའི་གནས། །ལྟེ་བ་ཡོད་པའི་འདབ་བརྒྱད་ནི། །གང་གང་བཞུགས་དང་རྟེན་ས་རྣམས། །དེ་དང་དེ་ནི་གནས་ཞེས་བརྗོད། །རང་བཞིན་གང་དུ་སྐྱེ་བ་ནི། །ཞིང་རབ་ཅེས་ནི་དེ་བསྟན་ཏོ། །དེ་བཞིན་ཡང་དག་བྱང་ཆུབ་སེམས། །འབྱུང་བས་ཚན་དོར་བསྟན་པའོ། །གསུམ་དང་དྲུག་སོགས་དབྱེ་བ་རྣམས། །གཅིག་ཏུ་འདུས་པས་འདུས་པར་བསྟན། །ཁུ་བ་བདེ་བ་གཉིས་སུ་རྟོག །དབྱེར་མེད་ཐིམ་པ་དུར་ཁྲོད་དོ། །གང་དུ་ཡེ་ཤེས་ཡང་དག་མཐོང༌། །དེ་ཡང་མཐོང་མིན་བྱི་ལར་བརྗོད། །སྟེང་ནས་འོག་ཏུ་འཕོ་བ་ཡི། །ཡེ་ཤེས་བརྟེན་ནས་ཉམས་མྱོང་ལམ། །རིན་ཆེན་ཁ་རུ་བདུད་རྩི་འགོག ། འོད་རབ་ངོ་བོ་གནས་ཕྱིར་སྦྱོར། །འདི་ནི་དེ་ནི་གནས་བརྒྱད་དེ། །སྐུ་བརྒྱད་དང་ནི་སྦྱོར་བའི་གནས། །ཐམས་ཅད་སྟོང་དང་བདེ་ཆེན་དང༌། །རང་བཞིན་དགའ་དང་འོད་རབ་དང༌། །ཆར་ཡང་ཆེན་པོ་ཡེ་ཤེས་ཆེ། །ཕྱག་རྒྱ་ཆེ་དང་རྡོ་རྗེ་སེམས། །སྐུ་བརྒྱད་བདག་ཉིད་ཡེ་ཤེས་བརྒྱད། །ཡང་ན་མཚན་མ་བརྒྱད་མཆོད་སྟེ། །ཟླ་བ་ཉི་མ་ཤེས་རབ་ཐབས། །འདི་རྣམས་ལས་ནི་འབྱུང་བའི་སྐུ། །མཆོད་སྦྱིན་གྱིས་ནི་དེ་ལ་མཆོད། །ཡང་ནི་བདུད་རྩི་རིམ་པ་ལྟར། །རླུང་འཁོར་སྟེང་དུ་ཡེ་ཤེས་མེ། །བདེ་འཁོར་གསང་པད་ཀ་པཱ་ལ། །དེ་བཞིན་གཤེགས་པ་ལྔ་དང་


DTG008_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །རླུང་མ་དང་ནི་གཉིད་མ་ཡིས། །ཡེ་ཤེས་མེ་འབར་གསལ་བ་ལས། །བདེ་གཤེགས་ལྔ་རྣམས་བདུད་རྩིར་བཞུ། །རྡོར་གསུམ་ས་བོན་འབར་སྦྱངས་རྟོགས། །དགའ་བ་གསུམ་དང་ལྡན་ནས་གནས། །བདུད་རྩི་གསང་བའི་ཀ་པཱ་ལར། །གནས་པ་མཐོང་ནས་བདག་ཉིད་བཏུང༌། །གསང་བའི་རྡོ་རྗེ་བུ་གུས་སོ། །དེ་ནས་མཆོད་པས་མཆོད་སྦྱིན་བྱའོ། །བྱང་ཆུབ་སེམས་ཀྱི་མེ་ཏོག་གིས། །སྔགས་དང་དུས་ཚོད་མ་ནོར་བར། །རླག་དང་ལོངས་སྤྱོད་ལ་སོགས་པས། །མཆོད་པ་བྱས་པས་བསོད་ནམས་འཕེལ། །བདེ་བ་ལ་སོགས་གནས་སུའོ། །ཡང་ན་དགའ་མཆོག་གནས་སུ་འམ། །དེ་རླག་པ་ནི་མཆོག་གི་བརྡ། །ཆད་པ་རུ་ནི་ལོངས་སྤྱོད་དེ། །དེ་གཉིས་དབུས་སུ་དབང་གཉིས་བསྟེན། །མཆོད་པ་འདིས་ནི་ཡེ་ཤེས་འཕེལ། །དེ་བཞིན་དགང་བ་འཕེལ་བའོ། །དེ་ཁོ་ན་ཉིད་མཆོད་པ་སྟེ། །གནས་བརྒྱད་པ་ཡི་སྐུ་ལ་མཆོད། །ཉེ་བའི་གནས་ན་གནས་པ་ཡང༌། །དེ་ཡི་ཤིན་ཏུ་ཚིམ་པའོ། །དེ་ནས་བདེ་གཤེགས་སྙིང་པོ་སྔགས། །དེ་ནི་ཨཱ་ལི་བཅུ་དྲུག་བདེ། །ཀུན་རྫོབ་ཏུ་ནི་ཆུ་ཟླ་བཞིན། །དེ་ནི་བཟློག་ཅིང་དྲང་བར་བྱའོ། །ཡང་ན་རྡོར་གསུམ་ཡེ་ཤེས་ཀྱི། །སྤྲོས་པ་རང་རིག་མ་ཡི་མཁའ། །བསྡུས་པས་རང་བདག་མཁའ་ལ་སྟེ། །གནས་པར་རང་བཞིན་ཡེ་ཤེས་སོ། །དེ་ནི་སྤྲོས་བྲལ་ནམ་མཁའ་བཞིན། །དེ་ནི་དོན་དམ་སྙིང་པོའོ། །སེམས་ཅན་ཐམས་ཅད་བསྲུང་དོན་དུ། །རྣལ་འབྱོར་པས་ནི་གཏོར་མ་སྦྱིན། །གཏོར་མ་བ་ལཾ་ཞེས་བཤད་པས། །བ་ནི་ཤེས་རབ་ལཾ་ནི་ཐབས། །དེ་གཉིས་མཆོག་དང་ཆད་པ་སྟེ། །གཉིས་སྦྱོར་བ་ནི་ཆད་པའི་དགའ། །དེ་རུ་བསྲུངས་པས་སེམས་ཅན་རྣམས། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དེ་ལྟའི་གཏོར་མ་ཆེན་པོ་གཏང༌། །ཡང་ན་སེམས་ཅན་དོན་དུ་ནི། །འདི་ལྟར་བུ་ཡི་གཏོར་མ་སྦྱིན། །སྲོག་ཆགས་ཐམས་ཅད་བདག་ཉིད་ཀྱིས། །གཅིག་ཀྱང་མ་ཤེས་པ་རུ་གསད། །གསད་ཅིང་གསད་པས་ཐར་པ་འཐོབ། །འགྲོ་བ་ཐམས་ཅད་འགོག་བྱེད་པའོ། །འདི་ནི་སྐུ་བརྒྱད་དཀྱིལ་འཁོར་ཏེ། །དེ་ལྟའི་སྒྲུབ་ཐབས་ཤེས་པར་དཀའ། །དཀྱིལ་འཁོར་སྐུ་རུ་བསྟན་པ་དང༌། །དེ་


DTG008_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྷ་གའི་དཀྱིལ་འཁོར་དང༌། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། །དེ་ཁོ་ན་ཉིད་དཀྱིལ་འཁོར་དང༌། །དཀྱིལ་འཁོར་བཞི་ནི་མཆོག་ཏུ་བཤད། །དེ་ལྟར་སྐུ་བརྒྱད་ཀྱི་སྒྲུབ་ཐབས་བསྟན་ནས། འདི་ལྟར་བཤད་དོ། །ཡང་ན་སྙིང་པོའི་དཀྱིལ་འཁོར་བསྟན། །ཞེས་པ་ནི་དཀྱིལ་འཁོར་གསུམ་པོ་ལས་གཞན་ཏེ་དེ་ཁོ་ན་ཉིད་ཀྱི་ཡིན་པ་སྟེ་འོག་ན་སྟོན་ཏོ། །རང་གིས་ནི་བདག་རྣལ་འབྱོར་པའོ། །བདེ་བ་ལེན་པའི་ཕྱིར་ཞེས་པ་ནི། རང་བཞིན་དགའ་བ་ཐོབ་པར་བྱ་བའི་ཆེད་དུ་ཁྱད་པར་ཅན་གྱི་དཀྱིལ་འཁོར་བརྗོད་དོ། །མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ཎ་ཡི་ཡིག་འབྲུ་ལྟེ་བར་དྲན། །ཌ་ཡི་ཡིག་འབྲུ་གེ་སར་དག །ལ་ཡི་ཡིག་འབྲུ་བདེ་ལྡན་ནོ། །ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ལ་བྱ་བའི་མཎྜལ་ལ་ཞེས་པས་བསྟན་ཏེ། ཤེས་རབ་ཀྱི་དཀྱིལ་འཁོར་ཡེ་ཤེས་ཀྱི་ལྷ་དང་གཞལ་ཡས་ཁང་རྫོགས་པ་གདན་དང་ཐམས་ཅད་རྫོགས་པ་སྟེ། དེ་ཡང་འདབ་མ་ལ་སོགས་པ་ནི་གནས་ལ་རང་བཞིན་དགའ་བས་གཙོ་བོ་བྱས་པ་དང༌། བདེ་བ་གཞན་རྣམས་འཁོར། མ་ཡི་ཡིག་འབྲུ་རིན་ཆེན་གྲགས། །ཎ་ཡི་ཡིག་འབྲུ་མདུད་པར་བརྗོད། །ཌ་ཡི་ཡིག་འབྲུ་རིང་པོའི་དངོས། །ལ་ཡི་ཡིག་འབྲུ་ཁར་བརྗོད་དོ། །ཞེས་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཞལ་ཡས་ཁང་ཞེས་བྱ་སྟེ། དངོས་སུ་གསད་པའི་རིན་པོ་ཆེ་དང་གསང་བའི་རྡོ་རྗེ་འབྲེལ་བའི་རྩིའི་མདུད་པ་དང་བཅས་པ་རིན་པོ་ཆེའི་ཁར་དེ་བཞིན་གཤེགས་པའི་ཡེ་ཤེས་བདེ་བ་ཆེན་པོ་དེ་ཤེས་རབ་ཀྱིས་ནམ་མཁའི་དབྱིངས་ནས་ཐབས་ཀྱིས་སྤྱན་དྲངས་ནས་བཞུགས་པའོ། །བདག་གི་གཞལ་ཡས་ཁང་ན་བཞུགས་ཙམ་ན་རང་བཞིན་དགའ་བའི་ངོ་བོ་རྡོ་རྗེ་སེམས་དཔའ་དེ་ཐབས་ཀྱི་ཡེ་ཤེས་ཀྱི་ལྷའོ། །སླར་མཁའ་དབྱིངས་སུ་གསོལ་བས་ཤེས་རབ་ཡེ་ཤེས་ཀྱི་ལྷའོ། །དེ་གཉིས་འབྲེལ་པའི་ལྷ་རྡོ་རྗེ་སེམས་དཔའ་ཡིན་པར་བསྟན་པའི་ཕྱིར། མ་ཡི་ཡིག་འབྲུ་ཤུ་ཀྲའི་གཟུགས། །ཎ་ཡི་ཡིག་འབྲུ་ཞུ་བའི་དངོས། །ཌ་ཡི་ཡིག་འབྲུ་འོད་དང་ལྡན། །ལ་ཡི་ཡིག་འབྲུ་བདེ་གཟུགས་སོ། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་དེ་རྟོག་པ་དང་མཚན་མ་ཐམས་ཅད་བཅད་ནས་གཉིས་སུ་མེད་པའི་རང་བཞིན་


DTG008_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་འོད་སྣ་ཚོགས་འཕྲོ་བ་གང་ཡིན་པ་ནི་བཅོམ་ལྡན་འདས་ཡབ་ཡུམ་གཉིས་ཀྱི་པདྨ་དང༌། རིན་པོ་ཆེའི་གཞལ་ཡས་ཁང་ན་འོད་ཕར་འཕྲོ་ཚུར་སྤྱོན་ཅིང་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་གཟུགས་སུ་བཞུགས་སོ། །མ་ཡི་ཡིག་འབྲུ་སྣང་ཞས་གྲགས། །ཎ་ཡི་ཡིག་འབྲུ་སྣང་བ་མཆེད། །ཌ་ནི་སྣང་བ་སྣང་བ་ཐོབ། །ལ་ནི་ཡང་དག་དྲི་མེད་མཆོག །ཅེས་བྱ་བ་ནི། ཡང་དག་དྲི་མེད་འོད་རབ་ཀྱི། །གཙོ་བོ་ཡི་ནི་རང་བཞིན་བྱས། །གཞན་ཡང་སྣང་བ་གསུམ་འཁོར་གྱི་རང་བཞིན་ནོ། །འོད་རབ་ལས་ཡེ་ཤེས་ཀྱི་སྣང་བ་ཐོབ་པ་སྤྲོ་བ་དང༌། དེ་ལས་ཡང་སྔར་བཞིན་སྣང་བ་མཆེད་པ་སྤྲོའོ། །དེ་ལས་ཡང་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཆེད་པ་འཕྲོས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་གཞལ་ཡས་ཁང་རྫོགས་པའོ། །དེ་ནས་ཡང་རིམ་གྱིས་ཡང་དག་དྲི་མེད་བསྡུས་ལ་ཐམས་ཅད་ཀྱི་ངོ་བོ་འོད་རབ་ལ་གནས་པ་ལ་ནི་དཀྱིལ་འཁོར་ཞེས་བྱའོ། །མ་ཡི་ཡིག་འབྲུ་དགའ་བར་གྲགས། །ཎ་ཡི་ཡིག་འབྲུ་མཆོག་ཏུ་དྲན། །ཌ་ཡི་ཡིག་འབྲུ་ཆད་པའི་དགའ། །ལ་ནི་རང་བཞིན་དྲན་པའོ། །ཞེས་པ་ནི་དཀྱིལ་འཁོར་དགའ་བ་རྣམས་སུ་ཡང་བཤད་དེ། བདག་པོ་དང༌། འཁོར་དང༌། སྤྲོ་བ་དང༌། བསྡུ་བ་རྣམས་སྔར་བསྟན་པ་ཡིན་ནོ། །འདིར་ཤེས་རབ་མ་དང་ལྡན་པ་ལ་སོགས་པས་ནི་དགའ་བ་དང༌། ཐབས་དང་ཤེས་རབ་ལྷ་རུ་གནས་པ་མཆོག །རྡོ་རྗེ་དང་དྲིལ་བུ་གཉིས་དབྱེར་མི་ཕྱེད་པར་སྦྱོར་བ་ཆད་པའི་དགའ་བ། མཚན་མ་དང་རྟོག་པ་ཐམས་ཅད་སྤངས་ནས་ནམ་མཁའ་བཞིན་གནས་པ་ནི་རང་བཞིན་ནོ། །ཡང་ན་བདེ་བ་ཆེན་པོ་ཞུ་བ་ལ་སོགས་པ་འམ། ལྟེ་བ་ནས་མདུད་པ་ལ་སོགས་པ་སྟེ། དེ་ཡང་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཀྱི་ངོ་བོ་ནི་རང་བཞིན་དགའ་བ་ཞེས་གསུངས་སོ། །མ་ཡི་ཡིག་འབྲུས་ཞེས་བྱ། །ཎ་ཡི་ཡིག་འབྲུ་ཆུ་ཞེས་བསྟན། །ཌ་ཡི་ཡིག་འབྲུ་ཡིས་ནི་མེ། །ལ་ཡི་ཡིག་འབྲུ་རླུང་གི་གཟུགས། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ནི་སྲ་བའི་ཆོས་ཅན་ཏེ། བརྟན་པ་མི་ཤིགས་པའོ། །དེ་ཡང་ཆུབ་ཡིས་བསྡུས་པས་སོ། །མེས་སྨིན་པར་བྱས་པའམ། དྲོད་དང་ལྡན་པའོ། །རླུང་གིས་འབབ་པའམ། ཡང་ན་ཡེ་ཤེས་ཀྱི་རླུང་གིས་ཁྱབ་ནས་གནས་པ་ལ་ནི། གཡོ་བའི་


DTG008_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ནི་རླུང་དུ་བརྗོད། །ཡང་ན་ཁྱབ་པའི་ཕྱི་རུ་དྲན། །ཞེས་སོ། །རང་བཞིན་དགའ་བ་ལ་ཡིག་འབྲུའི་བདག་ཉིད་གང་ཡིན་པ་དེ་ནི་རྟགས་དང་མཚན་མ་ཐམས་ཅད་སྤངས་ནས་གནས་བྱ་བ་དང༌། རླུང་གཡོ་བ་གཉིས་མི་འགལ་ལམ་ཞེ་ན། དེ་ནི་མི་འགལ་ཏེ། དང་པོ་བདེ་བ་ཆེན་པོའི་འཁོར་ལོ་ནས་བྱང་ཆུབ་ཀྱི་སེམས་གཡོ་བར་བྱེད་ལ། རླུང་གིས་གཡོ་བ་ཡང་མི་འགལ་ལ། །དེ་ཡང་རྒྱུ་ཡིན་པ་དང་རང་བཞིན་དང་བདེ་ཆེན་དུ་སྦྱར་བ་ཡང་ཡིན་ལ། དེར་མ་ཟད་དེ་རང་བཞིན་དགའ་བ་ལས་དགའ་བ་གཞན་རྣམས་གཡོ་བར་བྱེད་པ་དང༌། རང་བཞིན་དགའ་བ་དང་ལྡན་པའི་རླུང་ལ་གཡོ་བ་ཞེས་མ་བཏགས་ན་ས་རྡོ་བཞིན་གནས་པའམ། སྟོང་པ་ཕྱོགས་གཅིག་པར་ཡང་འགྱུར་རོ། །དེའི་ཕྱིར་རང་བཞིན་དགའ་བ་ལ་རླུང་དུ་བཤད་དོ། །རླུང་ནི་ཡེ་ཤེས་ཀྱི་རླུང་ཞེས་བྱ་བ་ལ་སོགས་པས་བསྟན་ནོ། །དེ་ལྟར་རྒྱུད་ཕྱི་མའི་ལེའུ་བརྒྱད་པ་ལས་ཀྱང་གསུངས་སོ། །རླུང་ནི་ཡེ་ཤེས་ཡིན་པ་སྟེ། །ཡེ་ཤེས་ནམ་མཁའ་ཡིན་པ་སྟེ། །ནམ་མཁའ་སྟོང་པར་བསྟན་པའོ། །སྟོང་པ་ལས་ནི་ཐམས་ཅད་འབྱུང༌། །ཞེས་པས་སོ། །དེས་ན་ཡེ་ཤེས་རྙེད་པའི་ཕྱིར། །བདེ་བ་ཡི་ནི་ཆེན་པོ་ལེན། །ཡེ་ཤེས་ངོ་བོ་བདེ་བ་ཆེ། །དཀྱིལ་འཁོར་དུ་ནི་ཡང་དག་བཞུགས། །ཞེས་གསུངས་ཏེ་རང་བཞིན་དགའ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཆེན་པོ་ནི་དེ་ལས་གཞན་པའི་བདེ་བ་སུས་ཀྱང་ནི་རྙེད་པ་སྟེ། །འདི་ཁོ་ན་ཉིད་ཡང་དག་པ་མ་ནོར་བ། གཏིང་དཔག་དཀའ་བ་སྐྱེ་འགག་མེད། །ནམ་མཁའ་དང་འདྲ་རང་བཞིན་དགའ། །དེ་ཁོ་ན་ཉིད་ཅེས་བྱའོ། །དཀྱིལ་འཁོར་སངས་རྒྱས་རིན་ཆེན་གཙོ། །ཐིག་ལེའི་ངོ་བོ་ཡི་གེ་བྲལ། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་བདག་པོའམ། །གཙོ་བོ་ནི་འོང་རབ་དེ་ཡིན་ལ་ཡི་གེ་ལ་སོགས་པའི་ཆོས་ཐམས་ཅད་དང་བྲལ་བའི་རྡོ་རྗེ་སེམས་དཔའ་ནི་དཀྱིལ་འཁོར་བདག་པོ་ཡིན་ནོ། །དེ་ལྟར་ཡིན་པའི་ཕྱིར་འདི་ན་མར་རྣམ་པ་ཐམས་ཅད་རྣམ་མེད་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །བདག་འཛིན་པ་ནི་ཉོན་མོངས་ཆེ། །ཞེས་བྱ་བ་ལ་སོགས་པ་ནི་ལྟ་བ་ངན་པའི་ཕྱོགས་དགག་པའོ། །དེ་ཡང་ཉན་ཐོས་པའི་ལྟ་བ་དང་


DTG008_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་བྱེ་བྲག་པ་ལ་ཁྱད་ཆུང་བས་དེ་རྣམས་སྤངས་ནས་བཟང་བར་བསྟན་པ་དང༌། དེ་ཡང་དག་པར་སྨད་ན་ངན་པས་སོ། །ཀུན་རྫོབ་ཀྱི་ཐབས་ཀྱིས་ཟིན་པར་བྱའོ། །དེ་བཞིན་དུ་དོན་གྱི་ཞེ་ཀ་ནས་མི་སྨད་ལ། འཇིག་རྟེན་པའི་ལྟ་བ་དང་ཆ་མཐུན་པས་མཆོད་ཀྱང་མི་མཆོད་དོ། །ཕྱི་ཡི་འཕར་མ་གཅིག་གནས་སུ། །ཞེས་པ་ནི་འཕར་མ་གཉིས་ཡོད་པའི་ཕྱིའི་རིམ་ན་གནས་པའོ། །དཀྱིལ་འཁོར་འདིར་བཞུགས་རྣལ་འབྱོར་མ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་གནས་ན་བཞུགས་པ་རྣམས་ཏེ། རྣལ་འབྱོར་མ་བཅུ་དྲུག་གིས་ཞེས་སོ། །རྟག་ཏུ་མེ་ཏོག་སྤོས་ལ་སོགས། །ཞེས་པ་ནི་མཆོད་པའི་རྫས་མེ་ཏོག་དང༌། སྤོས་དང༌། །མར་མེ་དང༌། དྲི་ཆབ་དང༌། ལྷ་བཤོས་ལ་སོགས་པའི་རྫས་རྣམས་དང་བདུད་རྩི་ལྔ་ལ་སོགས་པའོ། །སྔགས་འདི་ཡིས་ནི་མཆོད་པར་བྱ། །ཞེས་པ་ནི་ཤེས་རབ་དང་སྙིང་རྗེར་ལྡན་པའི་སྒོ་ནས་མེ་ཏོག་ལ་སོགས་པའི་སྔགས་འདིའོ། །ཨོཾ་ནི་དང་པོ་ཧཱུཾ་ཕཊ་མཐར། །བར་དུ་མིང་ནི་སྤེལ་བར་བྱ། །ཞེས་པ་ནི་སྔགས་ཏེ། བར་དུ་ཨཱ་ལི་གཞུག་པ་ནི་རྣལ་འབྱོར་མའི་མིང་སྟེ། རེ་རེར་སྤེལ་བ་དང༌། པུཥྤེ་དང༌། དྷཱུ་པེ་ལ་སོགས་པས་མཆོད་པའི་མཆོད་པས་མཆོད་དོ། །སྣ་ཚོགས་ལྔ་ཡི་མཆོད་སྦྱིན་གྱིས། །ཞེས་པ་ནི་གོ་སླ་བས་བདག་གིས་མ་བཤད་དོ། །དཀྱིལ་འཁོར་པ་ལ་རབ་ཏུ་མཆོད། །ཅེས་བྱ་བ་ནི་སྔར་སྨོས་པའི་གཙོ་བོ་དང་འཁོར་དུ་བཅས་པ་ལ་ཕྱི་ནང་ལ་སོགས་པས་ཕྱེ་ནས་མཆོད་དོ། །མཆོད་པ་བྱས་ནས་རབ་ཏུ་འགྲུབ། །ཅེས་པ་ནི་ཡོན་ཏན་གྱིས་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བཅུ་གཅིག་པའི་དཀའ་བ་བཀྲལ་བ།


DTG008_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སྐུ་བརྒྱད་དང་བཅས་པའི་དཀྱིལ་འཁོར་བསྟན་ནས། ད་ནི་འདིར་སྔགས་ཀྱི་བཟླ་བ་ཙམ་ཞིག་བཤད་དོ། །མཆོད་སྦྱིན་ནི་དཔལ་དགའ་བའི་མེ་ཏོག་ལས་ཤེས་པར་བྱའོ། །དགའ་བ་ལ་སོགས་པ་ལས་བྱུང༌། །ཞེས་པ་ནི་དགའ་བ་དང་མཆོག་གི་དགའ་བ་དང༌། ཆད་པའི་དགའ་བ་དང༌། རང་བཞིན་དགའ་བའི་ནང་ནས་སྔགས་བྱུང་ངོ༌། །ཡང་ན་དགའ་བ་གསུམ་པོས་རྒྱུ་བྱས་ནས་བྱུང་བའོ། །ཡིད་ནི་སྔགས་


DTG008_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པ་ཡིན། །ཞེས་པ་ནི་གོ་སླའོ། །སྲུབ་པ་དང་ནི་བསྲུབ་པའི་སྔགས། །ཞེས་པ་ནི་ཐབས་དང་ཤེས་རབ་སྦྱོར་བ་ནི་ཟློས་པ་སྟེ། དེ་ཡང་འདི་ན་མར་སྔགས་ཀྱི་ངོ་བོ་བསྟན་པས་འབྲས་བུ་རྙེད་པའོ། །སྔགས་ནི་བདུད་རྩི་བསྟན་པའོ། །ཞེས་པ་ནི་ཨཱ་ལི་ཀཱ་ལི་རྒྱུ་བྱང་ཆུབ་སེམས་ཀྱི་བདུད་རྩི་སྟེ། དེས་ནི་མིང་དང་རྒྱུ་བསྟན་ཏོ། །ལམ་གྱི་ཐར་པ་དེ་ནི་སྔགས། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ནས་ཆད་པའི་བར་ནི་ལམ་ཡིན་ནོ། །རང་བཞིན་དགའ་བ་ཤེས་རབ་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པ་ནི་ཐར་པ་ཆེན་པོ་ཡིན་པས་སྔགས་ཞེས་བྱའོ། །དེ་ནི་སྔགས་ཐམས་ཅད་ཀྱི་འབྲས་བུའོ། །ཚིག་རྒྱས་པ་ནི་དེ་བཞིན་ནོ། །ཞེས་པ་ནི་ནོར་བུའི་མཐའ་རྒྱས་པ་ནི་ལུས་ཐམས་ཅད་བདེ་བ་ཆེན་པོས་རྒྱས་པ་ནི་རང་བཞིན་དགའ་བས་སོ། །ཕྲག་པ་གཉིས་ཀྱི་དབུས་ན་གནས། །ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བའི་དུས་སུ་བོ་ལ་དང་ཀཀྐོ་ལ་ཕྲད་པས་ཉི་མ་དང་ཟླ་བའི་དུས་ཞེས་བརྗོད་དོ། །དེ་ནི་དོན་དམ་པ་ཡི་སྔགས། །ཞེས་བྱ་བ་དེ་ནི་ཚིག་དང་ཡི་གེས་བརྗོད་པར་མི་ནུས་པ་སྟེ། མཆོག་གི་དགའ་བ་ཡང་མ་ཡིན། ཆད་པ་ཡང་མ་ཡིན། མཆོག་དང་ཆད་པ་གཉིས་ཀ་དང་བྲལ་བའི་རང་བཞིན་གསལ་བའོ། །སྔགས་ནི་ཨཱ་ལི་ཀཱ་ལི་ཡིན། །ཞེས་པ་ནི་ཨཱ་ལི་བཅུ་དྲུག་དང༌། ཀཱ་ལི་སུམ་ཅུ་རྩ་གཉིས་ཀྱིས་ནི་ངོ་བོར་སྣང་བ་ལ་མཚན་བརྗོད་ནས་བྱང་ཆུབ་ཀྱི་སེམས་ཐབས་དང་ཤེས་རབ་ཏུ་དབྱེ། བརྗོད་པ་དེ་ནི་བཟླས་པའོ། །ཞེས་པ་ནི་སྔགས་སྔར་གྱི་ཀུན་གྱི་མཚན་ཉིད་བརྗོད་པར་བྱས་པའོ། །དེས་ནི་བཟླས་པ་བསྟན་ཏོ། །དེ་ཡང་འདི་སྐད་སྟོན་ཏེ། བསྐྱེད་དང་བཟླས་པའི་བྱེ་བྲག་ཏུ། །སྔགས་ཀྱི་བཟླས་པ་རབ་ཏུ་གྲགས། །ཞེས་པས་བཟླས་པ་བསྟན་ཏེ། དགའ་བའི་རིམ་པ་གསུམ་དུ་བསྐྱེད་པ་དང༌། ཡང་སླར་གསུམ་དུ་རྫོགས་པ་དང༌། དེ་གཉིས་ཀྱི་བྱེ་བྲག་ལས་རང་བཞིན་གྱི་སྔགས་འབྱུང་བ་ནི་དོན་དམ་པའི་བཟླས་པ་སྟེ། དེ་ཁོ་ན་ཉིད་ཀྱི་སྔགས་བཟླས་པའོ། །གང་དུ་སྐེ་དང་རྐན་ནི་གཉིས། །བསྐྱོད་པ་གང་དུ་མི་འབྱུང་བ། །ཞེས་པ་ནི་དབུགས་མི་རྒྱུ་བ་ནི་རྡོ་རྗེའི་སྐེ་མདུད་པའི་གནས་ནས་པདྨའི་བར་གྱི་རྐན་གྱི་མགུལ་པར་གནས་ཏེ་ཡོད་པའོ། །སྲོག་གི་རྩ་ཡི་ནང་


DTG008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ། །ཞེས་པ་ནི་སྲོག་པ་རྩའི་ནང་ན་ཨཱ་ལི་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡོད་པས་ན་ཚངས་པ་ཞེས་བྱའོ། །ལུགས་དང་ལུགས་མིན་རྒྱུན་མི་འཆད། །ཅེས་པ་ནི་ཤེལ་གྱི་ཕྲེང་བ་ལུགས་སུ་ཐུར་ལ་དྲངས་ལ་བཟླས་པ་དང༌། གྱང་ལ་སླར་ལ་བཟློག་ཅིང་དྲངས་ལ་སྔགས་བཟླས་སོ། །ཐིག་ལེ་གསུམ་ཡིག་གསུམ་དག་ལ། །ཞེས་པ་ནི་དགའ་བ་ཐིག་ལེ་གསུམ་གྱིས་ལུགས་སུ་འབྱུང༌། རྫོགས་པ་གསུམ་གྱིས་དགའ་བ་གསུམ་དག་པར་བྱེད་པའོ། །རང་འོད་མ་བཅོས་བརྗོད་པར་བྱ། །ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་སྤངས་ལ་བདག་ཉིད་ཀྱིས་བཟླས་བརྗོད་བྱའི། །རྐྱེན་ལ་རག་མ་ལུས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཤེས་རབ་དང་བྲལ་བ་ལ་དེ་སྐད་ཅེས་བྱའོ། །དཔེར་ན་མ་ཧེ་ས་སྟེང་མཉམ་པ་ལྟ་བུའོ། །རྐན་གྱི་ནང་དུ་ལྕེ་བཅུག་པ། །ཞེས་བྱ་བ་ནི་ལྕེ་རྡོ་རྗེ་དང་རྐན་པདྨ་གཉིས་ཤེས་རབ་དང་ཐབས་ཀྱི་སྦྱོར་བས་ནི་ཡེ་ཤེས་ཀྱི་མེ་འབར་བས་བདེ་ཆེན་ལས་བྱང་ཆུབ་ཀྱི་སེམས་འབབ་པར་བསམ་མོ། །རོ་མ་ཡིས་ནི་མནན་པར་བྱ། །ཞེས་བྱ་བ་ནི་ལྕེ་སྟེ་དེས་མནན་ཅིང་སྦྱར་བ་སྟེ། སློབ་དཔོན་ཆེན་པོ་གསུང་བར་འགྱུར་རོ། །ཡང་ན་རྩེ་མོའི་ཆའི་རེག་བྱ། །ཞེས་བྱ་བ་ནི། ལྕེ་རྩེ་ལ་རཾ་བསམས་ལ་དེ་ལས་མེ་མཚོན་གང་པ་ཙམ་ཞིག་འབར་བས་རྐན་གྱི་ནང་ནས་འབར་བར་བསྒོམས་པས་བདེ་བ་ཉམས་སུ་མྱོང་བ་ཡིན། མཉམ་སྦྱོར་རྣམ་པའི་བསམ་གཏན་གྱིས། །ཞེས་གསུངས་སོ། །དེ་ལྟ་བུའི་བསམ་གཏན་ལ་སེམས་རྩེ་གཅིག་ཏུ་དུས་རྟག་ཏུ་གནས་པའོ། །གྲགས་པ་མེད་པ་བདུད་རྩི་བཞིན། །ཞེས་པ་ནི་ཡང་དག་པའི་བྱང་ཆུབ་ཀྱི་སེམས་འདི་ནི་མ་རིག་པ་དང༌། ཉོན་མོངས་པ་ལ་སོགས་པ་ཐམས་ཅད་ཀྱི་རྩིར་གྱུར་པ་སྟེ། ཚིག་དང་ཡི་གེས་བརྗོད་པར་མི་ནུས་པའི་ཕྱིར་རོ། །དེ་ནས་ཚུལ་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ནི་ཡེ་ཤེས་དེ་ལས་རང་བཞིན་གྱིས་དགའ་བ་དྲི་མ་ཐམས་ཅད་དང་བྲལ་བར་འབྱུང་བའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་གཅིག་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བཅུ་གཉིས་པའི་དཀའ་བ་བཀྲལ་བ།


DTG008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་མཆོད་པའི་རིམ་པ་བསྟན་པ་ལས་བྱུང་བ་ནི། གཡས་གཡོན་ཡན་ལག་གཉིས་སུ་ནི། །ཞེས་


DTG008_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བྱང་ཆུབ་ཀྱི་སེམས་ཐུར་དུ་འབྱུང་བ་ནི་གཡོན་ནས་མར་འབབ། གྱེན་དུ་གཡས་ནས་ལྡོག་པ་གཉིས་ལས་འབྱུང་བ་བསྟན་པའི་ཕྱིར། ཁུ་བ་ཡི་ནི་འབྱུང་བར་དྲན། །ཞེས་བྱ་སྟེ། གཅིག་གནས་གཅིག་ཏུ་ཐིག་ལེ་རེ་རེ་འབྱུང་བས་བཅོ་ལྔ་འབབ་པའོ། །བཅུ་དྲུག་པ་འཕོ་བ་དང་འགྲོ་བ་ལས་གྲོལ་བའོ། །མར་ངོ་དེ་བཞིན་ཡར་ངོ་ཡི། །བཟློག་པ་ཡིས་ནི་འབྱུང་བའི་ཚེ། །ཞེས་བྱ་བ་ནི་ཁུ་བ་དང་བདེ་བ་ཤལ་དང་ག་བུར་གཉིས་ཤེས་རབ་དང་ཐབས་སྦྱོར་བ་ལས་འབྱུང་བའི་བདེ་བ་ཆེན་པོ་སྟེ་རྟོགས་པར་དཀའོ། །བཅུ་དང་ལྔ་ཡི་གཉིས་མེད་སྦྱོར། །ཞེས་པ་ནི་ཚེས་བཅོ་ལྔའི་བདག་ཉིད་ཡེ་ཤེས་བཅོ་ལྔ་ལ་བདེ་བའི་བྱང་ཆུབ་ཀྱི་སེམས་དང་གཉིས་ཀྱི་བྱེ་བྲག་སྤངས་པའོ། །བདེ་བ་འདི་ཡིས་འབྱུང་བའི་ཕྱིར། །ཞེས་པ་ནི་འདི་ཁོ་ན་ལས་འབྱུང་སྟེ། བཅོ་ལྔའི་ཡེ་ཤེས་ལས་འབྱུང་བའོ། །དེ་ཡང་གཞན་ལས་མི་འབྱུང་བ་དང༌། དེ་ལས་ལོགས་ན་མེད་པར་བསྟན་པའི་ཕྱིར། དེ་ཉིད་གསུམ་ཤེས་བཅུ་དང་ལྡན། །ཤེས་རབ་དང་བྲལ་བདེ་བ་ཆེ། །ཞེས་གསུངས་ཏེ། དགའ་བ་དང༌། མཆོག་གི་དགའ་བ་དང༌། ཆད་པའི་དགའ་བ་གསུམ་མ་ནོར་པར་རྟོགས་པས་བཅོ་ལྔ་པོ་ཡང་རྟོགས་པ་ཡིན་ལ། དགའ་བ་གསུམ་དང་བཅོ་ལྔའི་རང་བཞིན་གང་གསལ་བ་ནི་ཤེས་རབ་རིགས་ཐམས་ཅད་དང་བྲལ་བའི་བདེ་བའོ། །གཞན་དག་ན་རེ་ཆར་ཡང་ཐིག་ལེ་གསུམ་ལ་ནི་དེ་ཉིད་གསུམ་ཞེས་བཤད་ལ། དེ་རྣམས་ཤེས་པ་ནི་ཡེ་ཤེས་བཅོ་ལྔ་སྟེ། བཅོ་ལྔ་ལས་ལོགས་ན་ཤེས་རབ་དང་ཐབས་གཉིས་དང་བྲལ་བའི་བདེ་བ་ཆེན་པོ་མེད་དོ་ཞེས་ཟེར་རོ། །འདི་ལྟ་བུའི་དགའ་བའི་དོན་རང་བཞིན་དགའ་བ་བཅུ་དྲུག་གི་ཆ་ཡོད་མེད་གཉིས་ལས་གྲོལ་བ་དེ་ནི་བླ་མ་ལས་ཐོབ་པར་བྱ་བའི་ཕྱིར། བླ་མའི་ཞལ་སྔའི་བཀའ་དྲིན་གྱིས། །གཉིས་སུ་མེད་པའི་བདེ་ཡེ་ཤེས། །ཞེས་གསུངས་ཏེ། ཐབས་དང་ཤེས་རབ་ལ་སོགས་པའི་གཉིས་དང་བྲལ་བའི་བདེ་བ་ཆེན་པོ་འོད་རབ་དེ་ནི་བླ་མས་ཤེས་པར་བྱའོ། །རྟག་ཏུ་གོམས་པ་ཡིས་ནི་ཤར། །ཞེས་བྱ་བ་ནི་བླ་མས་དབང་གི་རིམ་པ་བསྐུར་བས་ཡེ་ཤེས་ཉམས་སུ་མྱོང་བ་ལ་ཡང་དང་ཡང་དྲིས་ཤིང་གོམས་པས་རང་བཞིན་


DTG008_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་ཤར་བའོ། །བསམ་གཏན་གྱིས་ནི་ཤེས་པའོ། །ཞེས་པ་ནི་བསྒོམས་པས་རྟོགས་ཀྱི་བརྗོད་པས་རང་བཞིན་དགའ་བ་རྙེད་པར་མི་འགྱུར་རོ། །བཅུ་དྲུག་གི་ནི་ཡེ་གེའི་གཟུགས། །ཞེས་པ་ནི་ཤེས་རབ་ཀྱི་རང་བཞིན་ཨཱ་ལིའི་ངོ་བོ་གཡོན་དུ་འབབ་པའོ། །དེའི་ཕྱིར་འདི་སྐད་སྟོན་ཏེ། ཨཱ་ལིའི་ཐིག་ལེ་རང་ངོ་བོ། །ཨཱ་སོགས་ཡིག་འབྲུའི་ཆར་ཡང་འབྱུང༌། །ཨཱ་ལིའི་ཡེ་ཤེས་བདེ་བདག་ཉིད། །ཅེས་གསུངས་ཏེ། དེ་ཡང་བདེ་བའི་ཐིག་ལེ་བཅུ་དྲུག་གྲངས་ཀྱི་ཆར་ཡང་དང༌། དོན་གྱི་ཆར་ཡང་ནི་ཤེས་རབ་ཡེ་ཤེས་བདེ་བ་འབྱུང་བའི་རྒྱུ་གྲངས་ཀུན་རྫོབ་ལས་དོན་འབྲས་བུ་རྙེད་པའོ། །ཀ་སོགས་ཡིག་འབྲུའི་ཆར་ཡང་འབྱུང༌། །ཞེས་བྱ་བ་ནི་ཐབས་ཀྱི་རང་བཞིན་ཀཱ་ལིའི་གཡས་ནས་འབབ་པ་ཁུ་བའི་ངོ་བོ་ཐིག་ལེ་བཅུ་དྲུག་ཀུན་རྫོབ་ལས་དོན་དམ་པའི་རང་བཞིན་ནོ། །ཀཱ་ལིའི་ཡེ་ཤེས་བདེ་བ་ཆེ་ནི་མཆོག་གི་ཡེ་ཤེས་སུ་བསྟན་པས་ཆད་པའི་ཡེ་ཤེས་ཀྱང་ཤེས་སོ། །ཨཱ་ལི་ཀཱ་ལི་གཉིས་སྦྱོར་ལས། །ཞེས་བྱ་བ་ནི་ཐབས་ལས་ཤེས་རབ་གཉིས་ཀྱིས་མཚོན་ནས་གཞན་རྣམས་ཀྱང་མཚོན་ཞེས་ཏེ། མཆོད་སྦྱིན་དེ་ལས་འབྱུང་ངོ༌། །མཆོད་སྦྱིན་གྱི་ནི་རབ་མཆོག་བྱ། །ཞེས་པས་ནི་མཆོད་སྦྱིན་ཐམས་ཅད་ཀྱི་མཆོག་ནི་མཆོད་པ་འདི་རྣམས་ཡིན་ནོ། །དེ་བས་མཆོད་པ་ཡིན་དེ་བཞིན་ནོ། །ཞེས་བཤད་དོ། །གསང་བའི་པདྨའི་སྙིང་གར་རོ། །ཞེས་པ་ནི་འཁོར་ལོ་རྣམས་སམ། ཡང་ན་དགའ་བའི་ཕོ་བྲང་ལ་སོགས་པའི་ལྟེ་བར་རོ། །གསང་བའི་དེ་ཉིད་གསུམ་ཞེས་བྱ། །ཞེས་པ་ནི་རླག་པ་ལ་སོགས་པ་གསུམ་ནི་སྐུ་གསུམ་དུ་བསྟན་པ་ལ་གསང་བ་ཞེས་བྱའོ། །རླག་དང་ལོངས་སྤྱོད་སོགས་བྱེ་བྲག །ཅེས་པ་ནི་ཤེས་རབ་དང་ཐབས་སྦྱོར་བའི་རྡོ་རྗེ་དང་པདྨ་ཕྲད་པ་ནི་མཆོད་སྦྱིན་གྱི་སྐབས་སུ་རླག་པ་ལ་སོགས་པ་ལ་ནི་མཆོད་པ་ཞེས་བྱ་བ་སྟེ། པདྨའི་གནས་ཀྱི་ཕོ་བྲང་རྣམས་ན་རི་བོང་ཅན་གནས་པའི་རྩེ་ན་ཡང་དག་པའི་མཆོད་སྦྱིན་ནོ། །རླག་པ་དང་ནི་ལོངས་སྤྱོད་དབང༌། །ཞེས་པ་ནི་མཆོད་པ་དངོས་ཡིན་པར་བསྟན་པའོ། །དགའ་བ་གསུམ་དུ་བསྟན་པའོ། །ཞེས་པ་ནི་རླག་པ་ལ་སོགས་པའི་མཆོད་པ་ནི་དགའ་བ་དང་མཆོག་


DTG008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་དང་ཆད་དགའ་གསུམ་མོ་ཞེས་སོ། །དེ་ནི་ཐིག་ལེ་གསུམ་ཞེས་བྱ། །ཞེས་པ་ནི་དགའ་བའི་ཐིག་ལེ་དང༌། མཆོག་གི་ཐིག་ལེ་དང༌། ཆད་པའི་ཐིག་ལེའོ། །སྐུ་གསུམ་ཡིག་གསུམ་བདག་ཉིད་དོ། །ཞེས་པ་ནི་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་གསུམ་དང༌། ཨོཾ་ཨཱཿ་ཧཱུཾ་གི་རང་བཞིན་གྱི་མཆོད་པའོ། །ཚངས་པའི་བུ་ག་དེ་བཞིན་སྐེར། །སྙིང་ག་རུ་ནི་ཐིག་ལེ་གསུམ། །ཞེས་པ་ནི་སྤྱི་བོར་སྐུའི་ཐིག་ལེ། མགྲིན་པར་གསུང་གི་ཐིག་ལེ། སྙིང་གར་ཐུགས་ཀྱི་ཐིག་ལེའི་གནས་སོ། །ཡང་ན་རིམ་པ་བཞིན་རླག་ཚངས་པའི་བུ་ག་སྟེ་ཆོས་ཀྱི་སྐུའོ། །གཞན་གཉིས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །དེ་ནི་བསྐྱེད་པའི་རིམ་ཞེས་བྱ། །ཞེས་པས་ནི་འོག་མ་རྣམས་ལ་ལྟོས་ནས་ལྟོས་པ་ཞེས་བཤད་དོ། །མདུད་པའི་ནང་ནི་ནམ་ཆད་དོ། །ཞེས་པ་ནི་དེས་གནས་ཀྱི་དོན་བསྟན་ཏེ། བཟློག་པ་ཡི་ནི་ཐིག་ལེ་གསུམ་པ་ནི་ཆད་དགའ་རུ་གཅིག །མངོན་དགའ་རུ་གཉིས། དགའ་བའི་གནས་དང་གསུམ་ལས་བཟློག་པ་ཞེ་བྱ་སྟེ། དེ་ཡང་འདི་སྐད་དུ་འབྱུང་ངོ༌། །གྱེན་དུ་རྫོགས་པའི་རིམ་པ་ནི། །ཞེས་པས་གསལ་བར་བཤད་དོ། །རྒྱུ་འབྲས་རྣམ་དག་བྱེ་བྲག་ཏུ། །ཐིག་ལེ་དྲུག་ནི་རབ་ཏུ་གྲགས། །ཞེས་པ་ནི་བསྐྱེད་པ་རྣམས་རྒྱུ་ལ། རྫོགས་པ་རྣམས་འབྲས་བུའོ། །ཡང་ན་དགའ་བའི་རིམ་པས་རྒྱུ་ལས་རང་བཞིན་གྱི་རིམ་པས་འབྲས་བུ་ནི་སྔ་མ་དང༌། ཕྱི་མ་རྣམས་ལ་ཡང་སྦྱོར། །དྲི་མེད་ཡི་ཤེས་ཆར་ཡང་དྲུག །དེ་ནི་རྣམ་ཤེས་སྦྱོར་དྲུག་བཤད། །ཞེས་པ་ནི་བསྐྱེད་རྫོགས་ཀྱི་ཐིག་ལེ་དྲུག་ལ་རང་བཞིན་གྱི་ཆར་ཡང་དྲུག་སྟེ། དེ་ལ་དོན་དམ་པའི་སྤྲོས་པ་དང་བྲལ་བའི་རང་བཞིན་སྦྱོར་རོ། །སྦྱོར་བ་ལ་ནི་རྣམ་པར་ཤེས། །ཞེས་པས་སོ། །དེ་ཡི་དབུས་སུ་དེ་ཉིད་ཞུགས། །ཞེས་པ་ནི་སྦྱོར་བ་དྲུག་པོ་དེའི་དབུས་སུ་རང་བཞིན་དགའ་བ་བདེ་བའི་དངོས་པོ་འདི་ལྟ་བུ་གནས་སོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་གཉིས་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བཅུ་གསུམ་པའི་དཀའ་བ་བཀྲལ་བ།


DTG008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གསུམ་གྱི་ནི་རིམ་པ་ཡིས། །དབང་དྲུག་རེ་བ་བསྟན་པའོ། །ཞེས་བྱ་བ་ནི་རྒྱུད་ལ་སོགས་པ་ཕྱི་མ་མཐུན་པའི་རྒྱུད་གསུམ་དུ་ནི་རིགས་


DTG008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དབང་ལྔའི་ཐོག་ཏུ་ཕྱིར་མི་ལྡོག་པར་བསྣན་པས་འབྲས་བུ་དང་བཅས་པའོ། །ཆུ་ཡི་དབང་བསྐུར་དབུ་རྒྱན་དག །ཅེས་པ་ནི་བུམ་པ་ཆུ་ལ་སོགས་པའི་རྫས་རྣམས་ཀྱིས་གང་བ་དང་ལྡན་པ་ནི་མི་བསྐྱོད་པའི་འབྲས་བུའོ། །དབུ་རྒྱན་ཡང་གསེར་རམ་བ་སོ་ལ་སོགས་པར་འབུར་དུ་བཏོད་པའམ། ཐང་ཀ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་བསྐྱེད་དགུག་གཞུག་པ་ལ་སོགས་པ་དང་ལྡན་པའི་རིན་ཆེན་འབྱུང་ལྡན་འབྲས་བུ་ཡོད་པའོ། །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །ཞེས་པ་ནི་དབང་གཉིས་པོ་དེ་བྱ་བའི་སྒོ་ན་འཇུག་དངོས་སུ་གྲགས་སོ། །རྡོ་རྗེ་དྲིལ་བུ་མིང་གི་དབང། །ཞེས་པ་ནི་རྡོ་རྗེ་ལ་སྣང་བ་མཐའ་ཡས་བསྐྱེད་པ་ལ་སོགས་པ་དང་འབྲས་བུ་ཡང་དེ་བཞིན་ནོ། །དྲིལ་བུ་དོན་ཡོད་གྲུབ་པ་དང༌། མིང་གི་རྣམ་པར་སྣང་མཛད་ལ་སོགས་པའི་འབྲས་བུ་ལ་སོགས་པའོ། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ།།ཞེས་པ་ནི་གཉིས་ཀའི་རྒྱུད་དེ།ལྟ་བ་ཡང་ལྟ་སྤྱོད་པའི་བྱེ་བྲག་ཀྱང་བྱ་བའི་རྒྱུད་དང་མཐུན་པའི་ཕྱིར་གསོལ་ལོ། །ཕྱིར་མི་ལྡོག་པའི་དབང་ཞེས་པ་ནི་བཀའ་སྩལ་པ་ལ་སོགས་པས་ནི་འབྲས་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྡན་པ་སྔར་བཞིན་ནོ། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །ཞེས་པ་ནི་ཡོ་ག་རུ་བཞི་པོ་རྣམས་གསལ་བ་སྟེ། དེ་རྣམས་ནི་ཐུན་མོང་གི་དབང་དུ་ཤེས་སོ། །དེ་ནི་དྲུག་གི་བྱེ་བྲག་དབང༌། །ཞེས་པ་ནི་ཆུ་ལ་སོགས་པའི་འབྲས་བུའི་སྒོ་ནས་དབྱེ་བའོ། །ཡང་ན་ས་བོན་འདེབས་པའི་དབང་སྟེ་རྒྱུའི་སྒོ་ནས་དབྱེ་བ་ནི་སློབ་དཔོན་གྱི་རུ་གྲགས་པའོ། །རྣལ་འབྱོར་བླ་མའི་མཚན་ཞེས་པ་ནི་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ཀྱི་མིང་ངོ༌། །གསང་བའི་དབང་ནི་དབང་རྒྱལ་བཤད། །ཅེས་པ་ནི་གསང་བའི་ཕྱིར་ན་གསང་བ་སྟེ། མ་ཧཱ་ཡོ་གར་གྲགས་སོ། །ཤེས་རབ་ཡེ་ཤེས་བླ་ན་མེད། །ཅེས་པ་ནི་བླ་ན་མེད་པ་ནི་མ་རྒྱུད་དེ། དེ་རུ་ཤེས་རབ་ཡེ་ཤེས་ཀྱི་དབང་གྲགས་སོ། །བཞི་པ་ལྟར་ན་དེ་བཞིན་ནོ། །ཞེས་པ་ནི་གོང་དབང་དེ་རྣམས་ཀྱི་ཁོངས་ནས་འབྱུང་སྟེ། ཆར་ཡང་བཅུ་དྲུག་ལྟ་བུའོ། །དགུ་ཡི་བྱེ་བྲག་དབང་ལ་སོགས། །འབྲས་བུའི་ཕྱིར་ནི་བརྒྱད་དུ་འགྱུར། །ཞེས་པ་ནི་ཆུ་དང་དབུ་རྒྱན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་དང༌། བརྟན་པ་དང༌།


DTG008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པ་བརྒྱད་ནི་རྒྱུ་ཡིན་ལ། དགུ་བ་ནི་སྔར་གྱི་ན་ཚང་བར་ཡོད་པས་འབྲས་བུའི་དངོས་པོ་ཡང་བརྒྱད་པོ་ན་ཡོད་ལ། དེ་བཞིན་དུ་བཞི་པ་ཡང་ཡོད་པའོ། །བཞི་བ་དེ་ལྟར་དེ་བཞིན་བརྗོད། །ཅེས་པ་ནི་གོ་སླའོ། །ཤེས་རབ་ཡེ་ཤེས་དེ་ཡི་འབྲས། །ཞེས་པ་ནི་དེའི་འབྲས་བུ་དབང་བཞི་པ་སྟེ་འདི་སྐད་སྟོན་ནོ། །དངོས་པོ་སོ་སོར་ཤེས་མི་བྱ། །ཞེས་པ་ནི་རྒྱུ་དང་འབྲས་བུ་གཅིག་པོའི་བཞི་པ་ལ་སོགས་ན་མེད་པ་ལ་དེ་སྐད་བཤད་དོ། །དེ་ལྟར་ཞེས་ནི་ཚད་མེད་དོ། །ཞེས་ཕ་ནི་བཞི་པ་ལ་ཚད་དང་རིགས་པས་གཞལ་བར་མི་ནུས་པར་བསྟན་ཏོ། །དེ་བས་འབྲས་བུའི་ཚིག་དོན་ནི། །རིགས་པ་མ་ཡིན་པ་ཡི་སེམས། །ཞེས་གསུངས་ཏེ། འབྲས་བུའི་ངོ་བོ་བཞི་པ་ནི་བརྗོད་པར་དཀའ་ལ་རྟོགས་པར་དཀའ་བ་ནི་རིགས་པ་སྤངས་ཏེ་ཡེ་ཤེས་དེ་ནི་བླ་མའི་མན་ངག་གིས་བསྒོམས་པ་ལས་འབྱུང་བར་བསྟན་ནོ། །དེ་ཡང་འབྱུང་བ་དང་བྲལ་བའི་དངོས་པོ་སྟེ། གསལ་བར་བྱེད་པའོ་ཞེས་གསུངས་སོ། །འོ་ན་ཆོས་ཉིད་ཀྱི་རང་བཞིན་བཞི་པ་ནི་འབྱུང་བར་བསྟན་ཏེ། འདིར། འབྱུང་བ་མེད་པའི་དངོས་པོ་ཡི། །ཞེས་པ་ཇི་ལྟ་བུ་ཞེ་ན། བུ་མོ་ལ་སོགས་པའི་དབང་གི་རིམ་པ་ལས་འབྱུང་ལ། ཤེས་རབ་ཡེ་ཤེས་ལས་ལོགས་ན་མེད་པའི་ཕྱིར་མི་འབྱུང་སྟེ། དེ་བས་ན་འདི་སྐད་སྟོན་ཏོ། །དེ་ཡང་དོན་དམ་པའི་དངོས་པོ་བདེ་བ་ནི་འབྱུང་ལ། ཀུན་རྫོབ་ཀྱི་དངོས་པོ་ཁུ་བ་ནི་མི་འབྱུང་བ་ལ་བྱ་ཡང་འགལ་བ་མེད་དོ། །དེ་བཞིན་རེ་ཞིག་དགའ་བའི་རིམ། །ཇི་ལྟ་བུའི་ནི་ཡོད་པར་འགྱུར། །ཞེས་པ་ནི་སྡུད་པ་པོས་དགའ་བ་ལ་སོགས་པའི་དངོས་པོ་དང༌། གནས་དང༌། རྒྱུ་དང༌། འབྲས་བུ་འབྱུང་བའི་རིམ་པ་དང༌། བསྐྱེད་རྫོགས་རྣམས་ཞུས་པའོ། །དགའ་བ་ལས་སུ་གྲགས་པ་སྟེ། །ཞེས་པ་ལ་སོགས་པས་ནི་མཆོག་དགའ་བ་དང༌། ཆད་པའི་དགའ་བ་དང༌། དགའ་བ་ལ་སོགས་པ་ནི་སེམས་ཅན་གྱི་གནས་སྐབས་སུ་ལུས་ངག་ཡིད་གསུམ་ཡིན་པ་ལ་བྱ་ལ། སངས་རྒྱས་ཀྱི་གནས་སྐབས་སུ་སྐུ་གསུང་ཐུགས་སོ། །རང་བཞིན་དགའ་བ་དེ་རྣམས་ལས་གཞན་དུ་མི་རྙེད་དོ། །དེ་བས་ན། སེམས་ལས་གཞན་ནི་ཡོད་པ་མིན། །ཞེས་གསུངས་ཏེ། །སེམས་


DTG008_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་ན་ཡང་མེད། །སེམས་རང་ཡང་མ་ཡིན་པ་དེ་ནི་རང་བཞིན་དགའ་བའོ། །ལུས་ཀྱི་མགོ་བོའི་གནས་དགའ་བ། །ཞེས་བྱ་བ་ལ་སོགས་པ་ནི་ལུས་ཀྱི་དགའ་བ་ལ་སོགས་པ་ནི་མགོ་བོ་ལ་སོགས་པའི་གནས་རྣམས་སུ་ཤེས་པར་བྱའོ། །ལུས་རྒྱུ་འབྲས་བུ་དེ་ནི་ངག །ཅེས་པ་ལ་སོགས་པས་སྔ་མ་རྣམས་ལས་ཕྱི་མའི་རིམ་པས་འབྲས་བུར་ཤེས་ལ། དེ་ཡང་ཡིད་ཆེས་པའི་ཆད་པའི་དགའ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་རྟོགས་ནས་གནས་པ་ལ་རང་བཞིན་དགའ་བ་ཞེས་བྱ་སྟེ། དོན་དམ་པའི་མ་ནོར་བའི་འབྲས་བུའོ། །དེ་ནི་འདི་སྐད་སྟོན་ཏེ། དེ་ཉིད་གསུམ་བདག་ཡེ་ཤེས་གང༌། །དེ་ནི་བཞི་པ་གསུམ་དང་བྲལ། །ཞེས་པ་ནི་དགའ་བ་གསུམ་པོ་དེ་དབང་གསུམ་གྱི་བདག་ཉིད་གང་ཡིན་པའི་ཡེ་ཤེས་དེ་ནི་རང་བཞིན་དགའ་བ་བཞི་པ་དབང་གསུམ་དང་བརླས་བ་གསུམ་གྱི་བདག་ཉིད་དོ། །རྩ་གསུམ་ནང་གི་དབུས་ན་བཞུགས། །ཞེས་པ་ནི་སྲོག་མའི་དངོས་པོའི་ནང་ན་ལིངྒ་ལ་དང༌། ཨི་ད་དང༌། སོ་ཤོ་མནའ་དང༌། གསུམ་པོའི་དབུས་ནི་བྱ་གདོང་མ་སྟེ་དེའི་ནང་ན་འབྲས་བུ་བཞུགས་པའོ། །གནས་གསུམ་ཁྱབ་མ་སྐྱེ་བ་མེད། །འོད་གསུམ་སྲིད་པ་གསུམ་དང་བྲལ། །འོད་རབ་གནས་ནི་རབ་ཀྱི་མཆོག །དེ་ནི་བཞི་པ་རབ་ཀྱི་དབང༌། །ཞེས་གསུང་སྟེ། དེ་ནི་མགོ་བོ་དང༌། མགྲིན་པ་དང༌། སྙིང་ག་གསུམ་དུ་ཁྱབ་པའི་དབང་གསུམ་ལས་བྱུང་བ་སྐྱེ་བ་མེད་པ་འདི་བདེ་བ་གསུམ་དང༌། ཁུ་བ་གསུམ་པོ་དང་བྲལ་བའི་རང་བཞིན་དགའ་བའི་རྣམ་གྲང་འོད་རབ་ཀྱི་གནས་གསུམ་པོ་དང་མི་འདྲ་བའི་གནས་རབ་མ་གནས་པ་དེ་བཞི་པའི་དབང་ཡིན་ནོ། །གཞན་དག་ན་རེ་རྩ་གསུམ་ལ་ནི་གནས་ཡིན་ལ་སྐྱེ་བ་མེད་པ་བཞི་པའི་དབང་ངོ༌། །འོད་ལ་སོགས་པ་ནི་སྣང་བ་དང༌། སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་དང༌། ལ་ལ་ནཱ་རླག །ར་ས་ནཱས་ལོངས་སྤྱོད། ཨ་ཝ་དྷཱུ་ཏཱིར་དབང་སྟེ། དེ་རྣམས་དང་བྲལ་བ་ཡང་དག་དྲི་མེད་སངས་རྒྱས་རིན་པོ་ཆེའི་གནས་ན་བཞུགས་པ་དབང་བཞི་པའི་ངོ་བོ་ཡིན་ཟེར་རོ། །བདུན་གཉིས་བྱེ་བྲག་ཏུ་ནི་ཡོད། །ཅེས་བྱ་བའི་བུམ་པའི་དབང་བཅུ་གཅིག་གསང་བའི་དབང་བཅུ་གཉིས་ཤེས་རབ་ཡེ་ཤེས་དང་


DTG008_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་དེ་ལྟར་དེ་བཞི་པ་སྟེ། དེ་ནི་བཅུ་བཞི་པའི་དབང་གི་བྱེ་བྲག་གོ །དེ་ཡང་རྒྱུ་འབྲས་དང་གནས་ཀྱི་སྔོ་ནས་བསྡུས་ལ་དབྱེ་སྟེ། ཡན་ལག་རབ་ཀྱི་མདོར་བསྡུས་པ། །ཞེས་བྱ་བ་ནི་ལུས་ཀྱི་ཡན་ལག་དང་ཉིད་ལག་ཐམས་ཅད་ཀྱི་རབ་ནི་མགོ་བོར་བསྡུས་པས་སོ། །ཆུའི་དབང་བསྐུར་བས་ནི་འབྲས་བུ་དགའ་བ་ཞེས་པ་ཐོབ་བོ། །གསང་བའི་དབང་བསྐུར་མགྲིན་པ་རུ། །མངོན་པར་དགའ་བ་བདག་ཉིད་མཆོག །ཅེས་པ་ནི་ངག་ཐམས་ཅད་སྐེ་ནས་འབྱུང་ལ། དེར་གསང་བའི་དབང་བསྐུར་བས་འབྲས་བུ་མཆོག་གི་དགའ་བ་ཐོབ་པོ། །ཤེས་རབ་ཡེ་ཤེས་ཀྱི་ནི་དབང༌། །སྙིང་ག་རུ་ནི་ཆད་བདག་ཉིད། །ཅེས་པ་ནི་རྒྱུ་ཤེས་རབ་ཡེ་ཤེས་ལས་འབྲས་བུ་ཆད་པའི་དགའ་བ་སྟེ། དེ་ཡང་གནས་སྙིང་ག་རུ་ཡེ་ཤེས་ཉམས་སུ་མྱོང་བས་རྟོགས་པ་ལ་སོགས་པས་གཟུང་འཛིན་ཐམས་ཅད་ཆད་ནས་ཡེ་ཤེས་ལ་གནས་པའོ། །གསང་བའི་པདྨའི་ལྟེ་བ་རུ། །བཞི་པ་རང་བཞིན་ངོ་བོར་གྲགས། །ཞེས་པ་ནི་གསང་པད་སངས་རྒྱས་རིན་པོ་ཆེའི་སྣོད་ཀྱི་དབུས་སུ་དབང་བཞི་པ་བསྐུར་བའི་རང་བཞིན་དགའ་བའི་འབྲས་བུའོ། །དེ་ལྟར་དབང་ནི་བཞི་རུ་དབྱེ། །ཞེས་པ་ནི་རྒྱུ་འབྲས་ལ་སོགས་པའི་དབང་གི་དབྱེ་བ་མདོར་བསྡུས་པ་བཞི་རུ་དབྱེ་བ་ཡིན་ནོ། །བསྐྱེད་པའི་རིམ་པའི་ཕྱོགས་ཡིན་ནོ། །ཞེས་པ་ནི་དེ་ཡན་ཆད་ཀྱི་དབང་གཅིག་ནས་གཅིག་ཏུ་ཡེ་ཤེས་སྐྱེ་བས་བསྐྱེད་པའི་ཕྱོགས་སོ། །ཆུ་ཡི་དབང་ནི་མདོམས་སུ་སྟེ། །ཞེས་པ་ནི་གོ་སླའོ། །འདིས་འབྲས་བུ་ཙམ་བསྟན་ཏེ། སྣ་ཚོགས་འབྲས་བུ་སྦྱིན་པ་ཡི། །ཞེས་པ་ནི་འོ་དང་འཁྱུད་པ་ལ་སོགས་པའི་དགའ་བ་སྣ་ཚོགས་ཀྱི་འབྲས་བུ་དགའ་བ་དང་པོའི་ཞེས་སྟོན་ཏོ། རྣམ་པར་སྨིན་པའི་འབྲས་བུ་སྟེར། །ཞེས་པ་ནི་གསང་བའི་དབང་གི་འབྲས་བུས་སྔར་གྱི་དགའ་བར་འགྱུར་བ་ལས་མཆོག་གི་དགའ་བའོ། །རྣམ་པར་འཇོམས་པའི་འབྲས་བུ་སྟེར། །ཞེས་བྱ་བ་ནི་མཚན་མ་ལ་སོགས་པའི་དངོས་པོ་ཐམས་ཅད་བཅོམ་ནས་ཆད་པའི་དགའ་བར་འགྱུར་རོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། དེ་ནོར་བུའི་ཁར་བྱང་ཆུབ་ཀྱི་སེམས་གསལ་ལ། གསལ་བ་འདི་རང་གི་ཤེས་རབ་མའི་མཁའ་ལ་འགྲོ་བ་ནི་འདི་སྐད་


DTG008_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །ཤེས་རབ་པདྨའི་ཡིད་འགྲོའི་ཕྱིར། །རླུང་མ་དང་ནི་གཉིས་སྐྱེའི་རྩ། །གཉིས་ཀ་རྒྱས་པ་ཡིས་ནི་བདེ། །གྱེན་གྱི་ཡི་ནི་ལམ་གྱིས་བཟློག །ཅེས་པ་ནི་རང་གི་ལས་ཀྱི་ཕྱག་རྒྱའི་གསང་བའི་མཁའ་པདྨ་ལ་བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོ་འགྲོ་ལ། འགྲོ་བས་ནི་ཐབས་ཀྱི་རྩ་དང་ཤེས་རབ་ཀྱི་རྩ་གཉིས་ཀ་རྒྱས་པའི་ངོ་བོ་ལས་ཉམས་སུ་མྱོང་ལ། དེ་གྱེན་དུ་ཐབས་ཀྱིས་དྲངས་པས་ནི་རང་བཞིན་དགའ་བའི་འབྲས་བུར་བསྟན་ཏེ། དེ་ཡང༌། མདུད་པ་ཡི་ནི་ནང་ནས་འགྲོ་།དེ་ལྟར་བཞི་པ་རབ་ཏུ་གྲགས། །ཞེས་གསུངས་སོ། །མདུད་པ་ནི་ཐབས་ཀྱི་མདུད་པའོ། །ནང་ནི་རིན་པོ་ཆེ་ནོར་བུའི་ནང་དུ་འགྲོ་བ་ལ་གྲགས་ཞེས་བྱའོ། །མཚན་ཉིད་དང་བྲལ་འབྲལ་བུར་གྲགས། །ཞེས་པ་ནི་ཆོས་ཐམས་ཅད་ཀྱང་བྲལ་བའི་ཆོས་ཐམས་ཅད་ཀྱི་འབྲས་བུར་འདོད་དེ། །དེ་ཡང་མདུད་པའི་བྱ་བ་ནས། །དབང་གི་ཡེ་ཤེས་ངེས་བསྟན་ཏོ། །ཞེས་བྱ་བའི་བར་གྱིས་བཞི་པའི་འབྲས་བུ་བསྟན་ཏོ། །འོ་ན་དབང་གསུམ་པོའི་འབྲས་བུ་མ་བསྟན་ནམ་ཞེ་ན་འདིར་བསྟན་མོད་ཀྱི་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྲས་བུ་འདི་ཡིན་པས་ན་རང་བཞིན་གཙོར་སྨོས་པ་དང༌། དབང་བཞིའི་འབྲས་བུ་འདི་ཚོལ་བ་ལས་འབྲས་བུ་གཞན་ནི་དེ་ལྟ་མ་ཡིན་ཏེ། དཔེར་ན་རྒྱལ་པོའི་ཕོ་བྲང་བསྐྱོད་པས་འཁོར་དང་ལྡན་ནས་ཆས་པ་བཞིན་ནམ། ཡང་ན་རྒྱལ་པོ་སྤྱན་འདྲངས་ན་འཁོར་མེད་ཀྱང་བསམ་པ་འགྲུབ་པ་ཡིན་ནོ། །ཡེ་ཤེས་དེ་ནི་རྒྱུད་གཞན་དུ་སྟོན་པས་གསལ་བར་མ་གསུངས་ཏེ། རྡོ་རྗེ་ཀ་པཱ་དེ་བཞིན་གསང༌། །ཞེས་པ་ལ་སོགས་པ་ནི་རྡོ་རྗེ་ཀ་པཱ་ལའི་རྒྱུད་ལ་སོགས་པ་རུ་སྦས་པའོ། །ཁྱོད་ཀྱི་ངོར་མཛད་དབང་གི་དོན། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ལ་ངོ་བོ་ཡོད་པར་བྱ་བ་སྟེ། རྒྱུད་གཞན་དུ་དབང་གི་ཡེ་ཤེས་སྦས་ཞེས་བྱ་བའོ། །ཁྱོད་ཀྱི་ངོར་མཛད་དབང་གི་དང༌། །རྒྱུད་འདི་རུ་ནི་རབ་ཏུ་གསལ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ཁོ་ནའི་ངོར་བཅོམ་ལྡན་འདས་ཀྱིས་མཛད་པའི་དབང་གི་དོན་དཔལ་ཡེ་ཤེས་ཐིག་ལེར་གསལ་བར་གསུངས་སོ། །ཚད་མ་ཤེས་དང་ཞེས་བྱ་བ་ལ་སོགས་པ་ནི་སྣོད་ངན་པར་བསྟན་ཏེ། ཡང་དག་ལམ་ཤེས་སློབ་དཔོན་གྱིས། །ཞེས་


DTG008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དོན་དམ་པའི་ལམ་ཤེས་པའི་བླ་མ་གོང་མའི་སྐལ་བ་དང་མི་ལྡན་པ་ལ་མི་བསྟན་པར་གསུངས་སོ། །ཨའི་ཡིག་འབྲུས་ཞེས་པ་ལ་སོགས་པའི་དངོས་པོས་ནི་དབང་བསྟན་ཏེ། ཨ་བྷི་ཥེ་ཀ་ཞེས་པ་ནི་དབང་ངོ༌། །དེ་ཡང་དབང་གི་རྒྱུ་བྱས་པས་འབྲས་བུ་དགའ་བ་ལ་སོགས་པའི་ཡེ་ཤེས་སུ་འདི་ནས་མར་འབྱུང་སྟེ་བདག་གིས་ནི་མ་བཤད། རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་གསུམ་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བཅུ་བཞི་པའི་དཀའ་བ་བཀྲལ་བ།


DTG008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་ནི་བཤད་བྱ་བ། །ཞེས་བ་ནི་དབང་བསྟན་ནས་བར་མཆད་པར་ནང་ལ་སོགས་པའི་སྦྱིན་སྲེག་བཤད་དོ། །ནང་གི་མཚན་ཉིད་སྦྱིན་སྲེག་གོ །ཞེས་པ་ནི་ནང་དང་གསང་བ་ལ་སོགས་པ་ལས་འདིར་ནང་ཁོ་ན་བསྟན་པའོ། །ཁ་ནི་ཧོམ་ཁུང་ཞེས་པ་སྟེ། སྔར་ཟས་བདུད་རྩིར་བྱིན་གྱིས་བརླབས་ལ། བསང་གཏོར་དང་རྫས་ཀྱི་རྣམ་པ་འོག་ནས་མར་བསྟན་ཏོ། །དེ་ཡང༌། ཕྲག་དོག་ལ་སོགས་བསང་གཏོར་བྱ། །ཞེས་པས་བསྟན་ཏོ། །དུམ་བུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནང་དང་གསང་བ་ལ་སོགས་པ་བྱིན་གྱིས་བརླབས་པ་སྟེ། བདུད་རྩི་མཆོག་ནི་ཞུ་བར་བྱེད་།ཅེས་པའི་བར་གྱིས་སོ། །གསང་བའི་སྦྱིན་སྲེག་ལ་ལས་ཀྱི་ཕྱག་རྒྱལ་བརྟེན་པ་དང༌། དམ་ཚིག་གི་ཕྱག་རྒྱལ་བརྟེན་པ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྦྱིན་སྲེག་ལས་དོན་དམ་པའི་ཕྱག་རྒྱ་ཆེན་པོའི་འབྲས་བུ་འཐོབ་བོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་བཞི་པའི་དཀར་བ་བཀྲལ་བའོ།། །།

ལེའུ་བཅོ་ལྔ་པའི་དཀའ་བ་བཀྲལ་བ།


DTG008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཏོར་མ་ཆེན་པོའི་ལས་ཀྱི་ངེས་པར་བསྟན་པའི་དོན་བཤད་དོ་ཞེས་པ་ནི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྟོག་པ་ལ་སོགས་པ་བསད་པའི་རྫས་རྣམས་དགའ་བ་ལ་སོགས་པའི་སྦྱོར་བ་སྦྱིན་གྱིས་བརླབས་ཏེ་ཆད་པའི་དགའ་བར་རྫས་ཚོགས་པར་བདུད་རྩིར་གྱུར་ཏེ། སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར་གནས་དུར་ཁྲོད་ཆེན་པོ་མཚན་མོ་ཤི་བ་དབུགས་དང་བྲལ་བའི་བདེ་བའི་རོ་དང་ལྡན་པའམ། ཡང་ན་ཆུ་བོ་ཆེན་པོ་རྣམ་པར་དགའ་བའི་ངོགས་སྲོག་གི་རྩའི་གནས། རིན་པོ་ཆེའི་ཁར་བྱང་ཆུབ་སེམས་ཀྱི་རྒྱུན་མི་འཆད་པའི་གནས་སུ་གཙང་ངོ༌། །དེས་ནི་བར་ཆད་བྱེད་པའི་འབྱུང་པོ་ལ་སོགས་པ་


DTG008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི་ནས་ཁམས་གསུམ་གྱི་སེམས་ཅན་རྣམས་བར་ཆད་མི་འབྱུང་བར་ཚོགས་གཉིས་མཆོག་དང་ཆད་དགར་རྫོགས་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་པདྨའི་སྣོད་དུམ་བུ་གཅིག་པ་ཤིན་ཏུ་རྒྱ་ཆེན་བའི་ནང་དུ་གང་ངོ༌། །དེ་ཡང་ཧེ་རུ་ཀར་རྣལ་འབྱོར་པ་བསམས་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་བཅའ་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་མཛུབ་མོ་གྱེན་དུ་འགྲེང་བར་མ་སྦྱར་ལ་གཏང་བའི་སྔགས་ནི་བ་ལེ་མ་དང་ཧས་གཏང་ངོ༌། །དེ་ལྟ་བུའི་གཏོར་མས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་འབྲས་བུ་རྙེད་པར་འགྱུར་རོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅོ་ལྔ་བའི་དཀའ་བ་བཀྲལ་བའོ།། །།

ལེའུ་བཅུ་དྲུག་པའི་དཀའ་བ་བཀྲལ་བ།


DTG008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ངེས་པའི་དོན་རྣམས་གསུངས་པའི་རྟིང་ལ་ནི་དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོས་ཞེས་གསུངས་ཏེ། སྡར་ཞུས་པའི་བཤད་ཟིན་པར་དངོས་ནས་བཅོམ་ལྡན་མོ་ཐེ་ཚོམ་མཆོད་ནས་སྡུད་པ་པོ་ལ་བོས་ནས་བསྐུལ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་བོས་ཏེ་ཞེས་པ་ནི་འཁོར་བྱེ་བྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་སྤྲུལ་པའི་སྐུ་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ལ་དམིགས་ཀྱིས་བོས་ཏེ། བདག་གི་ཐེ་ཚོམ་སོལ་ཅིག་བྱའོ། །དེ་ཡང་ཀྱེ་དཔའ་བོ་ཆེན་པོ་ལྷའི་དབང་ཕྱུག་ཅེས་ཏེ་སྙན་ཅིང་དགྱེས་པའི་སྒོ་ནས་བོས་སོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་ངེས་པར་བསྟན་པ་ཞེས་པ་ལ་སོགས་པ་མི་ཞུ་བ་འམ་ཅི་ཞེས་པ་ནི་བཅོམ་ལྡན་འདས་མ་ལེའུ་དང་པོར་དེ་ཁོ་ན་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་སྐབས་འདིར་ངེས་དོན་ཞུ་བར་རིགས་སོ་ཞེས་བྱའོ། །ལྷའི་དབང་ཕྱུག་གིས་གསོལ་པ་ཞེས་པ་ནི་སླར་བཅོམ་ལྡན་འདས་ལ་དགྱེས་ནས་གསོལ་པའོ། །མཆོག་གི་དབང་ཕྱུག་མ་ཞེས་པ་ནས་ནམ་མཁའི་མཐའ་ལེགས་སོ་ལེགས་སོ་ཞེས་པ་ལྷའི་དབང་ཕྱུག་གི་ཚིག་སྟེ། ཡོན་ཏན་ཐམས་ཅད་ཀྱིས་བསྟོད་ནས་རྗེས་སུ་ཡི་རང་ངོ་ཞེས་པའོ། །ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནི་སྤྲུལ་པའི་སྐུ་ས་བཅུ་པའི་དབང་ཕྱུག་གིས་སོ། །བཅོམ་ལྡན་འདས་མོས་ཁོང་དུ་ཆུད་པས་ཞེས་པ་ནི་བཅོམ་ལྡན་འདས་མོས་ནི་ལྷའི་དབང་ཕྱུག་གིས་ཁོང་དུ་ཆུད་ཅིང་


DTG008_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་བའི་དོན་དུ་ནི་འདི་སྐད་བཤད་དོ། །དགའ་བ་ཆེན་པོ་སེམས་ཀྱིས་ཞེས་པ་ནི་ཤེས་པའི་དབང་གིས་དགའ་བ་བདེ་བའི་བདག་ཉིད་ཀྱིས་སྤྲུལ་པ་མང་པོ་དགྱེ་བ་ལ་སོགས་པའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་དང༌། རྨད་དུ་བྱུང་བ་སྤྲུལ་ཏེ་ཞེས་པ་ནི་ལྷའི་དབང་ཕྱུག་གིས་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པས་གང་བའི་རྫུ་འཕྲུལ་དང་དེ་རེ་རེ་ལས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་པའི་ཆོ་འཕྲུལ་དང༌། དེ་རྣམས་ཐམས་ཅད་ཀྱི་ཕྱག་ན་པདྨ་དང་ཀུ་མུ་ཏའི་རང་བཞིན་ཟླ་བ་དང་ཉི་མའི་མེ་ཏོག་ལ་སོགས་པའི་རྨད་དུ་བྱུང་བ་མང་པོ་སྤྲུལ་པའི་མཆོད་རྫས་སོ། །རྣམ་པ་དུ་མ་ཚོགས་པའི་མཆོད་པའི་མཆོད་སྦྱིན་བྱས་ནས་ཞེས་པ་ནི་ལྷ་དང་ལྷ་མོ་དང་མེ་ཏོག་ལ་སོགས་པའི་རྣམ་པ་ཐམས་ཅད་འཚོགས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་ལ་སོགས་པས་དགྱེས་པ་བྱས་ནས་སོ། །སྔར་གྱི་དྲིས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མོས་དྲིས་པའོ། །ཞུས་སོ་ཞེས་པ་ནི་ལྷའི་དབང་ཕྱུག་གིས་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་ལ་ཞུས་པའོ། །བཅོམ་ལྡན་འདས་ནི་སྟོན་པ་སྟེ། བདུད་བཅོམ་པ་དང་ལྡན་པའི་བདག་ཉིད་དོ། །དེ་ཁོ་ན་ཉིད་ལ་སོགས་པ་ངེས་པའི་དོན་ཞུས་པ་སྟེ། བཀའ་སྩལ་དུ་གསོལ་ཞེས་པའི་ཚིག་རྣམས་སོ། །ཉོན་ཅིག་བདག་གིས་རབ་ཏུ་བཤད། །ཅེས་པ་ནི་ལྷའི་དབང་ཕྱུག་ལ་སོགས་པའི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་མ་ཡེངས་པར་ཉོན་ཅིག་པའོ། །སྟོན་པ་པོ་བཅོམ་ལྡན་འདས་བདག་གིས་བཤད་པ་སྟེ། འཁོར་རྣམས་ཀྱི་ནང་དུ་དམ་བཅས་པའི་ཚིག་ཏུ་གསལ་བའོ། །མཚན་ཉིད་ལས་སྐྱེས་ཁོ་ན་ཉིད། །ཅེས་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལས་སྐྱེས་པ་ནི་དེ་ཁོ་ན་ཉིད་དོ། །དེ་ལྟར་མིན་ན་ཞེས་པ་ནི་ཆོས་ཉིད་ལས་སྐྱེ་བ་ཉིད་ལས་སྐྱེ་བ་བདེ་བའི་ངོ་བོ་སྟེ་དེའི་ཕྱིར་མི་མཐུན་ནོ་ཞེས་སོ། །དེ་ཡང་ཀུན་རྫོབ་ཏུ་བརྗོད་པ་དང་མི་མཐུན་བཤད་དོ། །འདི་སྐད་ཀྱང་བསྣན་ཏེ། རང་རིག་པ་ཡི་བདག་ཉིད་ཕྱིར། །དེ་བས་བརྗོད་པར་མི་ནུས་སོ། །ཞེས་པ་ནི་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་རིག་པ་ཡིན་ལ། དེ་ལ་བརྗོད་པའི་ཚིག་དང་ཡི་གེས་ཐོག་ཏུ་མི་ཕེབས་ཏེ་དེའི་ཕྱིར་ཀུན་རྫོབ་ཙམ་དུ་བརྟེན་ལ་བརྗོད་དོ། །དེ་ཁོ་ནའི་བདག་ཉིད་གསུམ་དེ་སྣང་བ་ཞེས་བྱ་བ་ལ་


DTG008_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་བསྟན་ཏེ། ཡེ་ཤེས་གསལ་བ་དང་ཤིན་ཏུ་གསལ་བ་དང་དེ་ཡང་བདག་ཉིད་ཀྱི་དབང་དུ་འདུས་ནས་ཐོབ་པ་དང༌། ཡེ་ཤེས་དུས་རྟག་ཏུ་ཡང་དག་པའི་འོད་དང་ལྡན་ནས་གནས་པ་དེ་དཔེ་དོན་གཉིས་ཀའི་སྒོ་ནས་བསྟན་པའི་འབྲས་བུ་སྟེ། དེ་ལ་འདི་སྐད་འབྱུང་ངོ༌། །དེ་ནི་གནས་མཆོག་ཡེ་ཤེས་ཏེ། །ཞེས་བྱ་བ་ནི་ཡེ་ཤེས་ཐམས་ཅད་ཀྱི་མཆོག་གི་རང་བཞིན་དགའ་བའི་ཡེ་ཤེས་སུ་བཤད་པ་ཡིན་ནོ། །དེ་ལ། བལྟ་བར་དཀའ་བའི་མཚན་ཉིད་དོ། །ཞེས་གསུངས་ཏེ། དཔྱད་པས་མི་རྙེད་པ་བལྟས་པས་མི་མཐོང་བའི་ངོ་བོ་འདི་བསྒོམས་ཀྱང་རྙེད་པ་མ་ཡིན་ནོ། །དེ་ནི་འདི་ནས་མར་རྒྱས་པར་བཤད་དོ། །ཆར་ཡང་དང་ནི་ཐིག་ལེའི་ཚུལ། །དེ་ཉིད་གསུམ་བདག་བརྗོད་པའོ། །འཁོར་ལོ་གསུམ་ཡོད་མེ་རླུང་ཆུ། །དངོས་པོ་འདུ་ཤེས་རང་ངོ་བོ། །ཞེས་བྱ་བ་ནི་གསང་བར་རླུང་དང་རྩ་རུ་ལྡན་པའི་རླུང་གི་འཁོར་ལོའི་གནས་སུ་ཆར་ཡང་གནས་པའོ། །དེའི་སྟེང་ལྟེ་བར་མེའི་འཁོར་ལོའི་གནས་སུ་ཐིག་ལེ་གནས་པ་སྤྲུལ་པའི་འཁོར་ལོ་བྱུང་བ་ཆུའི་གནས་སུ་ཚུལ་བརྟེན་པའོ། །དེ་གསུམ་དང་སྣང་བ་ཞེས་བྱ་བའི་དངོས་པོའི་དགའ་བ་རང་གི་ངོ་བོ་རུ་གནས་པའོ། །དེ་ཁོ་ན་ཉིད་གསུམ་དུ་བསྟན་པའོ། །ཚུལ་ཙམ་ཟླ་བ་ཡིན་ཏེ། ས་ཡི་འཁོར་ལོ་དེ་ནི་མཆོག །དེ་ནི་རྟེན་གྱི་འདུ་ཤེས་ཏེ། །ལྷ་ཡི་དབང་ཕྱུག་ཤེས་པར་བྱ། །ཞེས་པ་ནི་འབྱུང་བ་སའི་རང་བཞིན་སྙིང་གར་ཆོས་ཀྱི་འཁོར་ལོ་ལ་བརྟེན་པའི་ཚུལ་ཙམ་དྲི་མ་དང་བྲལ་ནས་གནས་པ་སྟེ། སྣང་བ་མཆེད་པའི་རང་བཞིན་བསྟེན། །ཞེས་པའི་མཆོག་གི་དགའ་བ་ལ་ནི་ཟླ་བ་བདེ་བ་མཆོག །ཅེས་བཅོམ་ལྡན་འདས་ཀྱིས་བོས་ནས་བསྟན་པ་ཤེས་པར་གྱིས་ཞེས་སོ། །ཕྱག་རྒྱ་ཆེན་པོ་འདིར་ནི་མཆོག །ནམ་མཁའ་ཡེ་ཤེས་འདུ་ཤེས་སོ། །ཞེས་པ་ནི་འབྱུང་བ་ནམ་མཁའི་རང་བཞིན་སྐེར་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་གནས་སུ་མཆོག་གནས་ཏེ། སྣང་བ་ཐོབ་པའི་རང་བཞིན་ཡེ་ཤེས་ཞེས་བྱ་བའི་ཆད་པའི་དགའ་བའོ། །དེ་ལ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ཡི་མཐའ་ནི་གཞན་གྱི་མཆོག །བདེ་ཆེན་མཆོག་གི་ནམ་མཁར་རོ། །དེ་ནི་རྣལ་འབྱོར་ངོ་བོར་གྲགས། །གཉིས་སུ་མེད་པའི་ཡེ་ཤེས་


DTG008_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རབ། །ཅེས་བྱ་བ་ནི་འབྱུང་བ་གཞན་གྱི་ནམ་མཁའི་རང་བཞིན་བདེ་བ་ཆེན་པོའི་འཁོར་ལོ་རྩ་སུམ་ཅུ་རྩ་གཉིས་ཡོད་པའི་གནས་ན་གཞན་མཆོག་ཆོས་ཉིད་དང་འདྲ་བའི་གནས་སོ། །དེར་འོད་རབ་ཀྱི་རྣག་བཞིན་རྣམ་པར་འབྱེད་པ་ཞེས་བྱ་བའི་རང་བཞིན་དགའ་བ། མཆོག་གི་དགའ་བ་དང༌། ཆད་པའི་དགའ་བ་གཉིས་སུ་མེད་པའོ། །དེ་ལ་ནི་དེའི་མཐའ་ཞེས་བྱའོ། །དེ་ནི་འཁོར་ལོ་དྲུག་དབུས་གནས། །རྣམ་ཤེས་དྲུག་གི་ངོ་བོ་ཞེས་པ་ནི་རླུང་གི་འཁོར་ལོ་རྩ་དྲུག་དང༌། མེའི་འཁོར་ལོ་དང༌། སྤྲུལ་པའི་འཁོར་ལོ་དང༌། ཆོས་ཀྱི་འཁོར་ལོ་དང༌། ལོངས་སྤྱོད་ཀྱི་འཁོར་ལོ་དང་བདེ་བ་ཆེན་པོའི་འཁོར་ལོ་དང༌། དྲུག་གི་དབུས་ན་སྦྱོར་བ་དྲུག་གི་རྣམ་ཤེས་སོ། །དངོས་པོ་བརྟེན་ལ་སོགས་བྱེ་བྲག །ཅེས་བྱ་བ་ནི་ཡེ་ཤེས་དང་རྣམ་པར་འབྱེད་པ་བསྡུས་པའོ། །བཞིར་ནི་དབྱེ་བར་ཡོད་པའོ། །ཞེས་པ་ནི་རང་བཞིན་དགའ་བ་ལ་ཡོན་ཏན་འབྱུང་བས་དངོས་པོའི་ཡེ་ཤེས་དང༌། རྟེན་གྱི་ཡེ་ཤེས་དང༌། ཡེ་ཤེས་ཀྱི་ཡེ་ཤེས་དང༌། རྣམ་པར་འབྱེད་པའི་ཡེ་ཤེས་རྣམས་འབྱུང་ངོ༌། །དེ་ཡང་དངོས་པོ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ནི་གནས་པའོ། །བརྟེན་ནི་འཁོར་ལོ་ལོངས་སྤྱོད་ནས་མར་འབབ་པའི་མཐའ་ལ་བརྟེན་ནོ། །ཡེ་ཤེས་ནི་དེ་ལ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་ཤེས་པ་ལ་དོན་དམ་པ་ལ་གནས་པར་ཤེས་སོ། །རྣམ་པར་འབྱེད་པ་ནི་གནས་པ་ལ་སོགས་པའི་ཡེ་ཤེས་ཐམས་ཅད་སྤངས་པ་སྟེ། བརྗོད་པ་དང་སྤྱོད་པ་ལ་སོགས་པ་ནི་རྙེད་དེ་འབྱེད་པའོ། །དེ་ཉིད་གསུམ་བདག་བྱེ་བྲག་གིས། །ཞེས་པ་ལ་སོགས་པ་ནི་ཆར་ཡང་ཐིག་ལེ་དང་ཚུལ་དང་གསུམ་དུ་ཡང་དབྱེའོ། །དེ་ཡང་ཀུན་རྫོབ་ཀྱི་སྒོ་ནས་དོན་དམ་པར་བརྗོད་དོ། །མཚན་མོ་ཉིན་མོ་མཚན་བྲལ་ཕྱིར། །ཞེས་པ་ནི་མཚན་མོ་ཡེ་ཤེས་ནི་ཟླ་བ་ཤར་བ་ལྟ་བུ་སྟེ་སྣང་པའོ། །ཉིན་མོ་ནི་ཉི་མ་ཤར་བ་ལྟ་བུའི་ཡེ་ཤེས་སྣང་བ་ཆེན་པོ་མཚམས་ནི་ཉིན་མོ་དང་མཚན་མོ་གཉིས་དང་བྲལ་བའི་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བ། རྒྱུ་བ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སྣང་བ་ཐོབ་པའི་བདག་ཉིད་དོ། །དེ་རྣམས་ཀྱང་སེམས་དང་སེམས་ལས་བྱུང་བ་དང་མ་རིག་པ་དང་གསུམ་གྱི་མཚན་ཉིད་ཅན་


DTG008_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་རྣམས་དང་བྲལ་བས་འོད་རབ་ཅེས་བྱ་བ་ལ། གཅིག་པུ་ཡི་ནི་བདེ་བ་ཆེ། །ཞེས་གསུངས་སོ། །རང་བཞིན་ཞེས་པ་ལ་སོགས་པ་ནི་གོང་མ་ལྟར་བདག་གིས་མ་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་པར་བླ་མས་བྱེད་པའི་ཕྱིར་རོ། །དེ་བས་ནི། བླ་མའི་ཞལ་ནས་རྙེད་པར་འགྱུར། །ཞེས་པ་ལ་སོགས་པ་ནི་བླ་མས་བསྟན་པས་རང་བཞིན་དགའ་བ་ལ་སོགས་པའི་དངོས་གྲུབ་རྙེད་དེ། དེ་བས་ན་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་བླ་མ་ཡིན་པར་བསྟན་པའོ། །ས་བཅུ་ཡི་ནི་དབང་ཕྱུག་བདག །ཅེས་པ་ལ་སོགས་པ་ནི་བླ་མ་དེ་ཡང་སྤྲུལ་པའི་སྐུ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དཔེར་ན་རྒྱལ་པོ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཨིནྡྲ་བྷཱུ་ཏཱི་ལྟ་བུའི་བླ་མས་སློབ་མ་ལ་བསྟན་པར་སླའོ། །འོ་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཨིནྡྲ་བྷཱུ་ཏཱི་ལྟ་བུ་ཁོ་ན་ལས་གཞན་མས་བླ་མ་མི་བཏུབ་པོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ནས་རིམ་པས་དབང་ལ་སོགས་པ་ཐོབ་པའི་རྣལ་འབྱོར་པས་བླ་མ་བཏུབ་སྟེ་མི་བཏུབ་པ་མ་ཡིན་ནོ། །དེ་ཡང་ལུང་ལས། སློབ་དཔོན་རྡོ་རྗེའི་བཅུ་གཅིག་དབང༌། །གསང་བའི་དབང་ནི་བཅུ་གཉིས་པ། །ཤེས་རབ་ཡེ་ཤེས་བཅུ་གསུམ་སྟེ། །དེ་ལྟར་དེ་བཞིན་བཅུ་བཞི་པའོ། །དབང་རེ་ལ་ནི་ས་རེ་སྦྱར། །དེ་རྣམས་ས་ཡི་དབང་ཕྱུག་བདག །ཅེས་གསུངས་སོ། །དེའི་ཕྱིར་ཡང་དབང་ཐོབ་པའི་བླ་མ་མི་འགལ་ལོ། །དེ་མ་ཟད་དེ་ལུང་གཞན་ནས་ཀྱང་འབྱུང་སྟེ། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་མཆོག །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ལྟར་དེ་བཞིན་བཞི་པའོ། །ས་བརྒྱད་ལ་སོགས་དབྱེ་བ་ཡིས། །རིམ་བཞིན་སྦྱར་ནས་དབང་བསྐུར་ཐོབ། །དེས་ནི་བླ་མ་སློབ་དཔོན་གྱུར། །གཞན་རྣམས་ལ་ཡང་དབང་བསྐུར་ནུས། །ཞེས་གསུངས་པས་ཀྱང་བཏུབ་སྟེ། མི་འགལ་བར་བཤད་དོ། །དེ་བས་ན་འདིར་བླ་མ་ལས་ལྷག་པ་གཞན་སྟོན་པ་ཆེན་པོ་ཡོད་པའམ་ཞེས་གསུངས་ཏེ་གོ་སླའོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་བླ་མ་ཡིན་པར་བསྟན་ནས། འདི་ནས་མར་སྔགས་ཀྱི་བླ་མའི་དོན་གཟུང་བ་དང༌། འཇིག་རྟེན་པའི་ཆོས་སྤང་ཞིར་སྒྲ་མཁན་ལ་སོགས་པ་ལ་དབང་དང་མན་ངག་


DTG008_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྟན་པར་བཤད་དེ། གང་ཞིག་བླ་མའི་བསྟན་བཅོས་ལ། །མཛད་དམ་བཤད་པ་གང་ལ་ལར། །ཞེས་པ་ནི་བླ་མ་རྗེ་བཙུན་གྱིས་བསྟན་པའི་སྒྲུབ་ཐབས་ལ་སོགས་པའམ་ཡང་ན་མཛད་པའི་སྒྲུབ་ཐབས་ལ་སོགས་པའོ། །ཡང་ན་མན་ངག་བསྟན་པར་ཡང་རུང་བའི་ཆོས་གང་ན་གང་ངོ༌། །དེ་ནི་བསྟན་བཅོས་དེ་ཚད་དོན། །དེ་ནི་དེ་ཉིད་འཁྲུལ་པ་མེད། །ཅེས་བྱ་བ་ནི་དེ་ཞེས་པ་དང་གང་ཞེས་པ་འབྲེལ་ལ་སྟེ། བླ་མས་གང་ན་གང་གིས་བསྟན་ཅིང་བཤད་པའམ། མཛད་པའམ། མན་ངག་ལ་སོགས་པའི་ཆོས་དེ་ནི་ཡང་དག་པའི་ཚད་མའི་དོན་ཏེ། དེ་ཡང་རྩ་བའི་རྒྱུད་ལས། རྗེས་དཔག་མངོན་སུམ་ཚད་མའི་དོན། །ཐར་འདོད་པས་ནི་ངེས་པར་གཟུང༌། །བཟུང་ནས་རྗེས་དཔག་བསྒོམས་པ་ལས། །དོན་དམ་པ་ཡི་བདེན་པ་རྙེད། །ཅེས་གསུངས་སོ། །ཡང་དག་པའི་ཚད་མ་ནི་བླ་མས་མངོན་སུམ་དུ་ཞལ་གྱིས་མན་ངག་བསྟན་པ་ལ་རྗེས་སུ་དཔག་ནས་བཟུང་བ་སྟེ་ཡང་ཕྱག་རྒྱ་ཆེན་པོ་ཐོབ་པར་འདོད་པས་ངེས་པར་བྱས་ནས་བླ་མ་མ་བརྗེད་པར་གཟུང་བ་དེ་ལ་བསྒོམས་པའི་འབྲས་བུ་དོན་དམ་པའི་བདེན་པ་ཕྱག་རྒྱ་ཆེན་པོ་རྙེད་པར་འགྱུར་རོ། །གཏན་ཚིགས་དེས་མཚན་མ་ལ་སོགས་པའི་འཁྲུལ་པའི་ཆོས་ཐམས་ཅད་ཀྱང་འགག་པ་ལ་ནི་འཁྲུལ་པ་མེད་ཅེས་བྱའོ། །སློབ་དཔོན་སྨྲས་དང་བདག་གིས་སྨྲས། །དེ་ལ་བྱེ་བྲག་མི་དབྱེའོ། །ཞེས་པ་ནི་དོན་དམ་པ་རྟོགས་པའི་སློབ་མ་བླ་མ་དྲིན་ཅན་དེ་ལྟར་བུའི་རྣལ་འབྱོར་པ་ནི་བླ་མ་དང་གཉིས་བྱེ་བྲག་ཆོས་གང་ལ་ཡང་མེད་པར་ཤེས་ཤིང་རྟོགས་པའོ། །དེ་ནི་སློབ་དཔོན་སྨྲས་དང་ཞེས་པ་ལ་སོགས་པའི་དོན་ནོ། །རྣལ་འབྱོར་ཞེས་པ་ནི་ཐུབ་པའི་རྒྱུད་ཤེས་པའི་ཕྱིའི་རྣམས་སོ། །ཕྱི་མ་ནི་ཡོ་གའོ། །རྣལ་འབྱོར་མ་རྒྱུད་ཅེས་བྱ་བ་ནི་ཐབས་ཀྱི་རྒྱུད་རྣམས་དང༌། ཤེས་རབ་ཀྱི་རྒྱུད་རྣམས་ཞེས་པའོ། །སློབ་དཔོན་བསྟན་བཅོས་བྱེད་པ་གང༌། །ཞེས་པ་ནི་བརྩམས་ཤིང་བྱས་པའི་ཆོས་རྣམས་སོ། །དེ་ལ་སྒྲ་དང་སྒྲ་ངན་དུ། །ལྷ་ཡི་དབང་ཕྱུག་བརྟག་མི་བྱ། །ཞེས་བྱ་བ་ནི་དེ་ལ་ཞེས་པས་འབྲེལ་པར་སྔར་བཤད་དེ། བླ་མས་མཛད་པ་དང་བརྩམས་པའི་ཆོས་ཐམས་ཅད་ནི་སྒྲ་ངན་པ་ཡིན་པར་བཅོམ་ལྡན་འདས་ཀྱིས་ལྷའི་དབང་ཕྱུག་བོས་ནས་


DTG008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འདི་ལྟ་བུ་ལ་སྒྲ་ངན་པར་བསྟན་ཏེ། སྙན་དང་གས་ཟློས་གར་གྱི་བསྟན་བཅོས་ཞེས་པ་ནི་ཕྱིན་ཅི་ལོག་གི་ཚད་མ་ལ་སོགས་པ་ནི་སངས་རྒྱས་ཀྱིས་མཛད་པའི་ཆོས་དང་མི་འདྲ་བ་འདི་ནི་མུ་སྟེགས་ལ་སོགས་པ་དང་མཐུན་པའོ། །དེ་ལ་ནི། སྒྲ་དང་སྒྲ་ངན་བརྟག་པར་བྱ། །ཞེས་གསུངས་སོ། །སྔགས་ཀྱི་བསྟན་བཅོས་གཏན་ལ་ཕབ། །ཅེས་པ་ནི་གོ་སླ་བས་མ་བཤད་དོ། །ཡང་ན་རྩ་བཞིའི་དོན་དུ་རྣམ་པར་ལ་སོགས་པར་ཤེས་པར་བྱའོ་ཞེས་པ་ནི། ལ་ལ་ནཱ་འགྲོ་བ། བྱ་གདོང་མ་དེ་ཁོ་ན་ཉིད། །གསུམ་བདག་ཉིད་ཀྱི་རྣམ་པའོ། །ར་ས་ནཱ་འཇུག་པ་ནི་གཏུམ་མོའོ། །ཟླ་བ་བདེ་བ་མཆོག་གི་ཚད་དུ་བསྟན་ཏོ། །སྲོག་མ་བརྟེན་པ་བདག་ཉིད་དེ། །ཕྱག་རྒྱ་ཆེན་པོའི་རང་ངོ་བོ། །ཞེས་པའོ། །ཨ་ཝ་ཤཱུ་ཏཱི་གནས་པའི་རྟོག་མེད་མའི་རང་བཞིན་དེའི་མཐའ་ལ་རྣམ་པ་ལ་སོགས་པ་དང་བྲལ་བའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་དྲུག་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་བཅུ་བདུན་པའི་དཀའ་བ་བཀྲལ་བ།


DTG008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དེ་ཁོ་ན་ལ་སོགས་པ་བཤད་པས་དོན་རྟོགས་པའི་ཕྱིར། དེ་ནས་ལྷ་མོ་རབ་ཏུ་དགྱེས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་མོ་ཕྱག་རྒྱ་ཆེན་པོ་དགྱེས་པའོ། །རང་བཞིན་དོན་ནི་གསལ་བའི་ཕྱིར། །ཞེས་བྱ་བ་ནི་གོང་དུ་བཤད་པ་ནི་རང་བཞིན་དགའ་བའི་ངོ་བོར་གསལ་ཞིང་ཁོང་དུ་ཆུད་པའི་ཕྱིར་རོ། །དམ་པོ་རུ་ནི་འཁྱུད་བྱས་ནས། །པདྨ་དམ་པ་རབ་ཏུ་བསྐྱེད། །ཅེས་པ། བཅོམ་ལྡན་འདས་ལ་སྦྱོར་བའི་ཚུལ་དུ་འཁྱུད་དེ། གསང་བའི་ཀཀྐོ་ལ་དང་བོ་ལ་གཉིས་བསྐྱོད་པའི་སྦྱོར་བ་ལས་བཞེངས་ནས་ཡང་ཞུ་བ་བགྱིད་དོ། །དུར་ཁྲོད་ལ་སོགས་པ་ཡི་དོན། །རྡོ་རྗེ་རྒྱལ་པོ་ལ་ནི་ཞུས། །ཞེས་པ་ནི་དུར་ཁྲོད་དང་ཤིང་དང་རྩྭ་དང་ལྷ་མོ་ལ་སོགས་པའི་དོན་བཅོམ་ལྡན་མོས་ཞུས་པའོ། །བསྲུབ་དང་ཞེས་པ་ནི་ལ་ལ་ནཱ་དང་གཉིས་སྦྱོར་བའོ། །བསྲུབ་པའི་སྦྱོར་བ་ནི་ཡང་ནས་ཡང་དུ་བསྐྱོད་པ་སྟེ། ཐབས་དང་ཤེས་རབ་སྦྱོར་བ་ཞེས་བཤད་དོ། །སྦྱོར་བ་ལས་དགྱེས་པ་ལ་ནི་ལས་ཞེས་པའོ། །དཔལ་བདག་དགྱེས་ནས་བཀའ་སྩལ་ཏོ། །ཞེས་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དཔལ་དཀྱིལ་འཁོར། ཐབས་ཀྱི་བདག་པོ་ཡིན་སྦྱོར་ལས། །ཡེ་ཤེས་མྱོང་བས་དགྱེས་པ་དེས། །བཅོམ་ལྡན་མོ་ལ་བཀའ་སྩལ་ཏོ། །དུར་


DTG008_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ལ་སོགས་ཀྱི་ནི་དོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་དང་ནང་གསང་བའི་དབྱེ་བས་དུར་ཁྲོད་དང་ཤིང་དང་ལྷ་མོ་ལ་སོགས་པའི་དོན་གསུངས་པའོ། །འདི་ལ་རྩ་ཡི་འཁོར་ལྟེ་བར། །ཞེས་པ་ནི། སྤྲུལ་པའི་འཁོར་ལོ་ལ་སོགས་པའི་དབུས་ཀྱི་ལྟེ་བ་ནི་སྲོག་གི་རྩ་ཡིན་པར་སྟོན་ནོ། །སྲོག་རྩ་བ་དང་ལྷན་ཅིག་རྩ་གསུམ་དང་ལྡན་པའི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་སྲོག་རླུང་གི་རྟེན་བྱེད་པའི་ངང༌། ལ་ལ་ནཱ་དང༌། ར་ས་ནཱ་དང༌། ཨ་ཝ་དྷཱུ་ཏཱི་གསུམ་ལྷན་ཅིག་སྟེ་སྲོག་གི་རྩའི་ནང་ན་གསུམ་གནས་པ་ལ་ནི་ལྡན་ཞེས་བྱའོ། །འདབ་མ་གསུམ་གྱི་པདྨའི་གཡས་ངོས་སུ་པིང་ལ། གཡོན་ངོས་སུ་ཨི་དང་དབུས་སུ་སོ་ཤོ་མནཱ། །འཇུག་པ་དང༌། གནས་པ་དང༌། འགྲོ་བ་འགྲུབ་པར་བྱེད་དོ་ཞེས་བྱ་བ་ནི་སྲོག་གི་རྩའི་ནང་དུ་གསུམ་པོ་གནས་པ་བྱ་གདོང་མའི་པདྨ་དང་ལྟེ་བར་བཅས་པ་འདབ་མ་གསུམ་པའི་འདག་ཉིད་གཡས་ངོས་སུ་ལ་ལ་ནཱ་དྲི་ཆུ་འགྲོ་བར་བྱེད་པ་དང༌། གཡོན་ངོས་སུ་ར་ས་ནཱ་སི་ལ་ཕྱིར་མི་འབྱུང་བར་འཇུག་པར་བྱེད་དོ། །དབུས་སུ་ཨ་ཝ་དྷཱུ་ཏཱི་བྱང་ཆུབ་ཀྱི་སེམས་ག་བུར་གནས་པར་བྱེད་པའོ། །དེ་འཛིན་མ་དང༌། རོ་མ་དང༌། རྟོག་མེད་མ་གསུམ་དུ་གསང་བའི་པདྨའི་སྙིང་པོ་ཡིན་ཏེ། དེ་བདེ་བ་གསུམ་དང་ལྡན་པའོ། །དེ་དག་ནི་བཞི་པོའི་རྩ་རྣམས་བསྟན་པའོ། །དངོས་པོ་དང་ནི་སྣང་པའི་ཡེ་ཤེས་སྲོག་རྩ་དང་ལྡན་པའོ། །རྟེན་ནི་སྣང་བ་མཆེད་པ་ཡེ་ཤེས་ར་ས་ནཱ་དང་ལྡན་པའོ། །ཡེ་ཤེས་ནི་སྣང་བ་ཐོབ་པའི་ཡེ་ཤེས་ལ་ལ་ནཱ་དང་ལྡན་པའོ། །རྣམ་པར་འབྱེད་པ་ནི་ཡང་དག་དྲི་མེད་རང་བཞིན་གྱི་ཡེ་ཤེས་སྤྲོས་པ་དང་བུལ་བའི་ངོ་བོ་ཨ་ཝ་དྷཱུ་ཏིའ་དང་ལྡན་པའོ། །ལས་ནི་དེ་རྣམས་ཀྱི་འབྱུང་བ་རུ་བསྟན་པའོ། །ཞལ་བཟང་མོ་ནི་བཅོམ་ལྡན་མོ་ལ་བོས་པའོ། །དེ་རུ་ཤེས་པར་བྱ་བ་ནི་རྩ་དེ་རྣམས་སུ་གནས་ས་རུ་བསྟན་པ་སྟེ། ཡེ་ཤེས་རྣམས་དེ་རུ་ཞེས་བྱ་བས་སོ། །ཤར་བ་ནི་ལོངས་སྤྱོད་པའི་དངོས་བོ་མཆོག་གི་དགའ་པའོ། །ནུབ་པ་ནི་རླག་པའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་ཆད་པའོ། །དུས་ནི་རླག་དང་ལོངས་སྤྱོད་གཉིས་ལས་གྲོལ་བ་དབང་གི་རང་བཞིན་ཏེ། མཆོག་དང་ཆད་པའི་དབུས་སུ་རང་བཞིན་དགའ་བའི་དུས་སོ། །རྩའི་འཁོར་ལོ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ནས་རླུང་གི་འཁོར་ལོ་ཡན་


DTG008_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱི་འཁོར་ལོ་དྲུག་དྲུག་པོ་རྣམས་སོ། །འབྱུང་བ་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྣམས་དེ་རུ་འབྱུང་བས་ན་རྣམ་པ་དུ་མར་འབྱུང་བའོ། །འབད་པས་བཙལ་བར་བྱའོ་ཞེས་པ་ནི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བདེ་བའི་ངོ་བོར་བརྩལ་བའོ། །གང་གི་ཕྱིར་ཙའི་འབྱུང་བ་མེད་པ་དེའི་ཕྱིར་ཞེས་པ་ནི་མ་བཙལ་ནི་ཅི་ཉེས་ཤི་ན་བྱས་པ་དང་རྩའི་ནང་ནས་བྱང་ཆུབ་ཀྱི་སེམས་མ་བཙལ་ན་བདེ་པ་ཆེན་པོའི་ཡེ་ཤེས་མི་རྙེད་པའི་ཕྱིར་རོ། །དེ་བས་ན་འབད་ལ་བརྩལ་དགོས་སོ། །བྱང་ཆུབ་ཀྱེ་སེམས་ཀྱི་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་ཕྱེ་ན་གཉིས་སུ་བསྡུ་པའོ། །བདུད་རྩི་བདེ་བའི་ཡེ་ཤེས་ཞེས་པ་ནི་ཉོན་མོངས་པའི་བདུད་དེའི་རྩི་རུ་འགྱུར་བ་ནི་དོན་དམ་པའི་ཡེ་ཤེས་དེ་ཡིན་ནོ། །འདི་འཇུག་པ་དང་ལ་སོགས་པ་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་མེད་ན་འཇུག་པ་ལ་སོགས་པའི་དགའ་བ་མི་ཤེས་པར་བསྟན་ཏོ། །མ་ཤེས་ན་ཇི་ལྟར་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་རྙེད་ཅེས་པ་ནི་ལས་དང༌། དམ་ཚིག་དང༌། ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོ་དང་བཞིའི་དངོས་པོ་འཇུག་པ་དང༌། གནས་པ་དང་འགྲོ་བ་དང༌། སྐྱེ་བ་བཞི་ཕྱག་རྒྱ་བཞི་ལམ་བརྟེན་ཅིང་བདེ་བའི་ཡེ་ཤེས་མ་རྙེད་ན་ཕྱག་རྒྱ་ཆེན་པོའི་གྲུབ་པ་མི་རྙེད་དོ། །མི་ཤེས་སོ། །དེ་བས་ན་འདི་སྐྱོན་ཡོད་པ་ཡིན་པས་བྱའོ། །ཕྱག་རྒྱ་ཆེན་པོའི་དོན་འདོད་པའི་རྣལ་འབྱོར་གྱི་དབང་ཕྱུག་བསམ་གཏན་ལ་མ་གཡེལ་བར་བྱའོ་ཞེས་གསུངས་སོ། །བརྗོད་དུ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། ཆོས་ཐམས་ཅད་ཀྱི་ཆོས་ཉིད། ཤིན་ཏུ་ཟབ་པའི་གཏིང་དཔག་དཀའ་བ། །ཡང་དག་པའི་མཐར་ཤར་བ་ཡང་མ་ཡིན་ནུབ་པ་ཡང་མ་ཡིན་རྟག་ཏུ་ཤར་པའི་རང་བཞིན་ཆར་ཡང་ཐིག་ལེ་མཆོག་ཏུ་གྱུར་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལྟ་བུའི་དངོས་གྲུབ་འདོད་པའི་ཐབས་དང་ཤེས་རབ་ཀྱི་དོན་ལ་སྦྱོར་བའི་རྣལ་འབྱོར་པས་དབང་ཐམས་ཅད་ཐོབ་ནས་སེམས་རྩེ་གཅིག་ཏུ་བླ་མ་རྗེ་བཙུན་གྱིས་གསུངས་པ་ལ་གནས་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱས་པར་མ་བསྟན་པར་བླ་མ་ལ་ཁུངས་བསྟན་པ་བཅོམ་ལྡན་འདས་མོས་ཞུས་པའོ། །ལྷ་མོས་གསོལ་པ་ནི་བཅོམ་ལྡན་འདས་ལ་གསོལ་པའོ། །བཅོམ་ལྡན་ནི་བཅོམ་ལྡན་འདབ་བོད་པའོ། །རྣལ་འབྱོར་དབང་


DTG008_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གི་བསམ་གཏན་འདིར་ནི་ཇི་ལྟ་བུ་ཞེས་པ་ནི་སྔར་བདག་གིས་བཤད་པས་འདི་རུ་མ་བཤད་དོ། །བཅོམ་ལྡན་འདས་ལ་སོགས་པ་གོ་སླའོ། །ཀུན་རྫོབ་ཡེ་ཤེས་རྟེན་པ་ལས། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོའི་དཀྱིལ་ན་ཨའི་ཚུལ་དུ་གནས་པ་དེ་ཆད་དགའ་ཕོ་བྲང་དུ་རྟེན་པས་ཡེ་ཤེས་ཀྱི་དངོས་པོའོ། །གཉིས་སུ་མེད་པའི་གནས་རབ་རྙེད། །ཆེས་པ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པ་ཡེ་ཤེས་ཐམས་ཅད་ཀྱི་རབ་མཆོག་རྙེད་པར་འགྱུར་རོ། །ཉེར་འགྲོ་བསམ་གཏན་མཆོག་གིས་ནི། །ཞེས་པ་ནི་གནས་དེ་ལྟར་བུར་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཉེ་བར་འགྲོ་བ་དེ་ལ་སེམས་ཀྱི་བསམ་པ་བརྟན་པར་གནས་པ་ནི་མཆོག་ཡིན་ནོ། །གྲུབ་པ་ཆེན་པོ་རྙེད་པར་འགྱུར། །ཞེས་བྱ་བ་ནི་མཆོག་དེ་ལ་དུས་རྟག་ཏུ་སེམས་བརྟན་པར་གནས་པས་ཕྱག་རྒྱ་ཆེན་པོ་གྲུབ་པ་དང་ལྡན་པར་འགྱུར་རོ། །ཡིད་དང་མཐུན་པའི་རང་གནས་སུ་ནི་རང་དགའ་བའི་གནས་ཏེ་ཡེ་ཤེས་སྐྱེ་བའི་གནས་ནི་ཆད་པའི་དགའ་བའི་གནས་སོ། །སྐྱོན་ནི་ཐམས་ཅད་དང་བྲལ་བ་ནི་ཉོན་མོངས་པའི་མཚན་མ་དང་རྟོག་པའི་གཞི་མ་རིག་པ་སྟེ། སྐྱོན་དེ་དང་བྲལ་བའི་འཇིགས་པ་མེད་པའོ། །སྲ་བ་སྤངས་པའི་ལུས་པོ་ཡི། །ཞེས་པ་ནི་ལུས་ཐམས་ཅད་ཆད་པ་མ་ཡིན་པ་སྟེ། ལུས་མེ་བསྒྲིམས་པར་ཀློད་ལ་ཅི་བདེར་བྱས་པའོ། །རླབས་མེད་པ་ཡི་བདེ་བའི་སྟན། །ཞེས་པ་ནི་མཚན་མ་ལ་སོགས་པའི་རླབས་དང་བྲལ་བ་ཇི་ལྟར་བདེ་བའི་སྟན་པདྨའི་ལྟེ་བར་རོ། །ལྟེ་པའི་དབུས་ན་ཡོད་པའི་ཚུལ། །ཞེས་པ་ནི་རང་བྱུང་གི་མེ་སྤྲུལ་པའི་འཁོར་ལོའི་ལྟེ་བ་ན་ཧཱུཾ་ཚུལ་དུ་ཡོད་པའོ། །ཧཱུཾ་གི་ཡིག་འབྲུ་དྲག་ཆེན་གྲགས། །ཞེས་པ་ནི་མེ་རང་འབྱུང་གི་མེ་ཧཱུཾ་ཡིན་པ་དེས་རྟོགས་པ་དང་མཚན་མ་དང༌། འཁོར་ལོ་ཀུན་འབར་ཞིང་བསྲེགས་པ་ལ་སོགས་པའི་དྲག་པོ་བཞིན་གྲངས་སོ། །དེ་ཡང་འདི་སྐབས་བསྟན་ཏེ། ལྟེ་བ་ལ་སོགས་གནས་བཞིར་ནི། །འཁོར་ལོ་བཞི་ནི་བསྒོམ་པར་བྱ། །ལྟེ་བར་སྤྲུལ་འཁོར་དྲུག་ཅུ་བཞི། །སྙིང་གར་ཆོས་འཁོར་འདབ་བརྒྱད་ལ། །མགྲིན་པར་ལོངས་སྤྱོད་བཅུ་དྲུག་འདབ། །སྤྱི་བོར་བདེ་འཁོར་སུམ་ཅུ་གཉིས། །པདྨའི་དངོས་པོ་རྩ་རེ་རེ། །གསང་བར་རླུང་དཀྱིལ་གཞུ་འདྲ་དང༌། །དེ་སྟེང་མི་འཁོར་གྲུ་གསུམ་མོ། །ཡིག་


DTG008_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུའི་དངོས་པོ་རྟོག་པ་ཡིན། །བཙུམས་པ་དང་ནི་ཕྱེ་བ་ཡིས། །ཤེས་རབ་ཐབས་ལས་མེ་འབྱུང་བས། །ལས་ཀྱི་རླུང་གིས་མེ་འབར་རོ། །ལྟེ་བའི་དབུས་ནས་འདོ་ཆེན་འབར། །རྟོག་པའི་བདག་ཉིད་མཁའ་འགྲོ་བསྲེགས། །དེ་ནས་གྱེན་དུ་འགྲོ་བའོ། །ལོངས་སྤྱོད་འཁོར་ལོ་ལན་གསུམ་བསྐོར། །ན་ས་གཡས་བྱུང་སྨིན་གཉིས་ཕྲག །ཨུ་རྒྱན་ཚིགས་རྒྱས་གསེར་སྐོར་བཤེགས། །བདེ་ཆན་ཡོད་པའི་བདུད་རྩིར་འཇུག །རི་བོང་ཅན་གྱི་བདུད་རྩི་གསོལ། །ཐུགས་རྗེའི་ཆར་གྱི་རྒྱུན་འབབ་པ། །སྔར་ལམ་ཞུགས་ནས་སྨིན་ཕྲག་ཞུགས། །བྱང་ཆུབ་སེམས་ཀྱིས་ལོངས་སྤྱོད་གནས། །སྔར་བསྲེགས་མཁའ་འགྲོ་རབ་ཏུ་ཚིམ། །ལྟ་བའི་དབུས་ན་གནས་པའོ། །ཡར་གྱིས་བསྲེགས་ལ་མར་གྱིས་གསོ། །སྐྲ་ཡི་རྩེ་མོ་འབུམ་གྱི་ཆ། །འགྲོ་དང་འོང་མཐོང་བར་དཀའ། །ཞེས་པའོ། །སྲོག་དང་རྔུབ་པ་འགོག་པ་ཡིས། །ཞེས་པ་ནི་བྱང་ཆུབ་སེམས་དང་རླུང་དུ་ལྡན་པའི་སྲོག་དང་སྩོལ་བའི་རླུང་གཉིས་འགྲོགས་ན་བདེ་བ་ཆེན་པོའོ། །སྲོག་དང་རྔུབ་པའི་བཟའ་བ་གསོལ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དེ་ཕྱིར་མི་གཏང་བར་ནང་དུ་བཟའ་བར་བྱའོ། །སྲོག་དང་རྔུབ་པ་གཉིས་ཟོས་ནས། །ཤེས་པ་ནི་མཆོག་དགའ་དང་ཆད་པའི་དགའ་བ་གཉིས་ཀྱི་གནས་དེ་རུ་ཟོས་པ་ནི་ཀུན་རྫོབ་ཏུ་ཆུ་ཟླ་ལྟར་རོ། །དེ་ན་གང་ཡིན་པར་འགྱུར་ན་ཆུ་ཟླ་ལྟ་བུ་དེན་བྱང་ཆུབ་ཀྱི་སེམས་བདུད་རྩིས་ཁམས་གསུམ་གང་ནས་ཡེ་ཤེས་དང་ལྡན་པས་ནི་འཁོར་བ་མཆོག་དགའ་དང་མྱ་ངན་ལས་འདས་པ་ཆད་དགའ་གཉིས་བདུད་རྩིས་ཚིམ་པའོ། །དེ་ནས་དེ་ནི་རྟགས་ནི་ཀུམ། །ཞེས་པ་ནི་རིན་ཆེན་ཁར་ཟླ་བ་གང་བའི་དུས་ན་སྔའི་རླུང་ལ་སོགས་པ་ཡང་འགགས་ནས་རྡོ་རྗེ་འཛིན་པའི་གནས་ནས་རྟགས་བརྒྱད་འབྱུང་ངོ༌། །མཚན་མ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ཡང་སྒོམ་པ་ལ་སེམས་བརྟན་པ་ལས་རྟོགས་པ་འབྱུང་ངོ༌། །དེ་ནས་རྣལ་འབྱོར་དབང་ཤེས་ནས་ནི་རྣལ་འབྱོར་དབང་ཕྱུག་གི་བསམ་གཏན་གྱི་རིམ་པ་ཤེས་ནས། རྣམ་པར་ཤེས་པའི་ཡེ་ཤེས་མཆོག་གི་ཨའི་ཚུལ་དུ་མི་དམིགས་པར་བསྒོམ་པའི་དོན་ཏོ། །ནང་དུ་ལྟ་བ་བྱས་པས་ན་སེམས་རྩེ་གཅིག་ཏུ་མི་གཡེལ་བར་བདག་རང་གི་ནང་དུ་གཏང་པའོ། །སྟེང་མཚམས་ནི་མགོ་


DTG008_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྐྲའི་མཚམས་སུ་སྟེ་མཚོག་མར་རོ། །རྩི་མོ་ཟབ་པ་རུ་ནི་དེའི་སྟེང་གི་རྩེ་མོ་ནི་བདེ་ཆེན་གནས་པ་ཚངས་པའི་བུག་པ་ཆོས་ཐམས་ཅད་ཀྱི་དབྱིངས་ཡིན་པས་དང་ཟབ་པའོ། །མཆོག་གི་ནམ་མཁའ་རུ་ནི་མཁའ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་དེ་ནི་བརྗོད་དུ་མེད་པ་རབ་མཆོག་།རྨད་དུ་བྱུང་བ་འདི་བདེ་ཆེན་གྱི་ནམ་མཁའ་རུ་གནས་ཏེ་ཨའི་དངོས་པོའི་ཚུལ་དུ་བཤད་དོ། །ཡི་གེ་མཆོག་ནི་ཚོར་བྱས་ནས་ནི་ཨ་སྐྱེ་བ་མེད་པ་དེ་ལ་བསྒོམས་པས་ཉམས་སུ་མྱོང་ནས་རྟོགས་པའི་ཤེས་རབ་བོ། །ཚངས་པའི་ཡུལ་སའི་པད་ཕུག་བྱས། །ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོའི་ལ་ལའི་ལྟེ་བ་རྒྱས་པར་བྱ་བའི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཆགས་པ་དང་བྲལ་གནས་སུ་འགྲོ། །ཞེས་པ་ནི་བདེ་བ་ཆེན་པོ་ཡེ་ཤེས་དེ་སྤྲོས་པ་དང་བྲལ་བའི་རང་བཞིན་དགའ་བའི་གནས་སུ་ཤེས་པར་འགྱུར་རོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཡིན་པར་སྟོན་ཏོ། །དཔལ་དང་ལྡན་པའི་རྡོར་འཛིན་པའི། །ལྷ་མོ་གནས་དེར་ཤེས་པར་བྱ། །ཞེས་པ་ཐབས་ཀྱི་མཁའ་དང་ཤེས་རབ་ཀྱི་དབྱིངས་ཤེས་པས་གནས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་འཁོར་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པ་དང་བཅས་ནས་བཞུགས་པ་ལ་ནི་ལྷ་མོ་ལ་བོས་ནས་ཤེས་པར་གྱིས་ཤིག་པའོ། །དེ་ལྟ་བུ་ཡི་འདུས་པའི་སའི། །ཞེས་པ་ནི། མཁའ་འགྲོ་དང་མཁའ་འགྲོ་མ་དང་རྣལ་འབྱོར་དང་རྣལ་འབྱོར་མ་ལ་སོགས་པ་སྔར་བཤད་པའི་འཁོར་ཐམས་ཅད་སྔར་གྱི་གནས་སུ་འདུས་པ་ལ་དེ་སྐད་ཅེས་བྱའོ། །དུར་ཁྲོད་ཆེན་པོའི་ཆོས་ཀྱི་འབྱུང་གནས་ཀྱི་གཞིར་ཞེས་པ་ནི་དབུགས་འབྱུང་བ་ལ་སོགས་པ་སྤངས་པའི་དུར་ཁྲོད་ཡེ་ཤེས་ལ་སོགས་པའི་ཤིན་ཏུ་བདེ་བ་ཆེན་པོ་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་འདུས་མ་བྱས་ཀྱི་ཆོས་རྣམས་དེ་ལས་འབྱུང་བའི་ཕྱིར་ནི་ཆོས་ཀྱི་འབྱུང་གནས་ཐམས་ཅད་ཀྱི་སྐྱེ་བ་དང་འགག་པ་དང༌། གནས་ས་ཡིན་པས་ན་གཞི་ཞེས་བཤད་དོ། །གྲངས་མེད་པ་ནི་བྱེ་བས་ཡང་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པའོ། །རྣལ་འབྱོར་ནི་རང་བཞིན་དགའ་བའི་དོན་ལ་མཆོག་གི་དགའ་བ་དང་ཆད་པའི་དགའ་བས་སྦྱོར་བས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ཞེས་པ་ལ་སོགས་པའི་དོན་ནི་


DTG008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་དོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་བདུན་པའི་དཀའ་བཀྲལ་བའོ།། །།

ལེའུ་བཅོ་བརྒྱད་པའི་དཀའ་བ་བཀྲལ་བ།


DTG008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བཅུ་གཉིས་ནི་ཚིགས་པ་མེད། །ཅེས་པ་ནི་མགྲིན་པའི་སྟེང་ནས་ཚིགས་པའམ། འདུད་པ་མེད་པའི་སང་ངེ་འདུག་པའི་སོར་བཅུ་གཉིས་ཀྱིས་ཚངས་པའི་བུ་གའི་བར་དུའོ། །འོག་གི་ཆ་ནི་བཅུ་གཉིས་ཕྱེད། །ཅེས་པ་ནི་མགྲིན་པའི་འོག་ནི་རླུང་གི་འཁོར་ལོ་ཡན་ཆད་དུ་བཅུ་གཉིས་ཕྱེད་དེ་མདུད་པ་དྲུག་ཡོད་པའོ། །དེ་བཞིན་སྤྲུལ་པའི་པདྨ་རུ། །ཞེས་པ་ལ་སོགས་པ་ནི་སྔར་བཞིན་དུ་མདུད་པ་སྤྲུལ་པའི་འཁོར་ལོའི་གསང་བའི་པདྨའི་རྩ་གཙོ་བོ་གསུམ་སྟེ། བངྒ་ལ་དང༌། ཨིན་ད་དང༌། སོ་ཤོ་མནའ་གསུམ་གྱིས་པདྨའི་འདབ་མ་གསུམ་མོ། །དེས་ནི་ཡེ་ཤེས་གསལ་བར་བྱེད་དོ། །དེ་རྣམས་ལ་ནི་འདི་ལྟར་བསྟན་ཏེ། རྩ་དང་བཅས་པའི་ལྟེ་བའི་ནང་དུ་ཞེས་པ་གསུངས་སོ། །རྩ་དང་པདྨར་བཅས་པའི་ལྟེ་བ་ཡོད་པའི་ནང་དུ་འབྱུང་ངོ༌། །རྩ་བ་རྩ་བའི་ནང་འོངས་ནས། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ན་ཡོད་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། རྩ་བ་དེ་རྩ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་བ་སྲོག་གི་ནང་དུ་འོངས་ནས་བདེ་བ་ལ་ལ་གནས་སོ། །དེ་ཡང་འདི་ལྟ་སྟེ། འདབ་མའི་སྐྱེ་རུ་བཅར་ཏེ་གནས། །ཞེས་པ་ལ་སོགས་པ་ནི་སྲོག་རྩ་དང༌། དེ་བ་དང༌། འཛིན་མ་དང༌། རོ་མ་དང༌། རྟོག་མེད་མ་དང་བཅས་པ་སྟེ་གསུམ་གྱིས་འདབ་མ་ལ་གནས་པ་རྩའི་རྩེ་མོ་སླར་ལ་དུམ་གཅིག་བཀུག་ནས་ཡོད་པ་དེ་ནི་སངས་རྒྱས་རིན་ཆེན་སྣོད་དོ། །བུ་ག་ཕྲ་མོས་ནང་ན་ལྡན། །ཞེས་པ་ལ་སོགས་པ་ནི་སྲོག་གི་རྩ་བ་ལ་བུ་ག་དང༌། འཛིན་མ་ལ་སོགས་པའི་རྩ་གསུམ་དང་ལྡན་ནས་གནས་པའོ། །འཛིན་མ་ལ་སོགས་པའི་རྟེན་ཀྱང་ཡིན་ཏེ་དགའ་བའི་རང་བཞིན་རྩ་གསུམ་གྱི་རྟེན་ནོ། །རྒྱུ་དང་འབྲས་བུ་གཉིས་མེད་ཀྱིས། །ཞེས་པ་ནི་སྲོག་གི་རྩ་ནི་རྒྱུལ་རྩ་གཞན་གསུམ་པོ་ནི་འབྲས་བུ་སྟེ་བདེ་བ་ཆེན་པོའི་རང་བཞིན་དགའ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སོ། །རྩ་བ་འབྲས་བུ་རྒྱ་ཡིས་བཏབ་པ་ནི་རང་བཞིན་གྱི་ཡེ་ཤེས་ཀྱིས་རྒྱུ་དང་འབྲས་བུའི་རྩ་ལ་སོགས་པའི་དངོས་པོ་ཐམས་ཅད་ནི་གཉིས་སུ་མེད་པ་འདོ་རབ་ཀྱིས་རྒྱས་བཏབ་པའོ། །དྲུག་ཕྱེད་རྩ་བ་དང་ལྡན་ནི། །ལ་སོགས་པ་ནི་སྲོག་གི་རྩ་དང་རྩ་གསུམ་ལྡན་པའི་


DTG008_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོའམ། ཡང་ན་སྲོག་གི་རྩ་སོར་གསུམ་བྱ་གདོང་དུ་ཡོད་པ་ལ་བྱ་བ་ལ་བསྟན་ཏོ། །སྲོག་གི་རྩ་ནི་བྱད་དང་གཟུགས་ལ་སོགས་པ་གསལ་བའི་ཆོས་ཅན་ཡིན་ནོ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ལ་སོགས་པའི་ཡོན་ཏན་ནོ། །བཅུ་དྲུག་ཕྱེད་ཕྱེད་བྱེ་བྲག་ཏུ། །ཞེས་པ་ནི་བཅུ་དྲུག་གི་ཕྱེད་བརྒྱད། །དེའི་ཕྱེད་བཞི་སྟེ། ལ་ལ་ནཱ་དང༌། ར་ས་ནཱ་དང༌། ཨ་ཝ་དྷཱུ་ཏཱི་དང༌། སྲོག་གི་རྩ་དང་བཞི་ལ་ནི་སྲོག་མ་འཛིན་མ་རོ་མ། རྟོག་མེད་མ་བཞི་རུ་བཤད་དོ། །དེ་ནི་རྩའི་སྐུད་པ་གཅིག་པུའོ། །ཞེས་པ་ནི་དོན་དམ་པ་རུ་གཅིག་པུའོ། །རྩ་བ་གསུམ་དབྱེ་སྐལ་ལྡན་མོ། །ཞེས་པ་ལ་སོགས་པ་ནི་ཡང་ན་འཛིན་མ་ལ་སོགས་པ་གསུམ་ལ་འབྲས་བུ་ཡང་དེ་རང་ངོ༌། །ཡང་ན་སྲོག་རྩ་བྱ་གདོང་གི་གནས་སུ་སོར་གསུམ་ན་མེད་རེ་མདུད་པ་མེད་པར་འདུག་གོ །འབྲས་བུ་གསུམ་པོའི་སྣ་ལ་སོར་གཅིག་གནས་པ་འདི་ནི་རྩ་དང་འབྲས་བུ་གཉིས་ཀྱི་གནས་ནི་ལ་ལ་ནཱ་དང༌། ར་ས་ནཱ་དང༌། ཨ་ཝ་དྷཱུ་ཏིའ་དང་གསུམ་གྱི་གནས་ནི་སྲོག་གི་རྩའོ། །གསུམ་པོ་རྒྱུ་དང་འབྲས་བུའི་བྱེ་བྲག་ལ་ནི་བཅུ་གཉིས་ཕྱིད་དོ། །གཅིག་པོ་ནི་དེ་རྣམས་འབྲས་བུ་གཅིག་པའོ། །འབྲས་བུ་ནི་ཕྲ་བའི་རྣག་བཞིན་ནམ་འཇམ་པ་རྟོག་མེད་མའོ། །རིན་ཆེན་བ་ནང་ཡན་ཆད་དོ། །ཞེས་པ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བ་ནས་རླུང་གི་འཁོར་ལོ་ལྟེ་བ་རིན་པོ་ཆེའི་ཁ་རུ་གནས་པ་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་རྒྱ་བའི་རྟ་པའི་སྐུད་པ། སྦྱོར་བ་དྲུག་གི་རྟེན་བྱེད་པའི་སྐུད་པ་ཡོད་དོ། །སྦྱོར་བ་དྲུག་ནི་ཆར་ཡང་ཞེས་པ་ལ་སོགས་པ་བསྟན་ཏོ། །དཔལ་ནི་གཞན་མིན་འདིར་ནི་ཆད། །ཅེས་པ་རྒྱུད་ཀྱི་མཚན་དང་ཚད་བསྟན་ཏེ་དཔལ་ཡེ་ཤེས་ཐིག་ལེ་ནི་སྦྱོར་བ་དྲུག་ཏུ་བཤད་དོ། །འདི་སྐད་དུ་ཤྲཱི་ཛཱ་ན་ཏི་ལ་ཀ་ཞེས་པའི། །ཆར་ཡང་དང་ཐིག་ལེའི་ཚུལ། །ཚུལ་ཙམ་མཆོག་ཞན་མཆོག་དྲུག་དང༌། །ཉུང་ཀར་ཞེས་པས་སོ། །དཔལ་ལྡན་ཡེ་ཤེས་ཐིག་ལེ་འདི། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོ་རུ་བཞུགས་པ་འདི་ནི་ཐམས་ཅད་ཀྱི་བདག་པོའོ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཞེས་པ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་དཀྱིལ་འཁོར་བ་དང༌། དེ་ཡང་རྩའི་དངོས་པོ་ཡིན་ཏེ།


DTG008_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རེ་རེ་མཁའ་འགྲོ་མ་རེ་རེ་བསྟན་ཏེ། མཁའ་ནི་སྟོང་པ་ལ་བྱང་ཆུབ་ཀྱི་སེམས་འགྲོ་བའོ། །ཡན་ན་ཆོས་ཐམས་ཅད་དབྱིངས་སུ་འགྲོ་བའོ། །འཇུག་པ་གནས་པ་ལོངས་སྤྱོད་ཡིན། །ཞེས་པ་ནི་གཡོན་གྱི་ཨི་ད་ས་ཧི་ལ་གྱེན་དུ་འཇུག་པའི་སྟེང་དུ་འགྲོ་བ་ལོངས་སྤྱོད་ཀྱི་གནས་པའོ། །རླག་པ་འགྲོ་བའི་གནས་སུ་ཡོད། །ཅེས་པ་ནི་ལ་ལ་ནཱ་གླ་རྩི་འོག་ཏུ་འགྲོ་བ་རླག་པའི་གནས་སོ། །འབྱུང་བ་དབང་གིས་གནས་སུ་སྟེ། །ཞེས་པ་དབུས་ཀྱི་སོ་ཤོ་མནའ་ག་བུར་གནས་པ་དབུས་སུ་གནས་ནས་དབང་གིས་གནས་སོ། །རང་བཞིན་དེ་ནི་མཆོག་གཞན་མཆོག །ཅེས་པ་ནི་རླག་པ་དང༌། ལོངས་སྤྱོད་དང༌། དབང་དང་གསུམ་ལ་སོགས་པའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་རང་བཞིན་ནི་མཆོག་དང་མཆོག་གི་ཡང་མཆོག་གོ །གཡོན་ལ་སོགས་པ་ནི་ཤེས་པར་སློའོ། །དེ་བཞིན་འདི་ནི་དྲན་པའོ། །ཞེས་པ་ནི་གཡོན་པ་ལ་སོགས་པའམ། སྟེང་འོག་ལ་སོགས་པ་དང་འདྲའོ། །དེ་རྣམས་ལྟེ་བའི་དབུས་སུ་ནི། །ཞེས་པ་ནི་རྩ་རྣམས་ལ་སོགས་པ་གསང་བའི་ལྟེ་བའི་དབུས་ན་ཡོད་དོ། །སྐྲ་རྩེ་བྱེ་བ་བརྒྱ་ཡི་ཆ། །ཞེས་པ་ནི་མཚན་པའི་ངོ་བོའི་ཚུལ་ཏེ་རབ་ཏུ་གསུངས་སོ། །ཚད་དང་དེ་བཞིན་དུ་ནི་གནས། །ཞེས་པ་ནི་དེ་ཡང་ཆད་དུ་ཚད་དང་གནས་བསྟན་པའི་སྐབས་སུ་མཚན་ཀྱང་བསྟན་པའོ། །ཞལ་བཟངས་ཡེ་ཤེས་ཐིག་ལེའོ། །ཞེས་པ་ལ་སོགས་པ་གོ་སླའོ། །དེ་ཀུན་ས་ཡི་དབང་ཕྱུག་བདག །ཅེས་པ་ནི་ས་བཅུ་དྲུག་གི་བདག་པོ་ནི་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་དབང་ཕྱུག་ཆེན་པོའོ། །གནས་ལ་སོགས་པ་དགའ་བའི་གནས། །ཞེས་པ་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་དྲུག་པོ་ནི་དགའ་བ་བཅུ་དྲུག་སྦྱར་རོ། །ས་ཡི་སྒྲ་ཡིས་བརྗོད་ཡིན་ནོ། །ཞེས་པ་ནི་མོས་པ་སྤྱོད་པ་ལ་སོགས་པ་བཅུ་དྲུག་དང་ཡང་སྦྱོར་རོ། །ཇི་ལྟར་སྦྱོར་ཞེ་ན། དེ་ནི་གནས་དང་ཉེ་བའི་གནས་ལ་སོགས་པའི་རིམ་པས་སྦྱར་ཏེ། དེ་ཡང་འདི་སྐད་བསྟན་ཏོ། །གནས་ལ་སོགས་རིམ་དབྱེ་བ་ཡིས། །དགའ་སོགས་རིམ་པར་དབྱེ་བའོ། །དེ་ལྟར་ས་ཡི་དབྱེ་བའོ། །གནས་དང་འདོད་དགའ་མོས་སྤྱོད་ས། །ཉེ་གནས་འདར་དགའ་རབ་དགའི་ས། །ཞིང་དང་འགྲོ་དགའ་དྲི་མེད་ས། །ཉེ་ཞིང་དགའ་བོ་འོད་བྱེད་པ། །ཚན་དོ་རྒྱས་དགའ་འོད་འཕྲོ་བ། །ཉེ་ཚན་བདུད་དགའ་སྦྱང་དགའ་བ། །འདུས་པ་འབྱུང་དགའ་མངོན་གྱུར་པ། །


DTG008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་འདུས་མཆོག་དགའ་རིང་དུ་སོང༌། །དུར་ཁོད་འབར་དགའ་མི་གཡོ་བ། །ཉེ་འདུས་ཐིག་དགའ་ཆགས་བློ་གྲོས། །བྱིལ་མོས་དགའ་བ་ཆོས་སྤྲིན་ས། །ཉེ་བྱི་ཆད་དགའ་ཀུན་དུ་འོང༌། །ལམ་ནས་ཨུ་ཏ་དགའ་ཀུན་སྣང་མཆེད། །ཉེ་བའི་ཚུལ་དགའ་སྣང་བ་ཐོབ། །སྦྱོར་བ་གཉིས་དགའ་འོད་རབ་ས། །ཉེ་སྦྱོར་རང་བཞིན་བརྗོད་དུ་མེད། །གནས་ལ་སོགས་པའི་དབྱེ་བ་ཡིས། །དགའ་བས་ས་དང་ཕེ་ལ་སྦྱར། །ཞེས་སོ། །གཞན་ཡང་རྒྱ་ཆེར་སྦྱར་རོ། །མོས་པ་སྤྱོད་པ་ནི་དྲོད་རྩེ་མོ་བཟོད་པ་འཇིག་རྟེན་ཆོས་ཀྱི་མཆོག་དང་ལྡན་པའི་ས་སྟེ་དང་པོའོ། །ཆུའི་དབང་གི་འབྲས་བུའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅོ་བརྒྱད་པའི་དཀའ་བ་བཀྲལ་པའོ།། །།

ལེའུ་བཅུ་དགུ་པའི་དཀའ་བ་བཀྲལ་བ།


DTG008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་སོགས་པའི་ཚད་ལ་སོགས་པ་བསྟན་ནས་བཅོམ་ལྡན་མོས་སློབ་དཔོན་དང་སློབ་མ་འབྲེལ་བར་བྱ་བའི་ཕྱིར་དང༌། རྒྱུད་ཀྱི་རིམ་པ་གོང་དུ་མ་གསུངས་པ་དེས་ཞུས་པས། དེ་ནས་ཡང་ནི་བཤད་བྱ་བ་ནི་ཞུས་མ་ཐག་བཤད་པར་ཞལ་གྱིས་བཞེས་པ་སྟེ་གོང་དུ་བསྟན་ཀྱང་ཞེས་པའོ། །བླ་མ་སློབ་མའི་མཚན་ཉིད་དོ། །ཞེས་པ་ལ་སོགས་པ་ནི་དེ་གཉིས་འབྲེལ་པའི་མཚན་ཉིད་དེ། དེ་ཡང་སྔོན་ལ་བླ་མའི་ཡོན་ཏན་བསྟན་ཏོ། །གཞན་ཞེས་པ་ལ་སོགས་པ་ནི་བུམ་པའི་དབང་ལ་སོགས་དབྱེ་བ་དང་གསང་བའི་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བཞི་པའི་དབང་ལ་སོགས་པ་དགོངས་པའི་དབང་ཡན་ཆད་ཐོབ་པ། སེམས་ཅན་ལ་སྙིང་རྗེ་དང་ལྡན་པ། སྔགས་ཀྱི་སྤྱོད་ལ་སོགས་པས་རླབས་ཆེན་པོ་དང་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་བླ་མ་རྡོ་རྗེ་སེམས་དཔའ་དངོས་སོ། །སློབ་མ་ཡང་དེ་ལྟར་ཡོན་ཏན་ཚང་བའི་སློབ་མ་གཟུང་ངོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་དགུ་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་ཉི་ཤུ་པའི་དཀའ་བ་བཀྲལ་བ།


DTG008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལ་སོགས་པའི་མཚན་ཉིད་བཤད་ནས་རྒྱུད་ཀྱི་རིམ་པ་དང་དོན་དང་བཅས་པར་བཤད་དོ། །ས་བོན་ལས་ནི་མྱུ་གུ་བཞིན། །ཞེས་པ་ནི་ས་བོན་མྱུ་གུ་དེ་ལས་སྔོན་དུ་དེ་བཞིན་དུ་རྩ་བའི་རྒྱུད་ལས་བརྟག་པའི་རྒྱུད། དེ་ལས་རྒྱུད་ཕྱི་མ། དེ་ལས་ཕྱི་མའི་ཕྱི་མ། དེ་ལས་བཤད་པའི་རྒྱུད། དེ་ལས་སྙིང་པོའོ་རྒྱུད། དེ་ལས་འབྲས་བུའི་རྒྱུད། དེ་ལས་རྨད་དུ་འབྱུང་བའི་རྒྱུད་དོ། །རྒྱུད་ཀུན་རིམ་པས་སོ་ཞེས་པ་ནི་སྔོན་མའི་རྒྱུད་དེ་ལྟར་ཤེས་པས་གཞན་རྣམས་ཀྱང་ཤེས་རྣམས་ཀྱང་ཤེས་པའི་རིམ་པ་ནི་འབྲེལ་པ་


DTG008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱུད་ཅེས་བཤད་དོ། །ཡང་ན་དོན་ནི་རྒྱུད་ཡིན་ཏེ། །ཞེས་པ་ནི་རྡོ་རྗེ་སེམས་དཔའི་དོན་ནི་ཚིག་དང་ཡི་གེས་མཚོན་པས་འབྲེལ་པ་ལ་རྒྱུད་ཅེས་པའམ། ཡང་ན་རྡོ་རྗེ་སེམས་དཔའི་དོན་བརྗོད་པ་ལ་ནི་སྔར་བཞིན་རྒྱུད་འཛིན་ཞེས་བྱའོ། །ཡང་ན་རིམ་པ་གཉིས་ནི་རྒྱུད།།ཅེས་པ་ནི་བསྐྱེད་པའི་རིམ་པའི་སྒོ་ནས་ཞུགས་པས་རྫོགས་པའི་རིམ་པ་ཐོབ་པ་འབྲེལ་པའོ། །ལྷ་མོ་ནི་པོས་ནས་བཤད་པའོ། །གང་དུ་སྐལ་ལྡན་མོ་ཞེས་པ་ནི་དུས་གཅིག་ཏུ་གནས་པའི་ས་སྟེ། དེ་ཡང༌། ཤེས་རབ་ཐབས་གཉིས་ཕྲད་པའི་ས། །དེ་ནི་རྒྱུད་དུ་བཤད་པ་ཡིན། །ཞེས་བྱ་བ་ནི་ཡུམ་གཉིས་བསྲུབས་པ་ལས་ཟླ་བ་ཉི་མ་ཕྲད་པ་གང་ཡིན་པའི་སྐལ་བ་དང་ལྡན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སླར་རྡོ་རྗེ་འཛིན་པའི་རིགས་གཅིག་ཏུ་གྱུར་པ་དེ་རྒྱུད་དུ་བཤད་དོ། །ཡང་ན་ཡེ་ཤེས་ལས་འབྱུང་བ། །ཞེས་བྱ་བ་ལ་སོགས་པ་ནི་ཏནྟྲ་ནི་རྒྱུད་དེ། ཡབ་ཡུམ་གཉིས་ལྷའི་སྐུ་རྫོགས་ནས་ཐ་མལ་པའི་རྟོག་པ་ལ་སོགས་པའི་དྲི་མ་སྤངས་ནས་ཟླ་བ་དང་ཉི་མའི་དངོས་པོ་འདྲེས་པ་ལས་ཚད་པའི་དགའ་བ་དེའི་རྣམ་པ་ལས་རང་བཞིན་དགའ་བ་དོན་དམ་པ་མཚན་མ་ལ་སོགས་པ་དང་བྲལ་བ་ཀུན་རྫོབ་ཏུ་ཆའི་ཟླ་བ་ཉ་གང་བཞིན་དུ་གནས་པ་ནི་ཨའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཨ་ནི་སྐྱེ་བ་དང་འགག་པ་མེད་དེ་གང་ལ་སྐྱེ་འགག་མེད་པ་དེ་ལ་ནི་དོན་དམ་པ་ཞེས་བྱའོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོར་ནས་འབྱུང་བ་སྐྱེ་བ་མེད། །ཆེས་གསུངས་སོ། །ལུང་ལས་ཀྱང་འདི་སྐད་སྟོན་ཏེ། ཨ་ཞེས་ནམ་མཁའི་དབྱིངས་ན་བདེ། །བརྗོད་པ་ཐམས་ཅད་སྤངས་པ་སྟེ། །འགག་པ་མ་ཡིན་སྐྱེ་བ་མིན། །སྐྱེ་འགག་གཉིས་དང་བྲལ་བ་མིན། །ཞེས་གསུངས་སོ། །དེས་ནི་དམ་པའི་ཚུལ་གྱི་རྒྱུད་ཀྱི་དོན་ཡང་བཤད་དོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ཉི་ཤུ་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་ཉེར་གཅིག་པའི་དཀའ་བ་བཀྲལ་བ།


DTG008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཅེས་བྱ་བ་ཡབ་ཡུམ་གཉིས་ཡིན་པར་བསྟན་པས་བཅོམ་ལྡན་འདས་མོས་བདག་རང་གི་ངོ་བོ་དང་རྒྱུད་གང་ཡིན་པ་ཞུས་པའོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་བསྟན་གྱིས་དེ་བཞིན་དུ་རྟོགས་པར་དཀའ་བའི་དོན་ནི་སྒྲུབ་པ་པོ་ཡང་དག་པའི་ཡེ་ཤེས་དང་ལྡན་པས་བཅོམ་ལྡན་མོ་རྙེད་པའོ། །ལྷ་མོ་ཁྱོད་ནི་འབྱུང་བ་མིན། །ཞེས་པ་ལ་སོགས་པ་ནི་རྒྱུ་ལས་


DTG008_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་འབྱུང་གཅིག་ནས་གཅིག་ཏུ་ཡང་མི་སྐྱེ། གོང་ནས་འོག་ཏུ་ཡང་འཕོ་བ་མ་ཡིན། སྐྱེ་ཤིའི་མཚན་མ་ལ་སོགས་པའི་ཆོས་དང་བྲལ་བའི་རླབས་ཅན་ནོ། །རང་གི་ངོ་བོ་ཡེ་ཤེས་འོད། །ཅེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་སྡར་བསྟན་པ་དེའི་འོད། དེ་བས་ན་རང་འོད་ཀྱི་ཤེས་རབ་ཅེས་གསུངས་སོ། །འདི་ནི་ཀུན་རྫོབ་དང་དོན་དམ་པའི་བྱེ་བྲག་གིས་ཕྱེ་ན་ཕྱི་ལ་སོགས་པའི་རང་གི་ཤེས་རབ་དང་བཅས་པའི་དབྱེ་བའོ། །གཞན་མིན་བདག་དང་ཁྱོད་མིན་ན། །ཞེས་པ་ལ་སོགས་པ་ནི་ཡབ་དང་ཡུམ་གཉིས་མེད་ན་དེ་བཞིན་གཤེགས་པས་ཀྱང་རྙེད་པར་དཀའི། འཇིག་རྟེན་ཐམས་ཅད་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་སྐྱོན་ཡོད་དེ། དེ་བས་ན། མགོ་བོ་བཅད་པའི་མི་བཞིན་དུ། །ཞེས་གསུངས་སོ། །ཐམས་ཅད་མཁྱེན་པའི་ཆོས་དང་འདྲ་བ་ཤེས་ནས་འདི་ལྟར་སེམས་ཅན་རྣམས་རྡོ་རྗེ་འཛིན་པའི་འབྲས་བུ་རྙེད་པ་ཡང་ལྷ་མོའི་ཡོན་ཏན་དུ་བརྗོད་དོ། །དོན་དམ་པར་དེ་ལྟར་ཡིན་ཡང༌། ཀུན་རྫོབ་བསྐྱེད་པའི་རིམ་པར་ནི། །མཆོག་གི་ནམ་མཁའི་གནས་ནས་བྱོན། །ཞེས་པ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་མཆོག་ཁྱད་པར་ཅན་གྱི་ནམ་མཁའ་ནས་བྱོན་ནས་ལོངས་སྤྱོད་རྫོགས་པའི་འཁོར་ལོར་གཤེགས་པ་དང༌། ཆོས་ཀྱི་འཁོར་ལོར་གནས་སོ། །དེ་ནས་སྤྲུལ་པའི་འཁོར་ལོར་དུས་རྟག་ཏུ་བཞུགས་ཏེ། བདེ་བ་ཆེན་པོ་བྱང་ཆུབ་སེམས་ནི་རྒྱུ་ཡིན་ལ། །ལོངས་སྤྱོད་ནི་འབྱུང་བའི་ཁུངས་སོ། །ཆོས་ནི་གནས་པའི་རྟེན་སྤྲུལ་བ་ནི་རང་བཞིན་གྱི་གཞིའོ། །ཀུན་རྫོབ་རྣམ་པའི་གཟུགས་སུ་ནི། །ཞེས་པ་ལ་སོགས་པ་ནི་ཀུན་རྫོབ་ལས་དོན་དམ་པའི་ཡེ་ཤེས་ཀྱི་སྐུ་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་དང༌། ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་དུ་གསང་སྣའི་སྙིང་པོ་ན་བཞུགས་སོ། །ལངས་ན་བདེ་བ་ཡིན་པདྨ། །ཐིག་ལེ་ཁོང་དུ་ཆུད་པའི་ཕྱིར། །ཞེས་པ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྟོགས་ནས་རྙེད་པར་བྱ་བའི་དོན་དུ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་རླུང་གིས་མེ་སྦར་བ་ལས་ལངས་ཏེ་སྤྲུལ་བར་འབར་བའོ། །གཤེགས་ནས་བརྟེན་པ་ཀུན་ཀ་ཚིག །ཅེས་པ་ནི། ལྟེ་བ་ནས་གྱེན་དུ་གཏུམ་མོའི་འོད་གཤེགས་པས་ཆོས་ཀྱི་འཁོར་ལོའི་རྟོག་པའི་དངོས་པོའི་ཕུང་པོ་དང་ཁམས་ལ་སོགས་པ་ཀུན་བསྲེག་པའོ། །རྒྱལ་བའི་ཐིག་ལེ་ཁྱེར་ནས་སུ། །ཞེས་


DTG008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དེ་བཞིན་གཤེགས་པའི་འོད་ཀྱིས་ལོངས་སྤྱོད་ལ་སོགས་པ་ནས་གསེར་སྒོར་ཞུགས་པས་བདེ་བ་ཆེན་པོའི་བདུད་རྩི་ལ་རོལ་ཅིང་ཡང་སྔར་གྱི་ལམ་ནས་འབབ་པའོ། །ཡང་ནི་ཁྱོད་འདིར་བྱོན་པའི་དོན། །ཞེས་པའི་ཐབས་དང་ལྷན་ཅིག་སྣོད་རང་གི་པདྨ་རུ་བྱིན་པའོ། །དེ་ལ་འདི་སྐད་བསྟན་ཏོ། །ཆོས་ཀྱི་འཁོར་ལོའི་བར་དུ་བསྲེགས་པའང་གསོས་ནས་ལྟེ་བའི་སྤྲུལ་བའི་འཁོར་ལོའི་དབུས་ན་གནས་པའོ། །དེའི་ཚེ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་ཉེར་གཉིས་པའི་དཀའ་བ་བཀྲལ་བ།


DTG008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་རང་གི་ངོ་བོ་བསྟན་ནས་ཡང་བཤད་དོ། །བྱང་ཆུབ་སེམས་ནི་གསང་བ་ཡིན། །ཞེས་པ་ནི་གསང་བ་དོན་རབ་འབྲིང་ཐ་མའི་དབྱེ་བས་གསུམ་དུ་བཤད་དོ། །ཁུ་བའི་བྱང་ཆུབ་ཀྱི་སེམས་ལ་སྐབས་འདིར་གསང་ཞེས་བསྟན་ཏེ། ཁུ་བའི་ངོ་བོ་འཕུར་དང་བྲལ། །ཞེས་པ་ལ་སོགས་པ་ནི་ཁུ་བ་དེ་འགྲོ་བ་དང་འཕོ་བ་ལ་སོགས་པ་དང་བྲལ་བ་ཤེས་རབ་ཀྱི་བྷ་ག་ལ་གནས་པ་སེམས་ཅན་ཐམས་ཅད་ལ་ཡང་གནས་པ་དགའ་བ་མྱོང་བར་བྱེད་པའི་དངོས་པོའོ། །བཅོམ་ལྡན་མོས་གསོལ་པ་ཞེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ལ་སླར་ཞུས་ཏེ་བརྒལ་བ། བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བའི་གཟུགས་གསང་བ་ཡིན་ཕན་ཆད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་གསང་བ་ཤེས་པས་དེའི་ཕྱིར་བུམ་པའི་དབང༌། གསང་བའི་དབང་ལ་སོགས་པ་བསྐུར་མི་དགོས་པར་ཐར་བར་འགྱུར་པའི་སྐྱོན་ཡོད་པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་སླར་ལྷ་མོ་ལ་བསྐྱར་བའོ། །སངས་རྒྱས་ཀྱི་ཡུམ་དེ་ནི་བདེན་ཞེས་པ་ལ་སོགས་པ་དེ་ནི་དེ་བཞིན་གཤེགས་པའི་རིགས་ལྔ་ལ་སོགས་པའི་བསྐྱེད་པའི་མ་བྱང་ཆུབ་ཀྱི་སེམས་གསང་བ་ཁུ་བ་ཡིན་པས་མ་ནོར་བར་ངེས་པར་གཟུང་ངོ༌། །འོན་ཀྱང་ནི་དེ་ལྟར་ཡིན་ཡང་དྲང་བའི་དོན་དང་ངེས་པའི་དོན་གཉིས་སུ་དབྱེའོ། །དེ་ཡང༌། །དྲང་བའི་དོན་གྱི་ཚིག་གིས་ལྡན། །ཞེས་པ་ནི་དྲང་དོན་དུ་བྱས་པའི་དབང་གིས་ཚིག་ཏུ་སྨོས་པས་སྐྱེན་ཏིག་དང་དོན་དུ་ལྡན་ནོ། །རྟེན་གྱི་དོན་ཕྱིར་ཡང་དག་ངེས་པའི་དོན། །རྟེན་མེད་ན་ནི་འབྲས་བུ་རྙེད་མི་འགྱུར། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཁུ་བའི་གཟུགས་གསང་བ་ལ་བརྟེན་པ་དྲང་བའི་དོན་ཡིན་ཡང༌། ངེས་པའི་དོན་


DTG008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདེ་བའི་ཡེ་ཤེས་རྙེད་ལ། ཁུ་བའི་ངོ་བོ་རྟེན་མེད་ན་ངེས་པའི་ཡེ་ཤེས་ཀྱི་འབྲས་བུ་མི་རྙེད་པའོ། །ལུས་ཀྱི་དངོས་མེད་ཇི་ལྟར་འདི་རུ་སེམས། །ཇི་ལྟར་དོན་མཐུན་གསང་ཞེས་པ་ནི་དཔེར་ན་ལུས་པོ་མེད་ན་སེམས་གནས་པ་མེད་པ་བཞིན། དཔེ་དེ་ལྟར་ཁུབ་མེད་ན་བདེ་བ་མེད་པ་ནི་དོན་མཐུན་པའོ། །འོ་ན་སྐྱེ་མཆེད་མུ་བཞི་ལ་གཟུགས་མེད་པའི་ཁམས་སོ། །དེའི་ཕྱིར་འདོད་ཆགས་ཀྱི་ཆོས་བསྟན་པའོ། །ཁུ་བའི་གཟུགས་གང་ཡིན་པ་ལུས་ཏེ། དེ་ན་བདེ་བའི་སེམས་ཡོད་པའི་མི་འགལ་ལམ་ཞེ་ན་དེ་ནི་དེ་ལྟར་བདེན་ཏེ་འོན་ཀྱང་མེ་ཏོག་གཟུགས་མེད་པར་དྲིའི་དངོས་པོ་མི་འབྱུང་བའི་དཔེ་དང་གཟུགས་མེད་པའི་དབང་དུ་ཆོས་བསྟན་པ་མ་ཡིན་གྱི། འདོད་ཁམས་པའི་དབང་དུ་ཆོས་བསྟན་པའོ། །དེས་ནི་ཐ་མའི་གསང་བ་བསྟན་ཏོ། །དྲང་བའི་དོན་མིན་ངེས་པའི་དོན་ཡང་མིན། །ཞེས་པ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བསྐྱེད་རིམ་དང་བྲལ་ནས་དོན་དམ་པའི་རྫོགས་པའི་གསང་བ་སྟེ་རབ་ཀྱི་གསང་བ་བསྟན་ཏོ། །ཡང་ན་འབྲིང་གི་དོན་གྱིས་སུ། །ཞེས་པ་ལ་སོགས་པ་ནི་འབྲིང་གི་གསང་བ་སྟེ། དེ་ནི་རང་བཞིན་དགའ་བ་རབ་ཀྱི་གསང་བ་རྙེད་པར་འགྱུར་རོ། །དེ་རྙེད་པ་ནི་བརྗོད་དུ་མེད་པ་ནམ་མཁའི་རང་བཞིན་གྱི་ངོ་བོ་ཡིན་ནོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་དཀའ་བ་བཀྲལ་བའོ།། །།

ལེའུ་ཉེར་གསུམ་པའི་དཀའ་བ་བཀྲལ་བ།


DTG008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དོན་བཅོམ་ལྡན་འདས་ཀྱིས་རང་བཞིན་དགའ་བ་ཞེས་གསུངས་པས་རང་བཞིན་རྟོགས་ན་ཆོས་ཐམས་ཅད་ཀྱི་རྩ་བ་དོན་དམ་པ་ཡིན་པར་དགོངས་ནས། དེ་ནས་བཅོམ་ལྡན་མོས་འཇམ་པའི་དབྱངས་ཀྱིས་ཡང་ཞུ་བར་བྱེད་དོ་ཞེས་པ་ལ་སོགས་པས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མགོན་མ་མཆིས་པའི་མགོན་དུ་གྱུར་པའི་མགོན་པོ་ཞེས་དབྱངས་སྙན་ཅིང་འཇམ་པ་བརྗོད་ནས་ཆོས་ཐམས་ཅད་ཁྱོད་ཀྱིས་སྔར་གཏན་ལ་ཕབ་པའི་དོན་རང་བཞིན་དགའ་བ་ཇི་ལྟ་བ་ཇི་ལྟ་བ་ལགས་ཞེས་ཞུས་པ་སྟེ་ལྷ་མོས་སོ། །དེ་ལྟ་བུའི་ཚིག་ཐོས་ནས་ཞེས་པ་ནི་རང་བཞིན་དགའ་བའི་དོན་དམ་པ་སྤྲོས་པ་དང་བྲལ་བ་དེའི་ངོ་བོ་ཇི་ལྟ་བུ་ཞེས་པའི་ཚིག་ཐོས་ནས་བཅོམ་ལྡན་འདས་ཅང་མི་གསུང་བའི་དངོས་པོས་ཞེས་པ་ལ་སོགས་པས་ནི་རང་བཞིན་དགའ་བའི་དོན་ལ་ཞུགས་ཏེ་བཞུགས་པའོ། །ཅིའི་ཕྱིར་ཞེ་ན། རང་བཞིན་དགའ་བའི་དོན་ནི་མཆོག་དང་ཆད་པའི་གཉིས་


DTG008_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་བ། ཚིག་དང་བྲལ་བ། ཡི་གེ་དང་བྲལ་བ། རྒྱུ་འབྲས་སྤངས་པ་སྟེ། འདི་ལྟ་བུའོ། །ཟད་པ་མེད་ཅིང་འཕེལ་བ་མེད། །སྐྱེ་བ་མེད་ཅིང་འགག་བ་མེད། །འོང་བ་མེད་ཅིང་འགྲོ་བ་མེད། །འཕོ་བ་མེད་ཅིང་གནས་པ་མེད། །ཐོག་མ་མ་ཡིན་ཐ་མ་མིན། །དབུ་མ་མིན་ཞིང་མཐའ་ཡང་མིན། མྱ་ངན་འདས་མིན་འཁོར་བ་མིན། །གཟུང་བ་མ་ཡིན་འཛིན་པ་མིན། །ཤེས་རབ་ཐབས་སུ་སྙོམས་འཇུག་འདི། །ཐམས་ཅད་དེར་ནི་འདུས་པ་ཡིན། །རྣལ་འབྱོར་དབང་ཕྱུག་དུས་ཤེས་པ། །དུས་དང་བྲལ་བ་རང་བཞིན་དོན། །དེ་ལྟའི་རང་བཞིན་དོན་དམ་པ། །ཤར་བ་མེད་ཅིང་ནུབ་པ་མེད། །གཉིས་པོ་གང་སྦྱར་བ་ཡི་དུས། །དེ་ནི་རང་བཞིན་དགའ་བར་བཤད། །ཅེས་སོ། །དེ་ནས་བཅོམ་ལྡན་མོ་ཞེས་པ་ནས། ཅང་མི་སྨྲ་བར་བཞུགས་སོ་ཞེས་པའི་བར་གྱིས་རང་བཞིན་གྱིས་དོན་ཞུས་པས་འགྱོད་པའོ། །དེའི་དུས་སུ་བྱ་བ་ནས་སྣ་ཚོགས་པར་སྣང༌། ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་མོ་འཁོར་དང་བཅས་པ་སྣ་ཚོགས་པདྨའི་ནང་ཆོས་ཀྱི་འབྱུང་གནས་སྟོང་བར་མཐོང་བ་ལ་སོགས་པའོ། །དེ་ཡང་སྣ་ཚོགས་ཞེས་པ་ནི་འཁོར་རྣམས་དང་བཅས་པའི་ཚོགས་པའོ། །པདྨ་ཞེས་པ་ནི་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སྐྱོན་དང་བྲལ་བའོ། །ཆོས་ཀྱི་འབྱུང་གནས་ནི་སྔར་བཤད་དོ། །སྟོང་པ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །ཀྱེ་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་མོ་འཁོར་དང་བཅས་པས་དྲིས་པའོ། །ལྷའི་དབང་ཕྱུག་གིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཅིའི་ཕྱིར་ཞེ་ན། རང་བཞིན་བརྗོད་དུ་མེད་པ་དང་ཞེས་པ་ལ་སོགས་པའི་དོན་ནི་སྔར་བཤད་དོ། །རིག་པ་མེད་དེའི་ཕྱིར་དྲིས་པ་ལ་ལན་མེད་པ་ཞེས་པ་ནི་སྔར་བསྟན་ཀྱང་འདིར་ནི་ཤེས་རྒྱུ་འམ། རིག་རྒྱུ་འམ། རྟོགས་པ་མེད་པ་ལ་བསྟན་དུ་མེད་པ་སྟོན་ཅིག་གསུངས་པས་ན་ལན་མེད་པས་ན་བཞུགས་ཞེས་བཤད་དོ། །རང་བཞིན་དགའ་བ་དཔེ་ཇི་ལྟར་སྣང་བ་མེད་པ་དང༌། དེ་ལྟར་ཉམས་སུ་ཀུན་རྫོབ་ཏུ་མྱོང་བ་ཡིན་ཞེ་ནའོ། །རང་བཞིན་དགའ་བའི་ནམ་མཁའ་བཞིན་སྣང་བ་མེད་དེ་སྣང་བ་ཐམས་ཅད་དང་བྲལ་བའོ། །ཉམས་སུ་མྱོང་བ་ནི་ཀུན་རྫོབ་ཏུ་དཔེར་ན་བུ་མོ་ལོ་བཅུ་དྲུག་ལོན་པའི་བདེ་བ་ཤིན་ཏུ་


DTG008_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་བཞིན་ནོ། །དེ་ཡང་ལུང་ལས་ནི། །ཇི་ལྟར་གཞོན་པའི་ཆགས་དགའ་དང༌། །ཇི་ལྟར་ལྐུགས་པའི་རྨི་ལམ་དང༌། །དེ་བཞིན་ཉིད་ཀྱིས་མིག་རྒྱས་བཏབ། །རང་བཞིན་འདི་ནི་ཤིན་ཏུ་ཕྲ། །ཞེས་གསུངས་སོ། །དེ་ཡང་འདི་སྐད་ཀྱང་བསྟན་ཏེ། རྟོགས་ཤིག་རབ་རྟོགས་བྱེད་པ་ན། །གསལ་འགྱུར་འདི་ནི་བཞི་པ་ཡིན། །ཡེ་ཤེས་སྙིང་བོ་ཤིན་ཏུ་ཕྲ། །རྡོ་རྗེ་སེམས་དཔའ་མཁའ་དང་མཚུངས། །ཞེས་གསུངས་སོ། །དེས་ཅི་ཡང་མ་ཡིན་པའི་རང་བཞིན་དགའ་བའི་དོན་རྙེད་པའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ཉི་ཤུ་རྩ་གསུམ་པའི་དཀའ་བ་བཀྲལ་བའོ།། །།གཞན་རྣམས་ནི་བླ་མས་འཆད་པར་འགྱུར་བ་དང༌། ཐམས་ཅད་ཀྱི་རྩ་བ་རང་བཞིན་དགའ་བའི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ལས་འབྲས་བུ་མེད་པས་མ་བཤད་དོ། །དེ་བས་ན་འདིར་བསྡུས་པའོ། །རང་བཞིན་དགའ་བའི་སྡོམ་གང་ཡིན། །སུས་ཤེས་རྣལ་འབྱོར་དབང་ཕྱུག་སྟེ། །དེ་ནི་བདག་གིས་གསལ་བཤད་པ། །རང་བཞིན་མཁའ་འགྲོར་བཟོད་པར་གསོལ། །དབང་བཞི་ཐོབ་པའི་རྣལ་འབྱོར་པས། །སྐབས་སུ་བཤད་བཞིན་ཕྱེ་བ་ཡིས། །དགའ་བ་བཞི་ཡི་འབྲས་བུ་བཙལ། །མཁའ་འགྲོ་མ་བཞི་བཟོད་པར་གསོལ། །སྨྱོན་པ་ལྟ་བུའི་ཚིག་ཡིན་ཡང༌། །དྲན་པ་ལྟ་བུའི་དོན་འབྱུང་བས། །སངས་རྒྱས་ལྟ་བུའི་བླ་རྣམས་ལ། །སྒྱུ་མ་ལྟ་བུའི་བཟོད་པ་གསོལ། །རང་བཞིན་དགའ་བའི་རིན་ཆེན་འདི། །ཡེ་ཤེས་སྒྲོན་མས་གསལ་བར་བྱས། །རྙེད་ནས་དབུལ་ཕོངས་བྲལ་བ་བཞིན། །སེམས་ཅན་ཀུན་གྱི་རིན་ཆེན་ཤོག །རང་བཞིན་དགའ་སྒྲོན་དཀའ་འགྲེལ་འདི། །བདག་གིས་བརྩམས་པའི་དགེ་བ་འདིས། །ཁམས་གསུམ་ཡེ་ཤེས་སྒྲོན་གྱུར་ནས། །རང་བཞིན་དོན་ནི་རྙེད་པར་ཤོག །དཔལ་རང་བཞིན་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ། ཁོག་དོན་བསྡུས་པ་སློབ་དཔོན་ཆེན་པོ་རྡོ་རྗེ་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་ཀྱི་མཁན་པོ་མ་ཧཱ་ཡོ་གཱི་ཤྲཱི་པྲ་ཛྙཱ་གུཔྟས་བསྒྱུར་ཅིང་བཤད་པའོ། །རིན་ཆེན་ལྟ་བུའི་འགྲེལ་པ་འདི། །སྣོད་དང་ལྡན་པའི་བུ་ལ་གཏད། །མུན་པ་ལྟ་བུའི་དབང་མེད་ལ། །ལྕགས་ཀྱུ་ལྟ་བུའི་སེམས་ཀྱིས་བསྡོམས། །ཞེས་གཏད་པའི་གཏད་ཚིག་ཆོ་ག་དང་བཅས་པའོ།། །།


previousདཔལ་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ། རྡོ་རྗེ་གསང་བས་མཛད།next