Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  expand section
   
  expand section
  expand section
   
   
  expand section
   
   
   
   
   
ཀྱེ་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ།  ཤཱཀྱ་ཡེ་ཤེས་ཀྱིས་མཛད།
   
   
   
   
   
   


 
previousཀྱེ་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ། ཤཱཀྱ་ཡེ་ཤེས་ཀྱིས་མཛད།next

ཀྱེ་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ།
ཤཱཀྱ་ཡེ་ཤེས་ཀྱིས་མཛད།


DTG008_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་བཞུགས། ཀྱེའི་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་ལས་གསུངས་པ། དེ་བཞིན་སྟོང་པ་བཅུ་དྲུག་ནི། །བཅུ་དྲུག་ཕྱག་ཏུ་རབ་ཏུ་གྲགས། །གླང་པོ་གཏི་མུག་ཆོས་ཡིན་པས། །གླང་པོ་རྣམ་པར་སྣང་མཛད་བརྗོད། །ཞེ་སྡང་ཆོས་ནི་རྟ་ཡིན་པས། །རྟ་ནི་མི་བསྐྱོད་པར་རབ་བརྗོད། །བོང་བུ་ང་རྒྱལ་ཆོས་ཡིན་པས། །བོང་བུ་རིན་ཆེན་འབྱུང་གནས་བརྗོད། །བ་གླང་འདོད་ཆགས་ཆོས་ཡིན་པས། །བ་གླང་པདྨ་སྐྱེས་པར་བརྗོད། །རྔ་མོ་ཕྲག་དོག་ཆོས་ཡིན་པས། །རྔ་མོ་དོན་ཡོད་གྲུབ་པ་ཉིད། །ལས་དང་ཉོན་མོངས་སྡུག་བསྔལ་ལ། །མི་དང་ཤ་ར་བྷ་བྱི་ལ། །སྟོང་པ་བརྒྱད་དུ་ཡང་དག་འབྱུང༌། །ཐོད་པ་བརྒྱད་དུ་ཡང་དག་གནས། ཀྱེའི་རྡོ་རྗེ་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་ལས་གསུངས་པ། རྡོ་རྗེ་གསུམ་ངོས་མི་ཕྱེད་ཕྱིར། །དེ་ནི་མི་ཕྱེད་མར་རབ་གྲགས། །སྐྲ་ཡི་རྩེ་སོགས་རབ་དབྱེ་བས། །དེ་ཉིད་ཀྱང་ནི་ཕྲ་བར་སྐྱེ། །མོ་གཤམ་བུ་ཡི་ངོ་བོའི་ཕྱིར། །དེ་ཉིད་ཀྱང་ནི་གཟུགས་ཞེས་


DTG008_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲགས། །གང་ཕྱིར་ལུས་ལས་འབྱུང་བའི་ཕྱིར། །དེ་ལ་བརྩེ་བ་མར་རབ་གྲགས། །གང་ལ་གཡོན་དུ་འཁོར་འགྱུར་བ། །དེ་ལ་གཡོན་པ་མ་ཞེས་བརྗོད། །གང་ཚེ་ཟླུམ་པོའི་ལྷ་མོ་ནི། །ཐུང་དུ་མ་ཞེས་རབ་ཏུ་བརྗོད། །གང་ཚེ་རུས་སྦལ་རྣམ་སྐྱེས་པ། །རུས་སྦལ་སྐྱེས་ཞེས་མངོན་པར་བརྗོད། །གང་ལ་སྲིད་པའི་མངོན་གནས་པ། །དེ་ལ་བསྒོམ་པ་མ་ཞེས་བརྗོད། །བསིལ་བ་བསིལ་སྦྱིན་མ་ཡི་རྩ། །རྩ་བ་ཡང་ནི་ཚེ་སྦྱིན་མ། །ཏྲི་པ་ཏ་མེད་རང་བཞིན་གྱིས། །དེ་ལ་བརྐྱང་མ་ཞེས་བྱར་བརྗོད། །རང་བཞིན་མེད་པའི་ངོ་བོས་ནི། །ཀུན་འདར་མ་ཞེས་རབ་ཏུ་བསྒྲགས། །ཐམས་ཅད་རོ་ནི་སྟེར་བའི་ཕྱིར། །དེ་ལ་རོ་མ་ཞེས་སུ་བརྗོད། །གང་ཚེ་ཟླ་བའི་རྣམ་པའི་གཟུགས། །མཁས་པས་ཚད་མ་ཞེས་སུ་བསྒྲགས། །འཇིགས་པ་མུན་པའི་གཟུགས་སུ་ནི། །ཁ་དོག་ནག་པོའང་སྐྱེ་བར་འགྱུར། །མཉམ་པའི་སེམས་ཀྱི་སྦྱོར་བ་ཡིས། །སྤྱི་མ་ཞེས་ནི་མངོན་པར་བརྗོད། །གང་ཚེ་རྒྱུ་ཀུན་སྦྱིན་པ་ཡང༌། །རྒྱུ་སྦྱིན་མ་ཞེས་རབ་ཏུ་གྲགས། །རྒྱུ་ཡི་སྦྱོར་བྲལ་སྡུག་བསྔལ་གྱིས། །དེ་ལ་སྦྱོར་བྲལ་མ་ཞེས་བསྒྲགས། །གཉེན་གྱི་ཚུལ་གྱིས་སྡུག་པ་ཡང༌། །སྡུ་གུ་མ་ཞེས་བྱ་བར་གྲགས། །ཡིད་ལ་འདོད་པ་གྲུབ་པའི་ཕྱིར། །གྲུབ་མ་ཞེས་ནི་རབ་ཏུ་བརྗོད། །མེ་ཡི་ཁམས་ཀྱི་རང་བཞིན་གྱིས། །འཚེད་མ་ཞེས་ནི་ངེས་པར་བརྗོད། །ཆུ་ཡི་ཁམས་ཀྱི་རང་བཞིན་གྱིས། །དེ་བཞིན་ཡིད་བཟངས་མ་ཞེས་བརྗོད། །གཏུམ་པའི་ལས་གནས་ལྷ་མོ་ནི། །དེ་བཞིན་གཏུམ་མོ་ཞེས་སུ་བསྒྲགས། །གཞོན་ནུ་མ་ནི་གཡོ་བའི་ཕྱིར། །གཞོན་ནུ་མ་ནི་འདྲལ་མར་བརྗོད། །འདི་རྣམས་རྩ་ཡི་དབྱེ་བ་ཡིས། །ལྷ་མོ་འདི་རྣམས་རབ་ཏུ་གྲགས། །ཡང་དག་པར་ནི་སྦྱོར་བ་དང༌། །རྡོ་རྗེ་མཁའ་འགྲོ་ལས་གསུངས་པ། །མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་སྤྱོད་པ་ཡི་སྐུ་ཅན་མ། །ལྟེ་བའི་ནང་དུ་ངལ་བསོས་ཤིང༌། །ཁ་ནི་འོག་ཏུ་མྱོས་བྱེད་འབབ། །གང་ཞིག་ལྟེ་བ་ནས་སྟེང་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབབ། །མགྲིན་པའི་ནང་དུ་ངལ་སོས་ཤིང༌། །ཁྲག་འབབ་པར་ནི་རབ་ཏུ་


DTG008_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །འདིར་ནི་མྱོས་བྱེད་ཟླ་བར་བཤད། །ཁྲག་ནི་ཉི་མ་ཞེས་སུ་གསུངས། །འདི་དག་ཟླ་བ་ཉི་མ་གཉིས། །རྩ་གཉིས་སུ་ནི་རབ་ཏུ་གྲགས། །ཞེའོ། །ཡང་དག་པར་སྦྱོར་བ་ལས་གསུངས། །སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པར་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཀ་ཏ་ལ་ཡི་མེ་ཏོག་མཚུངས། །ནར་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་ནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྤོམ་ཕྲ་ཙམ། །གཞོམ་མེད་ཧཱུཾ་གི་ས་བོན་ནི། །སྙིང་པོ་ལྟ་བུ་འཛག་པ་ཉིད། །འགྲོ་དང་འོང་བར་བྱེད་པ་འདི། །ཐམས་ཅད་ལུས་ལ་རྣམ་པར་གནས། །དངོས་མེད་རྣམ་པའི་གཟུགས་སུ་ནི། །ཐུང་དུ་རུ་ནི་ཡོངས་སུ་གྲགས། །སྙིང་གར་ཧཱུཾ་གི་རྣམ་པ་ནི། །རིང་པོ་མ་མོ་གཉིས་དང་གནས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ནི། །མ་མོ་གསུམ་དང་པུ་ལུ་ཏ། །དཔྲལ་བར་ཧཾ་གི་རྣམ་པ་འདི། །སྒྲ་དང་ཐིག་ལེ་གཞོམ་མེད་པའི། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདིར་ནི་ཇི་ལྟར་བདེ་བར་རོལ། །འདབ་མ་རྣམས་ཀྱི་བཞི་ལ་ཡང༌། །ཕྱོགས་བཞི་དག་ཏུ་རྣམ་པར་གནས། །འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུའོ། །མི་ཕྱེད་མ་ནི་སྤྱི་བོར་གནས། །སོ་དང་སེན་མོ་འབབ་མར་བརྗོད། །སྤྱི་བོའི་གཙུག་ཏུ་ཕྲ་གཟུགས་མ། །སྐྲ་དང་བ་སྤུ་འབབ་པར་བརྗོད། །རྣ་བ་གཡས་པར་བརྩེ་བ་མ། །པགས་པ་དང་ནི་དྲི་མ་འབབ། །རྒྱབ་ཀྱི་ངོས་སུ་གཡོན་པ་མ། །ཤ་ནི་འབབ་པ་ཉིད་དུ་བརྗོད། །རྣ་བ་གཡོན་པར་ཐུང་དུ་མ། །ཆུ་རྒྱུས་འབབ་པར་བརྗོད་པའོ། །སྨིན་མའི་དབུས་སུ་སྲུས་སྦལ་སྐྱེས། །རུས་པའི་ཕྲེང་བ་འབབ་པའོ། །མིག་དག་ཏུ་ནི་བསྒོམ་པ་མ། །མཁལ་མ་འབབ་པར་བརྗོད་པའོ། །ལག་པའི་རྩ་བར་དབང་མ་ནི། །སྙིང་ནི་འབབ་པར་བརྗོད་པའོ། །སྐྱོན་ཞེས་བྱ་བ་སྐྱོན་ལྡན་མ། །མཆན་ཁུང་དག་ཏུ་མིག་འབབ་མ། །འཇུག་མ་ཞེས་བྱའི་འཇུག་ཆེན་མོ། །ནུ་མ་དག་ཏུ་མཁྲིས་པ་འབབ་པ། །ལྟེ་བ་མ་མོ་གློ་བ་འབབ། །སྣ་ཡི་རྩེ་མོར་མཚན་མོ་ནི། །རྒྱུ་མའི་ཕྲེང་བ་འབབ་པ་ཉིད། །ཁ་དག་ལ་ནི་བསིལ་སྦྱིན་


DTG008_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ངོས་ཀྱི་ཆུ་རྒྱུས་འབབ་པ་ཉིད། །མགྲིན་པ་རུ་ནི་ཚ་བ་མ། །ལྟོ་བ་དག་ནི་འབབ་པ་ཉིད། །བརྐྱང་མ་དང༌། རོ་མ་དང༌། ཀུན་འདར་མ་ཞེས་པ་འདི་གསུམ་ནི་གོང་དུ་བཤད་པ་ཉིད་དོ། །སྙིང་གར་གཞོལ་མ་བཤད་བ་འབབ། །རངས་མ་ཞེས་བྱ་རངས་མའི་གདོང༌། །འཁྱུད་མ་མཚམས་ཀྱི་མཐའ་ནང་སོན། །རྟགས་ལ་ཤིན་ཏུ་གཟུགས་ཅན་མ། །བད་ཀན་འབབ་པ་ཉིད་དུ་བརྗོད། །བཤང་བའི་ལམ་དུ་གཅི་མ་ནི། །རྣག་འབབ་པར་ནི་བརྗོད་པ་ཡིན། །བྲལ་དག་ཏུ་ནི་རྒྱུ་སྦྱིན་མ། །ཁྲག་འབབ་པར་ནི་བརྗོད་པའོ། །བྱིན་པ་དག་ཏུ་སྦྱོར་བྲལ་མ། །རྡུལ་ནི་འབབ་པ་རུ་ནི་བརྗོད། །རྐང་པའི་སོར་མོ་སྡུ་གུ་མ། །ཚིལ་བུ་འབབ་པར་བརྗོད་པ་ཉིད། །རྐང་པའི་རྒྱབ་ཏུ་འགྲུབ་མ་ནི། །མཆི་མ་འབབ་པར་བརྗོད་པ་ཉིད། །མཐེ་བོར་འཚེད་མ་མཆིལ་མ་འབབ། །པུས་མོ་གཉིས་སུ་ཡིད་བཟངས་མ། །ཤ་དང་སྣབས་ནི་འབབ་པ་ཉིད། །སྙིང་གི་པདྨའི་ཟེ་འབྲུ་ནི། །ཕྱོགས་འདབ་རིམ་པ་ཇི་ལྟ་བ། །སུམ་སྐོར་འདབ་མ་ཁྱིམ་མ་དང༌། །གཏུམ་མོ་དང་ནི་བདུད་འདྲལ་མའོ། །བརྐྱང་མ་རོ་མ་ཀུན་འདར་མ། །གསུམ་ནི་བདག་མེད་རྣལ་འབྱོར་མ། །མི་ཕྱེད་མ་དང་ཕྲ་གཟུགས་མ། །རྒྱལ་བས་རྡོ་རྗེ་མ་རུ་བཤད། །བརྩེ་བ་མ་དང་གཡོན་པ་མ། །གཉིས་ནི་གཽ་རཱི་ཉིད་དུ་བརྗོད། །ཐུང་ངུ་མ་དང་རུས་སྤལ་སྐྱེས། །ཆུ་ཡི་རྣལ་འབྱོར་མ་ཞེས་ཟེར། །སྒོམ་པ་མ་དང་དབང་མ་ཉིད། །རྡོ་རྗེ་མཁའ་འགྲོ་མར་ནི་བཤད། །སྐྱོན་ལྡན་མ་དང་འཇུག་ཆེན་མ། །གཉིས་ནི་པུཀྐ་སཱི་རུ་བརྗོད། །མ་མོ་དང་ནི་མཚན་མོ་ཡང༌། །རི་ཁྲོད་མར་ནི་རབ་ཏུ་གྲགས། །བསིལ་སྦྱིན་མ་དང་ཚ་བ་མ། །གདོལ་པ་མེར་ཡང་བརྗོད་པ་ཉིད། །གཞོལ་མ་དང་ནི་རངས་མའི་གདོང༌། །འདི་གཉིས་གཡུང་མོར་བརྗོད་པ་ཉིད། །ཤིན་ཏུ་གཟུགས་ཅན་སྤྱི་མ་གཉིས། །གཽ་རཱི་སྒོ་ནི་སྐྱོང་བ་མོ། །སྒྱུ་སྦྱིན་མ་དང་སྦྱོར་བྲལ་མ། །ཆོམ་རྐུན་མ་རུ་ཐུབ་པས་གསུངས། །སྡུ་གུ་མ་དང་གྲུབ་མ་ཡང༌། །རོ་ལངས་མར་ནི་མངོན་པར་བརྗོད། །འཆོད་མ་དང་ནི་ཡིད་བཟངས་མ། །གྷ་སྨ་རཱི་རུ་དྲན་པར་བྱ། །སུམ་


DTG008_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་མ་དང་འདོད་མ་ཉིད། །གཉིས་ནི་ས་སྤྱོད་མ་རུ་བརྗོད། །ཁྱིམ་པ་གཏུམ་མོ་བདུད་འདྲལ་མ། །རྩ་རྣམས་གསུམ་ནི་མཁའ་སྤྱོད་མ། །མཁའ་འགྲོ་མར་ནི་འདོད་པ་ཡི། །བཅོ་ལྔས་ཐམས་ཅད་བསྡུས་པ་ཉིད། །ཀྱེའི་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་དང༌། ཀྱེའི་རྡོ་རྗེའི་བཤད་པའི་རྒྱུད་ཡང་དག་པར་སྦྱོར་བ་དང༌། རྡོ་རྗེ་མཁའ་འགྲོ་ལས། རྩའི་འཁོར་ལོའི་སྐབས། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།།


previousཀྱེ་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ། ཤཱཀྱ་ཡེ་ཤེས་ཀྱིས་མཛད།next