Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
ལེའུ་བཅུ་གཅིག་པའི་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   


 
previousལེའུ་བཅུ་གཅིག་པའི་བཤད་པ།next

ལེའུ་བཅུ་གཅིག་པའི་བཤད་པ།


DTG008_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ལེའུ་བཅུ་གཅིག་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། ཉོན་ཅིག་སྦྱིན་སྲེག་རབ་ཏུ་བཤད། །ཅེས་བྱ་བ་ལ་སོགས་པའི་སྒྲ་ཇི་བཞིན་གྱིས་གསུངས་སོ། །ལྟེ་བའི་གནས་སུ་ཚུལ་གྱིས་གནས། །ཞེས་བྱ་བ་ལ། དཔལ་གསང་ཆེན་རྡོ་རྗེའི་གཞུང་གིས་ནི། གསང་བའི་པདྨའི་སྙིང་པོ། སློབ་དཔོན་ཌོ་མྦི་པའི་གཞུང་གིས་ནི། འདབ་མ་དྲུག་ཅུ་རྩ་བཞིའི་ལྟེ་བའི་གནས་སོ། གསང་བའི་པདྨའི་ནི་སློབ་དཔོན་གྱི་ཞལ་སྔ་ནས་རེག་བྱའི་རྩའི་འདབ་མར་བཤད་པའོ། །དེའི་ལྟེ་བའི་གནས་སུ་ཚུལ་རིག་པར་བྱའོ། །དེའི་ཕྱིར་ཚུལ་གྱི་མཐའ་མར་གསང་བའི་པདྨ་ཞེས་རྒྱུད་ལས་བཤད་དོ། །ཚུལ་གྱི་སྒྲས་ནི་གློ་བུར་བའི་སྒྲའོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི་བྱང་ཆུབ་སེམས་ཀྱི་སྒྲའོ། །དེ་རུ་རང་དབང་གི་རླུང་ཞེས་བྱ་བ་ནི་སློབ་དཔོན་ཨུ་རྒྱན་གྱི་གཞུང་གིས་ནི་རེག་བྱའི་རྩ་བརྒྱད། འདབ་མའི་ལྟེ་བའི་དབུས་སུ་གློ་བུར་བའི་ཚུལ་ལ་གཉིས་སུ་མེད་པའི་རང་བཞིན་གྱིས་རླུང་རྟག་ཏུ་ཤར་རོ། །ཀུན་དུ་བསྐོར་ཏེ་མི་བསྐོར་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་ཅེས་བཤད་དོ། །ཀུན་དུ་བསྐོར་བ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཉེ་བར་སྦྱོར་བའི་དུས་སུ། རང་བཞིན་གྱི་རླུང་ཀུན་ལ་ཤར་ན་ཡང་ཁྱད་པར་གྱིས་གཡས་སྐོར་དུ་འབྱུང༌། མི་བསྐོར་ཞེས་བྱ་བ་ནི་གཡོན་ལ་བསྐོར་བའོ། །དཔལ་བཛྲ་བྷཱུ་ཏིའི་གཞུང་གིས་ཀུན་དུ་བསྐོར་ཞེས་བྱ་བ་ནི་སྐད་ཅིག་འབྱུང་བའོ། །མི་བསྐོར་ཞེས་བྱ་བ་ནི་ཐིམ་པར་གྱུར་པའོ། །དབང་པོ་གཉིས་ཀྱི་བུད་ཤིང་སྦྱོར་བ་ལས། །ཐབས་


DTG008_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་མཉམ་པར་འཁྱུད་པའི་བསྒྲུབ་པ་དང༌། སྒྲུབ་ཐབས་ཆེན་པོའོ། །རླུང་ལ་མེ་འབར་བྱ་བ་ལ་དེ་མ་ཐག་ཏུ་སྨྲས་པའི་རང་བཞིན་གྱི་རླུང་གིས་བསྐུལ་པར་བྱ་བའི་གཏུམ་མོའི་ངོ་བོ་ཅན་བཅོམ་ལྡན་འདས་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱག་མ་འབར་རོ། །སྟེང་གི་འཁོར་ལོ་ལ་གནས་པའི་མར་ཞེས་བྱ་བ་ལ། སྟེང་ནི་བདེ་བ་ཆེན་པོའི་འཁོར་ལོ། །མར་ནི་བྱང་ཆུབ་ཀྱི་སེམས་སོ། །དེས་ནི་ཅི་སྨྲས་ན་རང་བཞིན་གྱི་རླུང་གིས་ཁོང་དུ་ཆུད་པར་བྱས་པའི་གཏུམ་མོའི་འོད་ཟེར་གྱིས་བདེ་བ་ཆེན་པོ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་མར་ཞུ་བར་འགྱུར་རོ། །དཔལ་མ་ཧཱ་སུ་ཁའི་གཞུང་གིས་ནི་སྟེང་གི་འཁོར་ལོ་ནི་སྤྲུལ་པའི་འཁོར་ལོ་ནས། ནང་དུ་གཞུག་པའི་འཁོར་ལོ་མཆོག །དེ་རང་སྣོད་ཅེས་བྱ་བ་ནི་སངས་རྒྱས་རིན་པོའི་སྣོད་གསུངས་སོ། །ཧ་ནི་རྣམ་པར་དགང་གཟར་བསྟན། །ཞེས་བྱ་བ་ལ་དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་རྩ་གསུམ་གྱི་བདག་ཉིད་རེག་བྱའི་ས་བོན་ནོ། །སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་ཤེས་རབ་མའི་གསང་བའི་པདྨའི་ལྟེ་བའོ། །བླུགས་གཟར་རྡོ་རྗེ་འདི་རུ་བསྟན། །ཞེས་བྱ་བ་ལ་རྡོ་རྗེ་རིན་པོ་ཆེ་དབྱུག་པ་ཧོ་མ་ཁུང་བྷ་ག་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །དབང་པོ་ལྔ་ལ་སྒྲ་ཇི་བཞིན་ནོ། །ཡང་ན་སྟོབས་ལྔའོ། །མར་ངོ་ལས་ནི་ཞེས་བྱ་བས་ཆད་པའི་དགའ་བ། དེ་ནི་སློབ་དཔོན་དཔལ་ལྡན་གྱི་གཞུང་ངོ༌། །ཉ་གང་བ་ལ་གཤེགས་སུ་གསོལ། །ཞེས་བྱ་བ་ནི་མཆོག་གི་དགའ་བའི་གནས་ཡན་ཆད། ཆད་པའི་དགའ་བའི་འཇུག་པའོ། །སློབ་དཔོན་ནག་པོ་པའི་གཞུང་གིས་མར་ངོ་ཤེས་རབ་མ། ཡར་ངོ་ནི་ཐབས། གཤེགས་སུ་གསོལ་ཞེས་བྱ་བ་ནི་ཤེས་རབ་ལ་དབང་བསྐུར་བར་བྱའོ། །ཧོམ་ཁུང་ཕྱི་རོལ་ཐིགས་ཕྱེད་ཙམ་ནི། བླུགས་གཟར་ནས། །ཐིགས་ཕྱེད་ཙམ་ནི་དོར་མི་བྱ། །ཞེས་བྱ་བ་ནི་ཧོམ་ཁུང་གི་ཕྱི་རོལ་ནི་གསང་བའི་པདྨའི་ཕྱི་རོལ་ལོ། །བླུགས་གཟར་ནས་ནི་གསང་བའི་རྡོ་རྗེའི་རིན་པོ་ཆེ་ནས། དེ་ལ་དོན་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་ཀྱི་མར་དགང་བླུགས་དབུལ་བའི་དུས་སུ། ཡོ་ནི་ཕྱི་རོལ་དུ་གཉང་བར་མི་བྱའོ། །སློབ་དཔོན་ཌོ་མྦི་པའི་གཞུང་གིས་ནི། གང་ཞིག་ཧོམ་ཁུང་གི་ཕྱི་རོལ་དེ་ནི་རྡོ་རྗེའི་ཕྱི་རོལ། བླུགས་


DTG008_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཟར་གྱི་སྒྲས་ནི་གསང་བ་རིན་པོའི་གནས། དེ་ལས་ཕྱིའི་གནས་སུ་བྱང་ཆུབ་སེམས་གཏང་བར་མི་བྱའོ། །མི་བྱ་བའི་ཕྱིར་ན་དགང་བླུགས་ནི་མ་ཡིན་ནོ། །སངས་རྒྱས་ལ་སོགས་བྱ་བ་ནི་གསང་བའི་དོན་གྱིས་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་འདི་སྐད་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཕུང་པོ་ལྔ། ལྷ་དང་ལྷ་མོ་ཡིན་ཞེས་བྱ་བ་ནི་ཁམས་ཀྱི་རང་བཞིན། །སྲིན་པོ་ཞེས་བྱ་བ་ནི་སྐྱེ་མཆེད། ཕྱོགས་སྐྱོང་བརྒྱད་ཅེས་བྱ་བ་ནི་རོ་བརྒྱད། བསྲེག་རྫས་ཀྱིས་ནི་ཚིམ་པར་བྱ། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས། ཕན་ཚུན་གྱི་བྱང་ཆུབ་སེམས་ཀྱི་བདུད་རྩིས་དགྱེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེས་ནི་ཕུང་པོ་ལ་སོགས་བསྟན་པར་འགྱུར་རོ། །གང་ཞིག་རྡོ་རྗེ་སེམས་དཔའ་མཆོད་པ་ནི། དགང་བླུགས་ཀྱིས་ནི་སྦྱིན་པར་བྱ། །ཞེས་སློབ་དཔོན་ཛྙཱ་ན་བྷཱུ་ཏིའི་གཞུང་གིས་འདི་སྐད་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དཔལ་བདེ་བ་ཆེན་པོའི་རྒྱལ་པོའོ། །དགང་བླུགས་ཀྱིས་ཞེས་བྱ་བ་ནི་མི་སྤྲོ་བའི་བདུད་རྩི་གང་ཞིག་རང་བཞིན་དགའ་བ་དེས་མཆོད་པར་བྱ། ཉམས་སུ་མྱོང་བར་བྱ་ཞེས་བྱ་བའི་དོན་ཏོ། ཧཱུཾ་ཕཊ་སྔགས་ཀྱིས་ལ་སོགས་ཞེས་བྱ་བ་ནི་གསང་བའི་མཉམ་པར་སྦྱིན་པའི་སྦྱིན་སྲེ་ག་གི་དུས་སུ་རྡོ་རྗེའི་རིན་པོ་ཆེའི་སྙིང་པོར་ལྟ་བའི་རྣམ་པར་དགོད་པར་བྱའོ། །པདྨ་རིན་པོ་ཆེའི་སྙིང་པོར་ཕའི་རྣམ་པ། དེས་ནི་མཁའ་འགྲོ་ཀུན་དགྱེས་ལ། །ཞེས་བྱ་བ་ནི་མཁའ་འགྲོ་མའི་སྒྲས་ནི་རྩ་དགྱེས་ཞེས་བྱ་བ་ནི་མི་ཟད་གྱུར་པའོ། །གཞན་མ་ཡང་རྣལ་འབྱོར་མ་མོ་ཞེས་བྱ་བ་ནི་ཕྱི་རྩའོ། །དངོས་གྲུབ་ཡང་སྟེར་ཞེས་བྱ་བ་ནི། །རང་བཞིན་དགའ་བའི་གྲུབ་ཏུ་གྱུར། །ཞེས་སློབ་དཔོན་བསནྟ་ཏི་ལ་ཀའི་གཞུང་ངོ༌། །དེ་ལྟར་བཤད་པ་ལ་སོགས་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །འདོད་པ་ཐམས་ཅད་གྲུབ་པར་བྱེད། །ཅེས་བྱ་བ་ལ་སློབ་དཔོན་ཛྙཱ་ན་བྷཱུ་ཏིའི་གཞུང་གིས་ནི་རྩ་ལ་སོགས་པ་རྒྱས་པ་ཉིད་དོ། །དཔལ་ཕྱག་རྒྱ་ཆེན་པོའི་ཏིག་ལེ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ།། །།


previousལེའུ་བཅུ་གཅིག་པའི་བཤད་པ།next